Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

1 occurrence of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལས་ཀྱི་གཤིན་རྗེའི་ལས་ཚོགས་ཟློག་པའི་དམིགས་རིམ་མཚོན་ཆའི་སྐྱོགས་ཆེན།
  
  
  
  
  
  


1 occurrence of འཚེར་རྩུབ་
[Clear Hits]

 
previousལས་ཀྱི་གཤིན་རྗེའི་ལས་ཚོགས་ཟློག་པའི་དམིགས་རིམ་མཚོན་ཆའི་སྐྱོགས་ཆེན།next

ལས་ཀྱི་གཤིན་རྗེའི་ལས་ཚོགས་ཟློག་པའི་དམིགས་རིམ་མཚོན་ཆའི་སྐྱོགས་ཆེན།


CMR012_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་གཤིན་རྗེའི་ལས་ཚོགས་ཟློག་པའི་དམིགས་རིམ་མཚོན་ཆའི་སྐྱོགས་ཆེན་བཞུགས་སོ།།


CMR012_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་ལ་ཕྱག་འཚལ་ལོ༔ འདིའི་སྒོ་ནས་ཟློག་པ༔ བྱད་མ་འབུམ་རྡུགས་སྤུ་གྲི་རེག་གཅོད་བྱ་ནི་སྔགས་ཀྱི་འཁྲུལ་འཁོར་གྱི་སྦྱོར་བས་ཟློག་པ་གང་འདོད་སྒྲུབ་པ་སྟེ༔ གཞུང་གི་ཟློག་ཆོགས་ཀྱི་ཟློག་པ་དང་༔ ཡང་ཟློག་སྐབས་དེ༔ ཐུན་གཏོར་འབུལ་བའི་མཇུག་སོགས་སུ༔ རང་ཉིད་ལས་ཀྱི་ཁྲོ་ཆུར་གསལ་བཞིན་དུ༔ རྩེ་ཕྱག་གཡས་གཡོན་སྲ་མཁྲེགས་ཅན༔ རྒྱུ་རྡོ་རྗེ་ཕ་ལམ་ལས་གྲུབ་པ༔ འཛམ་བུ་གླིང་གི་རྒྱ་ཁྱོན་ཙམ་དུ་དམིགས༔ ཕྱག་གཡོན་གྱི་མཐིལ་དུ༔ ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་མངོན་སུམ་ལྟ་བུ༔ མདའ་མདུང་༔ རལ་གྲི༔ སྤུ་གྲི༔ ཆུ་གྲི་སོགས་མཚོན་ཆའི་རིགས་ནགས་ཆེན་གྱི་ཤིང་ལྟར་སྐྱེས་པ༔ འཇིགས་ཤིང་སྐྱི་གཡའ་བའི་དབུས་སུ༔ ཧཱུྃ་ལས་སྐྱེས་པའི་དགྲ་


CMR012_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་གང་ཡིན་མངོན་སུམ་དུ་གསལ་བར་བསྒོམ༔ རང་གི་སྐུ་དང་ཁོའི་རླུང་ནི་རྣམ་པ་ནག་པོས༔ སྤྲུལ་རླུང་ནག་འཚུབ་མ་སྤྲོས༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ༔ གང་དུ་གནས་པ་ནས༔ རྩྭ་སྦུར་རླུང་ནག་གིས་གདིང་ནས་བསྡུས་པ་ལྟར༔ ཕྱག་གཡོན་གྱི་གཟུགས་ལ་སིབ་སིབ་ལུབ་འུབ་ཀྱིས་བསྡུས་ནས་ཐིམ༔ དེ་ཡང་རང་ལ་གནོད་བྱེད་ཀྱི་དངོས་པོ༔ སྔགས་པ༔ བནྡེ༔ བོན་པོ༔ སྐྱེས་པ༔ བུད་མེད་སོགས་དམིགས་བསལ་ཡོད་ན༔ དང་པོ་སོ་སོར་དམིགས་ལ༔ སོ་སོར་འགུགས་བསྟིམ་བྱ༔ དེ་ནས་རང་གི་ཕྱག་གཡས་ཀྱི་མཐིལ༔ གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བརྒྱད་པ༔ གདན་ཐབས་སུ་ཡོད་པ༔ རྩིབས་རྣམས་ཀྱི་རྩེ་མོར༔ ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་མྱོས་བྱེད་རལ་གཅིག༔ ཨརྱ་


CMR012_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར༔ རལ་པ་ཚལ་དགུ༔ རྗེ་དམར་རལ་ནག༔ གྲི་ཐོད་གིང་བཞི༔ ཤཱ་ཐོགས་རྩིས་བཞི༔ སྲོག་གཅོད་ཤན་པ་བཞི་སོགས༔ གཤིན་རྗེ་མཚོན་ཐོགས་མང་པོ་སྤྲིན་ལྟར་འཁྲུག་ཅིང་༔ རླུང་ནག་ལྟར་འཚུབས་པ༔ ཐོག་སེར་ལྟར་འཕྲོ་བ༔ འཁོར་ལོ་རེའི་ལྟེ་བར། སྔགས་པ་དང་༔ བོན་པོ་ལ་དམིགས་ན། ཆུ་གྲི་རབ་ཏུ་རྣོ་བ། རྩ་བ་སྲ་མཁྲེགས་ལ༔ རྩེ་མོ་རབ་ཏུ་རྣོ་བར་བསྒོམ༔ ཡང་དམིགས་བྱ་བནྡེ་ཡིན་ན༔ གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ༔ ར་དགུ་གདེངས་ཤིང་རྣོ་བའི་ངར་དང་ལྡན་པའོ༔ བཙན་པོ་ལ་དམིགས་ན༔ གནམ་ལྕགས་ལས་གྲུབ་པའི་རལ་གྲི་རྣོ་ངར་དང་ལྡན་པོར་དམིགས༔ བུད་མེད་ཡིན་ན་སྤུ་གྲི་རབ་ཏུ་རྣོ་བ། སྐྱེས་པ་ལ་རལ་གྲི་རྣོ་བའི་ངར་ཅན༔ རྩོ་བ་རབ་ཏུ་འདྲེན་པ༔ རྩེ་མོ་བསམ་གཅོད་འབར་བར་བསྒོམ༔ གཞན་ཡང་གང་དང་གང་ལ་དམིགས་པ་དེ་དང་དེའི་གཉེན་པོར་དམིགས་པ་ནི་རིགས་པས་འཕྲུལ་ཤེས་ཤིང་སོ་སོར་སྔགས་ཀྱང་འོག་ནས་འབྱུང་བ་བཞིན་བཟླ་ཤེས་པར་བྱའོ༔ དེ་ཡང་སྤྱི་ལ་འཁོར་ལོའི་ལྟེ་བར་ཆུ་གྲི་རབ་ཏུ་རྣོ་བར་བསྒོམ༔ ཕྱག་གཡས་དེ་གཡོན་གྱི་སྟེང་དུ་བསྟབས་པས༔ ཆུ་གྲི་དེ་ཁོ་ཡི་དྲི་ལ་བརྒྱབས་པས༔ ཤ་མོང་ལ་ཐོག་བརྒྱབ་པ་ལྟར་ཐལ་བར་བརླག༔་འཁོར་ལོའི་རྩིབས་དང་བཅས་པས༔ ཁོའི་གཟུགས་ཕུང་རྣམས་བསྒྲལ་ནས༔ ཤ་ཁྲག་ཉིལ་གྱིས་ཁྲག་སྐྱོ་ལྟར་གྱུར་པ༔་ཁོ་ལ་མགོན་པའི་ལྷ་སྲུང་༔ མགོན་པའི་ལྷ་ལྔ༔ སྐྱོབ་པའི་ལྷ་དགུ་ཐམས་ཅད༔ རང་གཤེད་རང་ལ་བབ་ནས༔ ལས་ཀྱི་གཤིན་རྗེའི་དམག་ཚོགས་བྱེ་


CMR012_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབུམ་དུ་གྱུར་ནས༔ དམིགས་བྱ་བསྒྲལ་བའི་ཤ་ཁྲག་དབང་པོ་དོན་སྙིང་ནང་རོལ་ཧབ་ཐོབ་ཟོས༔ དེ་ལྟར་ཟོས་པའི་ལྷག་མ་ཅུང་ཟད་ལ་ཡང་༔ ཁོའི་རྣམ་སྨིན་ལས་གྲུབ་པའི་འབྱུང་བཞི་རྣམས༔ རང་གཤེད་རང་ལ་བབ་པའི་ཚུལ་གྱིས་བསྐལ་པའི་མེ་འབར་བས་བསྲེགས༔ དེའི་ཐལ་བའི་དངོས་པོ་འོག་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་སྲིད་རྩེར་ལྷུད་ནས་བཀྲུས༔ འོག་གཞིའི་རླུང་དཀྱིལ་རབ་ཏུ་འཚུབ་ནས་ཁོའི་རྗེས་ཤུལ་ཙམ་ཡང་གཏན་ནས་མེད་པར་རབ་ཏུ་གཏོར༔ རྣམ་པར་ཤེས་པའི་ངོ་བོ་ལ༔ རྣམ་པ་ཡི་གེའི་གཟུགས་ཚུ་ཡིག་ཏུ་གྱུར་ནས་མདའ་འཕང་བ་ལྟར༔ འོག་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་ཞེས་བྱ་བའི་ཚུལ་བྱང་ཆུབ་སེམས་དཔའ་དེའི་ཐུགས་ཀར་ཐིམ༔ དམིགས་པ་དེ་རྣམས་ཚར་རེ་ལ་ཐལ་རྡེབ་རེ་དང་། སྤྱི་ལ་ཟློག་བསད་གལ་ཆེ་རིགས་སྤྲོད་ལ༔ ལན་དགུ་བརྡབ་པའོ༔ སྔགས་པ་ནང་འགྲས་སོགས་དང་༔ ཕ་རོལ་ཧ་ཀྱང་སྟོབས་ཆེ་རིགས་ལ་ནི༔ བརྒྱའམ་སྟོང་སོགས་གལ་ཆེ་ཆུང་དང་སྤྱད་ཤེས་དགོས་སོ༔ དེ་ལྟ་བུའི་གལ་ཆེ་རིགས་ལ་མང་དུ་མ་བྱས་ན༔ ཕ་རོལ་ལ་ནུས་པ་ཐེང་ཀ༔ གལ་ཆུང་ན་ནན་ཏན་ཆེ་དྲགས་ལ་མང་ཐལ་ན་རང་ལ་ལྡོག་ཉན་ཆེ་བས་མང་ཉུང་ཚོད་དང་སྦྱར་བ་གལ་ཆེའོ༔ དེ་དག་གི་བསད་ཟློག་སྤྱི་ལ་ཟློག་སྔགས་སོགས་གཞུང་དེ་བཟླས་པས་འཐུས་ལ༔ སོ་སོར་ལྷ་དམིགས་བསལ་ཡོད་པའི་སྔགས་པ་ཡིན་ན༔ བསད་ཟློག་སྤྱི་གཞུང་དེས་ཆོག་ལ༔ ཡང་མགོ་དཔོན་ནམ་བཙན་པོ་དང་འགྲས་ན་བསད་སྔགས་


CMR012_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལ་འདི་བཏགས༔ རཱ་ཛ་རྨི་ཛ་ཐུ་རིལ་མཱ་ར་ཡ་རྦད་རྦད༔ བནྡེ་ལ་དམིགས་ན༔ བསྙེན་སྔགས་དང་བསད་སྔགས་ལ་འདི་བཏགས༔ སྲོག་ལ་ཧུར་ཐུ་རླུག་མཱ་ར་ཡ་རྦད༔ ཡང་སྐྱེས་པ་དང་༔ བུད་མེད་ལ་དམིགས་ན༔ གོང་ལྟར་སྔགས་ཤམ་དུ༔ སྲོག་ལ་ཧུར་ཐུ་རྨུག་མཱ་ར་ཡ་ཆེར༔ ཡང་སྔགས་པ་དང་འགྲས་ན་རྩ་སྔགས་ལ་འདི་བཏགསཾ༔ ཙིཏྟ་ཁཾ་ཤཾ་ཛ༔ སྲོག་ལ་མཱ་ར་ཡ་ཧུཾ་རྦད༔ བོན་པོ་དང་འགྲས་ན་སྲོག་ལ་ནི་ཛཤཾ་རྦད༔ རྨུག་མཱ་ར་ཡ༔ ཐུ་ཆད༔ ཅེས་གལ་ཆེ་ན་དེ་བས་སོ་སོའི་དམིགས་པ་ཟབ་མོ་ཡང་ཞལ་ལས་ཤེས་པར་བྱའོ༔ ཨ་རཱ་གས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousལས་ཀྱི་གཤིན་རྗེའི་ལས་ཚོགས་ཟློག་པའི་དམིགས་རིམ་མཚོན་ཆའི་སྐྱོགས་ཆེན།next