རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་པ།
ད་ནི་སྡུད་པ་པོའི་ཚིག་བསྟན་པའི་ཕྱིར། དེ་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པའི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་རྣམས་ཀྱི་དབུས་སུ་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ་ཞེས་བྱ་བ་གསུངས་ཏེ། དེར་ཞེས་པ་ནི་དེའི་ཕྱིར་རོ། །རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གྱི་ཁང་པ་བརྩེགས་མའི་དབུས་སུ་བཅོམ་ལྡན་འདས་ ལོངས་སྤྱོད་རྫོགས་པ ་སྐུའི་བདག་ཉིད་རྡོ་རྗེ་འཛིན་ནོ། །འདི་ལ་བཅོམ་པ་ཡོད་པས་ན་བཅོམ་ལྡན་ནོ། །ཡང་ན་མཆོག་ཏུ་གསང་བའི་རྣལ་འབྱོར་གྱི་བདུད་རྩིའི་ཆར་འབེབས་པའི་ཕྱིར་བྷ་ག་རིམ་ལས་བཟློག་པའི་འོད་ཟེར་གྱི་ཕྲེང་བས་ཁམས་གསུམ་པ་བསྐྱེད་བྱ་སྐྱེད་བྱེད་འབྲེལ་པའི་ཕྱིར་བཅོམ་ལྡན་འདས་ཞེས་བསྟན་ཏེ། ཡང་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་བཱན་ཞེས་པ་ནི་བྱེ་བ་ཕྲག་བརྒྱད་ཅུའི་འཁོར་དང་ཡང་དག་པར་ལྡན་པའོ། །དེར་ཅི་ལྷག་པ་དང་ཆད་པ་མ་བརྗོད་དེ་བརྒྱད་ཅུ་ངེས་པར་སྨོས། འདིར་གསུངས་པ་སེམས་ཅན་ཐམས་ཅད་ཀྱི་དཔྲལ་བ་ནས་རྐང་པའི་མཐེ་བོང་གི་བར་ལ་རང་གི་ལག་པའི་སོར་བརྒྱད་ཅུར་འགྱུར་རོ། །གཙུག་
ཏོར་ལ་སོར་བཞིའི་ཚད་དོ། །དེའི་ཕྱིར་སོར་རེ་རེ་ལ་བྱེ་བའི་གྲངས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་གནས་སོ། །དེ་ཅི་ཞེ་ན་དབུགས་ཕྱིར་རྒྱུ་བ་དང༌། ནང་དུ་རྒྱུ་བ་བཅིངས་པའི་རྣལ་འབྱོར་གྱི་རང་བཞིན་རྣམས་སུ་འགྱུར་རོ། །དེའི་ཕྱིར་འདི་ལ་རྣལ་འབྱོར་ཡོད་པས་ན། རྣལ་འབྱོར་པའི་དབང་ཕྱུག་སྟེ། ཕ་དང་བུ་བཞིན་ནོ། །རྣལ་འབྱོར་ནི་རང་རིག་པའི་མཚན་ཉིད་འོད་གསལ་བའི་ཡེ་ཤེས་ཞེས་པའི་དོན་ཏོ། །དེའི་ཕྱིར་རང་བཞིན་རྣམས་སུ་འགྱུར་ཏེ། གཞན་ནི་མ་ཡིན་ནོ། །དེ་ཡང་བྱིས་པ་རྣམས་ལ་སྡུག་བསྔལ་སྟེར་བར་བྱེད་དེ། རྒྱུད་དང་བྲས་བུ་དང་བྲལ་བའི་ཕྱིར་དུ་འབོད་ལ་སོགས་པར་ལྟུང་བའོ། །རྒྱུ་དང་འབྲས་བུ་ཅི་ཞེ་ན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་རྒྱུའོ། །འབྲས་བུ་ནི་རང་རིག་པའི་ཡེ་ཤེས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་མཚན་ཉིད་དོ། །དེ་ལྟར་དག་པའི་རང་བཞིན་རྣམས་ནི་བསྟན་པར་བྱ་བའོ། །གཟུགས་བརྙན་གྱི་མཚན་ཉིད་ནི་བཅོམ་ལྡན་འདས་སྟོན་པ་པོའོ། །དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས། །བདེན་པ་མ་ཡིན་བརྫུན་པ་མིན། །བརྟན་དང་གཡོ་བ་སྣ་ཚོགས་པ། །རང་སེམས་རྒྱུ་ལས་འབྱུང་བ་ཡི། །སྒྱུ་མ་འདི་ནི་མི་ཤེས་པས། །འགྲོ་བ་དྲུག་ནི་ཉིད་དུ་འཁོར། །དེ་བཞིན་སྒྱུ་མ་གང་རིག་པས། སངས་རྒྱས་འགྱུར་རོ་གཞན་དུ་མིན། །དེ་ལྟར་རྣལ་འབྱོར་པའི་དབང་ཕྱུག་རྣམས་ཀྱི་དབུས་སུ་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་ཞེས་པ་ལ་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་སོ། །སྙིང་པོ་ནི་དེ་ཤེས་པ་སྟེ། རྣམ་པར་ཤེས་ཞེས་པའི་དོན་ཏོ། །ཡུལ་དང་ཡུལ་ཅན་གཟུང་བ་དང་འཛིན་པ་ལ་སོགས་པ་ལ་དམིགས་པ་ནི་གཟིགས་པའོ། །དེ་ཉིད་སེམས་ཅན་ལ་གཟིགས་པའི་སྙིང་རྗེའི་དབང་གིས་འཛུམ་པ་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །འཛུམ་པ་མཛད་མ་ཐག་ཏུ་ཞེས་པ་ནི་འདིར་ཆོས་བདག་མེད་པ་ལ་གནས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནང་དུ་ཡང་དག་འཇོག་པས་ཆོས་ལ་དམིགས་པ་མངོན་དུ་བྱེད་པ་ནི་འཛུམ་པ་མཛད་ཅེས་པའི་དོན་ཏོ། །འདིར་ཞེས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ཇི་སྲིད་དུ་གང་ཟག་ལ་བདག་མེད་པ་ལ་ཆགས་པར་མི་བྱེད་པ་དེ་སྲིད་དུ་སྐྱེས་རབས་སྣ་ཚོགས་པ་རྣམས་ལ་ཡང་སྤྲུལ་པའི་སྐུས་འཇུག་པར་མི་འགྱུར་རོ། །དེའི་
ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གཅིག་དང་དུ་མའི་ལུས་ཀྱི་དབང་གིས་གང་ཟག་ལ་བདག་མེད་པ་གྲུབ་བོ། །གང་གི་ཕྱིར་དམིགས་པ་མེད་པའི་སྙིང་རྗེས་ཀྱང་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཆོས་སྟོན་པའི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ལ་སྣ་ཚོགས་པ་ནི་མེད་དོ་ཞེས་པའི་ཚིག་ནི་གསུང་རབ་ཁ་ཅིག་ལས་གསུངས་སོ། །དེ་ལྟར། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན། །ཤེས་རབ་ཐབས་དག་ཡེ་ཤེས་ནི། །སྙིང་རྗེ་ཆེན་པོ་ཞེས་སུ་གསུངས། །རང་གི་སྟན་ལས་ལངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་དང་ཐབས་དག་གི་རྣལ་འབྱོར་པ་སྟེ། རྒྱུ་རྡོ་རྗེ་འཛིན་གྱི་དྲུང་ནས་སྒྱུ་མ་དང་གཟུགས་བརྙན་བཞིན་ནམ། ནམ་མཁའ་ལས་སྐར་མ་བཞིན་ལངས་པའོ། །བླ་གོས་ཕྲག་པ་གཅིག་ལ་གཟར་ནས་ཞེས་པ་ལ་བླ་གོས་ནི་ཐེག་པ་གསུམ་ལས་སྔགས་ཀྱི་ཐེག་པ་ཆེན་པོ་གོང་མར་གྱུར་པའོ། །དེའི་གཟར་བ་ནི་དེ་ལ་འཇུག་པའོ། །དྲན་པ་ཡང་རུང་གཟར་ནས་ཞེས་སྦྱར་རོ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ལ། པུས་མོ་གཡས་པ་ནི་དང་པོ་ལམ་བསྟན་པའི་དུས་སུའོ། །པུས་མོའི་ལྷ་ང་ནི་ཕྱག་རྒྱ་ཆེན་པོར་འགྲོ་བ་ལ་བརྩོན་པའི་སེམས་སོ། །དེ་ཉིད་ས་ལ་བཙུགས་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་གཞི་མ་རིག་པ་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར་རོ། །ས་ལ་བཙུགས་པ་ནི་དེས་བཅོམ་པས་རོ་གཅིག་པར་བྱེད་དོ། །ཐལ་མོ་སྦྱོར་བ་བྱས་པ་ནི་དངོས་པོ་ཐམས་ཅད་རོ་མཉམ་པར་རྟོགས་པའི་སེམས་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་འདི་ལྟར་བསྟན་ཏེ་བྲག་ཅ་བཞིན་དམིགས་པའི་དོན་ཏོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་ཁ་སྦྱོར་ལས་འབྱུང་བའི་མཚན་ཉིད་ཡེ་ཤེས་དབང་ཕྱུག་ལ་ཉན་པར་འཚལ་ལོ་ཞེས་པ་ནི་འདིར་གསུངས་པ། སྔོན་གྱི་ལས་དག་པའི་སྟོབས་ཀྱིས་བག་ཆགས་ཀྱི་དབང་གིས་གཟུང་བ་ཉིད་ནི་ཉན་པའོ། སེམས་ཅན་སྣ་ཚོགས་པ་རྣམས་ལ་ཆོས་བསྟན་པ་འཛིན་པ་ནི་འཚལ་བའོ། །ཡེ་ཤེས་ཀྱི་དབང་ཕྱུག་ཅེས་པ་ལ་ཡེ་ཤེས་ནི་མངོན་པར་ཤེས་པ་དྲུག་གི་མཚན་ཉིད་དེ། ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་རྣམས་ལ་མངོན་པར་ཤེས་པ་འདི་རྣམས་མེད་པའི་ཕྱིར་དབང་ཕྱུག་གོ །གང་གི་ཕྱིར་ཕྱོགས་གཅིག་པར་མི་འགྱུར་ཏེ། ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །
དེའི་ཕྱིར་རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་ཁ་སྦྱོར་ལས་བྱུང་བའི་མཚན་ཉིད་བཤད་དུ་གསོལ་ཞེས་སྦྱར་རོ། །དེ་ནི་དེ་བཞིན་གཤེགས་པའི་གསུང་བསྟན་ཏེ། ཨེ་མ་ཧོ། །རྡོ་རྗེ་སྙིང་པོ་བརྩེ་བ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ཅན་ཐམས་ཅད་མི་ཤེས་པ་གསུམ་གྱིས་ཉེས་པ་ལས་དང་ཉོན་མོངས་པ་དང་སྡུག་བསྔལ་རྣམས་ཀྱིས་འཁོར་བར་འཁོར་བར་འགྱུར་རོ། །སེམས་ཅན་དེ་རྣམས་ལ་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་བརྒྱ་ལམ་ན་སྐད་ཅིག་ཐང་ཅིག་ཙམ་བསོད་ནམས་བསགས་པའི་ཚུལ་གྱིས་སེམས་བསྐྱེད་དེ་བསོད་ནམས་དེས་སུམ་ཅུ་རྩ་གསུམ་པའི་ལྟར་འགྱུར་རོ། །དེ་ནས་འཕོས་ནས་སླར་ཡང་མི་ལ་སོགས་པའི་འགྲོ་བ་ལྔར་སྐྱེའོ། །དེའི་ཕྱིར་སྔོན་གྱི་ལས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་ལྟ་བ་དྲུག་རྣམས་ལ་འཇུག་པར་བྱད་དེ། ལྟ་བ་དེ་རྣམས་ཀྱང་དུས་ཀྱི་དབང་གིས་སེམས་ཅན་རང་རང་གི་སེམས་ལས་བྱུང་ངོ༌། །དེ་ལྟར་ལྟ་བ་པོའི་སེམས་ཅན་སྣ་ཚོགས་པ་གྲངས་མེད་པར་འགྱུར་རོ། །དེ་ལྟར་ཡང༌། འགྲོ་བ་ཐམས་ཅད་བདག་ལས་བྱུང༌། །སྲིད་པ་གསུམ་ཡང་བདག་ལས་བྱུང༌། །བདག་གིས་འདི་དག་ཐམས་ཅད་ཁྱབ། །བདག་ལས་གཞན་པའི་འགྲོ་བ་མེད། །ཅེས་གསུངས་སོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་བདག་ཉིད་དང་དེ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་རང་གི་དོན་དང་གཞན་གྱི་དོན་གྱིས་མི་ཤེས་པ་གསུམ་རིང་དུ་བྱེད་དོ། །དེ་འབའ་ཞིག་བྱེད་པར་མ་ཟད་ཀྱིས་མི་འདོད་བཞིན་དུ་སྐུ་གསུམ་མངོན་དུ་བྱེད་པའི་དོན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཨེ་མ་ཧོ་ཞེས་པའི་ངོ་མཚར་དང༌། ལེགས་སོ་ཞེས་པའི་ལན་གཉིས་གསུངས་ཏེ། གང་གི་ཕྱིར། རིག་པ་བདེ་བ་སྟེར་བར་བྱེད། །ཅེས་པའི་དོན་ཏོ། །ཡོན་ཏན་གྱི་འབྱུང་གནས་ཞེས་པ་ལ། ཡོན་ཏན་རྣམས་ཀྱི་འབྱུང་གནས་ཡིན་པས་ན། ཡོན་ཏན་འབྱུང་གནས་སོ། །ཡོན་ཏན་ནི་རྣམ་པ་ལྔ་སྟེ། དེ་ལ་སའི་ཡོན་ཏན་ལྔ་གྲངས་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་བདག་ཉིད་དོ། །དེ་བཞིན་དུ་ཆུའི་ཡོན་ཏན་བཞིའོ། །དེ་ཡང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་
མེའི་ཁམས་ཀྱི་ཡོན་ཏན་ནི་གསུམ་སྟེ་མེ་དང་རླུང་དང་ནམ་མཁའི་ཁམས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་རླུང་གི་ཁམས་ཀྱི་ཡོན་ཏན་ནི་གཉིས་ཏེ། རླུང་དང་ནམ་མཁའི་ཁམས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་སྟོང་པའི་ཁམས་ཀྱི་ཡོན་ཏན་ནི་གཅིག་སྟེ། ནམ་མཁའི་ཁམས་ཀྱི་བདག་ཉིད་དོ། །དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ཐམས་ཅད་ཀྱི་བདག་ཉིད་གཅིག་པའི་མཚན་ཉིད་ཤེས་པ་སྣོད་ཀྱི་འཇིག་རྟེན་དུ་བསྟན་ཏོ། །དེ་ལྟར་འགྲོ་བ་ལྔའི་མི་ལ་སོགས་པའི་སེམས་ཅན་རྣམས་རིམ་པ་བཞིན་ལྔ་དང་བཞི་དང་གསུམ་དང་གཉིས་དང་གཅིག་གི་ཡོན་ཏན་གྱི་བདག་ཉིད་དུ་འགྱུར་རོ། །དེ་ཡང་གོང་དུ་རྡུལ་ཕྲ་རབ་ཀྱི་ཆོས་ཅན་བརྫུན་པར་གནས་སོ། །འོན་ཀྱང་མ་རིག་པ་ལ་སོགས་པས་བསྒྲིབས་ཤིང་ལོག་པའི་ཆོས་ལ་ཆགས་པ་དང༌། མི་དགེ་བའི་གྲོགས་དང་ཕྲད་པ་ལ་སོགས་པའི་ཉེས་པས་གོས་པ་རྣམས་སྔོན་བཞིན་བག་ཆགས་ཀྱི་དབང་གིས་འགྲོ་བ་སྣ་ཚོགས་པ་རྣམས་སུ་འཁོར་བར་འཁོར་བར་འགྱུར་རོ། །དེ་བཞིན་དུ་ཡང་ཡེ་ཤེས་ཀྱི་ཁམས་ཁམས་དྲུག་གི་བདག་ཉིད་སྐྱེས་བུ་ཆེན་པོའི་གང་ཟག་འདི་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཆོས་སྐུའི་མཚན་ཉིད་སྟོང་པ་ཉིད་དང་ཡང་དག་པའི་མཐའ་དང་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་བདག་ཉིད་ཅན་གང་ལ་བསམ་པ་འདི་ལྟ་བུ་ཡོད་པའམ་དེའི་རིགས་ཅན་ནོ། །དེ་ཉིད་ཀྱིས་ན་ལེགས་སོ་ལེགས་སོ་ཞེས་པ་ལན་གཉིས་གསུངས་ཏེ། འདི་ནི་རྡོ་རྗེ་སྙིང་པོའི་དོན་བསྟན་ཏོ། །རྒྱུད་ཐམས་ཅད་ཀྱི་གསང་ཆེན་གང་ཡིན་པ་དེ་དག་ཐམས་ཅད་ཉན་པར་འདོད་པ་ཞེས་པ་ལ། འདོད་པ་ཞེས་པ་ནི་རྡོ་རྗེ་སྙིང་པོའི་བྱེད་པའི་ཚིག་སྟེ། ཨེ་མ་ཧོ་ཞེས་པ་དང་འབྲེལ་ཏོ། །འོན་ཀྱང་འདིར་སྔགས་ཀྱི་ཐེག་པ་ཆེན་པོར་རྣལ་འབྱོར་དང་རྣལ་འབྱོར་མ་ཁ་སྦྱོར་བ་དེ་ནི་རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་མའི་རྒྱུད་ཅེས་བརྗོད་དོ། །དེ་བཞིན་དུ་རྣལ་འབྱོར་གྱི་རྒྱུད་དང་སྔོན་དུ་གསུངས་པའི་མཚན་ཉིད་ཀྱི་རང་བཞིན་ནོ། །ད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བ་གསུངས་ཏེ། རྒྱུད་ཐམས་ཅད་ཀྱི་གསང་ཆེན་གང་ཡིན་པ་ཞེས་བྱ་བ་ལ། རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་གསང་བ་ནི་རྣལ་འབྱོར་མའི་རྒྱུད་དོ། །རྣམ་པ་སུམ་ཅུ་རྩ་དྲུག་པོ་དེ་ཡང་འཆད་བཞིན་པའི་རྩ་བའི་རྣལ་འབྱོར་མ་བསྐྱེད་པ་རྣམ་པ་མང་པོས་བཤད་པར་བྱའོ། །དེ་ལྟར་རྣལ་འབྱོར་མའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་
ཐམས་ཅད་ཀྱི་གསང་ཆེན་སྦས་པ་ཞེས་པའི་དོན་ཏོ། །དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཡིན་པ་དེ་དག་ཐམས་ཅད་ཞུ་བ་ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཤེས་རབ་དང་ཐབས་དང་སྟོང་པ་དང༌། སྙིང་རྗེ་དབྱེར་མེད་པ་རྣམས་ལ་ཞུ་བ་སྟེ་ཁོང་དུ་ཆུད་པའོ། །སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ལམ་སྟོན་པའི་འདོད་པ་དེ་ནི། དེ་ལྟར་སྨྲས་པར་འགྱུར་རོ། །འདི་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་འཁོར་བའི་ཚིག་གསུངས་པ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་ཞུས་པའི་རྗེས་ཐོགས་སུའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་གང་དག་གིས་དང་པོ་ན་ཡོད་པ་དེ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པ་ཡེ་ཤེས་དང་རྣམ་པར་ཤེས་པ་དག་གཅིག་ཏུ་འདྲེས་པའི་བདག་ཉིད་ཅེས་པའི་དོན་ཏོ། །ཡང་ན་སྒྱུ་མའི་སྤྲུལ་པ་བཞིན་དུ་གཙོ་བོའོ། །དེའི་སྙིང་པོ་ནི་དབྱེར་མེད་པའི་དངོས་པོའི་ཕྱིར་རྡོ་རྗེའོ། །དེར་ཁྱད་པར་གྱི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །དེ་ཉིད་ཀྱིས་ན་རབ་ཏུ་དགའ་ཞིང་མིག་གདངས་པ་ནི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅེས་པའི་དོན་ཏོ། །དེས་ན་དེ་བཞིན་གཤེགས་པའི་སྤྱན་དང་ཤའི་སྤྱན་དང་། ལྷའི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་དང༌། ཡེ་ཤེས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །དེའི་ཕྱིར་རབ་ཏུ་དགའ་བའི་མིག་གདངས་ཀྱི་སོ་སོ་སྐྱེ་བོའི་ནི་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོས་ཞུས་ཞེས་འབྲེལ་ཏོ། །ཡང་དང་ཡང་དུ་ཕྱག་བྱས་ཏེ། །འདིར་རང་གི་ཐེ་ཚོམ་གྱི་ཕྱིར་ཞུས་ཞེས་པའི་རིགས་པས་ཡེ་ཤེས་དང་རྣམ་ཤེས་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་གྲུབ་བོ། །འོན་ཀྱང་གང་གསུངས་པའི་མཚན་ཉིད་ཐམས་ཅད་དེ་དགོངས་བཤད་གཞན་གྱི་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཉེ་བར་སྤྱོད་པར་འགྱུར་གྱིས། ད་ལྟའི་གདུལ་བྱ་རྣམས་ལ་ནི་མ་ཡིན་ནོ། །གང་གི་སྤྱིར་བསྟན་བྱ་དང་སྟོན་བྱེད་དང་བསྟན་པ་རྣམས་ལ་འཇུག་པར་མི་འགྱུར་ཏེ། དེའི་ཚེ་གདུལ་བྱ་དཀའ་བ་བེམས་པོའི་སེམས་ཅན་རྣམས་འདུལ་བར་མི་འགྱུར་རོ། །རྒྱུ་དེས་ན་སྤྲུལ་པའི་ལུས་ཅན་དབྱེར་མེད་པ་ལ་ཉེ་བར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགྱེས་ཤིང་
མིག་གདངས་ལ་གཟུགས་བརྙན་ལྟ་བུ་རྣམས་ཀྱིས་ཡང་དང་ཡང་དུ་ཕྱག་བྱས་ནས་རང་གི་ཐེ་ཚོམ་གྱི་ཕྱིར་ཁ་སྦྱོར་ལས་བྱུང་བའི་རང་བཞིན་དེའི་བདག་ཉིད་ཞུས་ཏེ། འདིར་ཞེས་པ་ནི་ཚིག་འདིར་གསུངས་པའོ། །རྒྱུད་རྣམས་ཐམས་ཅད་གང་ལ་བགྱི། །ཞེས་པ་ནས། དེར་ནི་མཚན་ཉིད་ཇི་ལྟ་བུ། །ཞེས་པའི་བར་ནི་ཞེས་ཞུས་པའི་ཚིག་གོ །དེ་ནི་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིག་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། སྡུད་པ་པོའི་ཉེས་པ་ཡོངས་སུ་སྤང་པའི་དོན་དུ་གསུངས་ཞེས་སྦྱར་རོ། །རྒྱུད་ཀྱང་དེ་ཞེས་བྱ་བ་ལ་སོགས་པ་ནི་བསྡུ་བའི་ཚིག་གོ །ཡང་ཐབས་ཀྱི་སྦྲ་ནི་འདུས་པ་ལ་སོགས་པར་ཤེས་པར་བྱའོ། །སོགས་པའི་སྒྲས་ནི་བྱ་བ་དང་སྤྱོད་པ་གཟུང་ངོ༌། །འདིར་བྱ་བ་ནི་དེ་ཉིད་བསྡུས་པ་ལ་སོགས་པའོ། །དེ་བཞིན་དུ་སྤྱོད་པ་ནི་སྒྲོལ་མ་བྱུང་བ་དང༌། འབྱུང་པོ་འདུལ་བྱེད་ལ་སོགས་པའོ། །འདི་དག་ཐམས་ཅད་རྣལ་འབྱོར་གྱི་རྒྱུད་དུ་ཉེ་བར་བཏགས་པའི་མཚན་ཉིད་ཅན་དུ་བརྗོད་དེ། སློབ་དཔོན་རྣམས་ཀྱིའོ། །གླེང་གཞི་ནི་སྒྱུ་འཕྲུལ་དྲ་བ་ལ་སོགས་པའང་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་བར་དུས་ཀྱི་རྩ་སུམ་ཅུ་རྩ་དྲུག་གི་སྣང་བའི་མཚན་ཉིད་དོ། །དེ་ཡང་རྣམ་པ་གསུམ་སྟེ། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དུ་རྟེན་དུ་ཤེས་པར་བྱའོ། །འོད་གསལ་བརྟེན་པར་ཤེས་པར་བྱའོ། །འདི་ནི་སྡུད་པའི་མཚན་ཉིད་དོ། །སངས་རྒྱས་རྣམས་ཀྱི་ནི་རིམ་པ་ལས་བཟློག་པས་འོད་གསལ་བ་ནི་རྟེན་ནོ། །བརྟེན་པ་ནི་སྣང་བ་གསུམ་སྟེ། སྒྱུ་འཕྲུལ་ཆེན་པོ་འཛིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བར་བཅོམ་ལྡན་འདས་ཀྱིས། སྒྱུ་འཕྲུལ་ཆེན་པོ་འཆང་མཁས་པ། །སྒྱུ་འཕྲུལ་ཆེན་པོའི་དོན་འགྲུབ་པར། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུད་ཅེས་པ་ནི་འཁོར་བའི་སྡུག་བསྔལ་དུ་བྱིང་བའི་སེམས་ཅན་རྣམས་ལ་སྐྱོབ་པས་ན་རྒྱུད་དོ། །དེ་རྣམས་ཀྱི་གླེང་གཞི་ནི་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་རྣམས་ཀྱི་གླེང་གཞི་ཡང་དག་པར་སྤྲོས་པའི་མཚན་ཉིད་དེ། དེ་ལས་བྱུང་བ་ནི་རྣལ་འབྱོར་མའི་ཚོགས་སམ་རྣལ་འབྱོར་གྱི་ཚོགས་སོ། །འདི་གཉིས་བསྡུས་པའི་དབང་གིས་བརྗོད་བྱ་དང་
རྗོད་བྱེད་དང་བྲལ་བར་ངེས་པ་ཞེས་པའི་དོན་ཏོ། །ཡང་སྔོན་དུ་གསུངས་པའི་དུས་ལ་སོགས་པ་སྟེ་དེ་རྣམས་ཀྱི་གླེང་གཞི་ནི་ཁ་སྦྱོར་དུ་འགྱུར་བའོ། །ངེས་པ་ནི་མ་འཁྲུལ་བའོ། །ཡང་ན་ཁ་སྦྱོར་ལས་བྱུང་བའི་ཐིག་ལེ་སད་པ་ལ་སོགས་པ་བཞིའི་རྣམ་པར་གཞག་པ་དང་བྲལ་བ་ལྷན་ཅིག་སྐྱེས་པ་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དེ། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་གསུངས་པའི་ཕྱིར་རོ། །ངེས་པར་ཞེས་པ་ནི་གསུངས་ཤིང་བསྟན་ཞེས་པའི་དོན་ཏོ། །སེང་གེ་དང་འཕྲོག་བྱེད་ཅེས་པ་ལ་སོགས་པ་ལ། འདིར་ལུས་ལ་ལམ་དྲུག་ཏུ་སོང་བའི་རྩ་དྲུག་གོ །དེ་ལ་ལྟེ་བའི་སྟེང་དུ་གསུམ་སྟེ། ལ་ལ་ནཱ་དང་ར་ས་ནཱ་དང་ཨ་ཝ་དྷཱུ་ཏཱིའོ། །དེ་བཞིན་འོག་ཏུ་གསུམ་སྟེ། བཤང་བ་དང་གཅི་བ་དང་ཁུ་བ་འབབ་པའོ། །འདི་རྣམས་ཀྱི་མིང་རྣམས་རིམ་པ་ལས་བཟློག་པས་དབྱིག་གི་སྙིང་པོ་ནི་བཤང་པའི་རྩའོ། །འདིར་སེང་གེ་ནི་ཁུ་བའི་རྩའོ། །འཕྲོག་བྱེད་ནི་དྲི་ཆུའི་རྩའོ། །དེ་བཞིན་དུ་སྟེང་དུ་ནི་ཟླ་བ་དང་ཉི་མ་དང་སྒྲ་གཅན་འབབ་པའོ། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་བདག་ཉིད་ཅན་དུས་ཀྱི་ཁྱད་པར་གྱི་དུས་ཀྱི་ཕོ་ཉའམ་དུས་ཀྱི་རྩར་བརྗོད་དོ། །འདི་རྣམས་ལས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱི་དབྱེ་བས་མིག་ལ་སོགས་པའི་སྐྱེ་མཆེད་ཡུལ་དང་ཡུལ་ཅན་གྱི་དབྱེ་བས་རྣམ་ཤེས་ཚོགས་དྲུག་སེམས་ཀྱི་འཕྲུལ་པའི་ཤེས་པ་སྐྱེའོ། །དེ་ལས་སྐྱེས་ནས་རང་རང་གི་ལས་ཀྱི་དབང་གིས་སེམས་ལས་བྱུང་བའི་དངོས་པོས་ལྟ་བ་དྲུག་རྣམས་འཇུག་པར་བྱེད་དོ། །དེ་ལྟར་ལྟ་བ་རྣམས་ཀྱི་ནང་དུ་ཆུད་པ་ནི་སེམས་ཅན་རྣམས་ཏེ། སེམས་ཅན་གྱི་ནང་དུ་ཆུད་པ་ཡང་ལྟ་བ་རྣམས་ཞེས་པ་ལ་སོགས་པ་ཇི་སྲིད་གྲངས་མེད་པའི་རྣམ་པར་རྟོག་པའི་བག་ཆགས་དང༌། གྲངས་མེད་པའི་ལུས་ཀྱི་རྩ་རྣམས་དང༌། གྲངས་མེད་པའི་རྣལ་འབྱོར་མ་རྣམས་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་ཆེན་ཞེས་པའི་སྔགས་ཀྱི་ཐེག་པ་ཆེན་པོའི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །ཡང་ན་གསང་ཆེན་ཞེས་པ་ནི་སྦས་པ་སྟེ་དུས་ཀྱི་ཕོ་ཉ་རྣམས་རྣམ་པར་འཇོམས་པའི་ཕྱིར་ཁྱབ་པར་བྱེད་པའི་རང་བཞིན་ནོ། །གང་སྐད་ཅིག་བཞིས་མཚོན་པ་ཡང་དག་པའི་ལམ་ངག་གི་ལམ་
ལས་འདས་པའི་སྤྱོད་ཡུལ་གཉིས་གཉིས་པ་ཐམས་ཅད་སྤངས་པའོ། །དེའི་ཕྱིར་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བ་ནི་མི་སློབ་པའི་ལམ་ཞེས་པའི་དོན་ཏོ། །ད་ནི་ཡང་དག་པར་སྦྱོར་བའི་རྣལ་འབྱོར་དུ་བྱེད་པ་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཁ་སྦྱོར་དེ་ཉིད་ལས་བྱུང་བ་ཞེས་པ་ལ་ཁ་སྦྱོར་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བ་དངོས་པོ་གཅིག་ཏུ་བྱེད་པ་དང༌། ཕྱི་དང་ནང་གི་བདག་ཉིད་མི་ཕྱེད་པ་དང༌། སྟོང་པ་དང་སྙིང་རྗེ་སྦྱོར་བ་དང༌། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་དང༌། སྤྲོ་བ་དང་བསྡུ་བ་སྦྱོར་བ་དང༌། དཔལ་ཧེ་རུ་ཀ་དང་བདག་མེད་མ་སྙོམས་པར་འཇུག་པ་དང༌། ཟུང་དུ་འཇུག་པའི་མཚན་ཉིད་དང༌། ཆགས་པ་དང༌། ཆགས་པ་དང་བྲལ་བ་རྣམ་པར་འདྲེས་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་དབྱེར་མེད་པ་དང༌། སྐྱེས་མ་དང་སྐྱེས་པའི་གཟུགས་གཉིས་མེད་པ་དང༌། ཀུན་རྫོབ་དང་དོན་དམ་པ་མི་ཕྱེད་པ་དང༌། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དང༌། རྒྱུ་དང་འབྲས་བུའི་བདག་ཉིད་གཉིས་སུ་མེད་པ་ནི་ཁ་སྦྱོར་གྱི་དོན་ཏོ། །དེ་ལྟར་གཞན་ཡང་གཉིས་སུ་མེད་པའི་ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པ་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་མ་གསུངས་ཏེ། གཞུང་རྒྱས་པས་འཇིགས་པའི་ཕྱིར་རོ། །དེའི་ཕྱིར་བླ་མ་བརྒྱུད་པའི་རིམ་པས་ཐོས་པ་དང་བསམ་པ་དང་སྒོམ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་དབུགས་དབྱུང་བ་དང་འཇུག་པ་རྣམ་པར་བཅོམ་པས་བསམ་གྱིས་མི་ཁྱབ་པའི་ལམ་ཡང་སྐྱེའོ། །དེ་ཡང་ཐིག་ལེ་ཞེས་བརྗོད་དེ་དཔྲལ་བར་ཐིག་ལེ་གཟུང་བ་བཞིན་ནོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས། དངོས་པོ་མེད་པ་སྒོམ་པའི་དངོས། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་པར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་ཕྱིར་ཁ་སྦྱོར་ནི་སྙོམས་པར་འཇུག་པས་ཞེས་པའི་དོན་སྟོན་པའི་ཚིག་གོ །སླར་ཡང་འདིའི་དོན་གསལ་བར་བྱ་བའི་ཕྱིར་གསུངས་པ། ཁ་སྦྱོར་ཞེས་པ་ནི་འཕགས་ པ་རྣམས་ཀྱི་ཆོས་དང་ལོངས་སྤྱོད་རྫོགས ་པའི་བདག་ཉིད་ཀྱི་སྦྱོར་བ་དབྱེར་མེད་པའི་ཉེ་བར་སྤྱོད་པ་ལ་འཇུག་པ་དེ་ལ་སྙོམས་པར་འཇུག་པ་ཞེས་བརྗོད་དེ། མཆོག་ཏུ་མི་འགྱུར་བ་རྟོགས་
པ་ནི་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ཏོ། །དེ་ཡང་འཕགས་པ་རྣམས་ཀྱི་བརྗོད་པར་བྱ་བའི་མཚན་ཉིད་དོ། །སླར་ཡང་འབྱུང་བ་ནི་སྐྱེས་པ་ཞེས་པ་ལ་མཆོག་ཏུ་མི་འགྱུར་བས་བསྒྲུབ་པའི་རང་རིག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི་སྣ་ཚོགས་པ་སྟོང་པ་ཉིད་ཀྱི་སྐུ་སྣང་བ་མེད་པའི་རང་བཞིན་ནོ། །དེའི་སྐྱེས་པ་དེ་ནི་མ་དང་ཕ་ཡང་དག་པར་སྦྱོར་བས་དང་སྔོན་གྱི་སྐྱེ་པོའི་བག་ཆགས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་བསྒྲལ་བའི་རྒྱུར་འཇུག་པར་བྱེད་དོ། །དེ་ཉིད་བཅོམ་ལྡན་འདས་སྤྲུལ་པའི་སྐུའི་མཚན་ཉིད་དེ། དེ་ཡང་མཚོན་བྱ་དང་མཚོན་བྱེད་ཀྱི་བདག་ཉིད་དོ། །འདིར་དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུ་ཞེས་པ་ནི་འདྲ་བའི་དོན་ཏེ། སྔ་མའི་ཚིག་གཅེས་པའི་ཡང་ཕྱིར་རོ། །གྱུར་པ་ཞེས་པ་ནི་སྐྱེས་པའོ། །དེ་ཅི་ཞེ་ན་བརྟན་པ་དང་གཡོ་བའི་དངོས་པོའི་བདག་ཉིད་ཅེས་གསུངས་ཏེ། བརྟན་པ་ནི་སྣོད་ལ་སོགས་པའོ། །གཡོ་བ་ནི་མི་ལ་སོགས་པའོ། །དེ་རྣམས་སྐྱེས་པ་དེའི་རང་བཞིན་གྱི་བདག་ཉིད་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ངོ༌། །དེ་ཡང་བསྐྱེད་བྱ་དང་སྐྱེད་བྱེད་རྗེས་སུ་མཐུན་པར་ཡང་དག་པར་གནས་པའོ། །འདིས་མཚོན་པས་ན་མཚན་ཉིད་དེས་ཞེས་པ་ནི་བདུན་པའི་དོན་ལ་གསུམ་པའོ། །མཚོན་བྱ་དང་མཚོན་བྱེད་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སྐུ་བཞུགས་པ་འདིས་ཁོང་དུ་ཆུད་པར་བྱའོ། །ཡང་ན་མཚོན་པས་ཞེས་པ་ནི་མཆོག་ཏུ་མི་འགྱུར་བའི་སྦྱོར་བས་སངས་རྒྱས་རྣམས་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་ཞི་གནས་དང་ལྷག་མཐོང་ལ་གོམས་པས་ཁམས་གསུམ་པའི་སེམས་ཅན་རྣམས་ཡང་དག་པར་ཉེ་བར་སྤྱོད་པའི་ཚུལ་ནི་མཚན་ཉིད་དོ། །དེ་ལྟར་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚོན་བྱ་དང་མཚོན་བྱེད་དག་གིས་ཡང་དག་པའི་ལམ་བསྟན་པའི་ཕྱིར་སྐད་ཅིག་མ་ཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི་མཚོན་པའོ། །དེའི་ཕྱིར་འབྲས་བུ་ལ་རྒྱུར་ཉེ་བར་བཏགས་པའི་ཕྱིར་སེམས་ཅན་ལ་དམིགས་པའི་མཚན་ཉིད་ནི་རྗོད་པར་བྱེད་པའོ། །དེ་ལྟར་གཞུང་ཉེ་བར་བཏགས་པའི་ཚིག་ནི་འབྲེལ་པའོ། །ད་ནི་ཕྱོགས་གཞན་གྱི་དགོས་པ་བརྗོད་དེ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། ཡང་ན་
ཞེས་པ་ནི་སྔོན་དུ་གསུངས་པའི་ལམ་རྟོགས་པར་བྱ་བ་དང༌། ད་ལྟར་གྱི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པའི་ཕྱིར། རྒྱུད་ཅེས་པའི་སྒྲ་ནི་སྐྱེས་པར་བརྗོད་དོ། །དེ་བཞིན་དུ་རྒྱུད་ཅན་གྱི་བུད་མེད་དུ་བརྗོད་དོ། །ཐམས་ཅད་ཅེས་པ་ནི་བུད་མེད་དང་སྐྱེས་པ་དག་གཅིག་པ་ཉིད་དོ། །དེ་ལྟར་བུད་མེད་དང་སྐྱེས་པ་དག་ནི་ཁ་སྦྱོར་གྱི་སྒྲས་བསྟན་ཏོ། །དེའི་གླེང་གཞི་ཞེས་པ་ནི་བདེ་བ་ཆེན་པོའོ། །དེ་ཡང་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ཡང་ཡིན་ལ་སེམས་དཔའ་ཡང་ཡིན་པས་ན་རྡོ་རྗེ་སེམས་དཔའོ། །དེ་ལས་བྱུང་བ་ནི་སེམས་ཅན་ཐམས་ཅད་ཅེས་པའི་དོན་ཏོ། །འོན་ཀྱང་མི་ཤེས་པའི་དྲི་མས་བསྒྲིབས་པར་འགྱུར་ཏེ། གདུལ་བྱ་དེ་རྣམས་ཀྱི་དོན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་སྲིད་པའི་དང་པོར་ཡང་དག་པར་བཞུགས་སོ། །དེ་ལྟར་ཡང་དང་ཡང་ལས་ཀྱིས་ར་འཇུག་པར་བྱེད་ཅིང་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་སུ་ཡང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་བསྒྲུབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ཡང་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་ནས་སླར་ཡང་འཇུག་པར་བྱེད་དོ། །དེ་ལྟར་གྲངས་མེད་པའི་དུས་རྣམས་སུ་གྲངས་མེད་པའི་སེམས་ཅན་རྣམས་ལ་གྲངས་མེད་པའི་བསྟན་པ་རྣམས་སངས་རྒྱས་རྣམས་ཀྱིས་སྟོན་པར་བྱེད་དོ། །གསང་ཆེན་ཞེས་བྱ་བ་འདིས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གསང་བ་སྦ་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །མན་ངག་ལས་བྱུང་བ་ཞེས་པ་ནི་དེ་ལྟར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང༌། འབྲེལ་པ་དང་དགོས་པ་མ་གསུངས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་གི་རྗེས་སུ་འབྲངས་པས་ཁོང་དུ་ཆུད་པར་བྱའོ། །འདི་ནི་མན་ངག་ཅེས་པའི་དོན་ཏོ། །སྔགས་བཏུ་བ་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་པའི་དོན་ཏོ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་བདག་གིས་བཤད་ཀྱིས་ཉོན། །ཞེས་པ་ལ། ཐབས་དང་ཤེས་རབ་བདག་ཉིད་ཅེས་པ་ནི་སྒྱུ་མའི་དངོས་པོའི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ཅི་ཞེ་ན་སྒྱུ་མ་ནི་ཤེས་རབ་བོ། །ཐབས་ནི་དངོས་པོའི་མཚན་ཉིད་ཀྱི་བདག་ཉིད་དོ། །རྒྱུད་ཅེས་པ་ནི་བསྟན་པའི་ཆོས་སོ། །དེ་བདག་གིས་ཞེས་པ་ནི་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་བདེན་པ་ལ་གནས་པའི་ཕྱིར་རོ། །
བཤད་ཀྱིས་ཞེས་པ་ནི་དོམ་དམ་པའི་ཡུལ་གྱི་མཚན་ཉིད་སྒྱུ་མ་ལྟ་བུའོ། །ཉོན་ཞེས་པ་ནི་ངེས་པར་ཟུང་ཞེས་པའི་དོན་ཏོ། །ཡང་ན་རྡོ་རྗེ་སྙིང་པོ་ལ་སོགས་པའི་དཔའ་བོ་རྣམས་པ་ལ་སྦྱོར་བ་སྟེ། སྐྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྟོན་ཏོ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་གསུངས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་དམ་པའི་ཆོས་ཀློག་པ་ལས་དུ་ཆུད་པར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་སླར་ཡང་དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་ཞེས་པ་ནས་ཉོན་ཞེས་པའི་མཐར་ཐུག་པའི་ཡི་གེའི་དོན་གྱིས་ཕྱི་དང་ནང་གི་བདག་ཉིད་འབྱུང་བ་ལྔའི་བདག་ཉིད་ཅན་གྱི་ལུས་ལ་མིང་སྣ་ཚོགས་པ་འཇུག་པ་བརྗོད་དེ། དེ་ཡང་རྣམ་པ་གསུམ་སྟེ། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་དོ། །འདིར་དང་པོ་ཉིད་དུ་ངག་གི་མིང་བརྗོད་དོ། །འདིར་སེམས་ཅན་ཐམས་ཅད་ལ་མངལ་དུ་གནས་པའི་རང་རིག་པ་ནས་བརྩམས་ཏེ། ཇི་སྲིད་འཆི་བ་ལ་ཐུག་པ་དེ་སྲིད་ངག་གི་མིང་སྟེ། དེས་སྤྱོད་པ་དང་གྲོལ་བར་འགྱུར་རོ། །དེའི་ཕྱིར་ངག་གི་མིང་གི་ཐ་སྙད་ཀྱིས་སེམས་ཅན་རྣམས་འཁོར་བ་ནས་འཁོར་བར་འཁོར་རོ། །རྒྱུ་དེས་ན་ཨ་ཞེས་པ་ཚིག་གི་མིང་དང་པོ་ཉིད་དུ་བསྟན་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཨ་ནི་ནམ་མཁའི་ཁམས་ཀྱི་ན་ཉིད་སྲོག་གི་རླུང་ཞེས་པའི་དོན་ཏོ། །དེ་ཡང་རྣམ་པ་གཉིས་ཏེ། ཏ་དང་ར་དག་ཆུ་དང་མེའོ། །དེ་ལ་ཆུའི་ཁམས་ནི་བྱང་ཆུབ་སེམས་སོ། །དེ་ལས་བསྐྱེད་པའི་ཚོགས་ཆེན་པོའི་རང་བཞིན་མེའོ། །རྐན་གྱི་བུ་གའི་མིང་ནི་ཏའོ། །དེ་བཞིན་དུ་ལྟེ་བའི་བུ་གའི་མིང་ནི་རའོ། །ཅིའི་ཕྱིར་ཞེ་ན། ར་མེའི་ས་བོན་ཡིན་པའི་ཕྱིར་རོ། །མེའི་དཀྱིལ་འཁོར་གྲུ་གསུམ་དུ་ལུང་ནས་གསུངས་བའི་ཕྱིར། ལྟེ་བ་ལམ་གསུམ་གྱི་བདག་ཉིད་ཅེས་པའི་དོན་ཏོ། །འདི་དག་རབ་ཏུ་སྦར་བ་དང་འཇུག་པ་དག་གིས་རང་རིག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ནི་སེམས་ཅན་ཐམས་ཅད་རྣམས་ཀྱི་སྲོ་ཡོ་བའི་ཕྱིར་རླུང་སྟེ། སྲོག་གི་རླུང་དུ་བརྗོད་དེ་རྩའི་རང་བཞིན་ཞེས་པའི་དོན་ཏོ། །དེའི་
ཕྱིར་ཐ་ཞེས་པ་ནི། བརྟན་པ་ལ་སོགས་པ་དང༌། གཡོ་བ་དང་བཅས་པ་བསྐྱེད་པའོ། །ཏེ་ཞེས་པ་ནི་དེ་ཀུན་སེམས་འབྱུང་ཆོས་རྣམས་སོ། །བ་ཞེས་པ་ནི་ལུང་དང་ལྡན་པས་བརྗོད་པའོ། །ཛྺ་ཞེས་པ་ནི་འདིར་བདག་གིས་རང་གི་རོལ་བའོ། །གཞེས་པ་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །བྷ་ཞེས་པ་ནི་དེ་ཀུན་སྣང་བར་བྱེད་པའོ། །ཕྲ་ཞེས་པ་ནི་འགྲོ་དྲུག་རབ་ཏུ་དགའ་བར་བྱེད་པའོ། །མུ་ཞེས་པ་ནི། ཁ་ཡི་པདྨས་ཆུ་ཡི་ནི། །བདུད་རྩིའི་ཆར་ནི་འགུགས་པའོ། །ཁཱ་ཞེས་པ་ནི། བཟའ་དང་བཏུང་ལ་རྟག་ཆགས་ཤིང༌། །འདོད་པ་ལྔ་ལ་ལོངས་སྤྱོད་པའོ། །མ་ཞེས་པ་ནི། ཡིད་ཀྱིས་ཆོས་ལ་ཆགས་པ་ཉིད། །ཧཱ་ཞེས་པ་ནི། ཆོས་རྣམས་ཐམས་ཅད་འཇིག་དང་མཚུངས། །བོ་ཞེས་པ་ནི། ཁོང་ཆུད་ཉིད་ནི་བྱིས་པའི་གཙོ། །དྷི་ཞེས་པ་ནི། བློ་དང་ལྡན་པའི་སེམས་ཅན་རྣམས། །རྣམ་ཤེས་སྨྲ་བའི་སྙིང་པོ་མིན། །ས་ཞེས་པ་ནི། ཐེག་པ་ཆེན་པོ་དྲན་པ་ཡིས། །འགྲོ་བ་དྲུག་ལ་གྲོལ་བར་འགྱུར། །ཏྭཱ་ཞེས་པ་ནི། ཁྱོད་ཀྱིས་འཕགས་པའི་ཆོས་རྣམས་ནི། །རྟོགས་པར་གྱིས་ཤིག་རྡོ་རྗེ་འཛིན། པྲ་ཞེས་པ་ནི། རབ་དགའི་སྐད་ཅིག་དབུས་སུའོ། །ཧ་ཞེས་པ་ནི། དགོད་དང་དེ་བཞིན་སྤྲོ་བའོ། །ཪྵ་ཞེས་པ་ནི། བདག་ཉིད་ཆེན་པོ་མྱ་ངན་བྱེད། །ཕུ་ཞེས་པ་ནི། དེ་བཞིན་བེམས་པོ་གདུང་མི་བྱེད། །ལླ་ཞེས་པ་ནི། མཚོན་བྱེད་དེ་ཡི་དབུས་སུའོ། །ལོ་ཞེས་པ་ནི། འདིར་སྐྱེ་བོ་འདོད་རྙེད་ཉིད། །ཙ་ཞེས་པ་ནི། བྱ་བ་ཕྲ་ལ་སྤྱོད་མི་བྱེད། །ནཱཿ་ཞེས་པ་ནི། སངས་རྒྱས་ཕུན་ཚོགས་སྤྱོད་ཡུལ་རྣམས། །ཇི་བཞིན་དུས་སུ་རྟོགས་མི་བྱེད། །པྲི་ཞེས་པ་ནི། ཐ་དད་ཆོས་ལ་ཆགས་པ་ཉིད། །ཙྪཾ་ཞེས་པ་ནི། འདིར་ནི་བསྟན་པ་མདོར་བྱེད་པའོ། །ཏཱི་ཞེས་པ་ནི། མུ་སྟེགས་ཐམས་ཅད་ཕྱུགས་རྣམས་ཉིད། །ཧ་ཞེས་པ་ནི། ཀྱི་ཧུད་སུ་ཞིག་ལ་ནི་བསྟན། །སྭ་ཞེས་པ་ནི། རང་རིག་ལ་དགའ་སངས་རྒྱས་པ། སཾ་ཞེས་པ་ནི། ཡང་དག་ལམ་ནི་རྗེས་འབྲངས་པའོ། །ད་ཞེས་པ་ནི། ལུས་མེད་སྨྲ་བར་ནུས་མ་ཡིན། །ཧ་ན་ཞེས་པ་ནི། མི་ཤིགས་རྡོ་རྗེ་སེམས་དཔའ་ནི། །ལྟ་བའི་དཀྱིལ་འཁོར་དུ་ནི་རྒྱལ། །འབྱུང་བ་ཞེས་པའི་གྲངས་ནི་ལྔ། །ནམ་མཁའ་དེ་ལས་འབྱུང་བར་འགྱུར། །པྲ་ཞེས་པ་ནི། ཉིན་མཚན་ཚིག་ལས་འབྱུང་བ་ཡི། །རྟོག་པའི་དྲ་བ་རབ་བཅོམ་པའོ། །ཎི་ཞེས་པ་ནི།
རྟག་ཏུ་ཆོས་སྐུ་མི་འགྱུར་བ། །བསྒོམས་པས་སྤྲོས་པ་རྣམས་དང་བྲལ། །པ་ཞེས་པ་ནི། ཆོས་རྣམས་ཐམས་ཅད་མཆོག་གི་ནི། །ཆོས་ཕྱིར་རྣམ་པ་རང་བཞིན་ནོ། །ཏྱཾ་ཞེས་པ་ནི། སྐྱེ་ལུས་སངས་རྒྱས་ཐམས་ཅད་ཀྱི། །རིགས་ལ་ཞེན་པ་སྤང་བར་བྱ། །མུ་ཞེས་པ་ནི། ཆོས་ཞེས་པ་ཡི་ཕྱག་རྒྱ་བསྟེན། །ཧུ་ཞེས་པ་ནི། བྱིན་ཟ་ལ་ནི་འགྲོ་བ་གསུམ། །རྨུ་ཞེས་པ་ནི། ཐུབ་པ་ཐམས་ཅད་རྣམས་ཀྱིས་ནི། །ཧུཿ་ཞེས་པ་ནི། སྒྲིབ་པ་མང་པོ་བསྲེག་པར་བྱ། །འདི་ནི་ངག་གི་མིང་ངོ༌། །ད་ནི་ལུས་ཀྱི་མིང་ཡང་གསུངས་པ། ས་ཞེས་པ་ནི། སྐྱེ་བོ་དམ་པ་བསྒྲལ་བའི་ཕྱིར། །རྦ་ཞེས་པ་ནི། སྣ་ཚོགས་ལྷ་རུ་གནས་པའོ། །ཏཾ་ཞེས་པ་ནི། ཇི་སྲིད་ནམ་མཁའ་ཁྱད་པར་དུ། །དེ་དེ་སེམས་ཅན་དོན་རྣམས་བྱེད། །ཏྲཾ་ཞེས་པ་ནི། སེམས་ཅན་རྣམས་ལ་གནོད་བྱེད་པ། །གདུལ་དཀའ་རྣམས་ནི་སྐྲག་པར་བྱེད། །ཀིཾ་ཞེས་པ་ནི། གཞན་ཡང་དེ་རྣམས་ཆོས་ཀྱི་རོ། །རྣམ་པ་སྣ་ཚོགས་དུ་མ་ཡིས། །སྙིང་རྗེའི་དབང་གིས་ཚིམ་པར་བྱེད། །ཨུ་ཞེས་པ་ནི། ཐེག་ཆེན་ཆོས་ཀྱི་རྒྱ་ཆེ་ཞིང༌། །ཟབ་པ་རྣམས་ལ་གཞུག་པར་བྱ། །ཙྱ་བ་ཞེས་པ་ནི། སེམས་དང་སེམས་ཀྱི་རང་བཞིན་དང༌། །ཤེས་པ་ཅན་ཡང་མཁའ་གཟུགས་ཅན། །ཏེ་ཞེས་པ་ནི། བདག་དང་བདག་གི་ལྟ་བ་ནི། དེ་ཡི་དངོས་པོས་གྲོལ་བར་འགྱུར། །ནི་ཞེས་པ་ནི། དམ་པའི་དོན་དུ་མྱ་ངན་འདས། །དཱ་ཞེས་པ་ནི། བདེན་པའི་ལྟ་བ་འབྱུང་བའི་ཕྱིར། །ན་ཞེས་པ་ནི། བདག་གིས་སུ་ལའང་བཤད་པ་མེད། །ཙ་ཞེས་པ་ནི། སྤྱོད་པ་ཡང་ནི་སེམས་རང་བཞིན། །ཀ་ཞེས་པ་ནི། སྙིང་རྗེས་སེམས་ཅན་ལ་ཕན་བྱ། །ཐཾ་ཞེས་པ་ནི། དབང་པོའི་གཞུ་བཞིན་བསྟན་པའོ། །བྷ་ཞེས་པ་ནི། །འཇིགས་པས་སྐྲག་ལ་མི་འཇིགས་སྟེར། །སྲིད་པའི་རྒྱ་མཚོ་ལས་ཕར་སྒྲོལ། །བེ་ཏ་ཞེས་པ་ནི། མཁས་པས་ཐམས་ཅད་ཆོས་དབྱིངས་ཀྱི། །ནང་དུ་ཆུད་པར་ཤེས་རིག་བྱ། །ར་ཞེས་པ་ནི། དེ་བཞིན་ཉིད་ཀྱི་བདག་ལ་རོལ། །ཧ་ཞེས་པ་ནི། བདག་དང་གཞན་ནི་རིག་པ་མེད། །སྱེ་ཞེས་པ་ནི། འདི་ཡི་བདེ་བ་འདུས་པ་ལས། །སྔོན་གྱི་སྨོན་ལམ་ཉིད་ནི་དྲན། །ཏྱེ་ཞེས་པ་ནི། སྙིང་ལས་འོད་ཟེར་རྣམས་ནི་གཏོང༌། །ཏྲ་ཞེས་པ་ནི། སྣང་བ་གསུམ་ནི་གསལ་བ་འབྱུང༌། །ཀིཾ་ཞེས་
པ་ནི། ཅུང་ཟད་ཐོས་པའི་སྒྲ་ཙམ་ཡང༌། །རྨི་ལམ་བཞིན་དུ་སེམས་ལས་བྱུང༌། །ཨུ་ཞེས་པ་ནི། སྤྲོས་པ་མེད་པའི་ཆོས་དེ་རྣམས། །ཙྱ་ཞེས་པ་ནི། འཛག་པའི་ལམ་དུ་ངེས་པར་སྦ། །ཏེ་ཞེས་པ་ནི། དེ་ཡི་སངས་རྒྱས་སྐུ་ལའོ། །སཾ་ཞེས་པ་ནི། ཐེ་ཚོམ་མེད་པར་ངེས་པ་ཡིན། །པུ་ཞེས་པ་ནི། པུ་ནི་བྱང་ཆུབ་སེམས་དཔའ་རྣམས། །ཌོ་ཞེས་པ་ནི། འདི་དག་གཉིས་མེད་སྒྱིངས་པ་ལས། དགེ་འདུན་གཞན་ན་བརྗོད་དུ་མེད། །བྷ་ཞེས་པ་ནི། འདས་པའི་སྤྱོད་པ་རྣམས་སྤངས་པ། །འདིར་ནི་སེམས་ཅན་རྣམས་འཁོར་རོ། །བ་ཞེས་པ་ནི། རིགས་དང་རིགས་མིན་རྣམས་དཔྱད་ན། །ཐམས་ཅད་ནམ་མཁའ་ལས་བྱུང་ངོ༌། །ཀ་ཞེས་པ་ནི། སངས་རྒྱས་གང་ནའང་མི་བཞུགས་ཏེ། །རྐྱེན་གྱི་དོན་ནི་འབའ་ཞིག་གོ །ཐཾ་ཞེས་པ་ནི། སྐམ་ལ་གནས་པའི་སྐྱེ་བོ་རྣམས། །ནཱ་ཞེས་པ་ནི། སྣ་ཚོགས་ལས་ནི་ཀུན་དུ་སྨིན། །མ་ཞེས་པ་ནི། མི་ཡི་བདག་ཉིད་འབའ་ཞིག་གིས། །ལ་ཞེས་པ་ནི། དགེ་དང་མི་དགེ་མཚོན་པར་བྱ། །ཀྵ་ཞེས་པ་ནི། སྐད་ཅིག་བལྟས་པ་ཙམ་གྱིས་སོ། །ནཾ་ཞེས་པ་ནི། ཐོག་མེད་དུས་སུ་དབང་དུ་འགྱུར། །ཏ་ཞེས་པ་ནི། དེ་རུ་དེ་ནི་འགྲོ་མཚན་ཉིད། །ཏྲ་ཞེས་པ་ནི། དུས་ནི་རྣམ་པ་གསུམ་རྣམས་སུ། །ཀ་ཞེས་པ་ནི། འདིར་ནི་ཐོད་པ་དག་ཏུ་བྱེད། །ཐཾ་ཞེས་པ་ནི། འདི་ལྟར་བདག་གིས་དུས་བསྟན་པ། །རང་རིག་བདག་ཉིད་ཀྱིས་རྟོགས་བྱེད། །བྷ་ཞེས་པ་ནི། སྲིད་པའི་ཉེས་པ་འཇོམས་པར་བྱེད། །བེ་ཏ་ཞེས་པ་ནི། དྲི་མ་མེད་པའི་ས་རྣམས་ནི། །དེ་ཉིད་དུ་ནི་རིག་པར་བྱེད། །བྷ་ཞེས་པ་ནི། བྷ་ནི་འདིར་ནི་དགའ་བ་སྟེ། །དེ་བཞིན་ག་ནི་མཆོག་དགའ་བ། །བཱ་ནི་ལྷན་ཅིག་སྐྱེས་པར་བཤད། །ནཱ་ནི་དགའ་དང་བྲལ་བར་བརྗོད། །ཧ་ནི་དགའ་བ་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་མི་ཤིགས་པའོ། །འདི་ནི་ལུས་ཀྱི་མིང་ངོ༌། །ད་ནི་འདིར་སེམས་ཀྱི་མིང་བརྗོད་དེ། ས་ཞེས་པ་ནི་ཀུན་དུ་བཟང༌། །རྦེ་ཞེས་པ་ནི། །འགྲོ་བ་ངེས་པར་གཟུང་བར་རིག །ཙ་ཞེས་པ་ནི་གཡོ་བའི་ཕྱིར། །ཏེ་ཞེས་པ་ནི། དེ་ནས་ལམ་ནི་འདྲིས་པ་ཡིན། །ཏཾ་ཞེས་པ་ནི། རྣམ་ཤེས་དེ་ཡི་མཚན་ཉིད་དོ། །ཏྲཱ་ཞེས་པ་ནི་འཁོར་བ་ལ་ནི་སྐྱོ་བ་བཞིན་པ། །ཤྩ་ཞེས་པ་ནི། བྱ་བ་ཐམས་ཅད་ལ་ནི་སྤྱོད། །ས་ཞེས་པ་ནི། ཀུན་དུ་བཟང་པོ་བདག་གི་གང༌། །རྦ་ཞེས་པ་ནི། འགྲོ་བ་
མ་ལུས་ཕྱག་ནི་བྱ། །ཏམ་ཞེས་པ་ནི། དེ་ནི་རྟག་ཏུ་བསྐྱང་བར་བྱ། །ཏྲཱ་ཞེས་པ་ནི། ཁམས་གསུམ་པ་ནི་སངས་རྒྱས་བདག །ས་ཞེས་པ་ནི། ལུས་ལས་འོད་ནི་སྤྲོ་བར་བྱེད། །རྦ་ཞེས་པ་ནི། ནོར་འཛིན་བདུད་རྩི་བདེ་སྟེར་བ། །ཤ་ཞེས་པ་ནི། འཁོར་ལོ་དྲུག་ཏུ་ཆུད་པའོ། །བདེ་ཞེས་པ་ནི། ལོ་སྦྱོར་རྣམ་སྦྱོར་པ་རུ་འགྱུར། །ན་ཞེས་པ་ནི། འཆི་མཚན་ཉིད་ཀྱིས་འཕོ་མི་འགྱུར། །ས་ཞེས་པ་ནི། དངོས་པོ་རྣམས་ནི་ཐམས་ཅད་ལ། །སེམས་ནི་སླར་བཤད་གཞན་མ་ཡིན། །མཱ་ཞེས་པ་ནི། སངས་རྒྱས་སྒྱུ་འཕྲུལ་དྲ་བ་ཆགས། །ཛཱ་ཞེས་པ་ནི། སད་པ་ལ་སོགས་བཞི་རྣམས་སོ། །ད་ཞེས་པ་ནི། སྐྱེ་བོ་རྣམས་ནི་སྟེར་བ་ཉིད། །ཡ་ཞེས་པ་ནི། གང་དུའང་རུང་བའི་བུད་མེད་དམ། །དེ་བཞིན་དུ་ནི་སྐྱེས་པ་རྣམས། །ཧེ་ཞེས་པ་ནི། དེ་རྣམས་ཐོག་མ་ཐ་མར་གནས། །ཥཱཾ་ཞེས་པ་ནི། ཞི་གནས་ཐོབ་པའི་རྒྱུ་ཡིས་ནི། །ནི་ཞེས་པ་ནི། བདག་ཉིད་ཆེན་པོ་བཞུགས་པ་ཡིན། །དཱ་ཞེས་པ་ནི། བདེན་པའི་དངོས་པོ་ཀུན་ནས་སྟེར། །ན་ཞེས་པ་ནི། དབང་པོའི་སྒོ་ཡི་སྤྱོད་ཡུལ་མིན། །བྷཱུ་ཞེས་པ་ནི། འབྱུང་བ་ལྔ་པོ་རྣམས་ལ་ཡང༌། །ཏཾ་ཞེས་པ་ནི། འདི་ཡང་དེ་ཡི་སྤྱོད་ཡུལ་མིན། །ནི་ཞེས་པ་ནི། འདུ་འཛི་ཅན་ནི་རྣམས་ཀྱི་དང༌། །དབང་པོ་མེད་རྣམས་ཀྱི་ཡང་མིན། །ཤྩི་ཞེས་པ་ནི། ཡིད་བཞིན་ནོར་བུ་ལྟ་བུ་ཡང༌། །ཏ་ཞེས་པ་ནི། དབའ་རླབས་ཀྱིས་ནི་དཀྲུགས་པའི་སེམས། །མི་ཞེས་པ་ནི། ལོག་པའི་ཆོས་ལ་དགའ་བ་རྣམས། །ཏྱ་ཞེས་པ་ནི། བདེ་ཅན་རྣམས་ཀྱིས་འདོར་བར་བྱ། །རྠ་ཞེས་པ་ནི། ཉེར་སྤྱོད་རྣམས་ནི་དོན་མེད་འགྱུར། །ཧ་ཞེས་པ་ནི། ཀྱི་ཧུད་སྡུག་པ་དུ་འབོད་འགྲོ། །རི་ཞེས་པ་ནི། ལུས་ལ་ཡོན་ཏན་སྟོང་བ་བཞིན། །ཧ་ཞེས་པ་ནི། ཕ་རོལ་པོ་ཡི་རྫས་རྣམས་འཕྲོག །ར་ཞེས་པ་ནི། ཆགས་པའི་བདེ་པས་རོལ་པའོ། །ཧི་ཞེས་པ་ནི། དོར་དང་བླང་བའི་དོན་སྤངས་རྣམས། །ར་ཞེས་པ་ནི། དགའ་ལ་སོགས་པ་ཆགས་པའི་བདག །ཎྱ་ཞེས་པ་ནི། རིག་པའི་ཆོས་ལ་ཕྱིར་བལྟས་པ། །ག་ཞེས་པ་ནི། ཟབ་མོའི་ལུང་དང་བསྟན་བཅོས་རྣམས། །བསྟན་པ་དེ་བཞིན་དོན་དམ་པའོ། །རྦྷ་ཞེས་པ་ནི། འཇིགས་པས་སྐྲག་པའི་སེམས་ཅན་རྣམས། །ལོག་པའི་ཆོས་ནི་རབ་སྟོན་བྱེད། །ཤྲཱ་ཞེས་པ་ནི།
དད་པའི་སེམས་ཅན་རྣམས་ལ་ནི། །འདོད་ཅན་སངས་རྒྱས་པ་ནི་བརྗོད། །བ་ཞེས་པ་ནི། གནས་དང་ཟས་དང་སྐོམ་ལ་སོགས། །མལ་ཆ་བདག་ལ་ཤིན་ཏུ་དགོས། །ཀ་ཞེས་པ་ནི། གལ་ཏེ་རིགས་ཀྱི་བུ་བྱེད་ན། །འཁོར་བའི་རྒྱ་མཚོ་ཕ་རོལ་འགྲོ། །པྲ་ཞེས་པ་ནི། འདས་པའི་རང་བཞིན་མི་ཤེས་པར། །སེམས་ཅན་རྣམས་ལ་ཁྱབ་བྱེད་པ། །ཏྱེ་ཞེས་པ་ནི། རང་དོན་གཞན་དོན་མེད་པ་རྣམས། །ཀ་ཞེས་པ་ནི། རང་དོན་ཙམ་ནི་འབའ་ཞིག་པ། །སངས་རྒྱས་པ་ནི་འགྲོ་དྲུག་འགྲོ། །བུ་ཞེས་པ་ནི། ཆོས་རྣམས་མང་པོ་རྟོགས་པའི་ཕྱིར། སེམས་ཅན་རྣམས་ལའང་ཕན་བྱེད་པ། །དྷ་ཞེས་པ་ནི། སྲིད་པའི་རྩེ་རུ་བཞུགས་ནས་སུ། །རྟོག་པ་རྒྱས་སྟེར་པར་བྱེད། །ནཱ་ཞེས་པ་ནི། བྱ་བ་མང་པོའི་ཡུལ་རྣམས་སོ། །མ་ཞེས་པ་ནི། ཡིད་ཀྱིས་བརྗོད་པར་སོང་བ་རྣམས། །གོ་ཞེས་པ་ནི། སངས་རྒྱས་བློ་ཡིས་སྦས་པའོ། །ཙ་ཞེས་པ་ནི། སྤྱོད་དང་ཀུན་སྤྱོད་སྤངས་པ་ཉིད། །ར་ཞེས་པ་ནི། སེམས་ཅན་རྣམས་ནི་བཅོམ་པའི་ཕྱིར། །རྟག་ཏུ་སྤྲོས་པ་ལས་ནི་སྤྲོས། །ཏྭཱ་ཏ་ཅེས་པ་ནི། ཁྱོད་བདག་ལ་ནི་དབྱེར་མི་བྱེད། །ར་ཞེས་པ་ནི། དངུལ་ཆུར་རྫས་རྣམས་ཞུ་བ་བཞིན། །ཧ་ཞེས་པ་ནི། རྟ་ཡི་ནང་གི་སྒྲ་རྣམས་ནི། །རྟག་ཏུ་སྐྱེ་དང་འགོག་པ་བཞིན། །དེ་བཞིན་སངས་རྒྱས་པ་ཡི་ལམ། །བྱ་བ་སྨིག་རྒྱུའི་ཆུ་བཞིན་ནོ། །སྱཾ་ཞེས་པ་ནི། ཇི་ལྟར་འགའ་ཞིག་ཤིང་རྟ་ཞོན། །དེ་ལྟར་སྣང་བ་གསུམ་པོ་ལའང༌། །སཾ་ཞེས་པ་ནི། རྟག་ཏུ་འདི་ལ་ཡང་དག་གནས། །བུ་ཞེས་པ་ནི། སྐྱེས་བུ་མྱ་ངན་འདས་པར་འགྲོ། །ཏཾ་ཞེས་པ་ནི། ཐམས་ཅད་གར་གྱི་དེ་བཞིན་དུ། །སྲིད་པ་གསུམ་ནི་མཐོང་བ་བཞིན། །པྲ་ཞེས་པ་ནི། འོད་གསལ་ཡེ་ཤེས་བཞི་ཡིན་ཏེ། ཛྙོ་ཞེས་པ་ནི། ཤེས་བྱ་ཆུ་ཡི་ཆུ་བུར་བཞིན། །དེ་ལྟར་སྙིང་རྗེ་ཅན་སེམས་ཅན། །སྣང་བ་གསུམ་ནི་སྟོན་པར་བྱེད། །པཱ་ཞེས་པ་ནི། ཕ་རོལ་འགྲོ་བའི་ཆོས་རྣམས་ལ། །ཡཱ་ཞེས་པ་ནི། རང་བཞིན་དངོས་གྲུབ་དམ་པ་ལ། དེ་ལ་བདག་ནི་བརྟེན་པ་རུ། །བྲག་ཅ་བཞིན་དུ་བཞུགས་པ་ཡིན། །ཏྨ་ཞེས་པ་ནི། མ་རིག་ལ་སོགས་མུན་པ་ཡིས། །གཡོགས་པའི་སེམས་ཅན་རྣམས་ལ་ནི། ཀཾ་ཞེས་པ་ནི། ཐ་མར་ཐེག་པ་གསུམ་སྟོན་པ། །ཏ་ཞེས་པ་ནི། དེ་དེའི་ཐབས་ནི་བདག་གིས་བསྟན། །དེ་ཞེས་པ་ནི། ལུས་ཅན་རྣམས་
ཀྱི་གྲོལ་རྒྱུ་ཉིད། །བོ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་གཞན་མ་དང༌། །སྐྱེ་བོ་ཐམས་ཅད་རྣམས་ཉིད་ལ། །ཐུན་མོང་དུ་ནི་ལམ་བསྟན་ཏོ། །དྦྷ་ཞེས་པ་ནི། འགྱུར་བར་འདི་ནི་ཐེ་ཚོམ་མེད། །པཾ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་སྙིང་ལའོ། །སཾ་ཞེས་པ་ནི། མི་ཤིགས་པ་ནི་རྟག་ཏུ་བཞུགས། །པུ་ཞེས་པ་ནི། ཁ་སྦྱར་སྦྱོར་བའི་ཏིང་ངེ་འཛིན། །ཏཾ་ཞེས་པ་ནི། སེམས་དཔས་དབྱིབས་ནི་བརྗོད་པའོ། །ས་ཞེས་པ་ནི། ཏིང་འཛིན་འདི་ནི་བདག་གིས་བསྟན། །མཱ་ཞེས་པ་ནི། དབུས་མ་ཨ་ཝ་དྷཱུ་ཏཱིའོ། །པ་ཞེས་པ་ནི། སྲོག་དང་ཐུར་སེལ་གང་ཟག་ལས། །ཏྟི་ཞེས་པ་ནི། རྣལ་འབྱོར་བདུད་རྩི་རྣམས་ཀྱིས་ཚིམ། །རི་ཞེས་པ་ནི། སྟོང་བཞིན་པ་ཡི་རྣལ་འབྱོར་ནི། །ཧྱེ་ཞེས་པ་ནི། ཐོག་མ་ཐ་མ་མཚོན་པ་སྤངས། །རྠཿ་ཞེས་པ་ནི། དངོས་དོན་ཕུན་ཚོགས་གསུངས་པ་རྣམས། །དེ་ནི་བྲལ་བ་ཞེས་པའི་དོན། །དོན་རྣམས་དོན་ནི་མེད་པ་ཡིན། །དེའི་ཕྱིར་བྲལ་བར་ངེས་པར་གཟུང༌། །ཨུ་ཞེས་པ་ནི། དེ་ལས་དངོས་གྲུབ་འབྱུང་བར་བསྟན། །བརྟེན་པའི་དོན་ནི་སྐྱེད་བྱེས་ཤེས། །དྦྷ་ཞེས་པ་ནི། སེམས་ཀྱི་གར་མཁན་ལས་བྱུང་བ། །བསྒོམས་པས་འདིར་ནི་བདེན་པ་མིན། །བཞེས་པ་ནི། རྣམ་རིག་ཙམ་དུ་སྨྲ་བས་ནི། །རྣམ་རིག་ལྟ་བ་བདེན་པ་ཡི། །སངས་རྒྱས་བ་དེ་ཚད་མ་མིན། །ཨུ་ཞེས་པ་ནི། གླེགས་བམ་ཁ་ཅིག་ལས་ནི་གསུངས། །ཇི་ལྟར་ནམ་མཁའ་ལ་ནི་སྤྲིན། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེའི་ཕྱིར་རྣམ་རིག་ཙམ་སྨྲས་ཆད་མ་མིན། །གླེགས་བམ་མཐོང་བས་ཁེངས་པས་ལོངས་སྤྱོད་ཕྱིར། །ཏྟིཿ་ཞེས་པ་ནི། སེམས་ཅན་དེ་རྣམས་རང་སེམས་བསམས་པ་ཡིས། །བྱང་ཆུབ་ལམ་གྱི་རྗེས་ལྟ་བཅོམ་ལྡན་གསུངས། །འདིར་གསུངས་པ། དེ་ལྟ་བུར་གྱུར་པའི་བརྟན་པ་དང་གཡོ་བའི་རང་བཞིན་གྱི་བདག་ཉིད་འདིས་མཚོན་པ་ནི་མཚན་ཉིད་ཅེས་པ་འདིས་ནི་བསྡུས་པའི་དོན་སྟོན་ཏོ། །ཡང་ན་ཨེ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་སོ། །ཝཾ་ཞེས་པ་ནི་རྡོ་རྗེའོ། །བྷཱུ་ཞེས་པ་ནི་བདར་བའི་སྦྱོར་བ་ལས་དེས་ས་སྐྱེས་པའོ། །ཏམ་ཞེས་པ་ནི། དེ་དེའི་ཕྱིར་བདེ་བ་ཆེན་པོའོ། །ཞུ་བས་ན་ཆུ་སྟེ་ཁུ་བ་ཞེས་བརྗོད་དོ། །སྠི་ཞེས་པ་ནི། དེ་བརྟན་པའི་ཕྱིར་མི་འགྱུར་
པ་ཕུན་སུམ་ཚོགས་པའོ། །ར་ཞེས་པ་ནི། རོལ་པའི་ཕྱིར་དེར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བའོ། །ཙ་ཞེས་པ་ནི། གཡོ་བ་རླུང་གི་ཁམས་སུ་འགྱུར་རོ། །འཕོ་བའི་ཆོས་བསྟན་པའི་ཕྱིར་ཡང་རྩའོ། །ལ་ཞེས་པ་ནི་རྟག་པའི་གོ་འཕང་རྙེད་པའོ། །སྭ་ཞེས་པ་ནི་རང་གི་སེམས་ནམ་མཁའི་ཁམས་སུ་འགྱུར་རོ། །བྷཱ་ཞེས་པ་ནི་བསྒོམ་པ་ཉིད་བསྒོམ་པ་མིན་པའོ། །བཱ་ཞེས་པ་ནི་ཡང་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་བསྒོམས་པས་རང་ཉིད་ལས་བྱུང་བའི་དོན་ཏོ། །ཏྨ་ཞེས་པ་ནི་ཡིད་ཀྱང་དེ་མི་བསམ་ཞིང་བསམ་དུ་མེད་པ་ལས་ཀྱང་ཀུན་དུ་སྤྲོ་བའོ། །ཀཾ་ཞེས་པ་ནི་ཅི་ལས་ཀུན་དུ་སྤྲོ་ཞེས་གསུངས་སོ། །མཚོན་ཞེས་པའི་ཡི་གེ་གསུམ་དང་འབྲེལ་པའི་ཕྱིར་གང་གི་ཕྱིར་བླ་མའི་མན་ངག་གི་ཚུལ་གྱིས་སམ། ཚེ་རབས་སྔ་མ་ལ་གོམས་པའི་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བསྒྲུབ་བྱ་དང་སྒྲུབ་ཐབས་དང༌། སྒྲུབ་པ་པོས་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་མཐོང་བ་དེ་ནི་མཚོན་བྱ་གཟུང་བ་མེད་པའི་དོན་ཏོ། །མཚོན་བྱ་མེད་པའི་ཕྱིར་དེ་ལྟར་བསམ་དུ་མེད་པའི་དོན་ཏེ། འདིས་ཞེས་པ་ཡི་གེ་བཞི་དང་འབྲེལ་པ་དེའི་ཕྱིར་བསམ་དུ་མེད་པའི་དོན་འདི་ལས་བྱུང་བ་ལས་གྱུར་པའི་སེམས་ཅན་ཐམས་ཅད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཚན་ཉིད་ཅེས་པ་ནི་འདུས་བྱས་པའི་གཟུགས་ཉམས་སུ་མྱོང་བ་དངོས་པོ་རེ་རེ་ལ་ཡང་མིང་དུ་མི་འཇུག་སྟེ། དེ་ཡང་སྐྱེས་པ་དང་བུད་མེད་དང༌། ལང་ཚོམ་དང་ནུ་མ་དང་སྐར་དང་ལྡན་པ་ཞེས་པ་ལ་སོགས་པ་མིང་དུ་མའོ། །གང་གི་ཕྱིར་བསམ་དུ་མེད་པ་ལ་སོགས་པ་ལས་བསམ་པའི་ཆོས་འབྱུང་སྟེ། ཆུ་བོ་དང་རྒྱ་མཚོ་བཞིན་དུ་རྟོགས་པར་བྱའོ་།འོན་ཀྱང་ཆུའི་ཟླ་བ་བཞིན་དུ་མཚོན་པར་བྱ་བཞིན་པ་རྣམས་སངས་རྒྱས་རྣམས་ལས་མི་འབྱུང་གིས་སེམས་ཅན་རྣམས་འབའ་ཞིག་ལས་དེ་འབྱུང་བའི་ཕྱིར་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ༌། །སྐད་སྣ་ཚོགས་ཀྱིས་བསྟན་པ་ཉན་པ་དང༌། མྱ་ངན་ལས་འདའ་བར་བྱེད་དེ་སྐར་མ་འཕྲོ་བ་བཞིན་གང་ནས་བྱུང་བ་དེ་ཉིད་དུ་སོང་ཞེས་མ་གསུངས་ཀྱང་དེ་བཞིན་གཤེགས་པར་བལྟ་བར་བྱའོ། །འདི་ནི་སེམས་ཀྱི་མིང་ངོ༌། །ད་ནི་སེམས་ལས་བྱུང་བ་རྣམས་ཀྱི་ཐ་སྙད་ཀྱི་ཕྱིར་མིང་གསུངས་
པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་སེམས་ཅན་གྱི་མིང་གི་རྗེས་སུའོ། །ཡང་ན་ཕྱོགས་གཞན་ནོ། །རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཁ་སྦྱོར་གྱི་སྒྲས་ཞེས་པ། ཐམས་ཅད་ནི་གང་སྔོན་དུ་བསྟན་པ་རྣམས་སོ། །རྒྱུད་ནི་འདུས་པ་ལ་སོགས་པའོ། །གླེང་གཞི་ཞེས་པ་ནི་དང་པོ་ནི་རྣལ་འབྱོར་གྱི་ལུགས་བསྟན་ཏེ། དེ་ཅི་ཞེ་ན། ཁ་སྦྱོར་ཞེས་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཆོས་སྟོང་པ་དང༌། སྙིང་རྗེ་དབྱེར་མེད་ཅིང་གཉིས་སུ་མེད་པའོ། །སྒྲས་ཞེས་པ་ནི་རྒྱུད་སྣ་ཚོགས་པའི་ལུང་རྣམས་ཀྱིས་དེའི་དོན་ཚིག་ཏུ་བརྗོད་པས་བསྟན་པའོ། །རྡོ་རྗེ་སེམས་དཔར་བརྗོད་ཅེས་པ་ནི་ཆོས་དེ་ཉིད་སེམས་ཅན་གང་དང་གང་གིས་རྗེས་སུ་དྲན་པ་དང༌། ཉན་པ་དང༌། འཆད་པ་དང༌། ཀློག་པ་དང༌། སྒོམ་པ་དེ་དང༌། དེ་ནི་རྡོ་རྗེ་སེམས་དཔར་བརྗོད་པར་འདིར་སོམ་ཉིད་མེད་དོ། །དེ་ཡང་སེམས་ལས་བྱུང་པའི་ཆོས་སོ། །སླར་ཡང་སྐུ་གསུམ་དུ་རྣམ་པར་གཞག་པར་སེམས་ཅན་རྣམས་ལ་སྟོན་ཏོ། །གང་གི་ཕྱིར་ཡང་ཞེས་པ་ནི་ཕྱོགས་གཞན་དང་འབྲེལ་པའི་ཕྱིར་རོ། །འོན་ཀྱང་ཐམས་ཅད་ཅེས་པ་ནི་ཐམས་ཅད་རྣམས་ཀྱིས་ཐོག་མ་དང་ཐ་མ་མེད་པའི་དུས་རྣམས་སོ། །རྒྱུད་ཅེས་པ་ནི་ཆོས་རྣམ་པར་གནས་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམས་སུ་སངས་རྒྱས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། མཚན་ཡང་དག་པར་བརྗོད་པ་ལ་སོགས་པ་རྣམས་བསྟན་ནས་ཡང་ནུབ་པོ། །དེའི་གླེང་གཞི་ཞེས་པ་ནི་གདོད་ནས་མི་འཇིགས་པའི་ཕྱིར་རོ། །ཁ་སྦྱོར་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་མི་འཇིགས་པའོ། །གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གཟུང་བའོ། །དེ་ཡང་སྒྲས་བརྗོད་དོ། །རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཡེ་ཤེས་སོ། །དེའི་ཉེ་བར་སྤྱོད་པའི་ཚུལ་ནི་སེམས་དཔའོ། །ཡང་ན་རྡོ་རྗེ་ཞེས་པ་ནི་སྙིང་རྗེའོ། །དེའི་འབྱུང་གནས་ནི་སྟོང་པ་ཉིད་དེ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་མཚན་ཉིད་དོ། །དེའི་ཕྱིར་ཁྱབ་པར་བྱེད་པས་ན་རྡོ་རྗེ་སེམས་དཔར་བརྗོད་དེ། འདིར་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཡང་ན་ཨ་ཞེས་པ་ནི། སྣང་བ་མེད་ལས་རྣམ་ཀུན་འབྱུང༌། །ཞེས་སོ། །དེ་ནས་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པའི་ཕྱིར་ཨའི་སྒོའོ་ཞེས་གསུངས་
པའི་ཕྱིར་རོ། །ཐ་ཞེས་པ་ནི་གནས་ཀྱི་ཁྱད་པར་རྣམས་སུའོ། །ས་ཞེས་པ་ནི་གནས་དང་ཉེ་བར་གནས་ཀུན་དུའོ། །རྦ་ཞེས་པ་ནི། སེམས་ཅན་ཐམས་ཅད་བསྒྲལ་དོན་དུའོ། །ཏམ་ཞེས་པ་ནི། སེམས་ཅན་ལ་ནི་དེ་དེ་སྟེར། །འདོད་པའི་དོན་གྱི་མཆོག་རབ་སྟེར། །ཏྲ་ཞེས་པ་ནི། ཆོས་ཀྱིས་ཚིམ་པ་རུ་ནི་འགྱུར། །ནི་ཞེས་པ་ནི། མྱ་ངན་འདས་གནས་མི་ཟད་པ། །དཱ་ཞེས་པ་ནི། བུ་ཕོ་དང་ནི་བུ་མོ་རྣམས། །ཇི་ལྟར་རོལ་པ་དེ་བཞིན་འདིར། །ན་ཞེས་པ་ནི། འདིར་ནི་བརྫུན་པ་འབྱུང་བ་མིན། །སཾ་ཞེས་པ་ནི། ཡང་དག་ལམ་ལ་དགའ་བ་ཉིད། །པུ་ཞེས་པ་ནི། པུ་རི་ལ་སོགས་པར་གནས་ཏེ། །རྟག་ཏུ་སྙིང་རྗེས་དགའ་བར་བྱ། །ཊ་ཞེས་པ་ནི། གཉེན་གྱིས་བསྐོར་བའི་སེམས་ཅན་རྣམས། །ས་ཞེས་པ་ནི། བསགས་པ་རྣམས་ལ་ཆགས་པ་ཉིད། །བྷ་ཞེས་པ་ནི། ལོ་གཅིག་ཏུ་ནི་འཁོར་བ་ཡིས། །ན་ཞེས་པ་ནི། མི་ཡི་གཟུགས་སོ་སངས་རྒྱས་རྣམས། །བ་ཞེས་པ་ནི་མཐོང་བ་ལ་ནི་ཕྱག་འཚལ་བའོ། ཛྲ་ཞེས་པ་ནི། ཉོན་མོངས་ཟད་པ་དེར་ནི་རོལ། །ས་ཞེས་པ་ནི། ཡང་དག་པ་ཡི་བླ་མ་ཡི། །ཏྭ་ཞེས་པ་ནི་ཁྱོད་ཆོས་ཀྱིས། །བི་ཞེས་པ་ནི་མངོན་པར་སྣོད། །དྷཱི་ཞེས་པ་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས། །ཡ་ཞེས་པ་ནི་གང་གི་ཕྱིར། །ཏེ་ཞེས་པ་ནི་དེ་རྣམས་བསྟན་པ་འདི་ལ་འགྲུབ། །དེའི་ཕྱིར་ཁྱོད་ཀྱང་ད་ལྟར་ནི། །འགྲུབ་པར་འགྱུར་བར་སོམ་ཉི་མེད། །ད་ནི་འདིའམ་ད་ལྟའི་སེམས་ཅན་རྣམས་ལ་བསྟན་པའི་རྗེས་སུ་འབྲངས་པས་ལམ་གྱི་མན་ངག་བརྗོད་དེ། གསང་ཆེན་ཞེས་བྱ་འདིས་ནི་ཞེས་བྱ་བ་ལ་སོགས་པ་ལ་གསང་ཆེན་ཞེས་པ་ནི་སྦས་པ་སྟེ། རྒྱུའི་རྒྱུད་དེ་ཆོས་ཀྱི་སྐུ་དང༌། འབྲས་བུའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ་ཞེས་པ་འདིས་ཞེས་པ་ནི་རྒྱུ་དང་འབྲས་བུ་འདིས་སོ། །མན་ངག་ཅན་གིས་ཞེས་པ་ནི་ཡང་དག་པའི་བླ་མས་ལུང་རྒྱས་པའི་ཚུལ་ལས་དེ་འདིའི་དོན་བསྟན་ཏོ། །སྔགས་བཏུ་བ་ལ་སོགས་པ་ནས། དབང་བསྐུར་བའི་མཚན་ཉིད་ཅེས་པའི་བར་དུ་ནི་གོ་སླའོ། །འདི་ནི་མདོར་བསྡུས་ཏེ་བསྟན་པའོ། །སོགས་པའི་སྒྲས་ནི་ལས་ཚོགས་ལ་སོགས་པ་དང་སྒྲུབ་ཐབས་གཟུང་ངོ༌། །མན་ངག་གིས་ཞེས་པ་ནི་དེ་བཞིན་གཤེགས་པའི་ལམ་ས་དབ་དང་རྨི་ལམ་དང་ཉལ་བ་དང་བཞི་བ་དང་བྲལ་བ་
འཆད་བཞིན་པ་ལས་བཤད་པར་བྱའོ། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པ་ནི་དེ་ལྟར་གསུངས་པའི་ཚིག་ནས་ཡོངས་སུ་རྫོགས་པའི་བར་རམ། གླེང་གཞི་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྒྱུད་དང་སྟོང་པ་དང༌། སྙིང་རྗེའི་བདག་ཉིད་ཀྱི་ཆོས་སོ། །རྒྱུད་ཅེས་པ་ནི་ཐབས་ཏེ། འདིར་གཞུང་གི་ཚོགས་སོ། །དེ་བཞིན་དུ་ཤེས་རབ་དང་ཐབས་སྦྱོར་བ་ཉིད་ནི་ཁ་སྦྱོར་ཞེས་བརྗོད་དེ། ཐབས་ཀྱི་རྒྱུད་ཅེས་པའི་དོན་ཏོ། །དེ་ཡང་སངས་རྒྱས་རྣམས་ཀྱི་སྦྲུལ་པའི་སྐུའོ། །དེ་ནི་བདག་གིས་བཤད་ཀྱིས་ཞེས་པ་ནི་བདག་ཤཱཀྱ་ཐུབ་པས་ཁ་སྦྱོར་གྱི་རྒྱུད་དེ་བཤད་ཅེས་པའི་དོན་ཏོ། །ཉོན་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བདག་གིས་སྦྲུལ་པའི་མཚན་ཉིད་རྣམས་མ་འོངས་པའི་སེམས་ཅན་རྣམས་གཞུག་པའི་ཕྱིར་ཉོན་ཞེས་གསུངས་ཏེ། ཚིག་འདི་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ནི་དང་པོ་སྟོང་པ་ཉིད་བསྟན་པའི་སྒོ་ནས་སེམས་ཅན་རྣམས་ལ་སྟོང་པའི་བྱང་ཆུབ་བསྟན་པའི་ཕྱིར། དང་པོ་སྟོང་པ་ཉིད་བསམས་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་གཟུང་བ་དང་འཛིན་པའི་དངོས་པོས་འཁོར་བར་བཅིངས་ཏེ། དེ་རྣམས་ཡོངས་སུ་ཟད་པའི་ཕྱིར། དང་པོ་སྟོང་པ་ཉིད་རྣམ་པར་བསམས་ཏེ་ཐུན་མོང་དུ་ཁྱབ་པར་བྱེད་པའི་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཉིད་རྣམ་པ་ཐམས་ཅད་དང་ལྡན་པ་སྟོང་པ་ཉིད་སྣང་བ་མེད་པ་བསྟན་དུ་མེད་པ་རྣམ་པར་རིག་པ་མེད་པ་གཟུགས་མེད་པ་ཆོས་ལ་བདག་མེད་པའི་རང་བཞིན་དེ་བཞིན་དུ་རྣམ་པར་བསམ་མོ། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་པ་ནི་ལུས་འབྱུང་བ་དང་ལྡན་པས་ན་ལུས་ཅན་རྣམས་ཀྱི་སྟེ། སྟོང་པ་ཉིད་ཀྱི་མེས་མི་ཤེས་པའི་དྲི་མ་བསྲེག་ཅིང་སྔོན་གྱི་སྐྱེ་བ་བརྒྱུད་པའི་བག་ཆགས་ཀྱི་དྲི་མ་བཀྲུ་ཞེས་པའི་དོན་ཏོ། །གཟུགས་ཁམས་ཞེས་བྱ་སྟོང་པ་སྟེ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་སྐྱེ་མཆེད་རུག་ཀྱང་སྟོང་པ་ཉིད་དུ་བསྟན་པ་ནི་དེ་བཞིན་གཤེགས་པའི་དམ་པར་འགྱུར་རོ། །གཟུགས་ཁམས་ཞེས་པ་ནི་དང་པོའི་དོན་ལ་གྲུབ་པའོ། །དེའི་ཕྱིར་གཟུགས་རྣམས་སྟོང་པའོ། །དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེ་བྱ་དང་ཡིད་ཀྱི་ཁམས་རྣམས་ཀྱང་སྟོང་པར་བྱ་བ་སྟེ།
གསོལ་བ་གདབ་པ་དང༌། དེ་བཞིན་གཤེགས་པའི་ལན་གྱི་ཚིག་གི་ཚུལ་གྱིས་སོ། །འདིར་གསུངས་པ། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པའི་དོན་ཏོ། །ཅི་གསོལ་ཞེ་ན་གསོལ་བ། མིག་གི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནས། དབུས་སུ་རྣམ་ཤེས་ཇི་ལྟར་འགྱུར། །ཞེས་པའི་མཐར་ཐུག་པའི་ཚིགས་སུ་བཅད་པ་གསུམ་གྱིས་སྐྱེ་མཆེད་དྲུག་ལ་འཇུག་པའི་རྣམ་ཤེས་དྲུག་རྣམ་པར་གནས་པའི་དོན་ཏོ། །ཇི་ལྟར་འགྱུར་ཞེས་པ་ནི་རྣམ་པ་གང་གིས་འགྱུར་ཞེས་པའི་དོན་ཏོ། །གང་གི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཡིད་རྣམས་རང་བཞིན་གྱིས་སྟོང་པའོ། །འོན་ཀྱང་བྱིས་པ་རྣམས་གློ་བུར་བའི་དྲི་མས་བསྒྲིབས་པས་གཟུང་བ་དང་འཛིན་པ་ལ་སོགས་པའི་རྒྱུས་སྔོན་གྱི་སྐྱེ་བའི་བག་ཆགས་ཀྱི་སྟོབས་ཀྱིས་བུམ་པ་དང་རས་དང་ཤིང་རྟ་ལ་སོགས་པ་རྣམས་ལ་འཁྲུལ་པའི་ཤེས་པ་སྐྱེའོ། །དེ་ལས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང་མིག་ལ་སོགས་པའི་དབང་པོ་རྣམས་ལས་ཀྱང་ངོ༌། །དེ་ཉིད་ཀྱིས་རྨོངས་པ་འཁོར་བ་འཆིང་ངོ༌། །དེ་ཉིད་ཀྱིས་ཡེ་ཤེས་ཅན་རྣམས་ཀྱི་ཡང་དག་པར་ཡོངས་སུ་ཤེས་པས་འཁྲུལ་པ་ཡོངས་སུ་ཟད་པས་གྲོལ་བར་འགྱུར་རོ། །གྲོལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་མངོན་པར་ཤེས་པ་དྲུག་ཀྱང་རྙེད་པར་འགྱུར་རོ། །དེའི་ཕྱིར་གཟུགས་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཕྱེད་དང་གཉིས་ནི་སྔོན་གྱི་ཚིག་དང་རྗེས་སུ་འབྲེལ་པའི་ཕྱིར་རྡོ་རྗེ་སྙིང་པོ་བདག་ཉིད་ལ་ཡིད་ཆེས་པར་འགྱུར་ཞེས་པའི་དོན་ཏོ། །གང་གི་ཕྱིར་རྣམ་པར་ཤེས་པ་ནི་གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ། སྣང་བ་མེད་པ་རྣམ་པར་མི་རིག་པ། བསམ་དུ་མེད་པ། ཚད་མེད་པ། བརྗོད་དུ་མེད་པ། བརྟག་ཏུ་མེད་པ། རྟོག་པ་མེད་པ། དབང་པོ་མེད་པ་ཞེས་པ་ལ་སོགས་པས་མངོན་པར་འདུས་བྱས་པ་དང་བྲལ་བར་བལྟའོ། །འོན་ཀྱང་དབང་པོའི་གཞུ་བཞིན་དུ་སྣང་བ་སྟེ། སངས་རྒྱས་རྣམས་སྒྱུ་མའི་རྣམ་པར་སྣང་བའི་ཕྱིར་རོ། །དེ་ཉིད་བྱིས་པ་རྣམས་ལ་དོན་མེད་པ་བསྐྱེད་པའི་དོན་ཏོ། །དེ་ལྟར་ཡང་འཕགས་པ་ཟླ་བའི་སྒྲོན་མ་ཞེས་པའི་མདོའི་རྒྱལ་པོ་ལས་བཅོམ་ལྡན་འདས་ཀྱིས། ཇི་ལྟར་གཞོན་ནུ་མ་ཡི་རྨི་ལམ་ནང་དུ་ནི། །དེ་ལ་བུ་སྐྱེས་ནས་ནི་ཤི་བ་ཡང་ནི་མཐོང༌། །སྐྱེས་པས་དགའ་ཞིང་ཤི་བས་ཡིད་མི་བདེ་བར་འགྱུར། །ཆོས་རྣམས་
ཐམས་ཅད་དེ་དང་འདྲ་བར་ཤེས་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་གཟུགས་མེད་ལྟ་བ་མེད། སྒྲ་མེད། དེ་བཞིན་དུ་ཉན་པ་མེད། དྲི་མེད་སྣོམ་པ་མེད། རོ་མེད་མྱང་བ་མེད། །རེག་མེད་རེག་པ་ཡང་མེད། སེམས་མེད་སེམས་ལས་བྱུང་བ་ཡང་མེད་དོ། །དེ་ལྟར་སྐྱེ་མཆེད་བཅུ་གཉིས་འགོག་པའི་ཕྱིར། སྟོང་པ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་གསུངས་ཤེ་ན། ཉན་པ་པོའི་སྐྱེ་བོ་རྣམས་ཀྱི་རོང་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་ལན་གྱི་ཚིག་གསུངས་ཏེ། ཇི་བཞིན་ལམ་གྱི་དེ་ཉིད་ཉོན། །ཞེས་བྱ་བ་ལ་སོགས་པ་ལ། ཉོན་ཞེས་པ་ནི་རྡོ་རྗེ་སྙིང་པོ་ངེས་པར་གཟུང་བའོ། །ཅི་ངེས་པར་གཟུང་ཞེ་ན། སྔར་ཞུས་པ་དྲུག་གིས་གཟུང་བ་དང་འཛིན་པ་གཉིས་ལས་གཉིས་མེད་པའོ། །དེ་ཉིད་ཅེས་པ་འཆད་བཞིན་པའི་བླ་མའི་མན་ངག་བསྒོམ་པ་འདིས་གཟུང་བ་དང་འཛིན་པ་སྤངས་པ་གཉིས་མེད་པའོ། །ཇི་བཞིན་ལམ་ཞེས་པ་ནི་ཇི་ལྟ་བ་བཞིན་གྱི་ཚུལ་གྱིས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་བརྟེན་པའི་ལམ་གྱི་ཡེ་ཤེས་ལྔའོ། །དེ་ཡང་ནམ་མཁའ་ལ་སོགས་པའི་ཁམས་ལྔ་རྣམས་སོ། །དེའི་རིམ་པ་ནི་འདི་ལྟ་སྟེ། ཨ་ཨི་རྀ་ཨུ་ལྀའོ། །འདི་ནི་སྤྲོས་པའི་རིམ་པའོ། །སྡུད་པ་ནི་རིང་པོའོ། །དེ་བཞིན་དུ་ཨ་ཨེ་ཨར་ཨོ་ཨལ་ཞེས་པ་ནི་ཡོན་ཏན་ནོ། །དེ་བཞིན་དུ་ཡ་ནའི་བསྒྱུར་པ་ཧ་ཡ་ར་ཝ་ལའོ། །ཧཾ་ཞེས་པ་ནི་མི་ཤིགས་པའམ། ཨ་ཡང་རུང་བའོ། །འདི་ནི་དགའ་བ་བཅུ་དྲུག་གི་མཚན་ཉིད་ཀྱི་ཕྱིར་ལམ་ནི་ཟླ་བའི་སྟེ། ཇི་སྲིད་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། ཉ་རྫོགས་པའི་མཐར་ཐུག་པར་ཆ་བཅོ་ལྔའོ། །མཐའ་མ་བཅུ་དྲུག་པ་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར་ཆར་མི་ཕོད་པའོ། །དེ་བཞིན་དུ་ཡང་ཉ་དང་མར་ངོའི་ཚེས་གཅིག་གི་མཚམས་སུའོ། །དེ་ཡང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ། །གང་ཕྱིར་མཚན་ཕྱེད་ཀྱི་དུས་ནི། །མགོན་པོས་བྱང་ཆུབ་བླ་མེད་ཐོབ། །ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟར་ཤེས་རབ་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཡང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་དོ། །དེ་ལ་དགའ་བ་རྣམས་བརྗོད་དེ། སྤྲུལ་པའི་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་གཅིག་སྡོམ་དགའ་བའོ། །ལོངས་སྤྱོད་རྫོགས་སྐུ་གསུང་
དང་ཐུགས། །ཡེ་ཤེས་གཅིག་ཏུ་སྡོམ་དགའ་བ། །དཔལ་ཆོས་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་གཅིག་ཏུ་སྡོམ་དགའ་བ། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་ཏུ་སྡོམ་དགའ་བའོ། །དེ་བཞིན་ནག་པོའི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་གནམ་སྟོང་གི་མཐར་ཐུག་པར་གུག་སྐྱེད་རིང་པོའི་དབྱེ་བས་སྡུད་པའི་རིམ་པས་བསྟན་ཏོ། །དེ་ཡང་སྟོང་པ་ཉིད་བཅུ་དྲུག་གི་དེ་ཁོ་ན་ཉིད་ཐབས་ཤེས་སུ་བརྗོད་དོ། །ཉི་མའི་འཕེལ་བའི་རྒྱུད་ཉིད་ཀྱི་ཕྱིར་རོ། །གུག་སྐྱེད་ཀྱང་གསུངས་པ། ལཱ་ཝཱ་རཱ་ཡཱ་ཧཱ། དེ་བཞིན་དུ་ཨཱལ་ཨཽ་ཨཱ་ར་ཨཻ་ཨཱ། དེ་བཞིན་དུ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཨཿ་མཐའ་མའོ། །གནམ་སྟོང་དང་དཀར་པོའི་ཚེས་གཅིག་གི་མཚམས་སོ། །སྟོང་པ་ཉིད་བཅུ་དྲུག་བརྗོད་པ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་ལྟར་ཤེས་རབ་ཐབས་དག་སྦྱོར། །སྟོང་པ་སྙིང་རྗེའི་བདག་ཉིད་ཀྱིས། །ལམ་ནི་བདུན་དུ་བསྟན་པ་ནི། །འདི་དག་གཉིས་སུ་གསུངས་པ་ཡིན། །གཉིས་པོ་སྤངས་པའི་ཕྱིར་ན་འདི། །གཉིས་སུ་མེད་པ་ཞེས་སུ་བརྗོད། །དེ་ཡང་མངོན་བྱང་ཆུབ་སྐད་ཅིག །དེ་བཞིན་བཅུ་དྲུག་པ་ནི་མཚམས། །ཐོབ་བྱ་མི་ཤེས་པ་རྣམས་ནི། །འགྲོ་བ་དྲུག་ཉིད་དུ་ནི་འཁོར། །ཞེས་སོ། །བརྟག་ཏུ་མེད་ཅིང་ཤེས་བྱ་མིན། །དེ་བཞིན་རྟོག་གེ་བས་རྟོགས་དཀའ། །ཞེས་པ་ལ། བརྟག་ཏུ་མེད་ཅེས་པ་ནི་བརྟག་པ་ནི་དཔྱད་པའོ། །དེས་མི་རྙེད་པས་ན་བརྟག་ཏུ་མེད་པ་སྟེ། རྟོག་པ་མེད་ཅེས་པའི་དོན་ཏོ། །ཤེས་བྱ་མིན་ཞེས་པ་ལ། ཤེས་བྱ་ནི་རྣམ་པར་ཤེས་པའི་འཁྲུལ་པ་སྔོན་པོ་དང་སེར་པོ་ལ་སོགས་པ་མཐོང་བའོ། །ཤེས་པར་བྱེད་པ་ནི་ཡིད་ཀྱི་དབང་པོའོ། །དེ་ལྟ་བུ་དང་འདྲ་བ་མེད་པའི་ཕྱིར་དོན་དམ་པར་ཡང་མི་སྣང་ངོ༌། །རིགས་པ་འདིས་ན་ཤེས་བྱ་མ་ཡིན་པའི་དོན་བཅོམ་ལྡན་འདས་
ཀྱིས་བསྟན་ཏོ། །རྟོགས་དཀའ་ཞེས་པ་ནི་ཁོང་དུ་ཆུད་པར་དཀའ་བའོ། །དེ་ཡང༌། རང་གི་བསོད་ནམས་ལས་ནི་ཤེས། །བླ་མ་བརྒྱུད་པ་ཉེར་བསྟེན་བྱ། །ཞེས་སོ། །དེ་བཞིན་རྟོག་གེ་བས་ཞེས་པ་ནི། གླེགས་བམ་མང་པོ་མཐོང་བས་ཁེངས། །ཞེས་པའམ། ཡང་ན་རྟོག་གེ་སྐམ་པོ་ལ་ཆགས་པ་རྨོངས་པ་མཁས་པར་རློམ་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་བསྟན་པར་མི་ནུས་ཤིང་དེས་འདི་རྟོགས་པར་མི་ནུས་ཞེས་པའི་དོན་ཏོ། །སངས་རྒྱས་ཀུན་གྱི་གསང་ཆེན་ནི། །ནམ་མཁའ་མཉམ་པ་ལྟ་བུ་སྟེ། །ཞེས་པ་ནི་འདིར་སོ་སོའི་སྐྱེ་བོ་བྱིས་པ་མི་མཁས་པ་རྣམས་འབའ་ཞིག་གིས་མི་ནུས་པར་མ་ཟད་དོ་ཞེས་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཞེས་གསུངས་ཏེ། འདིར་རྣམ་པར་ཤེས་པའི་སྐད་ཅིག་རེ་རེ་ལས་རང་བཞིན་སྣ་ཚོགས་རྣམས་སྤྲོས་ཏེ། དེ་ལས་དབྱིབས་སྣ་ཚོགས་པར་སྐྱེས་པའི་སེམས་ཅན་རྣམས་ཀྱི་བསམ་པ་དག་པ་ཉིད་ཀྱིས་སངས་རྒྱས་སུ་འབྱུང་བ་ནི་ཉེ་བར་བརྟགས་པའི་ཚིག་གོ །མི་ཤེས་པ་དེ་རྣམས་ཀྱིས་ནི་སྔགས་ཀྱི་སྤྱོད་པ་གསང་བ་དང་བྲལ་ཞེས་པའི་དོན་ཏོ། །ནམ་མཁའ་མཉན་པ་ཞེས་པ་ནི་ཁྱབ་པར་བྱེད་པའི་ཕྱིར་འདྲ་བ་སྟེ། འོད་གསལ་བའི་ཡེ་ཤེས་ཞེས་པའི་དོན་ཏོ། །ལྟ་བུ་ཞེས་པ་ནི་དེ་ལས་བསྐྱེད་པའི་རྒྱུ་དང་འདྲ་བ་སྟེ། འཆད་བཞིན་པའི་སྒོམ་པའི་མན་ངག་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ནམ་མཁའ་དང་མཉམ་པའི་རྒྱུ་དང་འབྲས་བུའི་བདག་ཉིད་སྔགས་ཀྱི་ཐེག་པ་ཆེན་པོའོ། །དེ་ཡང་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་འབྲས་བུའི་བདག་ཉིད་འདི་ལས་འབྱུང་ངོ༌། །དེའི་ཕྱིར་དེ་ཁོ་ན་ཉིད་དམིགས་པ་དང་འདྲ་བ་རྟོགས་པར་དཀའ་བ་ཞེས་པའི་དོན་ཏོ། །དེ་ལྟར་ཐེག་པ་ཆེན་པོ་ལ་དགའ་བ་སངས་རྒྱས་པ་རྣམས་ཀྱིས་ཏེ། དེ་ཡང་གསང་ཞིང་སྤ་ཞེས་པའི་དོན་ཏོ། །ཉན་ཐོས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དེ་དག་ཀུན་གྱིས་ཀྱང་མི་ཤེས་ཏེ། སྔོན་གྱི་སྨོན་ལམ་དང་བྲལ་བ་རྣམས་ཀྱིས་མི་ཤེས་ཤིང་མི་དྲན་ཞེས་པའི་དོན་ཏོ། །གསང་ཆེན་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་པ་ལ། སངས་རྒྱས་ཞེས་པ་ནི་སེམས་ཅན་རྣམས་སྨོན་ལམ་ཡོངས་སུ་རྫོགས་ཤིང་ཚོགས་རྫོགས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཞན་ནི་མ་ཡིན་ནོ། །དེའི་སྤྱོད་ཡུལ་དུ་
གྱུར་པ་ནི་ཡེ་ཤེས་ནི་གསང་ཞིང་སྦས་པ་སྟེ། རང་རིག་པའི་ཡེ་ཤེས་ཚིག་གི་ལམ་གྱི་སྤྱོད་ཡུལ་མ་ཡིན་པའོ། །དེའི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཀྱི་བདེན་པ་ལ་གནས་པ། དེ་བཞིན་དུ་རྒྱུན་དུ་གོམས་པ་དང་ལྡན་པ་དེའི་ཡང་སྤྱོད་ཡུལ་མ་ཡིན་པ་དེ་བརྗོད་དུ་མེད་པའི་ཕྱིར་བགྲོད་དུ་མེད་པའོ། །དེའི་རང་བཞིན་ཉིད་ཀྱི་ཕྱིར་རྟོག་པར་དཀའ་བའོ། །མི་འགྱུར་བ་ལ་གནས་པའི་ཕྱིར་བརྟག་པར་དཀའ་བའོ། །གཟུགས་མེད་པའི་ཕྱིར་ཞེས་བྱ་བ་ནི་མ་ཡིན་པའོ། །གང་གི་ཕྱིར། འཁོར་བའི་རྒྱ་མཚོ་རབ་འཇིགས་ལས། །སྒྲོལ་བར་འགྱུར་བའི་བསམ་པ་ཡིས། །ཞེས་གསུངས་པའི་རིགས་པས་སོ། །ལུས་ཅན་རྣམས་ཀྱི་དབུས་གནས་པ། །སྒྲོལ་བ་ཡི་ནི་མཚན་ཉིད་བརྗོད། །ཅེས་པ་ནི། སེམས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུ་རང་རིག་པའི་ཡེ་ཤེས་གནས་ཞེས་པའི་དོན་ཏོ། །བསྒོམ་པ་ཞེས་པ་ནི་རབ་ཀྱི་མཐར་སོང་བ་དེའི་མཚན་ཉིད་བསྟན་པ་འཆད་བཞིན་པ་ལས་གསུངས་ཏེ། མཚོན་བྱ་མཚོན་བྱེད་མཚན་ཉིད་ནི། །རྣམ་ཤེས་རྣམས་ནི་ཡེ་ཤེས་བསམ། །ཞེས་བྱ་བ་ལ་སོགས་པ་ལ། མཚོན་བྱེད་ཅེས་བྱ་བ་ནི། སྲོག་དང་ཐུར་སེལ་བཅིངས་བའི་སྦྱོར་བས་བརྟན་པ་དང་གཡོ་བའི་དངོས་པོ་མི་གཡོ་བར་བྱེད་པའོ། །འདིར་བརྟན་པ་ནི་ཕུང་པོ་ལྔ་རྣམས་སོ། །གཡོ་བ་ནི་སྲོག་ལ་སོགས་པའི་རླུང་བཅུ་རྣམས་སོ། །དེ་ལ་བརྟེན་ནས་སྣ་ཚོགས་པའི་མིང་ཅན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་གློ་བུར་བ་རྣམས་སྐྱེ་བའོ། །དེ་རྣམས་ཀྱི་མཚོན་བྱ་ཨ་ཝ་དྷཱུ་ཏཱིར་བཅུག་ཅིང་དེ་འགོག་པས་རྒྱུ་མཐུན་པ་ལ་སོགས་པའི་འབྲས་བུ་ཐོབ་པ་སྟེ། ལས་ཀྱི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོའི་འབྲས་བུ་ཡང་འཐོབ་པ་འཆད་བཞིན་པའི་འཁོར་ལོ་བཞིའི་དབྱེ་བས་སྟོན་ཏེ། དེ་ལྟར་མཚོན་པ་སྐུ་མཐོང་བ་ཁམས་གསུམ་པའི་བདག་ཉིད་དོ། །མཚན་ཉིད་ཅེས་པ་ནི་འདིར་ཇི་ལྟར་འགའ་ཞིག་ཏིང་ངེ་འཛིན་རྙེད་པའི་བསྒོམ་པའི་རིམ་པས་མཚན་མ་མཐོང་ངོ༌། །དེ་བཞིན་དུ་འདིར་ཡང་མཐོང་བས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་དབང་གིས་མར་མེའི་རྩེ་མོ་བཞིན་ཕྱིའི་ཆོས་རྣམས་ལ་བརྟེན་ཏེ་འབྱུང་བར་འགྱུར་རོ། །དེའི་ལས་
ཀྱིས་སེམས་ཅན་གྱི་དོན་དུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ད་ལྟར་མཚན་ཉིད་རྣམས་དང་ལྡན་ནོ། །རྣམ་པར་ཤེས་པ་ཡེ་ཤེས་བསམ། །ཞེས་ པ་ནི་ཆོས་རྣམས་ཐམས་ཅད་ཀྱི་མཚན་ཉིད་འདི་རྣམས་ལོངས་སྤྱོད་རྫོགས ་པའི་སྐུ་ལས་བྱུང་སྟེ། ཡེ་ཤེས་བསམ་ཞེས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་འདིར་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །བསམ་ཞེས་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དོ། །ཤེས་རབ་དང་ཐབས་འདི་དག་སྙོམས་པར་འཇུག་ པ་ནི་ལོངས་སྤྱོད་རྫོགས ་པའི་སྐུ་ཞེས་རྗོད་དོ། །སྔོན་དུ་གསུངས་པ་ཉེ་བར་བརྟགས་པ་དེའི་དབང་གིས་རྣམ་པར་ཤེས་པ་ཞེས་པ་དེ་སྐྱེད་པར་བྱེད་དོ། །དེའི་ཕྱིར་མཚོན་བྱ་དང་མཚོན་བྱེད་དང་མཚན་ཉིད་རྣམས་དང་ལྡན་པའི་བཅོམ་ལྡན་འདས་སུ་གྲུབ་པོ། །ཡང་ན་མཚོན་བྱ་ནི་ཆོས་ཀྱི་སྐུའོ། །མཚོན་བྱེད་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མཚན་ཉིད་ནི་སྤྲུལ་པའི་སྐུ་སྟེ། དེས་འགྲོ་བའི་དོན་བྱ་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དེ་བསྟན་ཏེ་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་གང་ཟག་གི་ཆོས་ལ་གནས་པའི་སེམས་ཅན་རྣམས་ཀྱི་ཡེ་ཤེས་དང་ཤེས་བྱའི་མཚན་ཉིད་མེད་པར་གཟུང་བ་དང་འཛིན་པའི་དབྱེ་བ་བརྗོད་དེ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བ་ལྟ། །ཤེས་བྱ་རྣམས་ཀྱིས་འགྲོ་བ་བརྟག །ཅེས་པ་ལ་སོགས་པ་ལ། ཡེ་ཤེས་ཀྱིས་ནི་ཞེས་པ་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ལས་སྐྱེས་པའི་རྣམ་པར་ཤེས་པ་དེ་ནི་ཡུལ་ཅན་ཞེས་བརྗོད་དེ། དེས་གང་ཕྱིའི་གཟུགས་ལ་སོགས་པ་ལ་དམིགས་པ་དེ་ནི་ཤེས་བྱ་ལ་བལྟ་བའོ། །འགྲོ་བ་བརྟག་ཅེས་པ་ནི་དབང་པོའི་རྟོག་པ་འགྲོ་བས་དངོས་པོ་མཐོང་བ་ལ་རྟོག་པའོ། །ཤེས་པ་དང་ཤེས་བྱ་འདི་དག་སྙོམས་པར་འཇུག་པའི་དོན་ཏོ། །འགྲོ་བ་ཞེས་པ་ནི་གཞན་དུ་འགྲོ་བ་ལ་འཇུག་པའོ། །དེ་ཅི་ཞེ་ན། རྟོག་པའི་སེམས་ཀྱིས་རང་དགའ་ལ་སོགས་ལམ་འགྲོར་འགྱུར། །ཞེས་གསུངས་སོ། །བསམ་ཞེས་པ་ནི་སེམས་ལས་བྱུང་བའི་དངོས་པོར་འགྱུར་རོ། །རྟོག་པ་ཞེས་པ་ནི་དེའི་རང་བཞིན་གྱིས་ལྟ་བ་སྟེ། དེའི་སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ། །རང་འདོད་ལ་སོགས་ཞེས་པ་ནི་རང་ཉིད་ཀྱི་ལས་ཀྱི་རྗེས་སུ་འབྲངས་པས་སོ། །སོགས་པའི་སྒྲས་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱིས་གང་བྱས་པའི་ལས་དེས་འགྲོ་བའོ། །ལམ་ཞེས་པ་ནི་ལམ་དེར་བགྲོད་པར་
བྱ་བ་ཡིན་པས་ན་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཡེ་ཤེས་ཀྱིས་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པས་སོ། །ཤེས་བྱ་བ་ལྟ་ཞེས་པ་ནི། གང་ཕྱི་རོལ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་རྣམས་ལ་མིག་ལ་སོགས་པས་བལྟ་བའོ། །ཤེས་བྱ་རྣམས་ཀྱིས་ཞེས་པ་ནི་དངོས་པོ་མཐའ་དག་པ་དེ་རྣམས་ཀྱིའོ། །འགྲོ་བ་ཞེས་པ་ནི་དེ་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་འཇུག་པའོ། །ལྟ་བ་ཞེས་པ་ནི་ལྷའི་དབང་པོའི་སྒོ་ནས་ལྟ་བས་ཁྱབ་པར་བྱེད་པ་ཁམས་གསུམ་མཐོང་བ་ཞེས་པའི་དོན་ཏོ། །དེ་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་སེམས་ལས་བྱུང་བའི་དངོས་པོར་བརྗོད་དེ་བག་ཆགས་མང་པོའི་དབང་གིས་སོ། །འགྲོ་བ་ནི་དེའི་བགྲོད་པ་སྟེ་དངོས་པོ་སོ་སོ་ཐ་དད་པ་མཐོང་བའོ། །དེའི་ཕྱིར་རང་གི་འདོད་པས་རང་རང་གི་ལས་དང་རྗེས་སུ་མཐུན་པས་ལམ་ལ་འཇུག་ཅིང་ལམ་ལ་སོགས་པ་ལ་བགྲོད་དེ་དེ་ལ་བརྟེན་ཞེས་ཞེན་པའི་དོན་ཏོ། །དེ་ལྟར་དགེ་བའི་ལས་ཅན་བདེན་པ་གཉིས་ལ་བརྟེན་པ་དགེ་བའི་གྲོགས་བཟང་པོ་དང་ཕྲད་པའི་དབང་གིས་འགྲུབ་སྟེ། སྔོན་དུ་གསུངས་པའི་ནང་དུ་འགའ་ཞིག་དགེ་བའི་དབང་གིས་འགྲུབ་པའི་དོན་ཏོ། །འོན་ཀྱང་འཆད་བཞིན་པའི་ཚུལ་གྱིས་བར་བར་དུ་བཤད་པར་བྱའོ། །ད་ནི་སྔོན་དུ་གསུངས་པའི་སྟོང་པ་ཉིད་ཀྱི་ལུས་ཀྱི་རིམ་ལས་བྱང་ཆུབ་སེམས་ཀྱི་སྒོམ་པའི་ཐབས་ཀྱི་དེ་ཁོ་ན་ཉིད་བརྗོད་དེ། ཡེ་ཤེས་ལྔ་ཞེས་པ་ལ་སོགས་པ་ལ། འདིར་ཡེ་ཤེས་ལྔའི་དངོས་པོ་དེ་ཉིད་ཅེས་པ་ནི་དེ་བཞིན་གཤེགས་པ་ལྔ་འམ་ཁམས་ལྔའོ། །དེ་ཡང་སྲོག་ལ་སོགས་པའི་རླུང་ལྔ་རྣམས་སོ། །དེ་ཁོ་ན་ཉིད་ཅེས་པ་ནི་ཧཱུཾ་ཡེ་ཤེས་ཀྱི་ཕུང་པོའོ། །ཡུངས་ཀར་སྦོམ་པོའི་ཚད་ཙམ་སྟེ། །ཞེས་པ་ནི་འདིར་མ་གསུངས་ཀྱང་གཏུམ་མོའི་སྦྱོར་བར་བརྗོད་དེ། འདིར་ལྟེ་བ་འདབ་མ་དྲུག་ཅུ་རྩ་བཞི་པས་སྤྲུལ་པའི་འཁོར་ལོ་ཁ་དོག་སེར་པོའོ། །དེའི་དབུས་ཀྱི་ལྟེ་བར་ཨ་འོད་ཟེར་ལྔའི་རང་བཞིན་འཕྲོ་བའོ། །སྙིང་གར་འདབ་མ་བརྒྱད་པ་ཆོས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་འཕྲོ་བའོ། །དེའི་ལྟེ་བར་ཧཱུཾ་ཁ་དོག་སྔོན་པོ་ཁ་འོག་ཏུ་བལྟ་བའོ། །དེ་བཞིན་དུ་མགྲིན་པར་ ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་པ ་ཁ་དོག་དམར་པོ་འཕྲོ་བའོ། །དེའི་དབུས་ཀྱི་ལྟེ་བར་ཨོཾ་མདོག་དམར་པོ་ཁ་སྟེང་དུ་བལྟས་པའོ། །སྤྱི་བོར་བདེ་བ་ཆེན་པོའི་འཁོར་
ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་དཀར་པོ་འཕྲོ་བའོ། །དེའི་དབུས་ཀྱི་ལྟེ་བར་མི་ཤིགས་པ་ཟླ་བའི་འོད་འཕྲོ་བ་ཁ་འོག་ཏུ་བལྟས་པའོ། །སྤྱི་གཙུག་ཏུ་ནམ་མཁའི་འཁོར་ལོ་འདབ་མ་ལྔ་པ་ལྗང་གུའོ། །དེའི་དབུས་ཀྱི་ལྟེ་བར་ཁཾ་གི་ས་བོན་ལྗང་སྔོན་ནོ། །དེ་བཞིན་དུ་གསང་བར་ཡེ་ཤེས་ཀྱི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་སྣ་ཚོགས་པའོ། །དེའི་དབུས་སུ་ཧོ་དཀར་པོ་དང་དམར་པོར་སྣང་བའོ། །དེ་ལྟར་འཁོར་ལོ་དྲུག་ལ་རིམ་པ་བཞིན་རྣམ་པར་སྣང་མཛད་དང༌། མི་བསྐྱོད་པ་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། རིན་ཆེན་འབྱུང་ལྡན་དང༌། རྡོ་རྗེ་སེམས་དཔའོ། །དེ་བཞིན་དུ་ཁམས་ཀྱི་དབྱེ་བས་སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། བདག་མེད་མའོ། །དེ་རྣམས་ཀྱི་དབུས་སུ་རྩ་གསུམ་ཏེ། ལ་ལ་ནཱ་དང༌། ར་ས་ནཱ་དང༌། ཨ་ཝ་དྷཱུ་ཏཱི་རྣམས་སོ། །དེའི་ཕྱིར་ཡུངས་ཀར་ཞེས་པ་ནི་འཁོར་ལོ་ལྔའི་ནང་དུ་ཆུད་པའི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་གསུམ་མོ། །དེའི་ནང་ནས་ཀྱང་བྱང་ཆུབ་ཀྱི་སེམས་འཛག་པ་ནི་ཨ་ཝ་དྷཱུ་ཏཱི་ཞེས་བྱ་སྟེ། སེམས་ཀྱི་གཟུགས་ཡིན་པའི་ཕྱིར་རོ། །གང་ཕྱིར་ཆོས་རྣམས་ཐམས་ཅད་ལ། །སེམས་ཀྱིས་ཁྱབ་པར་བྱེད་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡི་གེ་གསུམ་གྱི་ངེས་པའི་ཚིག་བསྟན་པའི་ཕྱིར། ཡུངས་ཀར་ཞེས་གསུངས་ཏེ། སཪྵ་བ་ཞེས་པའི་ཡི་གེ་དབུས་མ་ཕྱི་བའི་ཕྱིར་སརྦ་ཞེས་འབྲེལ་ཏོ། །དེ་ལྟར་སརྦ་བསྟིར་ཞེས་གསུངས་པའི་ཕྱིར་རོ། །སྦོམ་པོ་ཞེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ལ་ཁྱབ་པར་བྱེད་པའོ། །ཚད་ཙམ་ཞེས་པ་ནི་ཨ་ཙམ་མོ། །ཅི་ཕྱིར་ཨའི་གུག་སྐྱེད་ཙམ་ཞེ་ན། དེ་ལྟར་ཡང་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེ་ཉི་གེ་དམ་པ་སྟེ། སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུཪྵ་ཞེས་པ་ནི་ཆགས་པ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར། ཧཪྵ་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཀུན་རྫོབ་ཀྱི་རྣམ་པ་ཞེས་པའི་དོན་ཏོ། །གསང་བ་ཞེས་པ་ནི་འཁོར་ལོ་ལྔ་པོ་རྣམས་ཀྱི་བར་བར་དུ་ཁྱབ་པར་བྱེད་པ་ཉིད་ཀྱིས་ན་གསང་བ་སྟེ། སྦས་པ་ཞེས་པའི་
དོན་ཏོ། །དེའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བརྗོད་དོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པར་གསུངས་པར་འགྱུར་རོ། །དེ་བཞིན་དུ་འདིར་དོན་དམ་པ་བསྟན་པའི་ཕྱིར། དེའི་དབུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེའི་ཞེས་པ་ནི་སྔོན་དུ་གསུངས་པའི་བདེ་བ་ཆེན་པོའི་དབུས་སུ་གནས་པའོ། །དེ་ཅི་ཞེ་ན། ལྷ་ཞེས་པ་སྟེ། སྣང་བ་མེད་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བའོ། །མི་གསལ་གསལ་བའི་རང་བཞིན་ཅན། །ཞེས་པ་ནི་དེ་ཉིད་ཡེ་ཤེས་ཆེན་པོ་སྟེ། སངས་རྒྱས་རྣམས་ཀྱི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་དབང་པོའི་སྒོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དེའི་ཕྱིར་མི་གསལ་བའོ། །དེའི་རང་བཞིན་ཉིད་ཀྱི་ཕྱིར་གསལ་བ་སྟེ། དེས་ན་དེའི་རང་བཞིན་ཞེས་པའི་དོན་ཏོ། །གུག་སྐྱེད་ཕྱེད་པ་མཆོག་ཕྲ་བ། །ཐིག་ལེའི་གཟུགས་ཅན་ཡིད་ལྟ་བུ། །ཞེས་པ་ནི། འདིར་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཕྱིར་རོ། །གུག་སྐྱེད་ཕྱེད་པ་ཞེས་པ་བསྒོམ་པ་རྟོགས་པས་མཐོང་བའི་རྣམ་པ་ཙམ་གྱི་སྒྲ་ཞེས་པའི་དོན་ཏོ། །ཕུལ་དུ་བྱུང་བས་ན་མཆོག་གོ །ཕྲ་བ་ཞེས་པ་ནི་དམིགས་པ་དང་བྲལ་བས་སོ། །ཐིག་ལེ་ཞེས་པ་ནི་ཡི་གེ་ལྟ་བུའོ། །གང་གི་ཕྱིར་མི་འཛག་པའི་ཕྱིར་ཡི་གེ་སྟེ་རྩའི་ཁོང་སྟོང་ནས་སྟེང་དུ་འགྲོ་བའི་ཕྱིར་འཛག་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཕ་རོལ་ཏུ་སོན་པ་ཞེས་པའི་དོན་ཏོ། །རྟག་ཏུ་སྙིང་གི་དབུས་ན་གནས། །གཟི་བྱིན་ཆེན་པོའི་འོད་བཞི་ལྡན། །ཞེས་གསུངས་པ་ལ། འདིར་སྙིང་ཞེས་པ་ནི་སྙིང་པོའི་དོན་ཏོ། །འོན་ཀྱང་དབུས་མ་ཨ་ཝ་དྷཱུ་ཏཱི་ལ་བརྟེན་པའི་སེམས་སོ། །དེ་ཡང་དབང་པོ་དང་བྲལ་བ་སྟེ། སྒོ་དགུ་འགོག་པའི་ཕྱིར། དེའི་ཕྱིར་སྤྱི་གཙུག་ལ་སོགས་པ་ལས་འོངས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེའི་དབུས་སུའོ། །རྟག་ཏུ་གནས་ཞེས་པ་ནི་ཆོས་ཀྱི་སྐུའོ། །དེའི་གཟི་བརྗིད་ཆེན་པོ་ནི་ཆོས་ཐམས་ཅད་སྣང་བ་སྟེ། ཡེ་ཤེས་དང་ཤེས་བྱ་དག་གཅིག་ཅིང་སྟོང་པ་དང་སྙིང་རྗེ་གཉིས་མེ་དཔའོ། །དེ་བཞིན་དུ་འོད་ལྡན་ཞེས་ པ་ནི་ལོངས་སྤྱོད་རྫོགས ་པའི་སྐུ་སྟེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་བསམ་གཏན་བཞིའི་བདག་ཉིད་དོ། །ཡང་ན་སྣང་བ་བཞིའི་བདག་ཉིད་དེ། དེ་ཡང་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་
པ་དང་འོད་གསལ་བའོ། །དེ་ནི་འོད་ཟེར་བཞི་ཞེས་པའི་དོན་ཏོ། །བཅུ་གཉིས་མཐའ་དང་དགུ་ཡི་མཐའ། །རྐང་པ་ནས་ནི་སྤྱི་མཐར་ཐུག །ཅེས་པ་ནི་འདིར་སྔོན་དུ་གསུངས་པའི་ཡེ་ཤེས་ལྔའི་རང་བཞིན་དབུགས་ཏེ། དེ་ཡང་དཀྱིལ་འཁོར་ལྔའི་རང་བཞིན་གྱིས་རབ་ཏུ་རྒྱུ་པ་རྟོགས་པར་བྱའོ། །འདིར་གཡོན་དང་གཡས་ཀྱིས་ནའི་བུ་ག་དག་ལས་སྤྲོ་བ་དང་སྡུད་པའི་དབྱེ་བས་དཀྱིལ་འཁོར་ལྔ་ལྔ་རྒྱུ་བར་འགྱུར་ཏེ། གཡོན་ནས་ནམ་མཁའ་ལ་སོགས་པའོ། །དེ་བཞིན་དུ་གཡས་ནས་ས་ལ་སོགས་པའོ། །དེ་ལྟར་དཀྱིལ་འཁོར་བཅུ་རྒྱུ་བའི་རིམ་པས་སྲོག་གི་རླུང་དུ་བརྗོད་དེ། དེ་ཡང་ཡེ་ཤེས་ལྔའི་བདག་ཉིད་ཅེས་པའི་དོན་ཏོ། །དེ་ལྟར་ཡང་འདུས་པ་ཕྱི་མ་ལས་བཅོམ་ལྡན་འདས་ཀྱིས། ཡེ་ཤེས་ལན་གྱི་རང་བཞིན་དབུགས། །ཡུངས་ཀར་སྔོམ་པོའི་ཚད་ཙམ་སྟེ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་གསུངས་སོ། །དེ་ཉིད་འཆད་བཞིན་པ་ལས་བཤད་པར་བྱའོ། །དེ་བཞིན་དུ་འདིར་བཅུ་གཉིས་མཐའ་ཞེས་པ་ནི་འདིར་དབུགས་དབྱུང་བ་དང་འཇུག་པའི་སྦྱོར་བ་དག་ལས་གང་གི་ཕྱིར་འགྲོ་བའི་སྲོག་དེ་ནི་སོར་བཅུ་གཉིས་ཀྱི་ཚད་ཙམ་དུ་འབྱུང་ངོ༌། །དགུའི་མཐའ་ཞེས་པ་ནི་སྲོག་དེ་ཉིད་འཇུག་པའི་ལམ་ནས་སོར་གསུམ་མི་ཚང་བར་འགྱུར་རོ། །རྐང་པ་ནས་ནི་སྤྱི་མཐར་ཐུག །ཅེས་པ་ནི་སྤྱི་གཙུག་ནས་མཐེ་བོའི་བར་དུ་བླ་མའི་མན་གནག་གི་ཚུལ་གྱིས་གཞུའི་རྣམ་པ་ལྟ་བུ་ནི་གུག་སྐྱེད་ཕྱེད་པའོ་ཞེས་བརྗོད་པའི་ཕྱིར་བརྟན་པ་ལས་ནི་ཁྱབ་པར་བྱེད་དོ། །དེའི་ཕྱིར་འགོག་པར་བརྗོད་དོ། །ཡང་ན་མགྲིན་པ་ནས་དཔྲལ་བ་དང་མགོ་བོའི་མཚམས་ཀྱི་མཐར་ཐུག་པ་ནི་ཕྱིའོ། །ནང་དུ་དེ་ཙམ་དུ་སྲོག་འགྲོ་བའི་ཕྱིར་བཅུ་གཉིས་ཀྱི་མཐའོ། །སླར་ལ་དེ་ཉིད་སྨིན་མའི་དབུས་ནས་མགྲིན་པའི་མཐར་ཐུག་པར་འོང་བ་དེ་ནི་དགུའི་མཐའོ། །དེ་བཞིན་དུ་ཡང་གསང་བ་དང་ལྟེ་བ་དང་སྙིང་གའི་འཁོར་ལོ་རྣམས་སུ་སྔོན་དུ་གསུངས་པའི་རིགས་པས་རྣལ་འབྱོར་གྱི་ལམ་ལ་དགའ་བའི་རྣལ་འབྱོར་པས་ཐུན་ཚོད་ཀྱིས་དུས་ཀྱི་ཁྱད་པར་གྱིས་སམ། ཡང་ན་རྒྱུན་མི་འཆད་པར་གོམས་པར་བཅུ་གཉིས་ཀྱི་མཐའ་དང་དགུའི་མཐའ་ཉེ་བར་མཚོན་པར་བྱའོ། །དེའི་ཕྱིར་ཇི་སྐད་དུ་གསུངས་པ་དེ་ལ་དེ་
སྐད་ཅེས་བྱའོ། །འཁོར་ལོ་འདི་རྣམས་ཀྱི་བསྒོམ་པའི་ཁྱད་པར་གསུངས་པ། སྩལ་མ་གཅིག་ནི་ཡང་དག་འབྱུང༌། །ཞེས་བྱ་བ་ལ་སོགས་པ་ལ། ཆ་ལྔ་པ་ཡི་ཚད་དང་ལྡན། །ཞེས་པ་ནི་འདིར་སྔོན་དུ་གསུང་པའི་ཧའི་གདན་ཨུའི་མིང་ཅན་ན། །འོན་ཀྱང་ཀླུ་དབང་རྣམ་པར་རབ་རྒྱས་པ། །ཞེས་པ་ལྟེ་བའི་སྟིང་དུ་ཁུང་དུ་འཁྱིལ་པའི་རྣམ་པ་སྐོར་ཕྱེད་དང་བཞིའི་བདག་ཉིད་དེའི་སྣལ་མ་གཅིག་ཡང་དག་པར་བྱུང་ཞིང་སྤྱི་གཙུག་གི་མཐར་ཐུག་པར་སོང་བའོ། །དེ་ཡང་གཏུམ་མོ་ཞེས་བརྗོད་དེ། གང་གི་ཕྱིར། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང༌། །སྤྱན་མ་ལ་སོགས་པ་ནི་བསྲེགས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཆ་དེ་ཡང་ནི་ཕྱེད་ནས་སུ། །རྡོ་རྗེ་དབུས་སུ་ངེས་པར་བྱུང༌། །ཞེས་པ་ནི། ཀླུ་དབང་ལས་བྱུང་བ་སྣལ་མ་གཅིག་པོ་དེ་མི་ཤིགས་པ་རྡོ་རྗེ་སེམས་དཔའ་ལ་འཁྱུད་ཅིང་རོ་གཅིག་པར་བྱས་པ་བུམ་པ་གང་བ་བཞིན་བདུད་རྩིའི་རྒྱུན་འཛག་པའོ། །དེའི་ཕྱིར་ཡང་འོངས་ཏེ། གང་གི་ཕྱིར་ཛཱ་ལནྡྷ་རའི་སྒོ་རུ་སོང་ནས། ཨོ་ཌྱན་གྱི་སྒོར་ཡང་འོང་བའོ། །དེའི་ཕྱིར་དབྱེར་མེད་ཅིང་གཅིག་ཏུ་འདྲེས་པར་འགྱུར་རོ། །རྡོ་རྗེའི་དབུས་སུ་ཞེས་པ་ནི། དེ་བཞིན་དུ་ཨ་ཝ་དྷཱུ་ཏཱིའི་དབུས་སུ་རྩ་གཉིས་བྱུང་བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཁོང་སྟོང་གཉིས་ཏེ། དེ་ལྟར་ཨ་ཝ་དྷཱུ་ཏཱིའི་སྟེང་དང་འོག་ཏུ་འབབ་པ་གཉིས་སོ། །དེའི་ཕྱིར་རྡོ་རྗེ་ཞེས་བརྗོད་དེ། གང་གི་ཕྱིར་སེམས་རྡོ་རྗེ་རྡོ་རྗེ་དེར་སོང་ནས་རྡོ་རྗེ་དེ་ལས་ཀྱང་འོང་བའོ། །དེ་བཞིན་དུ་དབུས་སུ་ངེས་པར་བྱུང་སྟེ། ཞིག་ནས་སླར་ཡང་སྙིང་རྗེ་ཆེན་པོའི་དབང་གིས་རང་རིག་ པ་སྐྱེའོ། །ཕྱག་རྒྱ་ཆེན་པོ་བདེ་བའི་དབང་གིས་དམ་ཚིག་གི་ཕྱག་རྒྱ་ཞེས་བརྗོད་དེ། ལོངས་སྤྱོད་རྫོགས ་པའི་སྐུའི་ཁྱད་པར་ཅན་ཞེས་པའི་དོན་ཏོ། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་འདུས་པའི་དུས་དེས་ཆོས་ཐམས་ཅད་འདུས་པའོ། །དམ་ཚིག་དང་ཆོས་འདི་དག་ཕྱག་རྒྱ་སྙོམས་པར་འཇུག་པ་དེ་ནི་དམ་ཚིག་གི་ཕྱག་རྒྱའོ། །འདི་དག་གི་རབ་ཀྱི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །འདིར་གསུངས་པ། རྡོ་རྗེ་མི་ཕྱེད་ཅེས་གསུངས་པ། སྲིད་གསུམ་
གཅིག་པ་སེམས་དཔའོ། །ཤེས་རབ་རིག་པ་འདི་ཡི་ནི། །རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །ཅེས་སོ། །ས་བོན་སྐྱེ་གནས་དབུས་སུ་གནས། །ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་སྔོན་དུ་གསུངས་པ་ནི་ཨོ་རྒྱན་གྱི་སྒོ་ལས་ཀྱང་འོངས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྐྱེ་གནས་དབུས་སུ་གནས་པ་ཞེས་པ་ལྟེ་བའི་དབུས་སུ་གནས་པའོ། །ས་བོན་ཞེས་པ་ནི་ཇི་ལྟར་དངུལ་ཆུ་གསད་པ་དང་གཟགས་པའི་རིམ་པས་གསད་པ་དང་འཛག་པ་ལས་བྱེད་དེ་བརྒྱ་སྟོང་ཕྲག་དུ་མ་དང་ཇི་སྲིད་གྲངས་མེད་པར་འབྱེད་དོ། །དེ་བཞིན་དུ་འདིར་ཡང་རྫོགས་པའི་རིམ་པས་ས་བོན་གྱི་གཟུགས་སུ་གནས་པ་ནི་ཡེ་ཤེས་ཆེན་པོ་ཞེས་པའི་དོན་ཏོ། །དེ་ཆོས་ཀྱི་དབྱིངས་སུ་ཞུ་བར་བྱས་ཤིང་ཀུན་གཞི་རྣམ་པར་ཤེས་པ་ལ་ཐིམ་པར་གྱུར་ཞེས་པའི་དོན་ཏོ། །མ་རིག་པ་ལ་སོགས་པའི་སྒྲིབ་པ་ཟད་པར་ངེས་པར་གསུངས་པའི་ཚིག་གོ །དེ་ལྟར་དངུལ་ཆུ་བཞིན་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་བསད་ཅིང་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཅུ་གཉིས་དང༌། དེ་བཞིན་དུ་ལས་ཀྱི་དབང་པོ་དྲུག་དང་དེའི་བྱ་བ་དྲུག་ཀྱང་བསད་ཅེས་པའི་དོན་ཏོ། །འདིས་ནི་རང་དབང་ཐོབ་པའི་དེ་བཞིན་གཤེགས་པར་འགྱུར་རོ། །རང་དབང་ཐོབ་པ་དེ་ནི་གང་དང་གང་དུ་འགྲོ་འདོད་པ་དེ་དང་དེར་འགྲོ་བར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ། དེ་ཡི་རིམ་གྱིས་འཕོ་བར་འགྱུར། །ཞེས་པ་ནི་ཏིང་ངེ་འཛིན་ལ་གནས་པས་ཡེ་ཤེས་ཀྱི་དབང་གིས་སྒོ་དགུ་ནས་གང་དུ་འདོད་པ་དེར་འཕོ་བར་བྱེད་དེ། དེ་ཡང་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་སྒོ་ནས་འགྲོ་བའི་དོན་ཏོ། །འོན་ཀྱང་ཇི་ལྟར་སྒྲ་བརྙན་དང་སྣ་ཚོགས་ནོར་བུ་བཞིན་སྔོན་གྱི་དངོས་པོས་སོ། །ཐམས་ཅད་དུ་ཞེས་པ་ནི་རྣམ་པ་ཐམས་ཅད་ཀྱིས་སོ། །ཚངས་པའི་མེ་ནི་འདི་དེ་བཞིན། །ཞེས་པ་ལ། མེ་ཞེས་པ་ནི་ཆགས་པ་ཆེན་པོའོ། །དེས་ནི་ཚངས་པ་ཞེས་པ་ནི་སངས་རྒྱས་སོ། །འདི་ཞེས་པ་ནི་རང་གི་གནས་ཀྱི་སེམས་རྟོགས་པའི་ཕྱིར་རོ། །དེ་བཞིན་ཞེས་པ་ནི་མཆོག་གི་གོ་འཕང་རྟོགས་པའི་ཕྱིར་ཚངས་པའམ། རང་བཞིན་གྱིས་སྡུད་པའི་ཕྱིར་མེ་སྟེ་གཏུམ་མོ་ཞེས་པའི་དོན་ཏོ། །ཡང་ན་མེ་ཞེས་པ་ནི་དུས་མེ་སྟེ་དབང་པོ་ཐམས་ཅད་སྲེག་
པའི་ཕྱིར་རོ། །དེའི་ཕྱིར་ཚངས་པ་འདི་ནི་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའོ། །དེ་བཞིན་གཤེགས་པ་ནི་འཆད་བཞིན་པའི་སྒོའི་དབྱེ་བ་ལས་སོ། །འདིར་སྒོའི་དབྱེ་བས་གསུངས་པ། ས་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྒོ་དགུ་རྣམས་ལ་བུ་ག་བཅུ་དྲུག་ཉིད་དུ་འགྱུར་ཏེ། འདི་རྣམས་ལ་དགུ་ནི་གསལ་ལོ། །དེ་བཞིན་དུ་བདུན་ནི་མི་གསལ་བ་སྟེ། དེ་ཡང་རིམ་པ་བཞིན་མགྲིན་པ་གཉིས་དང༌། དེ་བཞིན་དུ་དཔུང་པའི་རྩ་བ་དག་དང༌། སྙིང་ག་དང༌། ལྕེའི་རྩི་བདག་དང༌། དེ་བཞིན་དུ་ཁུ་བའི་བུ་གའོ། །འདི་རྣམས་ཀྱིས་དགག་པའི་ཕྱིར་རང་བཞིན་གྱིས་གྲུབ་པའི་ས་བོན་གྱི་ཡི་གེ་རྣམས་བརྗོད་དོ། །དེ་ལས་ཡི་ས་བོན་གཉིས། །ཞེས་པ་ནི་སྤྱིར་ལ་ལཱའི་ས་བོན་གཉིས་སོ། །དེ་བཞིན་དུ་རླུང་གི་ས་བོན་ཡ་ཡཱའོ། །ནམ་མཁའི་ཧ་ཧཱའོ། །སོགས་པའི་སྒྲས་ནི་མེའི་ས་བོན་ར་རཱའོ། །བདུད་རྩིའི་ཀྵཾ་ངོ༌། །ཆུའི་ནི་བཾ་མོ། །འཕྱང་བ་དག་གི་ཨུ་ཨཱུའོ། །གློ་བའི་ཧུ་ཧཱུའོ། །སྙིང་གི་གོང་བུའི་ཧཱུའོ། །འཁྱིལ་བ་ཅན་གྱི་ཨ་ཨཱའོ། །ངེས་པའི་ཚིག་ཅན་གྱི་ཡི་གེ་གསུངས་པ། ཨ་ཨྀ་རྀ་ཨུ་ལྀ་ཞེས་པ་ནི་ནཾ་མཁའ་ལ་སོགས་པའིའོ། །དེ་ལྟར་ཡང་གསུངས་པ། ཨ་ཀུ་ཧ་ཀཾ་ཚེག་དྲག་མགྲིན་པ་ཅན། །ཞེས་པ་ནི་ནམ་མཁའི་བདག་ཉིད་དོ། །ཨི་ཙུ་ཡ་ཤ་རྐན་ཅན་ཞེས་པ་ནི་རླུང་གི་བདག་ཉིད་དོ། །རི་ཊུ་ར་ཥ་མེ་སྟེ་སྤྱི་བོ་ཅན་ཞེས་པ་ནི་མེའི་བདག་ཉིད་དོ། །ཨུ་པུ་ཝ་པ་མཆུ་ཅན་ཞེས་པ་ནི་ཆུའི་བདག་ཉིད་དོ། །ལི་ཏུ་ལ་ས་སོ་ཅན་སའི་བདག་ཉིད་དུ་འགྱུར་ཞེས་པའི་རིགས་པས་སོ། །དེའི་ཕྱིར་ས་ལ་སོགས་པའི་ས་བོན་རྣམས་བརྗོད་དེ། ལྀ་ལཱྀ་ཨི་ཨཱི་ཨཾ་ཨཿ་རྀ་རཱྀ་ཝ་ཝ་ཨཱུ་དྷྲི་དྷྲྰཱི་ཧུཾ་ཧཱུཾ་དུཾ་ཨཾ་ཨཿའོ། །ཡང་ན་འཇིགས་མ་དང་གཏུམ་མོ་དང་དྲག་མོ་ལ་སོགས་པའི་ས་བོན་རྣམས་གཞན་དུ་གོ་སླ་བ་ཉིད་ཀྱི་ཕྱིར་མ་བྲིས་སོ། །དེ་ལྟར་འདི་རྣམས་ཀྱི་ས་བོན་རྣམས་བསམ་པར་བྱ་སྟེ། རིམ་པ་བཞིན་ངེས་པར་བཟུང་སྟེ། བསམ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ས་བོན་དེ་རྣམས་ལ་སྲོག་དང་ཐུར་སེལ་འགོག་པས་དབང་པོ་ཐམས་ཅད་དང་མིག་ལ་སོགས་པ་ཡང་ཐིམ་པར་བྱའོ། །བདུད་རྩི་ཞེས་པ་ནི་གསང་བའོ། །སོགས་པའི་སྒྲས་ནི་དྲི་ཆེན་དང་དྲི་ཆུའི་བུ་ག་དག་གཟུང་ངོ༌། །དབང་ཕྱུག་གཙོ་
ཞེས་པ་ནི་བསྲུབ་ཅིང་བསྲུབ་པའི་སྦྱོར་བས་ལྕེ་གཉིས་དང་རྐན་གཉིས་ཀྱི་བདག་ཉིད་བདེ་བ་སྟེ། འཇིག་རྟེན་དབང་ཕྱུག་ཅེས་པའི་དོན་ཏོ། །མགྲིན་པར་ཞེས་པ་ནི་ལྕེ་ཆུང་གཉིས་སོ། །དཔུང་པར་ཞེས་པ་ནི་དཔུང་པའི་བུ་གའི་རྩ་བ་ནས་མཆན་ཁུང་གི་ལམ་དུ་སོང་ཞིང་གློ་བའི་མཐར་ཐུག་པར་སོང་བའོ། །སྙིང་གའི་ཕྱོགས་སུ་སྐྱོང་བ་ཞེས་པ་ནི་པདྨའི་རྩ་བའི་སྣལ་མ་ལྟ་བུའི་རྩ་དེས་མདུད་པས་མདུད་པ་ཐམས་ཅད་དུ་ཁྱབ་པ་སྟེ། མགོ་བོ་དང་ལག་པ་དང་རྐང་པ་ལ་སོགས་པའི་སོར་མོ་རྣམས་སུ་ཡང་ཁྱབ་པའི་དོན་ཏོ། །ཕྱུགས་ཞེས་པ་ནི་འདིར་གསུངས་པ། གང་དུ་སྐྱེས་པའི་ཕྱུགས་ཐམས་ཅད། །ཁུ་བ་ལྟུང་བའི་རྒྱུ་ཡིས་ནི། །གསང་བའི་གནས་སུ་འདི་གསལ་ཏེ། །རང་ཉིད་སེམས་ནི་མེད་པར་འགྱུར། །གང་གི་ཕྱིར་ཕ་དང་མ་ཡང་དག་པར་སྦྱོར་བས་ཀུན་གཞི་རྣམ་པར་ཤེས་པ་དང༌། ལྷན་ཅིག་བརྒྱལ་བརྒྱལ་བ་དེའི་ཕྱིར་དོན་མེད་པར་བྱེད་པ་དེའི་ཕྱིར་ཕྱུགས་ཞེས་བརྗོད་དོ། །དེ་བཞིན་དུ་ཁུ་བ་དང་བུ་གའི་གནས་དེ་དག་གསད་པ་འདིར་ཆགས་པ་དང་བྲལ་བ་སྐྱེས་པའི་དོན་ཏོ། །ལྟེ་བའི་རྩ་བར་ཞེས་པ་ནི། གསང་བ་དང་ལྟེ་བ་དག་ཏུ་གཟུར་བའི་ཕྱིར་གཉིས་གཉིས་དང་བྲལ་བའི་སྦྱོར་བ་སྐྱེ་བར་འགྱུར་རོ། །ཡན་ལག་བརྒྱད་ཀྱི་ཞེས་པ་ནི་སྔོན་དུ་གསུངས་པའི་ཡན་ལག་བརྒྱད་ཀྱི་ས་བོན་རྣམས་སོ། །ཡན་ལག་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །དེའི་ས་བོན་ནི་རྣམ་པར་ཤེས་པ་དང་དབང་པོའོ། །དེའི་འགོག་པ་ནི་ཆོ་གས་ཡན་ལག་བརྒྱད་དུ་དགོད་པའོ། །དེ་ལྟར་ས་བོན་དང་ཡན་ལག་ཏུ་གཟུང་བས་སོ། །ཆོ་གས་ཞེས་པ་ནི་སྔོན་དུ་གསུངས་པའི་རིགས་པས་སོ། །སླར་ཡང་འབྲས་བུ་དང་རྒྱུའི་ཏིང་ངེ་འཛིན་དང་འབྲེལ་པའི་ཕྱིར་རབ་ཀྱི་མཐར་སོན་ཅིང་ནང་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྱིའི་རྟེན་བསྟན་པའི་ཕྱིར། འགྲོ་བ་ཀུན་ལ་ཁྱབ་པ་པོ། །ཞེས་བྱ་བ་ལ་སོགས་པ་ལ། ཁྱབ་པ་པོ་ཞེས་པ་ནི་རང་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སེམས་སོ། །འགྲོ་བ་ཞེས་པ་ནི་ཁམས་གསུམ་པའི་འགྲོ་བ་རྣམས་སོ། །ཀུན་ཞེས་པ་ནི་སྒོ་ང་ལས་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། དྲོད་གཤེར་ལས་སྐྱེས་པ་དང་
རྫུས་ཏེ་སྐྱེས་པའོ། །བརྟན་པ་ཞེས་པ་ནི། ཤིང་ལ་སོགས་པ་དང༌། རི་དང་འབྱུང་བ་ཆེན་པོ་བཞི་ཡང་གཟུང་ངོ༌། །གཡོ་བར་བཅས་པ་ཞེས་པ་ནི་རྐང་གཉིས་པ་དང་རྐང་བཞི་པ་ལ་སོགས་པའི་སེམས་ཅན་དེ་རྣམས་ལ་ཡང་ཁྱབ་པར་འགྱུར་རོ། །དེ་ཡི་རྟེན་དུ་གྱུར་པ་ཡིན། །ཞེས་པ་ནི་ཁྱབ་བྱ་དང་ཁྱབ་པར་བྱེད་པའི་ཤེས་བྱ་ལ་སོགས་པའི་སྒྲིབ་པ་སྤོང་བའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་ཡན་ལག་བཅུ་གཉིས་སྤོང་བ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཡང་དག་པར་རྗེས་སུ་རྟོགས་པ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྫོགས་པ། ལུས་དང་ངག་དང་སེམས་གསུམ་གྱི་དྲི་མ་དང་བྲལ་བ་བདག་དང་བདག་གི་དང༌། གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བར་བྱམས་པ་ལ་སོགས་པའི་གནས་རབ་ཏུ་སྐྱོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེའི་རྟེན་དུ་འགྱུར་ཏེ། དེ་བཞིན་དུ་ཚངས་ལྷ་དང་ལྷ་མིན་གྱི་ཡང་ངོ༌། །སོགས་པའི་སྒྲས་ནི་ཁྱབ་འཇུག་དང་དྲག་པོ་དང་མི་དང་མི་མ་ཡིན་པ་ལ་སོགས་པ་བསྡུའོ། །དེ་ལྟར་ཁྱབ་བྱ་དང་ཁྱབ་བྱེད་ཉམས་སུ་མྱོང་བས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་བྱའོ། །གཙོ་བོ་གང་དུ་སྤྱོད་པ་ཡི། །གནས་ནི་བྷ་ག་ཞེས་སུ་གསུངས། །ཞེས་པ་ནི་གནས་ཞེས་བརྗོད་དེ། དེ་ལ་ཡང་ཕྱི་དང་ནང་གི་གཟུགས་ཅན་ནོ། །དེ་ལ་ནང་གི་ལུས་ནི་ལུས་ལ་གནས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །རྩ་དེ་ལ་བྷ་ག་ཞེས་བརྗོད་དོ། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར་རོ། །རྩ་དེ་རྣམས་ལ་གཙོ་བོ་གང་དུ་སྤྱོད་པ་ཞེས་པ་སྲོག་གི་རླུང་ཡེ་ཤེས་ཀྱི་བདག་ཉིད་རྒྱུ་བ་སྟེ། དུས་ཀྱི་ཁྱད་པར་དང་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་ཞེས་པ་ནི་མདོར་བསྡུས་པའོ། །འོན་ཀྱང་རྩའི་དབྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད་དོ། །ཅིའི་ཕྱིར་ཞེ་ན་འཕོ་བའི་ཕྱིར་ན་འཕོ་བ་ཞེས་བརྗོད་དོ། །འདིས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྲོག་རྒྱུ་བའི་ཕྱིར་ཞེས་པ་བསྟན་ཏོ། །ཡང་ན་རྩ་ཇི་ལྟ་བ་བཞིན་དེའི་མཚན་ཉིད་ཀྱི་རྣལ་འབྱོར་མ་རྣམས་སོ། །དེ་བཞིན་དུ་གནས་དང་ཉེ་བའི་གནས་དང་
ཞིང་ལ་སོགས་པ་རྟོགས་པར་བྱའོ། །ཇི་ལྟར་ཕྱི་རུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་རྣམས་ཤར་དང་ནུབ་དང་ལྷོ་དང་བྱང་དང་འོག་དང་སྟེང་དུ་འཕྱར་བར་གནས་ཏེ། སླར་ཡང་དེ་རེ་རེ་ལ་ཡང་དེ་ལྟར་འགྱུར་རོ། །འདི་དག་ཐམས་ཅད་ནི་ཁམས་གསུམ་པའོ། །དེ་བཞིན་དུ་ནང་དུ་རྩའི་དབྱེ་བས་གནས་དང་ཉེ་བའི་གནས་ལ་སོགས་པ་རྟོགས་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་མཚན་བསྟན་པར་འགྱུར་ཏེ། དེས་འགྲོ་བའི་དོན་བྱེད་པའི་བྱ་བ་ཡང་དག་པར་ཉེ་བར་སྤྱོད་པར་འགྱུར་རོ། །ཇི་སྲིད་ལུས་ལ་གནས་ཀྱི་བར། །དེ་ཡི་ལས་དང་ལས་མིན་འགྱུར། །ཞེས་པ་ནི། འདིར་སྤྱིར་སེམས་ཅན་རྣམས་ཀྱི་ལུས་ལ་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཀྱི་ལས་ཀྱིས་འཁོར་བར་འཆིང་སྟེ། དེ་ཡང་ལས་ནི་གཉིས་ཏེ། དགེ་བ་དང་མི་དགེ་བའོ། །སེམས་ཅན་རྣམས་ནི་རྣམ་པ་གསུམ་དུ་འགྱུར་རོ། །དེ་ཅི་ཞེ་ན། གསུངས་པ། དགེ་བའི་ལས་དང་མི་དགེ་བའི་ལས་དང་འདྲེས་པའི་ལས་སོ། །དེ་ལྟར་གང་དག་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་ཆགས་པ་དེ་དག་ནི་དགེ་བའི་ལས་ཅན་ནོ། །དེ་བཞིན་དུ་གང་དག་རིམ་པ་ལས་བཟློག་པ་ལ་ཆགས་པ་དེ་དག་ནི་མི་དགེ་བའི་ལས་ཅན་ནོ། །དེ་བཞིན་དུ་གཉིས་པོ་དེ་དག་གང་ལ་ཡོད་པ་ཞེས་པ་དེ་དག་ཐམས་ཅད་འདྲེན་མ་ཅན་ནོ། །དེའི་ཕྱིར། ལུས་དང་ངག་དང་ཡིད་ཀྱི་ལས། །རང་བྱས་དགེ་དང་མི་དགེ་གང༌། །འཇིག་རྟེན་དེ་ཡི་འབྲས་ལ་སྤྱོད། །བྱེད་པོ་གཞན་ནི་སུ་ཡང་མེད། །ཅེས་གསུངས་སོ། །གང་གི་ཕྱིར་འཁོར་བ་ལས་དང་ཉོན་མོངས་པ་དང་སྡུག་བསྔལ་གློ་བུར་བ་རྣམས་ཀྱི་དང༌། རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་བར་འཁོར་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཇི་སྲིད་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་ཏེ། ལུས་ཞེས་པ་ནི་ལུས་དེ་ལ་གནས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་དོ། །འོན་ཀྱང་ཀུན་གཞི་རྣམ་པར་ཤེས་པ་འབའ་ཞིག་ལས་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་སྐྱེ་སྟེ། སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ། །ཡང་
དང་ཡང་ལས་ཀྱི་རྣམ་པར་སྨིན་པས་སེམས་བསྐྱེད་དེ། དེའི་ལས་དང་ལས་མ་ཡིན་པར་འགྱུར་ཏེ། མགལ་མེའི་འཁོར་ལོ་བཞིན་ནོ། །བློ་དང་ལྡན་པའམ་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐུའི་དབང་གིས་ལས་ཞེས་པ་ནི། སེམས་ཅན་སྣ་ཚོགས་པ་ཡོངས་སུ་སྨིན་པའི་ཕྱིར་ཆོས་སྟོན་ཏོ། །གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་གང་ཅི་ཡང་རུང་བའི་ངག་གི་ལས་དེ་ནི་ཆོས་སྟོན་པ་ལ་གནས་ཞེས་གསུངས་པའི་ཕྱིར་རོ། །ལས་མིན་ཞེས་པ་ནི་སྟོན་པ་དེ་སྒྲ་བརྙན་བཞིན་ཏེ། རྐན་དང་ལྕེ་དང་མགྲིན་པ་དང་མཆུ་རྣམས་ཀྱིས་བརྗོད་པ་ནི་མ་ཡིན་ནོ། །དེའི་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་དེའིའོ། །འགྱུར་ཞེས་པ་ནི་ངེས་པར་རོ། །འོན་ཀྱང༌། ཇི་སྲིད་ལུས་ལ་རྣམ་གནས་པར། །ཞེས་པ་ནི། གང་དུ་དེ་བཞིན་གཤེགས་པའི་ཆོས་སྟོན་པའི་དུས་སུ་འཁོར་འདུས་པ་དེ་ནི་འདིར་སྔོན་གྱི་ལས་ཀྱི་དབང་གིས་ཐེག་པ་གསུམ་ལ་མོས་པ་རྣམས་དང༌། བླ་ན་མེད་པའི་ཐེག་པ་ལ་གནས་པ་རྣམས་ཀྱི་རང་གི་སེམས་བསྐྱེད་པའི་དབང་གིས་སོ། །འདི་དག་ཐམས་ཅད་སེམས་ཀྱི་ནང་དུ་འདུས་ཤིང་སེམས་ཀྱང་ཐམས་ཅད་ཀྱི་ནང་དུ་འདུས་སོ། །དེའི་ཕྱིར་སྔོན་གྱི་ལུས་ལས་བྱུང་བའི་སེམས་ཅན་རྣམས་ཀྱི་ལུས་དེ་རྣམས་ཉིད་འཁོར་འདུས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་གསད་པའི་རྒྱུད་ལས་གསུངས་པ། རྣལ་འབྱོར་པ་དང་སེམས་ཅན་ཀུན། །འདོད་དང་མི་འདོད་དངོས་པོ་ཡིས། །ཉོན་མོངས་བག་ཆགས་ངེས་པས་བསྒོས། །ལུས་ཅན་ངེས་པར་འཁོར་བར་འགྱུར། །སེམས་གང་སྡུག་བསྔལ་དེ་ཉིད་དེ། །ལུས་ཅན་གྱིས་ནི་ལུས་འབྱུང་ཕྱིར། །སེམས་དེ་སོ་སོར་རྟོགས་པ་ཡིས། །སྐྱེ་བོ་ཡིས་ནི་སྡུག་བསྔལ་གནོན། །རྣམ་པར་སྣང་མཛད་རྒྱལ་བ་མགོན། །སངས་རྒྱས་ཐམས་ཅད་གཅིག་འདུས་པ། །སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །སངས་རྒྱས་སེམས་ཅན་སྒྲོལ་བྱེད་པའོ། །ཞེས་བྱ་བ་ལ་སོགས་པས་རྟོགས་པར་བྱའོ། །ཡང་དེ་ཉིད་ལས་གསུངས་པ། རང་སེམས་ཉིད་ནི་རྫོགས་སངས་རྒྱས། །རྟོགས་པར་བྱ་བའི་སེམས་ཉིད་དེ། །རང་སེམས་ཉིད་ནི་གསད་བྱ་སྟེ། །སེམས་ནི་གསད་པར་བྱ་བ་ཡིན། །རྣལ་འབྱོར་
བ་ནི་འབྱོར་འབྲེལ་ཕྱིར། །རེས་འགའ་འང་དངོས་པོ་འབྱུང་བ་མིན། །སངས་རྒྱས་གང་དེ་རྣལ་འབྱོར་པས། །སངས་རྒྱས་ང་རང་ཞེས་ནི་བསྒོམ། །མདོར་ན་ཏིང་འཛིན་ཡེ་ཤེས་ནི། །སངས་རྒྱས་ཉིད་དུ་འབྱུང་བ་ཡིན། །སངས་རྒྱས་རྣལ་འབྱོར་མ་རྟོགས་པར། །སངས་རྒྱས་རྣལ་འབྱོར་པས་མི་འཐོབ། །ཇི་ལྟར་ཕྲ་མོའི་དངོས་པོ་མཐོང༌། །དེ་ལྟར་དངོས་དང་དངོས་མེད་བསྒོམ། །དངོས་དང་དངོས་མེད་དངོས་པོ་མིན། །བསྒོམ་པ་ཡོངས་སུ་བརྟག་པ་ཉིད། །དངོས་པོ་བསྒོམ་པ་དངོས་པོ་མེད། །བསྒོམ་པ་ཉིད་ནི་བསྒོམ་པ་མིན། །དངོས་དང་དངོས་མེད་དག་གི་དངོས། །རང་གི་སེམས་ཀྱི་ལས་ནི་ཉིད། །སངས་རྒྱས་ཡུལ་ནི་སངས་རྒྱས་མིན། །སེམས་ཅན་ཡུལ་དུ་མི་འགྱུར་ཏེ། །སངས་རྒྱས་རྟོགས་ལ་སངས་རྒྱས་མིན། །རང་སེམས་ཐུལ་བ་སངས་རྒྱས་ཉིད། །ཅེས་པ་ལ་སོགས་པས་རྟོགས་པར་བྱའོ། །དེའི་ཕྱིར་མེ་ལོང་གི་གཟུགས་བརྙན་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་བདག་ཉིད་ཀྱི་དབང་གིས་སངས་རྒྱས་མཐོང་བར་འགྱུར་གྱི། རིགས་གཞན་ནི་མེད་ཅེས་པའི་དོན་ཏོ། །དགེ་དང་མི་དགེ་གང་ཅུང་ཟད། །བྱས་པའི་ལས་རྣམས་ཐམས་ཅད་བྱེད། །ཅེས་པ་ནི་གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་གཡོགས་པ་གདུལ་དཀའ་བ་ལ་སོགས་པའི་སེམས་ཅན་རྣམས་ལ་དེའི་ལས་རྣམས་བྱེད་དེ་ལས་ཚོགས་ཀྱི་ཚུལ་གྱིས་ཆོས་སྟོན་ཧེས་པའི་དོན་ཏོ། །ཐམས་ཅད་ཅེས་པ་ནི་གསད་པ་དང་བསྐྲད་པ་དང་དབྱེ་བ་དང་རྨོངས་པ་དང་དབང་ལ་སོགས་པའོ། །བྱས་པ་ཞེས་པ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་རང་གི་ཆ་ལས་བསྐྱེད་པའི་དབང་གིས་དེ་བཞིན་གཤེགས་པའི་ལས་དེ་ནི་བྱས་པའི་ལས་ཏེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རང་གི་སེམས་ཀྱི་མི་དགེ་བའི་དབང་གིས་གསད་པ་ལ་སོགས་པས་རྣམ་པར་གཞོམ་མོ་།བདེ་བའི་དབང་གིས་ནི་ཐམས་ཅད་ཀྱིས་དགེ་བ་ཉམས་སུ་མྱང་ངོ༌། །གང་གི་ཕྱིར། རང་ཉིད་བྱེད་པོ་རང་འཕྲོག་གོ །རང་ཉིད་རྒྱལ་པོ་རང་གཙོ་བོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐུན་མོང་བའི་སེམས་ཅན་མི་དགེ་བའི་གྲོགས་ལ་ཆགས་པ་རྣམས་མི་དགེ་བའི་དབང་གིས་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་
མྱོང་བར་འགྱུར་རོ། །དེ་བཞིན་དུ་དགེ་བའི་དབང་གིས་མཐོ་རིས་ལ་སོགས་པ་རྣམས་སུ་ལོངས་སྤྱོད་རྙེད་ཅེས་པ་ནི་ཐམས་ཅད་དུ་གྲགས་པའོ། །ད་ནི་ལས་དང་པོ་པའི་ཚུལ་གྱིས་བསྒོམ་པའི་སྦྱོར་བ་གསུངས་པ། སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འཆད་བཞིན་པའི་ཚུལ་གྱིས་དབང་ཇི་ལྟ་བ་བཞིན་ཐོབ་པའི་སློབ་མ་ཡང་དག་པར་རྗེས་སུ་གནང་བ་དེའི་རང་དང་གཞན་གྱི་དོན་དུ་བསྐྱེད་པའི་རིམ་པའི་ཚུལ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པར་ལྷ་དམིགས་པས་ཐ་མལ་པའི་ང་རྒྱལ་ཡོངས་སུ་སྤང་བའི་དོན་དུ་ལྷའི་ང་རྒྱལ་འཆང་ངོ༌། །དེའི་སྦྱོར་བ་ཞེས་པ་ནི་གནས་བསྲུང་བ་དང་བདག་བསྲུང་བ་དང་རྣལ་འབྱོར་བསྲུང་བ་དང༌། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་པོ་མཆོག་དང༌། ཐིག་ལེའི་རྣལ་འབྱོར་དང༌། ཕྲ་མོའི་རྣལ་འབྱོར་རོ། །དུའི་སྒྲ་ནི་ངེས་པར་གཟུང་བའོ། །མཉམ་པ་ཉིད་ཅེས་པ་ནི་སྦྱོར་བ་དེས་སེམས་རྣམ་པར་གཡེངས་པ་སྤངས་པའི་ཕྱིར་དེའི་ཞི་བ་ནི་མཉམ་པ་ཉིད་དུ་གསུངས་ཏེ། སྦྱར་བར་བྱ་ཞེས་དགོངས་སོ། །དེའི་ཕྱིར་བསྒོམ་པ་རུ་ནི་འགྱུར། །ཞེས་པ་ནི་དངོས་པོ་བསྒོམ་པར་བྱའོ། །དེ་ཅི་ཞེ་ན། བཅོམ་ལྡན་འདས་ཀྱི་གཟུགས་དཔལ་ཧེ་རུ་ཀའི་རྣམ་པ་ལ་སོགས་པ་དམིགས་པའོ། །དེ་ཉིད་བསྒོམ་པར་བྱ་བར་འགྱུར། །ཞེས་པ་ནི་ངེས་པའོ། །དེའི་རང་བཞིན་ཉིད་ཀྱིས་ན་ཀུན་གཞི་རྣམ་པར་ཤེས་པ་དེ་རབ་ཀྱི་མཐར་སོང་བའི་ཕྱིར་རོ། །བསྒོམ་པའི་དངོས་པོ་དང་སྒོམ་པ་པོ་གཅིག་ཏུ་འདྲེས་པའི་བདག་ཉིད་ཅེས་པའི་དོན་ཏོ། །གང་ཚེ་ལས་ཀྱི་ལུས་ཞིག་ན། །དེ་ལྟ་བུ་ཡི་ལུས་སུ་འགྱུར། །ཞེས་པ་ནི་འདིར་གང་ཚེ་འཆི་བའི་དུས་སུ་ཕུང་པོ་ལྔ་རྣམས་འཇིག་པར་འགྱུར་བ་དེའི་ཚེ་ལུས་དང་ངག་དང་སེམས་ཀྱི་ལས་རྣམས་ཀྱང་འཇིག་གོ །འོན་ཀྱང་སྔ་མ་ལ་ལྟོས་པའི་ཕྱིར་བག་ཆགས་ཀྱང་འཇིག་པས་ཆོས་ཐམས་ཅད་ལ་དམིགས་པ་དགེ་བའམ་མི་དགེ་བའི་འབྲས་བུར་འགྱུར་རོ། །དེའི་ཕྱིར་འདིར་ཡང་དཔལ་ཧེ་རུ་ཀ་ལ་སོགས་པའི་དམིགས་པས་དེ་འདྲ་བའི་ལྷ་རུ་འགྱུར་རོ། །དེ་ལྟར་རྣལ་འབྱོར་པས་འཆི་བའི་ཚེ་གང་དང་གང་གི་གཟུགས་བཟང་བ་དེ་དང་དེ་རུ་སྣང་ངོ༌། །ཇི་ལྟར་སྐྱེས་པའམ་བུད་མེད་
འགའ་ཞིག་གཉིད་མ་ལོག་པའི་གནས་སྐབས་སུ་ཆགས་པ་ཡིད་ལ་བྱེད་པ་དེ་ཉིད་ཀྱིས་གཉིད་ལོག་པའི་གནས་སྐབས་སུ་རྣམ་པར་རྟོག་པས་རྨི་ལམ་དུ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །གང་གི་ཕྱིར། འགའ་ཞིག་གཉིད་ལོག་སད་པ་ན། །རེག་དང་ཉམས་སུ་མྱོང་མི་རྙེད། །དེས་ན་དེ་ནི་བརྫུན་པར་འགྱུར། །དེ་འདི་སེམས་ཀྱི་ཐོ་འཚམས་པའོ། །དེའི་ཕྱིར་རྣལ་འབྱོར་པའི་སེམས་ཉིད་ལྷའི་གཟུགས་སུ་འགྱུར་རོ། །ད་ཡི་ནུས་པ་དེ་ཚེ་དེས། །གང་གིས་བརྟན་དང་གཡོ་བ་ཁྱབ། །ཅེས་པ་ནི་ལྷ་དེའི་གཟུགས་ཀྱི་ནུས་པ་ནི་སྟོབས་སོ། །དེ་ཚེ་ཞེས་པ་ནི་ངེས་པར་གཟུང་བའོ། །དེའི་ཞེས་པ་ནི་སྒྲུབ་པ་པོའི་འོ། །གང་གིས་ཁྱབ་ཅེས་པ་ནི་སྟོང་ཀའི་ནམ་མཁའ་ཉི་མ་ཕྱེད་དུ་སྣང་བ་ལྟ་བུ་ཀུན་གཞི་རྣམས་པར་ཤེས་པ་དེས་ཁྱབ་པའོ། །བརྟན་གཡོ་ཞེས་པ་ནི་ཁྱབ་བྱའོ། །བརྟན་པ་ནི་སྣོད་ལ་སོགས་པའོ། །གཡོ་བ་ནི་རྐང་གཉིས་པ་དང་རྐང་བཞི་པ་ལ་སོགས་པའོ། །དེ་ལྟར་ཐམས་ཅད་ཀྱིས་ཁྱབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཆོས་རྣམས་ཐམས་ཅད་ཀྱི་རྟག་པ་ཉིད་ཀྱིས་ན་ཁྱབ་པར་བྱེད་པ་ནི་ཆོས་ཀྱི་སྐུའོ། །རྣལ་འབྱོར་དེ་ཉིད་ཀྱི་སེམས་རྡོ་རྗེ་འཆང་ལྷའི་གཟུགས་དེས་ཕྱི་དང་ནང་གི་གཟུགས་རྣམས་ལ་ཁྱབ་པའོ། དེ་ཡི་ཁ་དོག་ཤེས་པར་བྱ། །ལུང་དང་མཉམ་པ་ལྟ་བུའོ། །ཞེས་པ་ནི། དེའི་ལྷའི་བདག་ཉིད་ཀྱི་སེམས་ཀྱིའོ། །ཁ་དོག་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ནག་པོ་དང་ལྗང་གུའོ། །གང་ལུང་དང་མཉམ་པ་ལྟ་བུ་ཞེས་པ་ནི་བྱ་བ་དང༌། སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་དང་རྣལ་འབྱོར་བླ་མའི་རྒྱུད་རྣམས་སུ་གང་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཞི་བ་ལ་སོགས་པའི་ལས་ཀྱི་ཚུལ་གྱིས་ཤེས་པར་བྱ་ཞེས་པ་དེ་ཉིད་སྒྲུབ་པ་པོས་མོས་པའི་དབང་གིས་ལྟེ་བར་མཚོན་པར་བྱའོ། །ཡང་ན་ཁ་དོག་ཐམས་ཅད་དོ། །མྱ་ངན་འདས་ནས་དཔའ་བོ་ནི། །གོས་པ་མེད་ཅིང་དྲི་མས་སྦགས། །ཞེས་པའམ། མྱ་ངན་འདས་ཞེས་པ་ནི་ཆོས་སྐུའོ། །དཔའ་བོ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །མི་འཛག་པའི་ཕྱིར་དཔའ་བོ་སྟེ། ཡན་ལག་མ་རྣམས་ཀྱིས་བདེ་བ་ལ་རེག་པས་རེས་འགའ་ཡང་འཛག་པར་
མི་འགྱུར་ཞེས་པའི་དོན་ཏོ། །ཡང་ན་དཔའ་བོ་དང་བཅས་པའི་ལྷན་ཅིག་སྐྱེས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་རྣམས་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་བཞུགས་པ་ནི་དཔའ་བོ་སྟེ། མི་འཛག་པའི་རྒྱུད་ཅེས་པའི་དོན་ཏོ། །ཡང་ན་བདུད་བཞི་བཅོམ་པའི་ཕྱིར་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་ཅིང་ཕྱིར་མི་ལྡོག་པའི་ཕྱིར་དཔའ་བོའོ། །ཡང་ན་དཔའ་བོ་རྣམས་ཐུལ་བའི་ཕྱིར་དཔའ་བོའོ། །གོས་པ་མེད་ཅེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་ལ་སོགས་པས་ནི་གོས་པ་སྟེ། ནམ་མཁའ་ལ་སྤྲིན་བཞིན་འགེབས་པར་བྱེད་པ་དེ་བཞིན་དུ་སེམས་ལ་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གློ་བུར་བའི་དྲི་མ་རྣམས་ཀྱིས་འགེབས་པར་བྱེད་དོ། །དེ་རྣམས་དང་བྲལ་བ་ནི་གོས་པ་མེད་ པ་སྟེ། ལོངས་སྤྱོད་རྫོགས ་པའི་སྐུའོ། །དྲི་མས་སྦགས་ཞེས་པ་ནི་སྦྲུལ་པའི་སྐུའོ། །དེ་ཡང་མ་དང་ལ་ཡང་དག་པར་སྦྱོར་བའི་དབང་གིས་ཕུང་པོ་ལྔ་ལ་སོགས་པ་རྣམས་ལ་རྟེན་པར་བྱེད་དོ། །དྲི་མ་དེ་རྣམས་ཀྱིས་འོད་གསལ་བའི་ཡེ་ཤེས་སྟོང་པ་དང༌། སྙིང་རྗེའི་བདག་ཉིད་ཀྱི་སེམས་སྦགས་པའོ། །གང་གི་ཕྱིར་ཕུང་པོ་ལྔ་མ་གཏོགས་པར་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་མི་འགྱུར་རོ། །རྒྱུ་དེས་ན་སྐྱེས་རབས་སྣ་ཚོགས་པ་རྣམས་སུ་འཁྲུངས་པའི་ཕྱིར་མ་འོངས་པར་ཡང་སྦྲུལ་པའི་སྐུས་ཅུང་ཟད་འདོད་ཆགས་ལ་བརྟེན་པའི་ཐུགས་ཀྱིས་རྟེན་པར་བྱེད་དོ། །འདོད་ཆགས་ནི་སེམས་ཀྱི་དྲི་མ་སྟེ། དངོས་པོ་རྣམས་ལ་ཆགས་པའི་དྲི་མས་དེས་སྦགས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་འཇུག་པའི་དོན་ཏོ། །དེ་ལྟར་སྐུ་བཞི་གོ་རིམས་བཞིན་རྣལ་འབྱོར་པ་རྣམས་དང་འབྲེལ་པར་བྱའོ། །ད་ནི་ཕྱི་དང་ནང་དུ་རྩའི་དབྱེ་བས་འཕོ་བ་བཅུ་གཉིས་ཀྱི་དབང་གིས་ས་བཅུ་གཉིས་བསྟན་པ་དང༌། རིགས་ཀྱི་རྣལ་འབྱོར་མ་རྒྱུ་བའི་དམ་ཚིག་བསྟེན་པའི་ཕྱིར་མ་དང་སྲིང་མོ་ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་ལྟེ་བར་འཁོར་ལོ་རྩིབས་བཅུ་གཉིས་པའི་རང་བཞིན་ཐུན་མོང་དུ་བསྟན་པའོ། །འོན་ཀྱང་ཚད་མ་ནི་རྩིབས་བཅུའོ། །དེ་ཅི་ཞེ་ན། འདིར་ཕྱོགས་བརྒྱད་ཀྱི་དབྱེ་བས་རྩིབས་བརྒྱད་ཐུན་བརྒྱད་
ཀྱི་བདག་ཉིད་དོ། །དེ་བཞིན་དུ་ཐུན་ཚོད་གཉིས་དབྱེ་བས་གཉིས་ལྷག་པའོ། །དེ་ལྟར་རྩིབས་བཅུ་དཀྱིལ་འཁོར་བཅུ་འབབ་པའི་ཕྱིར་ཡང་བཅུའོ། །དེའི་འོག་དང་སྟེང་གི་དབྱེ་བས་འདབ་མ་གཉིས་ཏེ། རྩ་གཉིས་ཁུ་བ་དང་ཁྲག་འབབ་བའོ། །དེ་ལྟར་རྩིབས་བཅུ་གཉིས་འདིར་རིམ་པ་བཞིན་རྩ་རྣམས་འདུས་ཏེ། མ་ནི་སེར་སྐྱ་མའོ། །སྲིང་མོ་ནི་ཡིད་བཟངས་མའོ། །བུ་མོ་ནི་ཨི་ཊའོ། །གཉེན་མོ་ནི་སྣར་མའོ། །བྲམ་ཟེ་མོ་ནི་གླང་པོ་ཆེའི་ལྕེའོ། །རྒྱལ་རིགས་མོ་ནི་རྒྱལ་ཞེས་པའོ། །རྗེའུ་རིགས་མོ་ནི་རྒྱལ་མའོ། །དམངས་རིགས་ནི་ཨི་དའོ། །གར་མཁན་མ་ནི་སྲེག་མའོ། །ཚོས་མཁན་མ་ནི་དུང་ཅན་མའོ། །འོག་ཏུ་ཡེ་ཤེས་ཅན་ཏེ་དེ་ནི་གཡུང་མོའོ། །སྟེང་དུ་རྣམ་པར་ཤེས་པ་སྟེ། དེ་ནི་གཏུམ་མོར་ཤེས་པར་བྱའོ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཞེས་པ་ནི་ཤེས་རབ་ནི་རྣལ་འབྱོར་མ་བཅུ་གཉིས་སོ། །དེ་རྣམས་ཀྱི་ཐབས་ནི་སྲོག་ལ་སོགས་པའི་རླུང་རྣམས་སོ། །ཆོ་ག་ཡིས་ཞེས་པ་ནི་དུས་ཀྱི་ཁྱད་པར་གྱིས་སོ། །མཆོད་པར་བྱ་ཞེས་བྱ་བ་ནི་ཇི་ལྟ་བའི་དུས་ཀྱིས་ཉེ་བར་མཚོན་པར་བྱའོ། །དེ་ཉིད་རིག་པས་ཞེས་པ་ནི་རྣལ་འབྱོར་པ་དེ་ཁོ་ན་ཉིད་ཚོལ་ཞིང་རིག་པ་དེ་ནི་དེ་ཉིད་རིག་པའོ། །དེ་ཁོ་ན་ཉིད་ཅེས་པ་ནི་རང་རིག་པའི་ཡེ་ཤེས་རབ་ཀྱི་གནས་སྐབས་སུ་སོན་པས་རྡོ་རྗེ་འཛིན་པ་ཆེན་པོའི་ས་ཐོབ་བོ། །དུས་འདིའི་ཆོ་ག་མ་གསུངས་ཀྱང་བླ་མ་བརྒྱུད་པ་ལས་རྟོགས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། རྩིབས་བཅུའི་དབྱེ་བ་རྣམས་ལ་རྩིབས་རེ་རེ་རྩ་རེ་རེའི་བདག་ཉིད་ཀྱིས་འཕོ་བ་བཅུར་འགྱུར་ཏེ། འོག་དང་སྟེང་གི་རྩ་ཉིད་ཀྱིས་དབྱེ་བས་ཐུན་ཚོད་བཞི་དང་ལྷན་ཅིག་འཕོ་བ་གཉིས་སོ། །ཅིའི་ཕྱིར་ཞེ་ན། ཕྱི་རོལ་དུ་ཡང་ལུག་དང་སྲང་གི་འཕོ་བའི་དུས་གཉིས་མཉམ་པའི་ཕྱིར་རོ། །དེ་ལྟར་ནང་དུ་མཉམ་པར་སྦྱོར་བའི་ཕྱིར་རྡོ་རྗེ་ལྟ་བུར་སྲོག་དང་ཐུར་སེལ་འགོག་པས་རྩ་གཉིས་རྟོགས་པར་བྱའོ། །དེ་ལྟར་འཕོ་བ་བཅུ་གཉིས་ཉེ་བར་མཚོན་པར་བྱའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་གི་བདག་ཉིད་དོ། །དེ་ཡང་འཕོ་བ་རེ་རེ་ལ་གཡོན་དང་གཡས་ཀྱི་སྣའི་བུ་གའི་དབྱེ་བས་དཀྱིལ་འཁོར་ལྔ་ལྔ་རྒྱུ་པར་འགྱུར་ཏེ། དཀྱིལ་འཁོར་རེ་རེ་ལ་སུམ་བརྒྱ་དྲུག་ཅུའི་སྲོག་རྣམས་སུ་
འགྱུར་རོ། །དེ་ལྟར་དབྱུག་ཚོད་དྲུག་ཅུ་དང་རྩ་དྲུག་ཅུ་རྣམས་སུ་ཡང་འགྱུར་རོ། །དེ་བཞིན་དུ་ཨ་ཝ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆ་ལ་དཀྱིལ་འཁོར་བཅུ་གཉིས་སུ་བརྗོད་དེ། དེ་རྣམས་ལྷན་ཅིག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་རྣམས་ལས་རྣལ་འབྱོར་མ་དང༌། །རྣལ་འབྱོར་གྱི་རྒྱུད་རྣམས་སྐྱ་བ་བརྗོད་དོ། །དེ་ལ་དེ་ལྟར་སྤྲོ་བ་དང་སྡུད་པ་དང་གཡོན་གྱི་རྩ་རྣམས་ལ་རྣལ་འབྱོར་མའི་རྒྱུད་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་གཡས་ཀྱི་རྩ་ལ་རྣལ་འབྱོར་གྱི་རྒྱུད་དྲུག་ཏུ་འགྱུར་རོ། །དེ་ཡང་གཡོན་རྣམས་ལ་འཁོར་ལོ་སྡོམ་པ་དང༌། གདན་བཞི་པ་དང༌། རྣལ་འབྱོར་རྗེས་སུ་རིག་པ་དང༌། ཀུན་དུ་སྤྱོད་མ་དང༌། བརྗོད་པ་བླ་མ་དང༌། ཧེ་རུ་ཀ་མངོན་པར་འབྱུང་པའོ། །དེ་བཞིན་དུ་གཡས་རྣམས་ལ་འདུས་པ་དང༌། སྒྱུ་འཕྲུལ་དྲ་བ་དང༌། རྡོ་རྗེ་བདུད་རྩི་དང༌། རྡོ་རྗེ་འཇིགས་བྱེད་དང༌། གཤིན་རྗེའི་དགྲ་དང་དཔལ་མཆོག་དང་པོའོ། །དེ་ལྟར་རྣམ་པ་གཉིས་ནི་ཁ་སྦྱོར་ཞེས་བརྗོད་དེ། དུས་ཀྱི་ཕོ་ཉ་དྲུག་དྲུག་གི་དབྱེ་བས་སོ། །དེ་ལས་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་དག་འབྱུང་སྟེ། སུམ་ཅུ་གཉིས་དྲུག་ཅུར་འགྱུར་ཞེས་སྦྱར་རོ། །དེ་ལས་དཔལ་དགྱེས་པའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ཞེས་རྟོག་པ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེས་ན་རྒྱུད་ཉུང་ངུར་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་རྩ་གཉིས་གསུངས་ཏེ། དེ་ནི་སྡུད་པའི་དོན་ཏོ། །དེ་དེ་ལྟར་མི་ཤེས་པའི་སེམས་ཅན་རྣམས་ལ་ཁ་སྦྱོར་ཐིག་ལེ་ལས་བྱུང་བའི་རྣལ་འབྱོར་གཙོར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །སླར་ཡང་རྩ་འདི་དག་རྣམས་ཀྱི་རྩིབས་བཅུ་གཉིས་རྣམས་ལ་རླུང་རྣམ་པར་གཞག་པ་བརྗོད་དེ་སྲོག་དང༌། ཐུར་སེལ་དང༌། མཉམ་པ་དང༌། གྱེན་རྒྱུ་དང༌། ཁྱབ་བྱེད་ལྔའོ། །ཀླུ་དང༌། རུས་སྦལ་དང༌། རྩངས་པ་དང༌། ལྷ་ས་བྱིན་དང༌། ནོར་རྒྱལ་ཞེས་པ་བཅུ་ནི་རྩིབས་བཅུ་ལའོ། །དེ་བཞིན་དུ་འོག་དང་སྟེང་དུ་ཡེ་ཤེས་འཆར་བ་དང༌། རྣམ་པར་ཤེས་པ་འཆར་པའོ། །དེ་རྣམས་ཀྱི་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་དཀྱིལ་འཁོར་རྒྱུ་བའི་དབང་གིས་དང་བླ་མའི་མན་ངག་གི་དབང་གིས་ཨ་ཝ་དྷཱུ་ཏཱིར་སྲོག་རྒྱུ་བས་འཕོ་བའི་དཀྱིལ་འཁོར་རྣམས་འགོག་པར་འགྱུར་རོ། །རྒྱུན་དུ་གོམས་
པའི་སྦྱོར་བའི་ཡན་ལག་བཅུ་གཉིས་རྣམས་འགོག་པར་འགྱུར་རོ། །དེས་ན་ས་བཅུ་རྣམས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་ཏེ། གང་གི་ཕྱིར་མ་ཞེས་པ་ལ་སོགས་པ་ཆོས་མཁན་མའི་མཐར་ཐུག་པར་རབ་ཏུ་དགའ་བ་ལ་སོགས་པས་ས་བཅུ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡོན་ཏན་དོན་དམ་པའི་བདེན་པའོ། །འདིའི་རྒྱུ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པའི་རྩ་རྣམ་པ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེས་རབ་ཏུ་ཐོབ་པའི་སངས་རྒྱས་ཀྱིས་ཀུན་དུ་འོད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཡང་དག་པའི་མཐའ་ནི་གཡུང་མོ་ཞེས་བརྗོད་དོ། །དང་ནི་སྡུད་པའི་དོན་ཏོ། །དེ་དག་ནི་མ་གསུངས་ཀྱང་དོན་གྱིས་རྟོགས་པར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་སྙིང་རྗེའི་དབང་གིས་མོས་པས་སྤྱོད་པའི་ས་ནི་བཅུ་གཉིས་སོ། །དེ་ཡང་དང་པོར་འགྱུར་ཏེ། གང་གི་ཕྱིར་རྣལ་འབྱོར་པའི་བསམ་གཏན་ཐམས་ཅད་ཀྱི་དང་པོར་སྙིང་རྗེ་ལ་དམིགས་པའི་བསམ་གཏན་དེ་བཞིན་གཤེགས་པས་བསྟན་ཏོ། །དེ་ཡང་གཏུམ་མོ་ཞེས་བརྗོད་དེ་ཤིན་ཏུ་གདུག་ཅིང་གཏུམ་པའི་ལོག་པའི་ཆོས་ཀྱིས་ཉེ་བར་བསྣུན་པ་རྣམས་ཀྱིས་བློ་ངན་པ་རྣམ་པར་གཞོམ་པའི་ཕྱིར་དྲག་པོ་ལ་སོགས་པའི་གཟུགས་དང་སྙིང་རྗེས་བརླན་པའི་ཐུགས་ཀྱིས་ལས་ཚོགས་སྣ་ཚོགས་པ་དེ་བཞིན་གཤེགས་པས་གསུངས་སོ། །དེའི་ཕྱིར་གཏུམ་མོས་གཏུམ་པོའི་ལས་རྣམས་གཞོམ་པའི་ཕྱིར་སྟེང་གི་རྩ་དགག་གོ །དེ་ལྟར་སྲོག་དང་ཐུར་སེལ་གྱི་སྦྱོར་བའི་ཤེས་རབ་དང་ཐབས་ཀྱི་ཆོ་གའི་སྦྱོར་བ་དེས་རྡོ་རྗེ་ལྟ་བུའི་སེམས་མཆོད་པར་བྱའོ། །ཡང་ན་དབང་གི་དུས་སུ་རྣལ་འབྱོར་མ་བཅུ་སློབ་མས་སློབ་དཔོན་ལ་དབུལ་བར་བྱའོ། །གཡུང་མོ་དང་གཏུམ་མོའི་བུ་མོ་སྐྱེ་གནས་མ་ཉམས་པ་གཉིས་ཁྲུས་ཀྱི་དོན་དུ་ཡང་དབུལ་ལོ། །དེ་རྣམས་དང་ལྷན་ཅིག་སློབ་དཔོན་གྱིས་སྙོམས་པར་འཇུག་པར་བྱ་སྟེ། སློབ་མ་ལ་གསང་བའི་དབང་བསྐུར་བའི་རྒྱུར་རོ། །དེ་ཡང་བུང་བ་དང་འདྲ་བ་ཁ་ཕྱེ་བ་དང་དཔྱང་ཐག་དང༌། བསྐུམས་པ་དང༌། བརྐྱང་བ་ལ་སོགས་པ་འབྱེད་པའི་ཚོགས་འདོད་པའི་བསྟན་བཅོས་སུ་གསུངས་པའི་ཚུལ་གྱིས་རྟོགས་པར་བྱའོ། །དེ་བཞིན་དུ་བཅུའི་ནང་ནས་གཅིག་དབང་ཕྱི་མའི་དོན་དུ་སློབ་མ་ལ་གཏད་པར་བྱའོ། །གཅིག་
ཀྱང་འབྲས་བུ་དང་རྒྱུའི་དབང་གིས་བཅུར་འགྱུར་ཏེ། དེ་ཅི་ཞེ་ན། གསུངས་པ། དང་པོ་ནུ་མ་ལ་རེག་པའི་ཕྱིར་མ་ཞེས་བརྗོད་དོ། །དེ་ཡང་གདུང་བ་དང་བཅས་པས་ལྟ་བ་ནི་སྲིང་མོའོ། །བརྩེ་བ་བརྟན་པས་འཁོར་བའི་སྡུག་བསྔལ་སེལ་ཏོ། །ད་ནི་ངེས་པར་གཟུང་བའོ། །དེ་ཡང་ཐམས་ཅད་ཀྱི་རྗེས་སུ་འབྲེལ་པར་བྱའོ། །དེ་བཞིན་ཞེས་པ་ནི་མ་ལྟ་བུ་དང་སྲིང་མོ་ལྟ་བུའོ། །བུ་མོ་ལྟ་བུ་ཞེས་པ་ནི་ཡང་དང་ཡང་དུ་འོ་བྱ་བའི་ཕྱིར་རོ། །དེ་བཞིན་དུ་གཉེན་མོ་ནི་འཁྱུད་པའི་ཕྱིར་རོ། །བྲམ་ཟེ་མོ་ནི་དམ་པའི་དོན་རིག་པའོ། །རྒྱལ་རིགས་མ་ཞེས་པ་ནི་ཤིན་ཏུ་ཆགས་པའི་སྦྱོར་བས་རེས་འགའ་ཡང་ཡོངས་སུ་མི་ཚིམ་པའོ། །ཡང་ན་ཤིན་ཏུ་གདུངས་པས་ཀྱང་མི་ཚིམ་པའོ། །ཡང་ན་བྲམ་ཟེ་མོ་ཞེས་པ་ནི་ཚངས་པའི་གནས་སུ་ཤེས་པར་བྱ་བ་སྟེ། རང་གི་ལག་པས་མཚན་མ་བཟུང་ནས་རང་གི་མཚན་མར་རེག་པར་བྱེད་པའོ། །དེ་བཞིན་དུ་རྗེའུ་རིགས་མོ་ཞེས་པ་ནི་ཆ་ལུགས་སྣ་ཚོགས་པའམ་གཟུགས་སྣ་ཚོགས་པས་འདོད་པའི་བསྟན་བཅོས་ཀྱི་ཚུལ་གྱིས་སྲིད་ཅེས་པའམ། ཧ་ཞེས་པ་འདོན་པའོ། །དེ་བཞིན་དུ་དམངས་རིགས་མོ་ནི་འཛག་པ་སྟེ། ཇི་ལྟར་རིའི་རྩེ་མོ་ནས་ཆུ་རྒྱུན་འཛག་པ་དེ་བཞིན་དུ་པདྨའི་ལྟེ་བ་ནས་བྱང་ཆུབ་སེམས་ཀྱི་རྒྱུན་འཇག་པའོ། །དེ་བཞིན་དུ་གར་མཁན་མ་ཞེས་པ་ནི་ཡན་ལག་བརྒྱད་ཀྱིས་བསྐྱོད་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་མཁན་མ་ཞེས་པ་ནི་ཆགས་པ་ཆེན་པོའི་བདེ་བས་མཆོད་པའི་ཕྱིར་སྣ་ཚོགས་པའི་བདེ་བས་བདེ་བ་མི་འཚོར་བར་བྱེད་པའོ། །དེ་ལྟར་འདོད་པའི་གནས་སྐབས་བཅུ་རྒྱས་པ་ལས་ཤེས་པར་བྱའོ། །དེ་ནས་གཡུང་མོ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་དགའ་བའི་དུས་སུ་ཡེ་ཤེས་སྨྲ་མེད་པ་དང་རེག་ཏུ་མེད་པའི་ཕྱིར་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ངག་གི་ལམ་དང་བྲལ་ཞེས་པའི་དོན་ཏོ། །དེ་ཉིད་གཏུམ་མོར་ཤེས་པར་བྱ་སྟེ། རྣམ་པར་རྟོག་པའི་ཤིང་བསྲེག་པས་གཏུམ་མོའོ། །དགའ་བ་དང་བྲལ་བ་རྣམས་བྲལ་བར་བྱེད་ཅིང་དེ་བཞིན་བདེ་བར་བྱེད་པའོ། །དེ་ལྟར་ཕྱི་དང་ནང་གི་སྦྱོར་བ་ནི་དམ་ཚིག་ཅེས་པའི་དོན་ཏོ། །དེ་ནི་འདུས་པས་དམ་ཚིག་ཏུ་བལྟའོ། །དེ་ཉིད་རིག་པས་མཆོད་ཅེས་པ་ནི་གཉིས་ཏེ། སྒྱུ་མ་ལྟ་བུ་དང་རྣམ་
པར་རིག་པའོ། །སྒྱུ་མ་ལྟ་བུའི་ནི་སྔོན་དུ་གསུངས་པའི་འཁོར་ལོ་རྩིབས་བཅུ་གཉིས་པའི་ཚུལ་གྱིས་ས་ལ་བརྟེན་པའོ། །དེའི་ཕྱིར་རྣམ་པར་རེག་པ་ནི་ད་ལྟའི་སེམས་ཅན་རྣམས་ཀྱིས་རང་གི་སེམས་ཀྱི་བསམ་པས་ལས་ཀྱི་ཕྱག་རྒྱ་དང་སྦྱར་བས་སངས་རྒྱས་ཉིད་ཐོབ་པས་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་དམ་ཚིག་བསྲུངས་པ་དང་ཉམས་པའི་སྐྱོན་དང་ཡོན་ཏན་བསྟན་པའི་ཕྱིར། ཇི་ལྟར་དབྱེ་བ་སྐྱེ་མེད་པར། །ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་ཏིང་ངེ་འཛིན་བརྟེན་པའི་དུས་སུ་དེ་ཡང་རབ་ཏུ་འབད་པས་བརྟེན་པར་བྱའོ། །རབ་ཏུ་འབད་པས་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་ཉེས་པས་རྩ་རྒྱུ་བའི་དུས་སུ་ཇི་ལྟར་སེམས་རྣམ་པར་གཡེང་བར་མི་འགྱུར་བ་དེ་ལྟར་དུས་འཇིག་པར་བྱེད་དེ་སྐད་ཅིག་མ་གཅིག་ལ་མཚོན་པ་ཞེས་པའི་དོན་ཏོ། །གང་གི་ཕྱིར་རྣམ་པར་གཡེང་བར་འགྱུར་བ་དེའི་ཚེ་ཉེས་པ་སྐྱེ་སྟེ། ཏིང་ངེ་འཛིན་ལ་གནས་པའི་སེམས་ཉམས་སོ། །སེམས་ཉམས་པ་དེས་ཇི་ལྟར་དབྱེ་བ་ཞེས་པ་དུས་ཀྱི་དབྱེ་བ་སྐྱེའོ། །དེས་ན་སྐལ་བ་མེད་པར་འགྱུར་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་གཡེང་བའི་དོན་ཏོ། །དེ་མཐོང་བའི་ཉེས་པའི་ཕྱིར་དམ་ཚིག་ཉམས་པར་འགྱུར་རོ། །ཡང་ནི་དབང་ལ་སོགས་པའི་དུས་སུ་དམ་ཚིག་ལ་སྤྱོད་པའི་དབང་གིས་གསད་པར་མི་བྱེད་ཅེས་པ་ནི་གདུལ་དཀའ་བའི་སེམས་ཅན་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་དེ་མཐོང་བས་སྡུག་བསྔལ་ཞེས་པ་ནི་མནར་མེད་པ་ལ་སོགས་པའི་དམྱལ་བ་རྣམས་སུ་འགྱུར་ཏེ། རྣལ་འབྱོར་གྱི་སྤྱོད་པ་ལ་ཐོ་འཚམས་པ་སྦྲུལ་ལ་སོགས་པས་བསད་ནས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར། དམ་ཚིག་བསྲུངས་པས་དངོས་གྲུབ་འཐོབ། །ཅེས་པ་ནི་ངེས་པའོ། །ད་ནི་རྣལ་འབྱོར་མ་ཞིང་སྐྱེས་བརྒྱད་ཀྱི་རིགས་རྣམས་བསྟན་པའི་ཕྱིར། རིགས་ཀྱི་དབྱེ་བས་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞིང་དང་ཉེ་བའི་ཞིང་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་རིགས་ཀྱི་དབྱེ་བས་ཕྱེ་བ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་བདག་ཉིད་མཚོན་པར་བྱ་བའོ། །དེས་ན་ཉེ་བར་མཚོན་པས་སྒྲུབ་པ་པོ་རྣམས་ལ་
མཆོག་སྟེར་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱི་རིགས་ཀྱི་དབང་གིས་གཅིག་དང་དུ་མའི་སེམས་ལས་བྱུང་བའི་དངོས་པོའི་ཕྱིར་དེས་ན་དག་པའི་རང་བཞིན་གྱིས་འཁོར་ལོ་ལས་ཕྱི་རོལ་དུ་རྣལ་འབྱོར་མ་རྣམས་སྐྱེའོ། །དེས་ན་ཡང་སྒོམ་བ་ཙམ་གྱིས་རྣམ་པར་རྟོག་པའི་དབང་གིས་སྒྲུབ་པ་པོ་རྣམས་ཀྱང་དུས་མཉམ་པ་ལ་སྐྱེའོ། །དེའི་ཕྱིར་གཅིག་ལས་གཅིག་མཐོང་བས་གྲོལ་བར་འགྱུར་རོ། །དེ་ལྟར་ཞིང་བརྒྱད་ཀྱི་རྣལ་འབྱོར་མ་རྣམས་རང་གི་རིགས་དང་འཁྱུད་པས་ཕྱག་རྒྱ་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་རྣམ་པ་ལྔ་རུ་གསུངས་ཏེ། བྲམ་ཟེ་མོ་ལ་སོགས་པའོ། །དེ་བཞིན་གཤེགས་པར་འདོད་ཅེས་པ་ནི་རྣམ་པར་སྣང་མཛད་འདོད་ཅེས་པའོ། །དཔག་མེད་རྡོ་རྗེ་ཞེས་པ་ནི་འོད་དཔག་མེད་པའི་རིགས་ལས་སྐྱེས་པའོ། །ལས་ཀྱི་རིགས་ལས་སྐྱེས་པ་ནི་དོན་ཡོད་པར་གྲུབ་པའི་རིགས་ལས་སྐྱེས་པའོ། །དམངས་མ་མོ་ནི་ཞི་བ་མོ་ལ་སོགས་པའི་རིག་མའོ། །རྣམ་སྣང་མཛད་ནི་ཆེན་པོར་འདོད། །ཅེས་པ་ནི་ནང་དུ་རང་རིགས་པའི་གཟུགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཞེས་པའི་དོན་ཏོ། །རྡོ་རྗེ་ཞེས་པ་ནི་མི་བསྐྱོད་རྡོ་རྗེའོ། །རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་སོ། །ཕྱག་རྒྱ་རྣམ་པ་ལྔར་ངེས་པའོ་ཞེས་པ་ནི་སྔོན་དུ་གསུངས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་རིགས་ལྔ་ལས་སྐྱེས་པ་རྣམས་སོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་ལྔར་ངེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་རིགས། །འདི་ནི་མདོ་རུ་བསྡུས་པར་བརྗོད། །ཅེས་པ་ནི་རིགས་ལྔ་པོ་འདི་དག་ནི་འདོད་ཆགས་ཆེན་པོ་དང༌། ཞེ་སྡང་ཆེན་པོ་དང༌། གཏི་མུག་ཆེན་པོ་དང༌། ཕྲག་དོག་ཆེན་པོ་དང༌། སེར་སྣ་ཆེན་པོའི་རིགས་ལྔའོ། །རིགས་དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་སོང་བ་དེ་བཞིན་གཤེགས་པས་མདོར་བསྡུས་ཏེ་རབ་ཏུ་བསྟན་ཏོ། །འོན་ཀྱང་རིགས་མཐའ་ཡས་པས་ཕྱག་རྒྱ་ཡང་མཐའ་ཡས་ཏེ། གཅིག་ལ་གཅིག་འཁྱུད་པའི་དབང་གིས་རང་གི་རིགས་ལ་མངོན་པར་འགྲོད་པས་དེ་རྣམས་དང་ལྷན་ཅིག་འགྲུབ་པ་ལ་འདིར་སོམ་ཉི་མེད་དོ། །སུའོ་ཞེ་ན། དེ་བཞིན་ཉིད་དུ་སོང་ནས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་མེད་པའི་འོད་གསལ་བ་གྲོལ་བའི་ལམ་གྱི་མཚན་ཉིད་དངོས་པོ་རྣམས་དང་རོ་གཅིག་པར་བྱེད་པའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དེ། དེར་སོང་བ་ནི་སེམས་དང་སེམས་ལས་བྱུང་བའི་དངོས་པོ་གཉིས་སོ། །དཔལ་ལྡན་ཞེས་པ་ལ། དཔལ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ལྡན་ཞེས་པ་ནི་དེ་ལ་རིག་པའི་སེམས་དེའི་བདག་ཉིད་དོ། །དེ་བཞིན་དུ་སླར་འོངས་པ་ཞེས་པ་ནི་དེ་ལས་ཡང་རྟེན་ཅིང་འབྲེལ་པར་འབྱུང་པ་བཞིན་དུ་དེ་ཉིད་ལས་འོངས་པས་སྤྲུལ་པའི་སྐུ་བཟུང་ནས་སེམས་ཅན་གྱི་དོན་བྱེད་ཅིང་སླར་ཡང་དེ་ཉིད་དུ་སོང་ནས་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་རྗེས་སུ་དྲན་པ་སྐུ་བཞི་ཐོབ་པའོ། །དེ་ལྟར། དེ་བཞིན་གཤེགས་པ་སླར་ཡང་བྱོན། །ཞེས་པའི་དོན་ཏོ། །ཤེས་རབ་འདིའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིགས་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔར་གསུངས་པའི་རིགས་ལྔ་པོ་དེའི་ཁྱད་པར་ཉིད་བརྗོད་པའོ། །མཐའ་ཡས་ཞེས་པ་ནི་རང་བཞིན་རྣམས་མཐའ་ཡས་པ་དེས་ན་མཐའ་ཡས་པའི་རིགས་སོ། །བརྒྱ་ཞེས་པ་ནི་རང་བཞིན་དེ་རེ་རེ་ལས་རིགས་བརྒྱར་འགྱུར་ཏེ། དབྱུག་པ་དང་ཡུད་ཙམ་གྱི་དབྱེ་བས་སོ། །དེ་ཡང་སྟོང་ཕྲག་ཏུ་འགྱུར་རོ། །དེ་ལྟར་རིགས་མཐའ་ཡས་པ་ནི་སེམས་སོ། །དེ་བཞིན་དུ་རིགས་བརྒྱ་ནི་ལུས་སོ། །རིགས་སྟོང་ནི་ངག་གོ །ཕྱིས་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་ཞེས་པ་སྟེ། ཉེ་བར་བསྡུ་བའི་དོན་ཏེ། །སླར་ཡང་ཚིགས་སུ་བཅད་པ་ཕྱེད་ཕྱེད་དཀྲུགས་ཏེ་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་བསྟན་ཏོ། །དེ་ཅི་ཞེ་ན། གསུངས་པ། རྡོ་རྗེ་ཞེས་པ་ནི་མི་བསྐྱོད་རྡོ་རྗེ་སྟེ། མི་ཕྱེད་པའི་ཡེ་ཤེས་དེ་འཛིན་པའི་ཕྱིར་རོ། །དེས་སངས་རྒྱས་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་པ་ནི་ནམ་མཁའི་ཁམས་སོ། །རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། ཡང་དག་པའི་ཡེ་ཤེས་འཛིན་པའི་ཕྱིར་རོ། །དེས་སངས་རྒྱས་རྣམས་ཀྱི་ཚོར་བའི་ཕུང་པོ་བསྐྱེད་དེ། རིགས་པའི་ཡེ་ཤེས་ཟེར་བའི་ཕྱིར་རོ། །
པདྨ་ཞེས་པ་ནི་འོད་དཔག་མེད་དེ་པདྨའི་རྩ་བའི་སྣལ་མ་ལྟ་བུའི་རྩ་རྐང་པ་ནས་སྤྱི་བོར་འཛིན་པའི་ཕྱིར་ཡང་དག་པའི་དྲན་པ་དེས་སངས་རྒྱས་རྣམས་ཀྱི་འདུ་ཤེས་ཀྱི་ཕུང་པོ་བསྐྱེད་དེ། ཡང་དག་པའི་ཏིང་ངེ་འཛིན་མངོན་དུ་བྱ་བའི་ཕྱིར་རོ། །ནོར་བུ་ཞེས་པ་ནི་དོན་ཡོད་གྲུབ་པའོ། །ཅིའི་ཕྱིར་ནོར་བུ་ཡིན་ཞེ་ན། ཨིནྡྲ་ནཱི་ལ་ལྟ་བུའི་རལ་གྲི་འཛིན་པའི་ཕྱིར་རོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྣ་ཚོགས་པའམ། འདོད་ཆགས་ལ་སོགས་པ་རྣམ་པ་ལྔ་འཇོམས་པའི་ཕྱིར་དེས་སངས་རྒྱས་ཀྱི་འདུ་བྱེད་ཀྱི་ཕུང་པོ་བསྐྱེད་པར་འགྱུར་རོ། །འཁོར་ལོ་ཞེས་པ་ནི་རྣམ་པར་སྣང་མཛད་དེ་རྣམ་པར་སྣང་མཛད་ཅེས་པའི་རླུང་ཆེན་པོ་དེ་འགོག་པའི་ཕྱིར་དེས་སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་བསྐྱེད་པའོ། །དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་རིམ་པ་བཞིན་དུ་རྟོགས་པར་བྱའོ། །དེའི་ཕྱིར་དཀྲུགས་པས་སྔར་གྱི་ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་བསྟན་པའི་ཕྱིར་རོ། །འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཕྱིར་ཡེ་ཤེས་ལྔ་རྣམ་པར་གཟུང་བའི་ཕྱིར་དེའི་དུས་སུ་རིགས་གཅིག་ནས་བརྩམས་ཏེ། ཇི་སྲིད་གྲངས་མེད་པའི་རིགས་རྣམས་བསྐྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གསུངས་པ། ཕུང་པོ་ལྔའི་ཞེས་པ་ནི་སྲོག་ལྔ་ལ་སོགས་པའི་རླུང་རྣམས་སོ། །དེ་ལྟར་འབྱུང་བ་ཆེན་པོ་ལྔའི་རང་བཞིན་དེ་ནི་བརྟེན་པའོ། །དེ་རྣམས་ཀྱི་རྟེན་ནི་ཕུང་པོ་ལྔའོ། །དེའི་རང་བཞིན་ཁམས་རྣམས་སོ། །ཁམས་རྣམས་ལས་རིགས་རྣམས་འབྱུང་ངོ༌། །དེའི་རིགས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སུ་འགྱུར་ཏེ། བྱ་བ་བྱེད་པ་དང་འབྲེལ་པའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས་གསུངས་ཏེ། དུ་བ་ལས་ནི་མེར་ཤེས་ཤིང༌། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་སོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་ཞེས་པ་ནི་ཕུང་པོ་ལྔ་དང་ཁམས་ལྔ་པོ་དེའི་རང་བཞིན་དུ་བསྐྱེད་པར་འགྱུར་རོ། །དེའི་ཕྱིར་རིགས་ཞེས་པ་ནི་སེམས་ཅན་སྣ་ཚོགས་པའི་ཁམས་རྣམས་སུ་བསྐྱེད་པའོ། །སེམས་
ཅན་ཐམས་ཅད་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ཕྲག་དོག་དང༌། དྲེགས་པ་དང༌། སེར་སྣ་དང་ང་རྒྱལ་གྱི་དྲི་མས་བསྒྲིབས་པ་འགྲོ་བ་དྲུག་ཏུ་སྡུག་བསྔལ་ཉམས་སུ་མྱོངས་བ་མ་ཡིན་ནམ། ཅིའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་རྣམས་སུ་སྐྱེས། གང་གི་ཕྱིར་གསུམ་ལ་སྐྱབས་སུ་འགྲོ་བ་ཙམ་གྱིས་ཀྱང་ངན་འགྲོར་མི་འགྲོ་ན་གཞན་ལྟ་ཅི་སྨོས། གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོའོ། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་ཡིས་ལྷ་ཡི་ལུས་ནི་རྙེད། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བས་ཀྱང་ངོ༌། །ཁྱད་པར་དུས་བཅུའི་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་རྣམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་སྙམ་པའི་དོགས་པ་འགའ་ཞིག་ལ་ཡོད་དེ། དེའི་ཕྱིར་འདིར་ལན་གསུམ་གསུངས་པ། བདེན་མོད་འོན་ཀྱང་མི་ཤེས་པའི་དྲི་མས་བསྒྲིབས་པས་མུ་སྟེགས་པ་ལ་སོགས་པའི་བྱིས་པ་རྣམས་ལོག་པའི་ཆོས་ལ་ཆགས་པ་མི་དགེ་བའི་གྲོགས་ཀྱི་དབང་གིས་ཕྱིན་ཅི་ལོག་གི་ཆོས་རྣམས་ལ་ཡོངས་སུ་རྟོག་གོ །དེའི་ཕྱིར་དེ་རྣམས་ཀྱི་ལྟ་བ་ངན་པ་རྣམས་རྣམ་པར་གཞོམ་པའི་ཕྱིར་དེ་བཞིན་གཤགས་པས་ཆོས་སྣ་ཚོགས་སྟོན་པར་མཛད་དོ། །གང་གི་ཕྱིར་ཏིང་ངེ་འཛིན་བར་བར་དུ་ཆད་པས་ཇི་སྲིད་དུ། སེམས་རབ་ཀྱི་མཐར་ཐུག་པར་མ་གྱུར་པ་དེའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ལེའུ་ཚུལ་གྱིས་དེ་ཁོ་ན་ཉིད་བསྒོམ་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། གང་དམིགས་པས་སེམས་རྩེ་གཅིག་པར་འགྱུར་རོ། །དེ་ཅི་ཞེ་ན། སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ། སྒོམ་པ་པོ་མེད་བསྒོམ་བྱ་མེད། །ཅེས་པ་ནི་འདིར་སེམས་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་དངོས་པོས་དབང་པོའི་སྒོ་ནས་ཕྱིའི་དངོས་པོ་རྣམས་ལ་འཇུག་པར་འགྱུར་རོ། །དེའི་ཕྱིར་ཕུང་པོ་ལྔའི་ང་རྒྱལ་ལས་སླར་ཡང་དགེ་བ་དང༌། མི་དགེ་བའི་བག་ཆགས་ཀྱི་དབང་གིས་མ་དང༌། ཕ་ཡང་དག་པར་སྦྱོར་བས་ཕུང་པོ་དང་ཁམས་ལ་སོགས་པ་ལ་བརྟེན་པ་འཛིན་ཏོ། །གང་ལས་ཤེ་ན། སེམས་ཀྱི་རྟོག་པའི་དངོས་པོ་ལས་
སོ། །སེམས་ཀྱང་མི་བདེན་པ་ཏེ། མི་བདེན་པ་ལ་བརྟེན་པར་ཡོངས་སུ་བརྟགས་པ་དེས་འཁོར་བར་འཆིང་བར་འགྱུར་ཏེ། མི་ཤེས་པས་སོ། །འདི་ནི་འགལ་ལོ། །ཅི་ཞེ་ན། དེར་བསྟན་པ་ཅི་གང་དང་གང་བསྟན་པས་སེམས་ཅ་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཟད་པར་བྱེད་དོ། །དེ་ཡང་རྣམ་པར་རྟོག་པའི་བདག་ཉིད་དུ་འགྱུར་ཏེ། སྡུད་པར་བྱེད་པས་གསུངས་པའི་དམ་པའི་ཆོས་སྣ་ཚོགས་པའི་གླེགས་བམ་གྱི་ཚུལ་གྱིས་དེ་རྣམས་སུ་ངག་གི་རྣམ་པར་རྟོག་པས་དངོས་པོའི་དཔེ་བརྗོད་པའི་ཕྱིར་རོ། །དེ་འདིར་བརྗོད་དེ། འདིར་སངས་རྒྱས་རྣམས་ཀྱིས་གཟུང་བ་དང་འཛིན་པའི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དང༌། ཉོན་མོངས་པ་རྣམས་སྤངས་པའི་ཕྱིར་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་ལམ་བསྐྱེད་དོ། །གང་གི་ཕྱིར་དགྲ་བཅོམ་པ་རྣམས་ཀྱི་ནི་ལྷག་མ་དང་བཅས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ལམ་དུ་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་སེམས་རང་བཞིན་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །འོན་ཀྱང་ཀུན་རྫོབ་ཀྱི་རྒྱུས་སེམས་མིང་ཙམ་དུ་བརྗོད་དོ། །དེ་ལྟར་ཡང་རྒྱལ་བའི་ཡུམ་ལས་གསུངས་ཏེ། རབ་འབྱོར་སེམས་གང་སེམས་དེ་ནི་སེམས་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་སེམས་དེ་ནི་སེམས་མེད་པའོ། །དེ་བཞིན་དུ་ཡང༌། ཡོད་པ་མ་ཡིན་མེད་པ་མིན། །ཡོད་དང་མེད་པ་གཉིས་ཀ་མིན། །གཉི་གའི་བདག་ཉིད་མེད་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་ཤེས། །དེ་ཕྱིར་སྒོམ་པ་པོ་མེད་དེ། །སེམས་མེད་ཅེས་པའི་དོན་ཏོ། །དེ་མེད་པའི་ཕྱིར་ཕུང་པོ་ལྔའི་ང་རྒྱལ་ཡང་མེད་དེ། ཕུང་པོ་ལྔ་མེད་པའི་ཕྱིར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱང་མེད་དོ། །སྐྱེ་མཆེད་རྣམས་མེད་པས་འཛིན་པ་ཡང་མེད་དོ། །འཛིན་པ་མེད་པས་གཟུང་བའི་དངོས་པོ་ཡང་མེད་དོ། །ཅིའི་ཕྱིར་མེད་ཅེ་ན། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །ཁམས་རྣམས་ཀྱི་གོང་བུ་རྡུལ་ཕྲ་རབ་ཏུ་སོན་ཅིང་རྡུལ་ཕྲ་རབ་ཀྱང་ཆ་དྲུག་ཏུ་ཕྱེ་ཞིང་ཕྱོགས་ཆ་དྲུག་གི་དབྱེ་བས་ཆ་མེད་པ་ཉིད་དུ་འགྱུར་བའོ། །དེ་ལྟར་ཕུང་པོ་ལྔ་དང་སྐྱེ་
མཆེད་རྣམས་བདེན་པར་མེད་དོ། །དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས། །བདེན་པ་མ་ཡིན་བརྫུན་པ་མིན། །སྒྱུ་མའི་དཔེ་ནི་བཅུ་གཉིས་ཀྱིས། །རྟོགས་པར་བྱའོ་འདི་ལྟ་སྟེ། །སྒྱུ་མ་དང་ནི་སྨིག་རྒྱུ་དང༌། །དྲི་ཟ་ཡི་ནི་གྲོང་ཁྱེར་དང༌། །མདུན་གྱི་ཆུ་ཡི་ཟླ་བ་དང༌། །མེ་ལོང་གི་ནི་གཟུགས་བརྙན་དང༌། །དེ་བཞིན་རྨི་ལམ་དཔའ་བོའི་གཞུ། །སྤྲིན་གྱི་གྲིབ་མ་གསལ་སྣང་དང༌། ཆུ་ཡི་ཆུ་བུར་མིག་འཕྲུལ་དང༌། །མུན་པ་ཡི་ནི་རབ་རིབ་པོ། །དམ་པའི་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་ནི་སྣ་ཚོགས་ཀྱི་དོན་འབྱུང་བའི་ཕྱིར་རོ་ཞེས་པ་ནི་ངེས་པའོ། །རིགས་པ་འདིས་དངོས་པོ་མེད་ཅེས་པ་ནི་རྣལ་འབྱོར་གྱི་སྲེད་པ་བསལ་བའོ། །ཡང་ན་བསྒོམ་པར་བྱ་བ་དང་བསྒོམ་པ་དང་སྒོམ་པ་པོ་བསྒོམ་པར་བྱ་བའི་རྣལ་འབྱོར་ལ་གོམས་བས་ཅུང་ཟད་ཉམས་སུ་མྱོང་བ་དང་བཅས་པའི་སེམས་ཀྱི་ལམ་མཐོང་ངོ༌། །འདི་གཉིས་འདི་ལྟར་བསྒོམ་པར་བྱ་བ་མི་ཕྱེད་པའི་སྦྱོར་བ་བལྟའོ། །རྩ་རྣམས་ཀྱི་རང་བཞིན་གྱིས་འཁོར་ལོས་སྲོག་དང་ཐུར་སེལ་འགོག་པ་ཡང་ཕན་ཚུན་ཕྱི་དང་ནང་འཁྱུད་པའོ། །དེ་ལྟར་བསྒོམ་པ་ཡང་དེ་དག་གི་སྒྱུ་མ་ལྟ་བུ་གསལ་བ་ཙམ་ཉིད་ཀྱིས་ཏེ། གཞན་དུ་དེ་ཁོ་ན་ཉིད་འདི་མོས་པར་བྱ་བ་མ་ཡིན་ནོ་ཞེས་དགོངས་སོ། །ད་ནི་དོན་དམ་པའི་བདེན་པའི་ལྟ་བ་བསྟན་པའི་ཕྱིར་སྔགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པ་རྣམས་ཀྱི་སྔགས་ཞེས་པ་ལ། སྔགས་ནི་རྣམ་པ་གསུམ་མོ། །དེའི་རིམ་པ་ནི་འདི་ལྟ་སྟེ། དབྱིབས་དང་བྱང་ཆུབ་སེམས་དང་རླུང་ངོ༌། །དེ་ལ་དབྱིབས་ནི་རྣམ་པ་གཉིས་ཏེ། སྔགས་དང་དབྱིབས་ཀྱི་བདག་ཉིད་དོ། །དེ་ཡང་ཡིད་སྐྱོབ་པའི་དོན་གྱིས་དེ་བཞིན་ཉིད་ཀྱི་བདག་ཉིད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་དབྱེ་བ་གཉིས་ཏེ། གཅིག་ནི་ལུས་ལ་དབྱིབས་ཀྱི་རྩའོ། །དེ་བཞིན་དུ་བྱང་ཆུབ་སེམས་རྒྱུ་བའི་དུས་སུ་གང་རྣལ་མར་བརྗོད་པ་དེའོ། །དེ་བཞིན་དུ་རླུང་ཡང་རྣམ་པ་གཉིས་ཏེ། གཅིག་ནི་དོན་དམ་པའི་སྲོག་གོ །དེ་བཞིན་དུ་གཉིས་པ་ནི་དེ་རྒྱུ་བའི་ཕྱིར་སྣལ་མ་དང་སྣལ་མ་མེད་པ་སྟེ། སྦས་པ་ཉིད་ཀྱི་ཡན་ལག་དྲུག་གི་སྦྱོར་བས་ཤེས་པའོ། །དེ་ཡང་མེད་དེ། བསྒོམ་པའི་རྣམ་པར་རྟོག་པའི་དབང་གིས་སོ་ཞེས་པ་ནི་ངེས་པའོ། །ལྷ་ཡང་མེད་ཅེས་པ་ནི་དོན་དམ་པར་རང་རིག་པའི་ཡེ་
ཤེས་ཀྱི་ལྷ་དེ་ཡང་མེད་ཅེས་པའི་དོན་ཏོ། །དེ་ཅི་ཞེ་ན། གསུངས་པ། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་དེར་ཅི་ཞིག་རྟོགས་པར་བྱ་ཞེ་ན། སྤྲོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྲོས་པ་མེད་པ་ལས་བཟློག་པ་བསྒོམ་པར་ཀུན་དུ་འཛིན་པའོ། །དེ་བཞིན་དུ་འཁྲུལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཆོས་ཀྱི་དབྱིངས་དང་དེ་བཞིན་དུ་ཡང་བཞི་པ་ལས་འདས་པའི་ཡེ་ཤེས་ཀྱི་ཁམས་སོ། །དེ་དག་གཉིས་མེད་པ་ནི་སྤྲོས་པ་མེད་པ་དམིགས་པ་ཡང་དག་པའི་ཡེ་ཤེ་བདེ་བ་ཆེན་པོའི་རང་བཞིན་འཁྲུལ་པའི་རྒྱུ་ཐམས་ཅད་ཆུབ་བས་ན་སྤྲོས་པ་མེད་པའོ། །ཡང་དག་པའི་ཡེ་ཤེས་དེ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ས་བོན་ཐམས་ཅད་ཟད་པའི་ཕྱིར་རྡོ་རྗེ་འཛིན་པ་ཆེན་པོའི་ས་བཅུ་གསུམ་པ་ཟག་པ་མེད་པས་སྤྲོས་པ་མེད་པ་འོད་གསལ་བའི་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་ཉིད་སྔགས་དང་ལྷ་དེའི་བདག་ཉིད་དུ་བཞུགས་ཞེས་སྦྱར་རོ། །སྔགས་རྣམས་ལས་བྱུང་བའི་ལྷ་ཉིད་སྔགས་ཀྱི་ལྷ་སྟེ། ཡན་ལག་དྲུག་གི་སྦྱོར་བས་འོད་གསལ་བའོ། །གང་གི་ཕྱིར་སྣ་ཚོགས་པ་དེའི་རང་བཞིན་དེའི་བདག་ཉིད་ཅེས་པ་ནི་ངེས་པའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། འོད་གསལ་རང་བཞིན་སྣ་ཚོགས་པ། འོད་གསལ་ལས་ནི་སྣ་ཚོགས་འབྱུང༌། །དེ་ཉིད་འོད་གསལ་བདག་ཉིད་དོ། །འདི་ཉིད་དུ་ནི་ཐིམ་པར་འགྱུར། །འོན་ཀྱང་སྒྱུ་མ་ལྟར་སངས་རྒྱས། །སེམས་ཅན་རྣམས་ཀྱི་ལུས་སུ་འབྱུང༌། །སྣང་བ་ཡི་ནི་རང་བཞིན་ཆོས། །བསྟན་ནས་དེ་ཉིད་དུ་ཐིམ་འགྱུར། །དེ་ལྟར་ཡིད་ཅེས་ཚོགས་པ་རྣམས། །སངས་རྒྱས་རྣམས་ཀྱིས་བསྟན་པ་ནི། །ཡིད་ཆེས་པ་ནི་འབའ་ཞིག་ཙམ། །སེམས་ཅན་རྣམས་ནི་བསྒྲལ་བའི་རྒྱུར། །གང་དང་གང་གི་ལས་ཀྱིས་ནི། །སེམས་ཅན་རྣམས་ནི་བསྒྲལ་བའི་ཕྱིར། །དེ་དང་དེ་ཡི་ལམ་ཉིད་ནི། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན། །ལྟ་བ་དྲུག་ལ་གནས་པ་ནི། །སེམས་ཅན་དེ་ཉིད་འདོད་གང་དག །དེ་རྣམས་རང་གི་སེམས་དབང་གིས། །བསྟན་པ་དེ་ཉིད་ཅེས་སུ་བརྗོད། །ད་ནི་སངས་རྒྱས་བཅོམ་ལྡན་འདས་ཁྱབ་བྱ་དང་ཁྱབ་བྱེད་ཀྱིས་དེ་ཁོ་ན་ཉིད་བསྟན་པ་བརྗོད་དེ་འདིར་དང་པོ་ཉིད་དུ་སངས་རྒྱས་པ་རྣམས་དེ་བཞིན་གཤེགས་པ་དྲུག་གི་གཟུགས་ཀྱིས་དེའི་རང་བཞིན་
གྱི་བདག་ཉིད་རྣམས་ལ་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་སྣང་མཛད་དང་མི་བསྐྱོད་པ། །རིན་ཆེན་དཔག་མེད་སེམས་དཔའ་རྣམས། །ཞེས་པ་ལ་དང་གིས་ནི་དོན་ཡོད་གྲུབ་པ་བཟུང་ངོ༌། །སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ། །དེ་དང་པོ་བརྗོད་པར་འདོད་པས་གསུངས་པ། འདིར་རྡོ་རྗེ་སེམས་དཔའ་གཅིག་པུར་འགྲུབ་པ་རྟོག་པ་ཐམས་ཅད་ཀྱི་ཆོ་ག་དང་གཞན་རྣམས་སུ་བར་བར་དུ་ཇི་ལྟར་འདོད་པ་ངེས་པར་སྦྱོར་བའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། སྣ་ཚོགས་ཆོ་ག་འདོད་རྣམས་ཀྱིས། །སྣ་ཚོགས་ཆོ་གའི་སྦྱོར་བ་ཡིས། །སེམས་ཅན་རྣམས་ནི་འདུལ་དོན་དུ། །བདེ་བ་ཐམས་ཅད་རབ་གྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ཉིད་རྣམ་པར་སྣང་མཛད་ཤིན་ཏུ་སྟོང་པ་དང་ལྡན་པའོ། །དེས་སེམས་ཅན་ཐམས་ཅད་འབྱུང་བའི་ཕྱིར་དེར་འགོག་པའི་ཆོས་ཉིད་ལ་འགོག་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་དེ་རྣམས་ཇི་སྲིད་རྣམ་མཁའི་མཐར་ཐུག་པར་གཞུག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་བསྐུལ་ལོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་གསུངས་པ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །རྣམ་ཐར་ཐམས་ཅད་རྣམ་དག་ཕྱིར། །སངས་རྒྱས་མྱ་ངན་འདས་པ་འཛིན། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མ་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སྙིང་རྗེ་ཐབས་ཀྱི་བདག་ཉིད་དོ། །དེ་ཕྱིར་སྙིང་རྗེ་བཅས་པའི་ཐབས། །ཤེས་རབ་ཕ་རོལ་ཕྱིན་པར་གསལ། །རྣམ་པར་མི་རྟོག་ལྷག་མོས་པས། །རྟོག་པ་ཐམས་ཅད་བརྟག་པར་བྱ། །རྣམ་པར་མི་རྟོག་ཆོས་རྣམས་ལ། སེམས་ཅན་དོན་ནི་ཡོངས་སུ་བརྟགས། །བྲག་ཅ་སྒྲ་ནི་ལྟ་བུ་རུ། །ཆོས་ཀྱི་གསུངས་ནི་བལྟ་བར་བྱ། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་འགྲོ་བའི་དོན་བསྒྲུབ་པ་མཆོག་མཉམ་པ་མེད་པ་རྟག་ཏུ་སྣང་བར་བྱེད་པ་བརྩེ་བ་ཆེན་པོའི་བདག་ཉིད་སྙིང་རྗེ་མི་འདོར་བ་འདིས་རྣམ་པར་སྣང་མཛད་དོ། །དེ་ཉིད་མི་བསྐྱོད་རྡོ་རྗེར་ཀུན་དུ་འབྱུང་སྟེ། ཤིན་ཏུ་གདུག་ཅིང་གཏུམ་ལ་དྲག་པའི་སེམས་ཅན་རྣམས་ཀྱི་ལས་དེས་དུ་
འབོད་བ་ལ་སོག་པར་ལྟུང་ངོ༌། །དེར་ཤི་ནས་སླར་སེམས་ཀྱི་བག་ཆགས་ཀྱི་སྦྱོར་བས་སེམས་ཅན་དུ་འགྱུར་ཏེ། ཤིན་ཏུ་གདུག་པ་ཆེ་རྒྱལ་པོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས། །རིམས་དང་དུག་དང་སྦྱར་དུག་ནད། །མཁའ་འགྲོའི་ཉེ་བར་འཚེ་དང་གདོན། །བདུད་དང་ལོག་འདྲེན་ཉིད་དང་ནི། །ཤིན་ཏུ་གདུག་པ་ཆེན་པོར་འགྱུར། །སྲིད་པ་གསུམ་ནི་རློག་པར་བྱེད། །ལེགས་པ་རྣམས་ནི་ཟད་བྱེད་ཅིང༌། ལྷ་ལ་སོགས་པས་སྐྱོ་བར་བྱེད། །བསྟན་པ་རྣམས་ནི་འཇོམས་པར་བྱེད། །དེའི་ཕྱིར་དབང་བོ་དང་བཅས་པ། །ཚངས་པ་ལ་སོགས་པ་ལ་བརྟེན། །དེ་རྣམས་ཀྱི་སྐྱབས་ལ་ཉེ་བར་བརྟེན་ཏོ། །ཚངས་པ་ལ་སོགས་པ་དེ་རྣམས་ཀྱང་རྡོ་རྗེ་འཛིན་ལ་སྐྱབས་སུ་འགྲོའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། དེའི་ཕྱིར་དབང་པོར་བཅས་པའི་ལྷ། །ཚངས་པ་ལ་ནི་ཉེ་བར་བརྟེན། །ཚངས་པ་དབང་པོར་བཅས་པའི་ལྷ། །ཁྱབ་འཇུག་ལ་ནི་སྐྱབས་སུ་སོང༌། །ཚངས་པ་དང་ནི་ཁྱབ་འཇུག་ལྷ། །ལྷ་ཆེན་པོ་ལ་ཉེ་བར་བརྟེན། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །རྡོ་རྗེ་ཅན་ལ་སྐྱབས་སུ་སོང༌། །ཞེས་སོ། །དེའི་ཕྱིར་མི་བསྐྱོད་རྡོ་རྗེའི་ཏིང་ངེ་འཛིན་གྱིས། དཔལ་ཧེ་རུ་ཀ་ལ་སོགས་པ་དྲག་པོའི་གཟུགས་སྙིང་རྗེ་ཆེན་པོ་ཅན་མངོན་དུ་མཛད་དོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའི་ཡང་དག་པའི་སྦྱོར་བ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སངས་རྒྱས་ཐམས་ཅད་དང་ཁྲོ་བོ་ལ་སོགས་པ་འདུས་པར་བྱའོ། །དེ་རྣམས་ཀྱང་རྡོ་རྗེ་འཆང་གི་བཀའ་ཙམ་གྱིས་འཁོར་གྱི་འཁོར་ལོ་འདུས་པས་ཁམས་གསུམ་ཡང་ངེས་པར་བསྲེག་གོ །གང་ཕྱིར་སངས་རྒྱས་ཀུན་བྱོན་ན། །གཞན་དག་སྨོས་ལྟ་ཅི་ཞིག་དགོས། །ཤིན་ཏུ་གདུག་ཅིང་དྲག་རྣམས་ལ། །ཞི་བ་ཉིད་ནི་ཉེར་མི་སྦྱར། །སངས་རྒྱས་ཀུན་ནམ་ཅི་ཡང་རུང༌། །ཁམས་གསུམ་པ་ནི་ཁྱད་པར་ཉིད། །དེ་ནས་སྣ་ཡི་རྩེ་མོ་རུ། །ཡིད་ཀྱིས་བརྟན་པོར་གཟུང་བར་བྱ། །སྣ་ཡི་དབུགས་ནི་སྤྲོ་བསྡུས་པས། །ཕྱག་རྒྱའི་སྦྱོར་བས་རྒྱལ་བ་ནི། །ཧེ་རུ་ཀ་སོགས་སྤྲོ་བར་འགྱུར། །དེ་ལྟར་ཡང་གླེགས་བམ་ལ་ལར་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བས། །རྡོ་རྗེ་ཁྲོ་བོ་རྣམ་པར་སྤྲོ། །ཧེ་རུ་ཀ་དཔལ་དྲག་ཆེན་པོ། །འཇིགས་པའི་ཐལ་བ་ཉེ་བར་འབར། །སེམས་དཔའ་སྔོན་པོ་འབར་
རང་བཞིན། །འོད་ཀྱི་དཀྱིལ་འཁོར་དམར་འབར་བ། །འཇིགས་པ་ཆེན་པོའི་ལུས་ལྟར་འབར། །དུར་ཁྲོད་ཀྱི་ནི་མེ་ལྟ་བུ། །སྐྲ་ལས་འོད་ནི་ཆེན་པོ་འབར། །ཐོད་པ་དག་ནི་ཅོད་ཕན་བཅིངས། །འཇིག་པ་ཆེན་པོའི་དུས་ལྟར་དྲག །དུར་ཁྲོད་ལྟ་བུར་འཇིགས་ཤིང་གཏུམ། །དྲག་པོ་ལ་སོགས་ཉམས་སྦྱོར་བས། །སྣ་ཚོགས་ཞལ་ནི་རྣམ་པར་འཁོར། །དེ་ནི་རྣམ་འཁོར་སྨིན་མ་གཉེར། །མར་མེ་འོད་ལྟར་གར་བྱེད་པས། །དྲག་པོའི་དབང་པོ་ཉེ་དབང་པོ། །ཟླ་བ་ཉི་མ་གཤིན་རྗེར་བཅས། །སྲིད་པ་གསུམ་ནི་ཉེ་བར་འབར། །ཐལ་བར་འཇིགས་པར་བྱེད་པ་འདི། །རྡོ་རྗེ་ར་བཅས་ཤིང་ཁ་ཊྭཱཾ་བཅས། །དྲིལ་བུ་ར་སིལ་སིལ་སྒྲ་སྒྲོགས་པས། །ཡང་དག་ཕབ་ནས་སླར་ཐམས་ཅད། །ཐལ་བར་སོང་བ་དེ་ཡང་འཚེ། །དེ་ལས་ཉི་མའི་འོད་མི་འབྱུང༌། །གྲིབ་མ་མཆོག་ཏུ་རྣོ་བའོ། །བདུད་ལ་སོགས་པ་མ་ལུས་སྤྲོ། །བདུད་ཀྱི་ཁྲག་ནི་གསོལ་བར་སྤྱོད། །དེ་རྣམས་ལྷན་ཅིག་རྒྱལ་པོ་ནི། །དུར་ཁྲོད་དུ་ནི་ཐལ་བར་བྱེད། །ཐམས་ཅད་རྡོ་རྗེ་མཉམ་པར་སྦྱོར། །མཁའ་འགྲོ་མ་དཀྱིལ་ཉེ་བར་འབར། །ཤིན་ཏུ་གདུག་ཅིང་དྲག་པོ་གཏུམ། །སེམས་ཅན་ཁམས་ནི་རྣམ་དག་ཉིད། །སངས་རྒྱས་ཞིང་ནི་དག་རྣམས་སུ། །སངས་རྒྱས་བྱང་ཆུབ་ལ་ནི་བཞུགས། །རྡོ་རྗེ་ཅན་འདོད་ཁྲོ་སོགས་ཀྱིས། །རྟོག་པ་ཐམས་ཅད་བླ་མེད་པས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཉིད་ནི་རིན་ཆེན་པོ་ནི་རྡོ་རྗེ་ཉི་མའོ། །འདིར་ཤིན་ཏུ་གདུག་ཅིང་བརྐམ་པ་ངེས་སེམས་ཅན་ཐམས་ཅད་འདོད་པའི་བདག་ཉིད་ཅན་དུ་འགྱུར་རོ། །ཤིན་ཏུ་སེར་སྣ་ཆེ་བ་དེས་ཀྱང་སེམས་ཅན་རྣམས་དམྱལ་བར་ལྟུང་བར་འགྱུར་རོ། །དེར་ཡང་ཤིན་ས་ཡང་དབུལ་ཆེས་པར་འགྱུར་རོ། །དེའི་ཕྱིར་ལྟོགས་པ་དང་སྐོམས་པ་ལ་སོགས་པའི་ཉེས་པ་རྣམས་ཀྱི་ཕ་རོལ་གྱི་རྫས་འཕྲོག་པ་དེ་རྣམས་འདུལ་བའི་དོན་དུ་དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བས། །དོན་དམ་པ་ནི་ནོར་ཆེན་པོ། །ཤིན་ཏུ་གདུག་པ་དག་དོན། །རྡོ་རྗེ་ཉི་མ་འབྱུང་བར་འགྱུར། །ནམ་མཁའི་སྙིང་པོ་ཀུན་གྱི་བདག །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །
མཁའ་ལས་བཙུན་མོ་སོགས་རིན་ཆེན། །རིན་ཆེན་ཐམས་ཅད་སྒྱུར་བྱེད་པ། །ཤིན་ཏུ་གདུག་ཅིང་གཏུམ་རྣམས་ལ། །ཞི་བ་ཉིད་ནི་ཉེར་སྦྱིན་མིན། །ཤེས་རབ་ཐབས་དངོས་ཉི་མས་ནི། །སྒྲུབ་པོ་ཐམས་ཅད་གདུང་བར་བྱེད། །བྱེད་པ་དང་ནི་གཟུང་བ་དང༌། །འཕྲོག་པོ་ཡི་ནི་ཁྱད་པར་ཉིད། །འདི་དོན་ཐམས་ཅད་རྣམ་པར་བསམ། །སྲིད་པ་གསུམ་ནི་འདུད་པར་འགྱུར། །ཁམས་གསུམ་རྣམ་པར་རྒྱལ་སོགས་ཀྱི། །རྟོག་པ་ཀུན་གྱི་བླ་མེད་པས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཉིད་འཇིག་རྟེན་མགོན་པོ་སྟེ། །དེ་བཞིན་དུ་པདྨ་གར་གྱི་དབང་ཕྱུག་གོ །ལོག་པའི་ལྟ་བ་ལ་ཆགས་པ་དང༌། དེ་བཞིན་དུ་མུ་སྟེགས་པ་ལ་སོགས་པ་གཞན་ཡང་ངོ༌། །དེས་སེམས་ཅན་ཐམས་ཅད་བསྐྱེད་དེ། དེ་ཡིས་ཀྱང་ཤིན་ཏུ་གདུག་ཅིང་མི་བཟད་པས་དུ་འབོད་ཆེན་པོ་རྣམས་སུ་ལྟུང་བར་འགྱུར་རོ། །དེ་རྣམས་ཀྱི་ཡང་རྣམ་པར་གཞོམ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བ། །རྡོ་རྗེ་སེམས་དཔའ་རྣམ་དག་ཕྱིར། །པདྨ་རཱ་གའི་རང་བཞིན་སྦྱོར། །རྡོ་རྗེ་ཆོས་ནི་རབ་ཏུ་གནས། །ཇི་ལྟར་པདྨ་དམར་པོ་འདི། །འདོད་ཆགས་དྲི་མས་མི་གོས་ཏེ། །དེ་བཞིན་བག་ཆགས་སྐྱོན་རྣམས་ནི། །སྣ་ཚོགས་ཀྱིས་དག་ཁམས་གསུམ་པ། །དེ་ལ་ཀུན་དུ་བ་ལྟས་པའི་ཕྱིར། །དབང་ཕྱུག་དག་གི་རྒྱལ་བར་འགྱུར། །དཔལ་ལྡན་ཀུན་དུ་གཟིགས་དབང་ཕྱུག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར། །བཅོམ་ལྡན་མཆོག་ནི་སྟེར་བའི་མཆོག །སྣ་ཚོགས་འདུལ་བའི་ཐབས་དང་ནི། །སྣ་ཚོགས་འདུལ་བའི་སྤྲོ་བ་ཡི། །སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོ། །པདྨ་གར་གྱི་དབང་ཕྱུག་འགྱུར། །པདྨ་འབར་བ་མཉམ་སྦྱར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །དཔལ་ལྡན་གར་གྱི་དབང་སོགས་ཀྱིས། རྟོག་པ་ཀུན་ནི་བླ་མེད་པས། །ནམ་མཁའི་ཁམས་ནི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས། །ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་དེ་ཉིད་དང་གི་རྟ་མཆོག་ཏུ་བཟུང་སྟེ། ཤིན་ཏུ་བརྩོན་འགྲུས་དམན་པའི་ཕྱིར་དེ་ལས་སེམས་ཅན་ཐམས་ཅད་བསྐྱེད་པར་འགྱུར་ཏེ། །སླར་ཡང་
བརྩོན་འགྲུས་དམན་པ་དེ་ས་མནར་མེད་པའི་དམྱལ་བར་ལྟུང་བར་འགྱུར་ཏེ། དེ་རྣམས་ཀྱིས་བརྩོན་འགྲུས་ཐོབ་པར་བྱ་བའི་ཕྱིར། རྟ་མགྲིན་གྱི་ཏིང་ངེ་འཛིན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་བརྗོད་དེ། དེ་ཉིད་བཅོམ་ལྡན་སྦྱོར་བ་སྟེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་ལྡན་རྟ་ཡི་སྦྱོར་ཆོ་གས། །རྟ་ཡི་མཆོག་ནི་འབྱུང་བར་འགྱུར། ཐམས་ཅད་དག་པར་མོས་པ་ཡིས། །རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ། །ཐམས་ཅད་གནོན་པ་ཉིད་ཀྱིས་ནི། །འཇིག་རྟེན་ཐམས་ཅད་རབ་གཟིར་བྱ། །སེམས་ཅན་ཁམས་ནི་སྣ་ཚོགས་པར། །ཤིན་ཏུ་གདུག་ཅིང་མི་བཟད་གཏུམ། །བྱི་བྱེད་ཆོམ་པོ་གསོད་བྱེད་པ། །ཐམས་ཅད་དེ་ལྟར་རྣམ་སྦྱང་བྱ། །དོར་ཐབས་དང་ནི་རྒྱུད་ཉིད་ཀྱིས། །རབ་བསྒྲུབས་སྟོབས་དང་ལྡན་དེ་བཞིན། །མཚོན་ཆ་ལྔ་དང་ཉེ་མཚོན་ལྡས། །འཇིག་རྟེན་ཀུན་ལས་རྒྱལ་དེ་ཚེ། །འགྲོ་བ་བརྟན་དང་གཡོ་བ་ནི། །མ་ལུས་སྣ་ཚོགས་པ་ནི་འགྲུབ། །སྣ་ཚོགས་འདུལ་བའི་ཐབས་རྣམས་ཀྱིས། །རྒྱལ་སྲིད་ཆགས་པ་རྗེས་སུ་བསྐྱང༌། །འདོད་ཅན་རྣམས་ལ་འདོད་པར་འགྱུར། །དྲག་པོ་རྣམས་ལ་དྲག་པོར་འགྱུར། །ཞི་བ་རྣམས་ལ་ཞི་བར་འགྱུར། །གཞི་རྣམས་ཀྱང་ནི་རྣམ་པར་གནོན། །དབང་ཕྱུག་དམ་པ་གནས་པར་བྱ། །རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ། །འཇིགས་པའི་ལྷ་མོ་བཀུག་ནས་ནི། །རང་ཉིད་ཉེ་བའི་ལོངས་སྦྱོར་སྤྱོད། །ཁྱབ་འཇུག་ཡང་དག་པར་མནན་པར། །རབ་བསྒྲུབས་སྟོབས་ཀྱིས་དེ་མི་འགྲོ། །དཔའ་མོ་ཡང་དག་བཀུག་ནས་ནི། །རང་གི་ཉེ་བའི་ལོངས་སྤྱོད། །སྐྱེ་དགུའི་བདག་པོ་ཡང་དག་གནས། །རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ། །རབ་ཞི་ལྷ་མོ་ཡང་དག་མནན། །རང་ནི་ཉེ་བའི་ལོངས་སྤྱོད་སྤྱོད། །འདོད་པའི་ལྷ་ནི་ཡང་དག་མནན། །རབ་བསྒྲུབས་སྟོབས་ཀྱིས་དེ་མི་འགྲོ། །དགའ་མ་བརྩེ་བརྟན་དབང་ཕྱུག་མ། །ཡང་དག་བཀུག་ནས་ཉེར་ལོངས་སྤྱོད། །དེ་སོགས་མཐའ་མེད་དང་པོ་ནི། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །རྡོ་རྗེ་བུ་མོ་མཆོག་ནི་གནོད། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས། །བསྒྲུབས་པའི་རྟ་ཡི་སྦྱོར་བ་ཡི། །སྐྱེས་བུ་
གཞོན་ནུའི་སྒྲུབ་ཐབས་ཀྱིས། །མ་ལུས་འཇིག་རྟེན་གསུམ་རྒྱལ་པོ། །རྡོ་རྗེ་འཛིན་བཅས་ཡང་དག་ཐོབ། །བྱང་ཆུབ་སེམས་ནི་མཐའ་མེད་བརྩེ། །བཙན་ཐབས་སྦྱོར་བས་བསྒྲུབ་པར་བྱ། །ཐམས་ཅད་བདག་ལ་མོས་པ་ཡིས། །བསྒྲུབས་པའི་སྟོབས་ཀྱིས་དེ་མི་འགྲོ། །ཕ་རོལ་སྟོབས་ནི་མནན་པ་ཡིས། །སངས་རྒྱས་ཀྱང་ཆུབ་རབ་བརྙེས་བྱས། །བདུད་མེད་དཀའ་སྤྱོད་ཀྱིས་བསྒྲུབ་ཅིང༌། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །དེ་ཡི་སྦྱོར་བའི་བདག་ཉིད་ཐོབ། །གོ་འཕང་མཆོག་ཏུ་རྟག་པའོ། །སེམས་ཅན་ཁམས་ནི་སྣ་ཚོགས་པ། །མ་ལུས་པ་ནི་མངོན་དུ་བྱ། །བདུད་མེད་དཀའ་སྤྱོད་བྱང་ཆུབ་པ། །སེམས་ཅན་རྣམས་ལ་གནས་བརྟན་སྟེར། །མ་ལུས་ལུས་པ་མེད་པ་ཡི། །རྟོག་པ་ཐམས་ཅད་དབང་དུ་འགྱུར། །རྟ་ཡི་མཆོག་གི་རྣམ་འཕྲུལ་གྱིས། །སེམས་ཅན་དོན་ནི་ཐམས་ཅད་བྱེད། །དེ་ཕྱིར་དཔལ་ལྡན་རྟ་སོགས་ཀྱིས། །རྟོག་པ་ཀུན་ནི་བླ་མེད་པས། །ནམ་མཁའི་ཁམས་ནི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་སོགས་མཐའ་མེད་དང་པོ་ནི། །ཆོས་དབྱིངས་མཉམ་དང་མི་མཉམ་པའོ། །ཆོས་ཀྱི་ཡེ་ཤེས་རང་བྱུང་བ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས། །ཐམས་ཅད་བག་ཉིད་རབ་ཏུ་འཇུག །དངོས་གྲུབ་དབང་ཕྱུག་རབ་ཏུ་སྟེར། །དེ་ལྟར་སངས་རྒྱས་རྣམས་ཀྱིས་འཁོར་ལོས་སྒྱུར་བ་དྲུག་གི་ཚུལ་གྱིས་ཆོས་སྟོན་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གང་གི་ཕྱིར། བདག་རིག་གཞན་རིག་ཐམས་ཅད་ལ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པའོ། །ཤེས་དང་ཤེས་བྱ་བདག་པོ་མཆོག །ཅེས་སྒྱུ་འཕྲུལ་དྲ་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་གིས་སོ། །ཡང་ན་དོན་དམ་པའི་བདེན་པ་འོད་གསལ་བའི་བདག་ཉིད་དེ་ཉིད་རྣམ་པར་སྣང་མཛད་དེ། སྣང་བ་ཙམ་ཉིད་ཀྱིས་སྣང་བ་གསུམ་མཐོང་བའི་ཕྱིར་སྣང་བ་ཙམ་དེ་བསྟན་པའི་ཕྱིར་སྣང་བ་མེད་པའི་གཟུགས་སུ་འགྱུར་རོ། །དེ་ཉིད་མི་བསྐྱོད་པ་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཆོས་ཀྱི་སྐུའོ། །དེ་ཉིད་དོན་ཡོད་གྲུབ་པ་སྟེ། དོན་སྣ་ཚོགས་བྱེད་པའི་ཕྱིར་རོ། །དེ་ཉིད་རིན་པོ་ཆེ་སྟེ། སངས་
རྒྱས་ཐམས་ཅད་ཀྱི་ཆོས་རྣམས་རྙེད་པའི་ཕྱིར་རོ། །དེ་ཉིད་ནི་འོད་དཔག་མེད་དེ། དེ་རྣམས་ཀྱིས་བདག་ཡང་དག་པར་ཡོངས་སུ་བཅད་པའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར། དེ་ཉིད་སེམས་ཅན་ཏེ། ཡེ་ཤེས་ནམ་མཁའ་ལྟ་བུ་མི་གཡོ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ཏོ། །ད་ནི་ཚངས་པ་ལ་སོགས་པའི་ཆོས་ཀྱིས་ཚངས་པ་ལ་སོགས་པའི་ལོངས་སྤྱོད་ལ་བརྟེན་པའི་སེམས་ཅན་རྣམས་འདུལ་བ་བསྟན་བའི་ཕྱིར། ཚངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་ནི་བརྟེན་པའོ། །དེ་ཡང་ཚངས་པ་ལ་སོགས་པ་རྟེན་དུ་གྱུར་པ་ཉིད་ཀྱིས་ན་སངས་རྒྱས་རྣམས་འབྱུང་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཚངས་སོགས་ལྷ་དང་ལྷ་དང་ལྷ་མ་ཡིན། །དེ་ལ་བརྟེན་པར་འགྱུར་བ་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟར་ཚངས་པ་ལ་སོགས་པའི་ལྷ་བ་ལྔ་རིམ་པ་བཞིན་རྟོགས་པར་བྱ་བའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཚངས་བ་ཞེས་པ་ནི་ཚངས་པའི་ལྟ་བའོ། །དེ་བཞིན་དུ་ཁྱབ་འཇུག་གི་ལྟ་བ་དང་ཞི་བྱེད་ཀྱི་ལྟ་བའོ། །ཀུན་ཞེས་པ་ནི་གཅེར་བུའི་ལྟ་བའོ། །རྣམ་རྟོག་ཅེས་པ་ནི་འཇིག་རྟེན་རྒྱང་འཕེན་པའི་ལྟ་བའོ། །གང་དག་ལྟ་བ་དེ་རྣམས་ལ་གནས་པ་དེ་དག་ནི་དེའི་ལྟ་བར་འགྱུར་ཏེ། དེ་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་འདོད་པའོ། །འོན་ཀྱང་མི་དགེ་བའི་གྲོགས་ཀྱི་དབང་གིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་ངོ༌། །འདིར་དེ་བཞིན་དུ་དེ་རྣམས་ཀྱང་སྔོན་ལོག་པའི་ཆོས་ལ་སེམས་ཀྱིས་རྟོག་གོ །དེ་ལས་སེམས་ཅན་རྣམས་བྱུང་བའི་ཕྱིར་ལྟ་བ་རྣམས་ཀྱི་རྗེས་སུ་འབྲང་ངོ༌། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཚངས་པ་ལ་སོགས་པའི་ལུས་རྣམས་སུ་འཁྲུང་བར་འགྱུར་རོ། །དེས་ན་སེམས་ཅན་སྔོན་གྱི་ལས་ཀྱི་རྗེས་སུ་འབྲངས་པ་རྣམས་ལ་ཆོས་སྟོན་ཏོ། །དེ་རྣམས་ཀྱང་གཅིག་ལ་གཅིག་གིས་རྗེས་སུ་འབྲང་ངོ༌། །དེ་ལྟར་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་བརྗོད་ཅེས་གསུངས་པའི་ཕྱིར་རོ། །ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྟེན་པར་མི་བྱེད་པ་དེ་སྲིད་དུ་འགྲོ་བ་རིགས་དྲུག་པོ་འདིར་ཡང་འཁོར་བར་འགྱུར་རོ། །གང་གི་ཕྱིར་དེ་འདིར་གསུངས་པ། །ཚངས་པ་མྱ་ངན་འདས་སངས་རྒྱས། །ཞེས་པ་ནི་
སེམས་ཅན་གང་དག་ཚངས་པའི་ཡེ་ཤེས་འདོད་པ་དེ་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་པ་ནི་མྱ་ངན་ལས་འདས་པའི་ལམ་བསྟན་པའོ། །དེ་ཡང་སངས་རྒྱས་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རང་བཞིན་གྱི་ཕྱིར་འདི་ནི་སངས་རྒྱས་ཏེ་དེ་ཁོ་ན་ཉིད་དེ་བཞིན་དུ་བྲམ་ཟེ་མཆོག་གི་ལམ་བསྟན་པའི་ཕྱིར་རོ། །ཅི་རིགས་བྱེད་ལ་སོགས་པ་ལ། མངོན་སུམ་དུ་སྤྱོད་པ་མ་ཡིན་ནམ། གསུངས་པ་དེ་ནི་བདེན་མོད། འོན་ཀྱང་གདུལ་དཀའ་བ་ལ་སོགས་པའི་སེམས་ཅན་རྣམས་གདུལ་བའི་དོན་དུ་དེ་བཞིན་གཤེགས་པས་ཐབས་ཀྱི་སྒོ་ནས་སྤྲུལ་པ་སྤྲུལ་ཏེ་བྱ་བ་བྱེད་དོ། །གང་གི་ཕྱིར། སེམས་ཅན་གང་དང་གང་གི་ནི། །སེམས་ནི་དངོས་པོ་ལ་རེག་པས། །སེམས་ཅན་དེ་དང་དེ་ཡི་ནི། །གཟུགས་དང་མཐུན་ལ་བརྟེན་པ་ཡིན། །ལས་དང་རིགས་དང་བྱ་དེ་བཞིན། །ཞེས་སོ། །འདིར་ལས་ནི་བཟོ་སྣ་ཚོགས་ཀྱི་ལས་དང༌། བཟོ་མ་ཡིན་པའི་ལས་སོ། །རིགས་ནི་རིགས་དྲུག་ཅུ་རྩ་དྲུག་གི་ཁྱད་པར་ཏེ་ཚོང་པ་དང་ཕྲེང་རྒྱུད་མ་ལ་སོགས་པ་རྣམས་སོ། །དེ་བཞིན་བྲམ་ཟེ་ལ་སོགས་པ་རིགས་བཞིའམ་རུས་སོ། །བྱ་བ་ཞེས་པ་ནི་སེམས་ཅན་འདི་རྣམས་ཀྱི་རང་རང་གི་ལས་དང་རྗེས་སུ་མཐུན་པས་བྱ་བ་སྣ་ཚོགས་པ་ཆོས་དང་ཆོས་མ་ཡིན་པ་རྣམས་ལ་འཇུག་པའོ། །དེ་ལྟར་ལས་ལ་སོགས་པ་གསུམ་ལ་བརྟེན་ཏེ་དེ་བཞིན་གཤེགས་པ་རྟེན་པར་མཛད་པའི་གཟུགས་ཀྱི་ཐབས་གདུལ་བྱའི་དོན་དུ་མཛད་དེ། རྒྱལ་པོ་ལ་སོགས་པའི་ཆད་པས་ནི་མ་ཡིན་ནོ། །དེའི་ཕྱིར་རིག་བྱེད་ལ་སོགས་པའི་མུ་སྟེགས་ཀྱི་ཆོས་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པས་སྐབས་སུ་བསྟན་སུ་བསྟན་པ་ལ་ཉེས་པ་ཅི་ཡོད། གང་ཕྱིར་སྣ་ཚོགས་འདུལ་བའི་ཐབས། །གཟུགས་བྱས་ནས་ནི་དེ་ཉིད་དུ། །སྙིང་རྗེའི་རོ་ལ་དམིགས་ནས་སུ། །དེ་བཞིན་གཤེགས་པས་དེ་ཉིད་གསུངས། །དེ་བཞིན་དུ། འཇུག་པས་ཁྱབ་འཇུག་ཅེས་སུ་བརྗོད། །ཅེས་པ་ནི་མངོན་དུ་གསུངས་པའི་སེམས་ཅན་རྣམས་དེའི་བདག་ཉིད་ཀྱིས་རང་རང་གི་ཆོས་ལ་འཇུག་པའི་ཕྱིར་དང༌། ཕྱིས་ཟབ་པའི་ཆོས་བསྟན་པའི་ཕྱིར་རོ། །བི་ཥའི་སྐད་དབྱིངས་ལ་བི་ཥ་པྲ་བེ་ཥ་སྟེ། རིམ་གྱིས་འཇུག་པའི་དོན་ཏོ། །ཞི་བྱེད་རྟག་ཏུ་དགེ་བ་ཡིན། །ཞེས་པ་ནི་དེ་ལྟར་ཞི་བྱེད་ཉིད་ཀྱིས་དུས་ཐམས་ཅད་དུ་དགེ་བ་སྟེར་བར་བྱེད་པ་ནི་ཐར་བ་སྟེར་ཞེས་པའི་དོན་ཏོ། །ལྷག་མ་ནི་སྔོན་
བཞིན་ནོ། །ཀུན་ནི་ཐམས་ཅད་བདག་ཉིད་བཞུགས། །ཞེས་པ་ནི་དེ་ལྟར་གཅེར་བུ་བའི་རིགས་དྲུག་ཅེས་བྱ་བ་ལ་སོགས་པའི་ཆོས་རྣམས་ལ་གནས་ཤིང་དེ་རྣམས་ཀྱི་བདག་ཉིད་ཀྱི་ཆོས་དེ་སྟོན་པར་བྱེད་པ་ལ་གནས་ཏེ། དེའི་ལམ་གྱིས་སངས་རྒྱས་ཀྱི་ཆོས་ལ་འཇུག་ཅིང་རིག་པར་བྱེད་པ་ཉིད་ལ་གནས་པའོ། །དེ་བཞིན་དུ་བདེ་བ་དམ་པས་དེ་ཁོ་ན་ཆུབ་པས་རྣམས་པར་རྟོག་པར་བཞེད་ཅེས་པས་ནི་འཇིག་རྟེན་རྒྱང་པན་གྱི་གཞུང་ལུགས་རྣམས་ལ་དེའི་གཟུགས་ལ་བརྟེན་ཏེ་དེས་བསྟན་པས་རྣམ་པར་རྟོག་པའོ། །ཅིའི་ཕྱིར་ཞེ་ན། རྟོགས་པར་འདོད་པས་སོ། །བདེ་བ་དམ་པ་ཞེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ནི་དེ་ཁོ་ན་ཉིད་དེ། དེ་རྟོགས་པར་འདོད་པ་ནི་གཞན་རྣམས་ལ་སྟོན་པར་བྱེད་པས་ལམ་ལ་འཛུད་པ་ཞེས་པའི་དོན་ཏོ། །འོན་ཀྱང་ད་ལྟར་གྱི་མུ་སྟེགས་ལ་སོགས་པའི་སེམས་ཅན་རྣམས་ཀྱི་མུ་སྟེགས་པའི་ཡེ་ཤེས་གསལ་བའི་དོན་དུ་རྟོག་པ་བརྒྱད་པའི་རབ་ཏུ་བྱེད་པ་གཉིས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བདག་གིས་ཀྱང་དེ་ཉིད་དུ་ཅུང་ཟད་བཤད་པར་བྱའོ། །དེ་ལྟར་ལྟ་བ་དྲུག་བསྟན་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཡང་ན་ཕྱི་དང་ནང་དུ་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོ་དྲུག་གི་དབྱེ་བས་རྣམ་པར་གནས་པར་གསུངས་ཏེ། འདིར་རྣམ་པར་སྣང་མཛད་ནི་ལྟེ་བའི་འཁོར་ལོའི་གཙོ་བོ་སྟེ། དེ་ཡངས་སའི་ཁམས་སོ། །མི་བསྐྱོད་པ་ནི་སྙིང་གའི་འཁོར་ལོའི་གཙོ་བོ་སྟེ། ཆུའི་ཁམས་སོ། །དེ་བཞིན་དུ་འོད་དཔག་མེད་ནི་མགྲིན་པའི་འཁོར་ལོའི་གཙོ་བོ་སྟེ། མེའི་ཁམས་སོ། །དོན་ཡོད་གྲུབ་པ་ནི་དཔྲལ་བའི་འཁོར་ལོའི་གཙོ་བོ་སྟེ། རླུང་གི་ཁམས་སོ། །རིན་ཆེན་འབྱུང་ལྡན་ནི་གཙུག་ཏོར་གྱི་འཁོར་ལོའི་གཙོ་བོ་སྟེ། ནམ་མཁའི་ཁམས་སོ། །སེམས་དཔའ་ཅན་ནི་གསང་བའི་འཁོར་ལོའི་གཙོ་བོ་སྟེ། ཡེ་ཤེས་ཀྱི་ཁམས་སོ། །དེ་རྣམས་ཀྱང་གྲངས་བཞིན་དུ་ཚངས་པ་ནི་ལྟེ་བར་རོ། །ཁྱབ་འཇུག་ནི་སྙིང་གར་རོ། །ཞི་བྱེད་ནི་མགྲིན་པར་རོ། །ཐམས་ཅད་ནི་དཔྲལ་བར་རོ། །རྣམ་པར་རྟོག་ནི་གཙུག་ཏོར་དུའོ། །དེ་ཉིད་ནི་གསང་བར་འགྱུར་རོ། །ཀུན་རྫོབ་ཏུ་དྲི་ཆེན་ལ་སོགས་པ་ཐམས་ཅད་འོག་ཏུ་འབབ་པས་ཁམས་དྲུག་ཟད་པར་རྟོགས་པར་བྱའོ། །དོན་དམ་པར་ནི་ཡང་ཐམས་ཅད་སྟེང་དུ་འབབ་པར་འགྱུར་རོ། །དེ་ལྟར་ཡང༌། ཚངས་པ་མྱ་ངན་འདས་
སངས་རྒྱས། །ཞེས་གསུངས་ཏེ། དྲི་ཆེན་གྱི་ཁམས་མི་འཛག་པའི་ཕྱིར་རོ། །འཇུག་པས་ཁྱབ་འཇུག་ཅེས་པ་ནི་དྲི་ཆུའི་ཁམས་འཛག་པ་འགྲོ་བ་མེད་པའི་ཕྱིར་རོ། །བརྗོད་ཅེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཞི་བྱེད་ཅེས་པ་ནི་ཁུ་བ་འཛག་པ་མེད་པའི་ཕྱིར་རོ། །དེ་ཡང་རྟག་ཏུ་ཤིན་ཏུ་རྣམ་པར་དག་པའི་དགེ་བ་བྱེད་པས་སངས་རྒྱས་ཞེས་པ་སྟེ། གཞན་ནི་མ་ཡིན་ཞེས་པའི་དོན་ཏོ། །ཐམས་ཅད་བདག་ཉིད་བཞུགས་ཞེས་པ་ནི་དོན་ཡོད་གྲུབ་པ་སྟེ་སྲོག་གི་རླུང་ངོ༌། །དེ་ཡང་རྩ་རྣམས་ཐམས་ཅད་ཀྱི་བདག་ཉིད་ཁམས་སུམ་ཅུ་དྲུག་པོ་དེ་རྣམས་ལ་ཁྱབ་པར་བྱེད་པའི་རླུང་སྟེ་དེ་མི་ཟད་པའི་ཕྱིར་འདུ་བྱེད་མེད་པའོ། །དེ་ཡང་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པ་རོ་གཅིག་པར་གྱུར་པ་ཞེས་པའི་དོན་ཏོ། །ཆུབ་པས་རྣམ་པར་རྟོག་པར་བཞེད། །ཅེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། ཁྲག་གི་ཁམས་དེ་འཛག་པ་མེད་པའི་ཕྱིར་སྡུག་བསྔལ་མེད་པའོ། །དེ་མེད་པའི་ཕྱིར་བདེ་བ་དང་སྡུག་བསྔལ་མཐར་བྱེད་པ་དེ་རྟོགས་པའི་ཕྱིར་ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་ལ་ཁྱབ་པའི་ཕྱིར་རྣམ་པར་རྟོག་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ། བདེ་བ་དམ་པས་དེ་ཁོ་ན་ཉིད་ཅེས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་དམིགས་པ་མེད་པ་ཟད་པ་མེད་པ་སྟོང་པ་ཉིད་མཚན་མ་མེད་པ་སྨོན་པ་མེད་པ་མངོན་པར་འདུ་མ་བྱས་པ། རྣམ་པར་ཐར་པ་བཞི་གཅིག་པའི་བཞིན་སྙིང་རྗེ་ལ་སོགས་པ་བཞིའི་རང་བཞིན་ཅན་དམིགས་པ་མེད་པའི་རང་བཞིན་གྱིས་མི་དམིགས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སངས་རྒྱས་ཞེས་བརྗོད་དེ། །དེ་ལྟར་གང་ཡེ་ཤེས་ཀྱིས་དམིགས་པས་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པ་ནི་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །དེ་གང་ལ་ཡོད་པའི་ལྷ་དེ་ནི་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །དེ་ཉིད་གསུངས་པ། ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར། །ལྷ་ཞེས་བྱ་བར་བརྗོད་པ་ཡིན། །ཞེས་པ་ནི་འདིར་སྔོན་དུ་གསུངས་པའི་ལྷའི་འཁོར་ལོ་དྲུག་གི་ཚུལ་གྱིས་རྣལ་འབྱོར་པ་རྣམས་ཀྱི་ལུས་ལས་མི་འཛག་པའི་ཕྱིར་རྡོ་རྗེ་ལུས་སོ། །དེ་ལས་བྱུང་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་བདག་མེད་པའི་ཡེ་ཤེས་རྡོ་རྗེ་འཆང་གི་སྐུ་དེ་ཉིད་བལྟའོ། །དེའི་
ཕྱིར་ཀུན་རྫོབ་ཀྱི་བདེན་པས་བརྗོད་ཅེས་པ་ནི་དམིགས་པ་དེའི་རང་བཞིན་དུ་བྱ་ཞེས་པའི་དོན་ཏོ། །ཡང་འཆང་བཞིན་པའི་ཕོ་ཉ་མོ་བཅུ་གཉིས་ཀྱི་བདག་ཉིད་དུ་སངས་རྒྱས་འཁྲུངས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་ཡང་དག་པར་སྦྱོར་བས་མའི་ལྟོ་བར་སྔོན་གྱི་ལུས་འོངས་པ་དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པར་དགོངས་སོ། །འདི་ལ་སྐལ་པ་ཡོད་པ་ཞེས་པ་ནི་དམིགས་པ་སྔོན་དུ་འགྲོ་བ་དེ་གང་ལ་ཡོད་པ་དེ་ནི་སངས་རྒྱས་ཀྱི་སྐལ་པ་རིག་པ་ཉིད་དེ་ཀུན་རྫོབ་དང་དོན་དམ་པ་དེའི་སྐལ་པ་དང་ལྡན་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །གསུངས་ཞེས་པ་ནི་ཤེས་པར་བྱ། །ཞེས་དགོངས་པའི་དོན་ཏོ། །དབང་ཕྱུག་ལ་སོགས་ཡོན་ཏན་ནི། །སྐལ་བ་རྣམ་པ་དྲུག་དུ་བཤད། །ཅེས་པ་ནི་འདིར་སྐལ་པའི་སྒྲ་ནི་རྣམ་པ་དྲུག་སྟེ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །དེ་ལྟར་ཡོན་ཏན་གྱི་ཁྱད་པར་གྱིས་ཇི་ལྟ་བའི་དུས་ཀྱིས་འཁོར་ལོ་དྲུག་རྣམས་སུ་ཇི་ལྟ་བའི་རིམ་པས་རྟོགས་པར་བྱའོ། །ཡང་ན་ཉོན་མོངས་ལ་སོགས་བཅོམ། །ཞེས་པ་ནི་སྔོན་དུ་གསུངས་པའི་ཚངས་པ་ལ་སོགས་པའི་ལྟ་བ་ལ་གནས་པ་འདོད་ཆགས་དང་ཞེས་དང་དང་གཏི་མུག་ལ་སོགས་པས་སྤགས་པའི་སེམས་ཅན་དེ་རྣམས་ཀྱི་བག་ཆགས་འཇོམས་པའི་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད་དོ། །ཡང་ན་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྦངས་པའི་ཕྱིར། །བཅོམ་ལྡན་འདས་ཀྱི་སྒྲར་བརྗོད་དོ། །ད་ནི་འཁོར་ལོ་དྲུག་རྣམས་སུ་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་རྣལ་འབྱོར་མ་བཅུ་གཉིས་རྣམས་ཀྱི་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་དབང་གིས་སངས་རྒྱས་རྣམས་ཀྱི་རྫོགས་པའི་རིམ་པ་ལས་བསྐྱེད་པའི་རིམ་པས་བསྐྱེད་པ་བརྗོད་དེ། འགྲོ་བའི་ཞེས་པ་ལ་སོགས་པ་ལ། འདིར་བསྐྱེད་མ་ཞེས་པ་ནི་མའོ། །ཤེས་རབ་ཅེས་པ་ནི་སྔོན་གྱི་ལྟེ་བའི་བུ་ག་ནས་ཡོད་པ་དང་མེད་པ་ཉེ་བར་མཚོན་པའི་ཕྱིར་བློའོ། །ཕྲ་བཞེས་པ་ནི་རབ་ཀྱི་མཐར་ཐུག་པ་སོང་བ་ཉིད་ཀྱིས་ནི་ཤེས་རབ་བོ། །དེའི་ཛྙཱ་ཞེས་པ་ནི་ཤེས་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་ཛྙཱ་ཁོང་དུ་ཆུད་པར་སྐད་ཀྱི་དབྱིངས་ནས་བརྗོད་དོ། །དེ་ལ་ཅུང་ཟད་ཆགས་པ་དེའི་སེམས་དེའི་རང་བཞིན་སྐྱེས་པ་ནི་ཡན་ལག་མ་སྟེ། དེ་ཡང་ཞེས་བརྗོད་
དོ། །གང་གི་ཕྱིར་འགྲོ་བ་བསྐྱེད་པས་མ། །ཞེས་པ་ལ་གང་གི་ཕྱིར་ཞེས་པ་ནི་འདིར་སེམས་ཅན་ཐམས་ཅད་རྣམས་ཀྱི་སྐྱེད་པར་བྱེད་པ་ནི་ཕ་ལས་འོངས་པའི་ཁུ་བར་བརྗོད་དོ། །དེའི་ཡང་བསྐྱེད་པ་ནི་ཤེས་རབ་ཀྱི་རྡུལ་གྱི་ཁམས་སོ། །སུ་ཞིག་བསྐྱེད་ཅེ་ན། འདིར་གསུངས་པ། ལས་ཀྱི་ས་བྱིན་གྱིས་བརླབས་པའི་དྲི་ཟའི་སེམས་ཅན་ནོ། །འོན་ཀྱང་འཕགས་པ་རྣམས་ཀྱིས་ནི་ལས་བཟང་པོས་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་སོ་སོའི་སྐྱེ་བོ་ནི་ལས་ངན་པས་བྱིན་གྱིས་བརླབས་པའོ། །དེ་ཡང་འཆི་བའི་མཐར་རྫུས་ཏེ། སྐྱེས་པའི་ཡན་ལག་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ཡང་འདིར་འགྲོ་བ་ཞེས་པའི་སྒྲས་བརྗོད་དོ། །གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བའི་སྒྲ་ཉིད་ནི་འགྲོ་བ་བསྐྱེད་པས་ཤེས་པའི་རིགས་པས་སོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་རྡུལ་དང་ཁུ་བའི་ཁམས་སོ། །ཤེས་རབ་དེ་ཉིད་ལ་སྲིང་མོ་ཞེས་བརྗོད་དོ། །ཆ་ཤས་དུ་མ་སྟོན་པའི་ཕྱིར། །ཞེས་པ་ནི་ཁྲག་གི་བ་སྤུ་དང་པགས་པ་ལ་སོགས་པའི་ཁམས་རྣམས་འགྱུར་བའི་མཚན་ཉིད་དོ། །དེ་བཞིན་དུ་ཁུ་བའི་རྩ་དང་རྐང་ལ་སོགས་པའི་ཁམས་རྣམས་ཀྱི་ཆ་ཤས་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། མ་ལས་འགྱུར་བ་རྣམ་པ་གསུམ། །དེ་བཞིན་ཕ་ལས་གྱུར་པ་གསུམ། །དྲུག་གི་སྦུབས་ཅན་གོང་བུ་འདི། །ལུས་ཀྱི་ཁམས་སུ་བརྟགས་པ་ཡིན། །ཤེས་རབ་དེ་ཉིད་ཡོན་ཏན་འཇོ་བའི་ཕྱིར། །ཞེས་པ་ལ་ཡོན་ཏན་ནི་ལྔ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་དེ་རྣམས་ལ་དེ་རྣམས་འཇོ་བའི་ཕྱིར་ཡང་དག་པའི་ཡེ་ཤེས་གཟུང་ཞེས་པའི་དོན་ཏོ། །ཡང་ན་སྔོན་དུ་གསུངས་པའི་ཁུ་བ་དང་ཁྲག་ལས་བྱུང་བའི་ཁམས་རྣམས་ཐམས་ཅད་པདྨའི་རྩ་བའི་སྣལ་མ་བཞིན་རོ་མཉམ་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པར་འགྱུར་ཏེ། ཤེས་རབ་དེ་ལ་བུ་མོ་ཞེས་བརྗོད་དེ་ཉོན་མོངས་པའི་ཕུང་པོ་འཇོམས་པར་བྱེད་ཅིང་ལྷའི་ཕུང་པོ་སྐྱེད་པའི་ངང་ཚུལ་ཅན་ཞེས་པའི་དོན་ཏོ། །ཁམས་དེ་རྣམས་ཐམས་ཅད་ཀྱི་དབང་པོའི་སྒོ་ནས་སྐྱེད་པ་ནི་བུ་མོའོ། །དེ་ལ་རེ་ཞིག་དབང་པོ་དྲུག་དང༌། གཟུགས་ལ་སོགས་པའི་སྐྱེ་མཆེད་དྲུག་གོ །དེ་ལ་དེ་བཞིན་གཤེགས་པའི་སྤྱན་ལྔ་གཟུང་བའི་ཕྱིར་ཤའི་སྤྱན་དང༌། ལྷའི་སྤྱན་དང༌། ཤེས་
རབ་ཀྱི་སྤྱན་དང༌། ཡེ་ཤེས་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་སྤྱན་ནོ། །དེ་བཞིན་དུ་སྒྲ་ནི་ལྔ་སྟེ། ཐུན་མོང་གི་སྒྲ་དང༌། ལྷའི་སྒྲ་དང༌། ཤེས་རབ་ཀྱི་སྒྲ་དང༌། མི་ཤིགས་པའི་སྒྲ་དང༌། ཡེ་ཤེས་ཀྱི་སྒྲའོ། །དེ་བཞིན་དུ་དྲི་ལྔ་ནི་ཤ་ལ་སོགས་པའི་དྲི་དང༌། ལྷའི་དྲི་དང༌། མཆོག་ཏུ་མི་འགྱུར་བ་རང་རིག་པ་བདེ་བའི་དྲི་དང༌། བཟླས་པའི་དྲི་དང༌། བསམ་གཏན་གྱི་དྲིའོ། །དེ་བཞིན་དུ་རྡོ་ལྔ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྙིང་རྗེ་ལ་སོགས་པའི་རོ་དང༌། དམ་པའི་ཆོས་ཀྱི་རོ་མྱང་བའི་རོ་དང༌། བླ་མའི་མན་ངག་གི་དབང་གིས་བརྟགས་པའི་བདེ་བའི་རོ་དང༌། མཆོག་གི་བདུན་རྩིས་ཚིམ་པའི་རོ་དང་། རེག་པའི་རོའོ། །དེ་བཞིན་དུ་རེག་བྱ་ལ་ཡང་རྣམ་པ་ལྔ་སྟེ། དང་པོ་ཉིད་དུ་མ་དང་ཕའི་དབང་གིས་ཀུན་དུ་སྦྱོར་བའི་རེག་བྱའོ། །ད་ཡང་མངལ་དུ་ཞུགས་པ་ནས་སྐྱེས་པ་ལ་ཐུག་པར་མྱང་བའི་རེག་བྱའོ། །དེ་བཞིན་དུ་སྙིང་རྗེས་ཕན་པའི་སེམས་ཅན་ལ་དབང་པོའི་ཤེས་པ་ལ་ཀུན་ལྟ་བའི་རེག་བྱའོ། །ཕུང་པོ་ལྔ་ལ་སོགས་པ་ནས་ཁམས་སུམ་ཅུ་རྩ་དྲུག་འཇུག་པའི་མཐར་ཐུག་པས་དེ་རྣམས་ཀྱི་སོ་སོ་ཐ་དད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྐྱེད་པའི་ཚུལ་གྱིས་གནས་དང་ཉེ་བའི་གནས་སུ་རྒྱུ་བ་དེས་ན་འཆད་བཞིན་པའི་རབ་ཏུ་བྱེད་པ་གཉིས་པར་ལྟ་བའི་བདེ་བསྐྱེད་པའི་རེག་བྱའོ། །མྱ་ངན་ལས་འདས་པའི་རེག་བྱ་ནི་ལྔ་པའོ། །དེ་དག་ནི་ཐབས་སོ། །འདིའི་ཤེས་རབ་ཀྱི་རང་བཞིན་གཟུགས་དྲུག་པ་དང༌། སྒྲ་དྲུག་པ་དང༌། དྲི་དྲུག་པ་དང༌། རོ་དྲུག་པ་དང༌། རེག་བྱ་དྲུག་པའོ། །དེ་དག་ཐམས་ཅད་དྲུག་པ་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ། ཤེས་རབ་ཚོས་མཁན་མ་ཞེས་བརྗོད། །ཅེས་པ་ནི་མངལ་གྱི་གནས་ནས་འབྱུང་བས་ཚོས་མཁན་མ་སྟེ། དེའི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་བསོགས་པ་དེ་ཉིད་མཐོང་བ་སྟེ། སེམས་ཅན་ཐམས་ཅད་འཚེད་པས་ཞེས་པ་དབང་པོ་ལ་སོགས་པའི་ལྷ་དང་མི་ལ་སོགས་པ་རྣམས་སྙིང་རྗེས་ཆགས་པས་འཚེད་པའི་ཕྱིར་རོ། །ཚོས་མཁན་མ་ནི་དེ་བཞིན་བརྗོད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པའིའོ། །བརྗོད་པ་ནི་ཉེ་བར་མཚོན་པར་བྱ་བའི་དོན་ཏོ། །བརྩེ་བ་ཆེན་པོ་གཡོ་བས་ན། །ཤེས་རབ་གར་མཁན་མ་ཞེས་བརྗོད། །ཅེས་པ་ནི་འདིར་དེ་བཞིན་གཤེགས་པ་འཁྲུངས་པའི་ཕྱིར། གར་
མཁན་མ་ཞེས་པ་ནི་ཆོས་སྟོན་པའི་སྒོ་ནས་སེམས་ཅན་རྣམས་འདུལ་བའི་ཕྱིར་བྱང་ཆུབ་ཀྱི་ལམ་དུ་གཤེགས་རྣས་བྱང་ཆུབ་སྒྲུབས་ཏེ་བདུད་བཅོམ་པར་མཛད་པའི་སངས་རྒྱས་རྣམས་ཀྱི་རོལ་མོ་ནི་གར་རོ། །དེའི་ཕྱིར་ཤེས་རབ་དེ་ནི་གར་མཁན་མ་སྟེ། སྔོན་གྱི་བྱང་ཆུབ་ཀྱི་རོའི་གར་བྱེད་པའི་ཕྱིར་རབ་ཀྱི་མཐར་སོང་བས་གཡོ་བ་ནི་རྟོག་པ་སྤངས་པའི་དོན་དུ་གནས་མེད་པ་ནི་སྦྱོར་བས་སེམས་དེ་ཉིད་གནས་མེད་པ་ཉིད་དེ། ཏིང་ངེ་འཛིན་ཕུལ་དུ་སོང་བ་ཉིད་ཀྱིས་སེམས་ཉིད་སེམས་མེད་པ་ཉིད་དུ་གྱུར་པའོ། །བརྩེ་བ་ཆེན་པོ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་འབོད་པའོ། །འོན་ཀྱང་དེ་བཞིན་གཤེགས་པ་ཉིད་རྡོ་རྗེ་སྙིང་པོ་སྟེ་དབྱེར་མེད་པའི་ཡེ་ཤེས་ལས་དེ་བཞིན་གཤེགས་པ་འཁྲུངས་པའོ། །དབྱེར་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་དེ་ནི་རྡོ་རྗེའོ། །དེ་ལས་མར་མེའི་རྩེ་མོ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་རྗེའི་དབང་གིས་བྱོན་པའོ། །དེའི་ཕྱིར་བརྩེ་བ་ཆེན་པོ་ཞེས་པ་བདག་ཉིད་ལ་བྱེད་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཞེས་དགོངས་སོ། །དེ་བཞིན་དུ་ཤེས་རབ་དེ་ནི་གཡུང་མོ་སྟེ། གང་གི་ཕྱིར་བསམ་གཏན་གྱི་སྦྱོར་བས་བདེ་བ་སྣ་ཚོགས་པའི་འགྱུར་བ་འབྱུང་སྟེ། བདེ་བའི་མཐར་ཐུག་པའོ། །དེ་ཡང་བརྗོད་དུ་མེད་པའི་ཕྱིར་རེག་ཏུ་མེད་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་རབ་ཏུ་བསྟན་པའི་ཕྱིར་ཡང་གཡུང་མོའོ། །ཌིཾ་ནི་ནམ་མཁའ་འགྲོ་བ་ཞེས་པ་འདིར་སྐད་ཀྱི་དབྱིངས་ལས་བརྗོད་དོ། །ཨམྦའི་ཞེས་པ་ལ། ཨམྦ་ནི་མ་སྟེ། ཤེས་རབ་མ་དེ་ནམ་མཁར་འགྲོ་བའི་དོན་ཏོ། །དེ་ལྟར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནམ་མཁར་བསྟན་པ་གང་གི་ཕྱིར་བཅོམ་ལྡན་འདས་ལ་དེའི་བདག་ཉིད་ཀྱི་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ལྟེ་བར་མའོ། །སྙིང་གར་སྲིང་མོའོ། །མགྲིན་པར་ཆོས་མཁན་མའོ། །དཔྲལ་བར་བུ་མོའོ། །གཙུག་ཏོར་དུ་གར་མཁན་ཅན་མའོ། །དེ་བཞིན་དུ་གསང་བར་གཡུང་མོའོ། །འདིར་སྡུད་པ་ལས་ཕྱི་རུ་སྤྲོ་བའི་རིམ་པས་བསྐྱེད་པ་ནི་ངེས་པའོ། །དེ་བཞིན་དུ་མ་གསུངས་ཀྱང་དགོངས་བཤད་གཞན་གྱི་མན་ངག་གིས་གཉེན་མོ་ལ་སོགས་པ་རྣལ་འབྱོར་མ་དྲུག་རྣམས་ཀྱི་ངེས་པའི་ཚིག་བསྟན་པའི་ཕྱིར། བཟླས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཟླས་པའི་ཡུལ་གཉེན་མོ་ཤེས་རབ་མའོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ཡུལ་ལ་བྲམ་ཟེ་མོ་ཤེས་རབ་མའོ། །དེ་བཞིན་དུ་ལག་པའི་
བྱ་བ་རྣམས་ལ་རྒྱལ་རིགས་མའོ། །དེ་བཞིན་དུ་བླང་བ་དང་དོར་བའི་བྱ་བ་ལ་རྗེའུ་རིགས་མའི་ཤེས་རབ་མའོ། །དེ་བཞིན་དུ་བདེ་བའི་ལས་ནི་དམངས་རིགས་མའི་ཤེས་རབ་མའོ། །དེ་བཞིན་དུ་འཆི་བའི་གནས་སྐབས་འཇོམས་པ་ནི་གཏུམ་མོའི་ཤེས་རབ་མ་ཞེས་བ་དེ་ངེས་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་བཟླས་པ་ཟློས་པར་བཤད་པ་ཞེས་པ་ནི་གང་དག་གིས་བརྗོད་ཅིང་ཟློས་པ་དེ་ནི་བཟླས་པ་བརྗོད་དེ། དབྱངས་དང་གསལ་བྱེད་ཀྱི་ཚོགས་སོ། །ཡང་ན་སྲོག་དང་རྩོལ་བའི་སྦྱོར་བས་བསྟན་པའོ། །དཀྱིལ་འཁོར་ཞེས་པ་ནི་དབུས་མ་ཨ་ཝ་དྷཱུ་ཏཱིའོ། །རྐང་པས་འདྲི་འགྱུར་ཞེས་པ་ནི་ལ་ལ་ནཱ་དང་རས་ནཱི་རྩ་གཉིས་ཀྱི་སྲོག་མནན་པ་ནི་རྐང་པའོ། །ཨ་ཝ་དྷཱུ་ཏཱིར་འཇུག་པ་ནི་འདྲི་བ་སྟེ། སྔོན་གོམས་པའི་ཕྱིར་རོ། །འགྱུར་ཞེས་པ་ནི་ངེས་པར་ཞེས་པའི་དོན་ཏོ། །ཉེད་ཕྱིར་དཀྱིལ་འཁོར་ཞེས་བྱར་བརྗོད། །ཅེས་པ་ལ་ཉེད་པ་ནི་རྡུལ་ཆགས་ཆེན་པོ་རང་རིག་པའི་ཡེ་ཤེས་མཆོག་ཏུ་བདེ་བ་སྟེ། དེས་སྣ་ཚོགས་རྒྱས་བཏབ་པ་འདིས་ན་དཀྱིལ་འཁོར་ཏེ། རང་དང་གཞན་ཀུན་རྫོབ་པ་དག་ཅིག་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་ལག་པ་བརྐྱང་བ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་ནི་སྣ་ཚོགས་འདུལ་བའི་འོད་ཟེར་རྣམས་ཏེ། དེ་རྣམས་ཀྱི་བརྐྱང་བ་པ་ནི་གསལ་བར་འགྱུར་ཞེས་སྦྱར་རོ། །ཕྱག་རྒྱ་ཞེས་པ་ནི་ཁམས་གསུམ་ས་རྣམས་བདུད་རྩིའི་རོ་རྣམས་ཀྱིས་ཚིམ་པར་བྱེད་པའི་ཕྱིར་ཕྱག་རྒྱ་སྟེ། སེམས་ཅན་རྣམས་ཀྱི་གཟུགས་བརྙན་གྱི་མཚན་ཉིད་ཅེས་དགོངས་སོ། །སོར་མོ་བསྐུམ་པའང་དེ་བཞིན་ནོ། །ཞེས་པ་ནི་ཆོས་ཀྱི་བདུད་རྩིའི་འོད་ཟེར་རྣམས་ཀྱི་བསྐུམ་པ་ནི་བསྐུམ་པ་སྟེ། སེམས་ཅན་ཐམས་ཅད་རང་གི་ཡེ་ཤེས་ཀྱིས་དེ་རྣམས་དང་རོ་མཉམ་པར་བྱེད་པའི་ཕྱིར་རོ། །གང་ཞིག་བསམ་པ་དེ་བསམ་གཏན་ཞེས་པ་ནི་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རིམ་གྱིས་རྣམ་པར་གཞག་པར་བྱ་སྟེ། གང་ཞིག་བསམ་པ་དེ་བསམ་གཏན་དུ་གཟུང་བར་བྱ་བ་རྣལ་འབྱོར་བའི་སེམས་ཀྱིས་གཞན་གྱི་སེམས་ཤེས་པར་བྱེད་པའོ། །གང་ཕྱིར་རྣམ་བསམ་བསམ་གཏན་ནོ། །ཞེས་པ་ནི་གང་གི་ཕྱིར་བསམ་དུ་མེད་པ་དེ་བཞིན་གཤེགས་པའི་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའི་ལམ་ཞེས་པའི་དོན་ཏོ། །འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱིས་གང་བསམ་པ་ཕ་ལས་ཐོབ་པའི་བདེ་བ་གང་ཞས་པ་ནི་ལྔ་པའི་དོན་
ལ་བདུན་པའོ། །ཕ་ལས་ཐོབ་པའི་འཆི་བའི་མཐར་བསྐྱེད་པའི་བདག་ཉིད་བདེ་བ་འཛག་པའི་གནས་སྐབས་སུ་མྱོང་བའི་བདེ་བ་དེ་ཉིད་ལོ་བཅུ་དྲུག་གི་མཐར་སྐྱས་པ་རང་ཉིད་ཀྱིས་སྤྱོད་དོ། །བུད་མེད་ཀྱིས་ཀྱང་ལོ་བཅུ་གཉིས་མཐར་རང་ཉིད་ཀྱིས་སྤྱོད་དོ། །གང་གི་ཕྱིར་བདེ་བ་གང་གི་འདིར་མི་འཆི་ཞེས་པ་ནི་འདིར་འཁོར་བ་པ་རྣམས་ནི་སྐད་ཅིག་ཙམ་གྱི་བདེ་བས་འཁོར་བ་ནས་འཁོར་བར་འཁོར་རོ། །བློ་དང་ལྡན་པ་རྣམས་ཀྱིས་ནི་གང་གི་ཚེ་བདེ་བ་ཉིད་བསྟན་པར་འགྱུར་བ་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱི་བསམ་གཏན་དུ་བརྗོད་དོ། །གང་གི་ཕྱིར། བཅོམ་ལྡན་བདེ་བའི་རྣམ་པ་སྟེ། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །འདིར་ནི་བདེ་ལས་བདེ་གཞན་གྱི། །འཆིང་དང་སྐྱེ་བ་འབྱུང་མི་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པ་ནི་རྒྱུད་འདིའི་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །སོགས་པའི་སྒྲས་ནི་བསྟན་པ་དང༌། །སྟོན་པ་ལ་འབྲེལ་པ་ལ་སོགས་པ་རྣམས་ནི་སྔོན་དུ་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་རབ་ཏུ་བྱེད་བ་ཞེས་པ་ནི་རྟོག་པ་བཅུ་གཅིག་གི་མདོར་བསྡུས་པ་སྟེ། དེ་རྣམས་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ནི་དམ་པའི་དོན་ལ་འཇུག་པའི་དོན་ཏོ། །དེ་ནི་རྟོག་པ་ཐམས་ཅད་ཀྱི་རབ་ཏུ་འབྱེད་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་རབ་ཀྱི་མཐར་འགྲོ་བའི་ཕྱིར་རབ་ཏུ་འབྱེད་པའོ། །དེ་ཉིད་དང་པོ་སྟེ། དང་པོའི་མིང་ཡིན་པའི་ཕྱིར་རོ། །འདི་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་བཤད་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་མདོར་བསྟན་པ་སྟེ་དང་བོའོ།། །།