Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།

41 occurrences of དེའི་འོག་ཏུ་
[Clear Hits]


 expand section
 expand section
 expand section
 expand section
  
 expand section
 expand section
 expand section
 
 collapse section
  
  
  
  
15  expand section
 expand section
expand section
དབང་གི་རབ་ཏུ་བྱེད་པ།  དགའ་བའི་རྡོ་རྗེ།
 expand section
 expand section
  
 
 expand section
11  expand section
  
  
 
  
expand section
  
  
 expand section
 expand section
  


41 occurrences of དེའི་འོག་ཏུ་
[Clear Hits]

 
previousདབང་གི་རབ་ཏུ་བྱེད་པ། དགའ་བའི་རྡོ་རྗེ།next

དབང་གི་རབ་ཏུ་བྱེད་པ།
དགའ་བའི་རྡོ་རྗེ།

བུམ་པ་ལྷག་པར་གནས་པའི་ཆོ་ག


DTG044_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨ་བྷི་ཥེ་ཀ་པྲ་ཀྲི་ཡཾ། བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལ་ཕྱག་འཚལ་ལོ། །ཐོག་མཐའ་མེད་ཅིང་རྟག་ཏུ་གྲུབ། །ཐུབ་པ་བདེ་བ་ཆེན་པོའི་སྐུ། །ལྷན་ཅིག་སྐྱེས་དགའ་ཕྱག་འཚལ་ནས། །དབང་གི་ཆོ་ག་གསལ་བཤད་བྱ། །དེ་ལ་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་ལ། ཏིང་ངེ་འཛིན་གསུམ་ལ་མཁས་པ། རིག་པ་བཟླས་པའི་རྣལ་འབྱོར་པས། རང་གི་སློབ་མ་ལེགས་པར་བརྟགས་ལ། རྗེས་སུ་གཟུང་བར་འདོད་པས། རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་རྟུལ་ཚོན་གྱི་དཀྱིལ་འཁོར་བྲི་བའམ་རས་རིས་ཀྱི་དཀྱིལ་འཁོར་ལ་མཆོད་པ་རྣམ་པ་ལྔས་མཆོད་དེ། དགོངས་ཀའི་དུས་སུ་བུམ་པ་ལྷག་པར་གནས་པ་བྱའོ། །རང་རང་གི་མཚན་མས་བརྒྱན་པ་བཅུ་དགུའམ། དགུའམ། ལྔའམ། གཅིག་གོ །དེ་ལ་མི་བསྐྱོད་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །རྣམ་པར་སྣང་མཛད་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །རིན་ཆེན་འབྱུང་ལྡན་གྱི་ནོར་བུ་ལྗང་གུའོ། །འོད་དཔག་ཏུ་མེད་པའི་པདྨ་དམར་པོའོ། །དོན་ཡོད་གྲུབ་པའི་རལ་གྱི་ལྗང་གུའོ། །སྤྱན་མའི་འབྲས་བུ་ནག་པོའི་མིག་དཀར་པོ་གཉིས་སོ། །མཱ་མ་ཀཱི་རྡོ་རྗེ་སྔོན་པོ་རྩེ་ལྔའོ། །གོས་དཀར་མོའི་པདྨ་དམར་པོའོ། །སྒྲོལ་མའི་ཨུཏྤལ་སྔོན་པོའོ། །གཟུགས་དང༌། སྒྲ་དང་དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མེ་ལོང་དཀར་པོ་དང༌། དྲི་ཟའི་པི་ཝང་སྔོན་པོ་དང༌། དུང་དཀར་སེར་དང༌། རོའི་སྣོད་དམར་པོའམ། ཁ་དོག་སྣ་ཚོགས་པའི་གོས་དང༌། ཆོས་འབྱུང་དཀར་པོར་ནམས་རིམ་བཞིན་དུ་དགོད་པར་བྱའོ། །གཤིན་རྗེ་མཐར་བྱེད་དང༌། ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་དང༌། བགེགས་མཐར་བྱེད་རྣམས་ཀྱི་རྡོ་རྗེ་ཐོབ་བ་སྔོན་པོ་དང་། རྡོ་རྗེ་དབྱུག་པ་དཀར་པོ་དང༌། པདྨ་དམར་པོ་དང༌། རྡོ་རྗེ་སྔོན་པོ་ཁ་བྱེ་བ་རྣམས་སོ། །ལས་ཐམས་ཅད་པའི་བུམ་པ་ནི། བདུད་རྩི་ཁྱིལ་འཁོར་པའམ། རྡོ་རྗེ་སེམས་དཔའོ། །སྣ་ཚོགས་པའི་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་རྣམས་པར་སྣང་མཛད་ཀྱི་དང་ལྷ་མོ་བཅུ་རྣམས་ཀྱི་མཚན་མ་བྲི་


DTG044_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །གཞན་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་ལའོ། །དེའི་ནང་ནས་རྣམ་པར་རྒྱལ་བའི་བུམ་པ་ཤིན་ཏུ་ཆེ་བ་ནག་ནོག་དང་མི་གཙང་བ་མེད་པ། ལྟོ་བ་འཕྱང་བ། སྐེ་བ་རིང་བ། མཚན་མ་ལེགས་པར་བྲིས་ལ་གོས་ལེགས་པ་གཉིས་ཀྱིས་ཀྱེ་བ་དཀྲིས་པ། ཨ་མྲའི་ཡལ་ག་ལ་སོགས་པས་བརྒྱན་པ། གསེར་དང༌། དངུལ་དང༌། མུ་མེན་དང༌། མུ་ཏིང་དང༌། བྲི་རུའོ། །ནས་དང༌། གྲོ་དང༌། འབྲས་ཀྱི་སོ་དང༌། ཏིལ་དང༌། མོན་སྲན་གྲེའུའོ། །བྲྀ་ཧ་ཏི་དང༌། ཀནྟ་ཀཱི་རི་དང༌། རྣམ་པར་རྒྱལ་བ་དཀར་པོ་དང༌། དནྡོཏྤལ་དཀར་པོ་དང༌། ཧ་ས་དེ་བའོ། །རིན་པོ་ཆེ་སྣ་ལྔ་དང༌། འབྲུ་སྣ་ལྔ་དང༌། སྨན་སྣ་ལྔ་ལྟོ་བའི་ནང་དུ་རབ་ཏུ་བཅུག་ནས། དྲི་ཞིམ་པོའི་ཆུས་ཡོངས་སུ་གང་བར་བྱའོ། །དེའི་སྟེང་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ནས། ཨརྒྷ་དང༌། ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཡེ་ཤེས་ཀྱི་བདུད་རྩི་ཞུ་བའི་གཟུགས་བློ་ཡིས་བཅུག་ནས། དེའི་རྗེས་སུ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་རྡོ་རྗེ་སྟེང་དུ་ཡང་དག་པར་བཞག་སྟེ། རང་གི་ལྷག་པའི་ལྷའི་སྔགས་བརྒྱ་རྩ་བརྒྱད་དམ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མངོན་པར་བསྔགས་བར་བྱའོ། །བུམ་པ་གཞན་རྣམས་ཀྱང་ཇི་ལྟར་རིགས་པར་དཀྱིལ་འཁོར་གྱི་འཁོར་ལོའི་སྔགས་ཀྱིས་བྱའོ། །མེ་ཏོག་དང་བདུག་པ་ལ་སོགས་པས་ཡང་དར་པར་མཆོད་དེ། གཏོར་མ་བྱིན་ནས་བསྟོད་པ་བྱ་བ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དགའ་ཆེན་པོ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་གནས། །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་འདྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་བྱིན་པ་ཐོབ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དོན་ཡོད་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །རང་བཞིན་དག་པ་ཡང་དག་གྱུར། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་བྱ་བ་བརྗོད་དེ་དྲིལ་བུ་དཀོར་ལ་བར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །

སློབ་མ་ལྷག་པར་གནས་པའི་ཆོ་ག


DTG044_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

previous hit དེའིའོགཏུ next hit་དཀྱིལ་འཁོར་བྱས་པའི་སློབ་མ་རྣམས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། པུས་མོ་གཡས་པའི་ལྷག་ངས་ལ་བཙུགས་ནས། སྔགས་ཀྱི་སྣོད་དུ་རུང་བ་རྣམས་ལ་འདི་བསྒྲག་པར་བྱ་སྟེ། ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་མཆོག་དོན་གཉེར། །འཇིག་རྟེན་མཆོག་དོན་གཉེར་པ་ཡིས། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིར་འབྲས་བུ་འདོད་མི་བྱ། །ཚེ་འདིར་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་ཐོབ་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་ནས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །སློབ་མེད་རྣམས་བཽ་ཡིས་རང་གི་ལུས་ལ་བཅུག་ནས། རྡོ་རྗེའི་ལམ་ནས་ཕྱུང་ནས། རང་འོད་ཀྱི་རིག་མའི་པདྨ་ལ་གནས་པར་བསམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བའི་ངོ་བོས་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ། འཇུག་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཁྱོད་ནི་སྟོན་པ་དཔལ་ཆེན་པོ། །མཱ་མ་ཀཱི་དང་བདག་སྦྱོར་བའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བྱའོ། །སློབ་མ་གཅིག་གཙོ་བོར་བྱས་ནས། བུ་ཁྱོད་ཚུར་ཤོར་ཐེག་ཆེན་གྱི། །ཆོ་ག་སྔགས་ཀྱི་སྤྱོད་པའི་ཚུལ། །ཁྱེད་ལ་ཡང་དག་བཤད་པ་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུམ་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་སྔགས་ཀྱི་མཐུ་སྟོབས་ཀྱིས། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱ་ཀྱ་སེང་སོགས་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་མཐུན་གོས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་


DTG044_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་པར་བྱས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་བྱ་བས་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་བརྗོད་པར་བྱའོ། །སློབ་མ་དེ་རྣམས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུཾ། ཞེས་བདུད་རྩི་འཁྱིལ་པའི་སྣགས་ཀྱིས་བསྲུང་བ་བྱས་ལ། དེ་རྣམས་ཀྱི་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོར་ཟླ་བ་ལ་གནས་པའི་རྡོ་རྗེ་དང༌། པདྨ་དང༌། འཁོར་ལོའི་ལྟེ་བ་ལ་ཧཱུཾ་ཨཱཿ་ཨོཾ་རྣམ་པར་བསམ་པར་བྱའོ། །སློབ་དཔོན་ཡང་ལ་ངས་ཏེ། གཡས་བའི་ཧུ་ཚུར་གྱིས་རྡོ་རྗེ་བཟུང་བས། སློབ་མ་རྣམས་ཀྱི་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོར་རྡོ་རྗེ་ཡང་དག་པར་གཏུགས་ཏེ། ཧཱུཾ་ཨཱཿཨོཾ་ཞེས་བྱ་བ་བརྗོད་ནས་སོ། །མེ་ཏོག་ནི་སྤྱི་བོར་རོ། །བདུག་སྤོས་དང་མར་མེ་ནི་མདུན་དུའོ། །དེ་བཞིན་དུ་དྲི་ནི་སྙིང་གར་བྱིན་པར་བྱའོ། །དེ་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མངོན་པར་བཟླས་པའི་སོ་ཤིང་གས་བ་མེད་པ། རྨ་མེད་པ། ཨ་ཤྭ་ཏ་ཐ་ལ་སོགས་པ་སོར་བཅུ་གཉིས་ཀྱི་ཚད་ཙ་མོར་མེ་ཏོག་གི་ཕྲེང་བས་དཀྲིས་པ་སློབ་མ་རྣམས་ལ་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་ཤར་ཕྱོགས་སུ་ཁ་བལྟས་པའམ། བྱང་ཕྱོགས་སུ་ཁ་བལྟས་པས་བཅའ་སྟེ། ཕྱུགས་ཀྱི་གོ་བ་ཙམ་བྱུངས་པའི་ས་ལ་བསྐུར་བར་བྱའོ། །དེ་ལ་ཞི་བ་ལ་སོགས་པའི་ལས་བསྟན་པར་བྱ་སྟེ། གང་ཡང་སྔོན་དུ་ཁ་བལྟས་ལྷུང༌། །མཆོག་གི་དངོས་གྲུབ་དེར་ཤེས་བྱ། །དེ་བཞིན་ཤར་དུ་རྩེ་མོ་བལྟས། །དངོས་གྲུབ་འབྲིང་དུ་རབ་ཏུ་གྲགས། །དེ་བཞིན་བྱང་དུ་ཁ་བལྟས་པ། །བྱོལ་སོང་དངོས་གྲུབ་འཇིག་རྟེན་འདོད། །གལ་ཏེ་ལྷོ་རུ་མངོན་ཕྱོགས་པ། །ཤིན་ཏུ་ནག་པོར་དེ་ནས་འགྱུར། །ནུབ་ཏུ་མངོན་པར་ཁ་བལྟས་པས། །ཕྲ་མོའི་དངོས་གྲུབ་དེ་ནས་ཤེས། །དེ་ནས་སོ་ཤིང་བསྐྱུར་བ་ལས། །གལ་ཏེ་འོག་ཏུ་ཁ་བལྟས་ལྟུང༌། །དེ་ནི་ས་འོག་དངོས་གྲུབ་འགྱུར། །ངེས་པར་ཐེ་ཚོམ་མེད་པའོ། །དེ་ནས་སློབ་དཔོན་གྱིས་ཁ་བཤལ་བ་ཆུ་ཁྱོར་བ་གསུམ་བླུད་པར་བྱ་སྟེ། ཨོཾ་ཧྲཱིཿབི་ཤུདྡྷཿསརྦྦ་དྷ་རྨམ་པཱ་པཾ་ནི་ཤྩ་སཾ་ཤོ་དྷ་ཡ། སརྦ་


DTG044_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཀ་སྤན་ཨ་པ་ན་ཡ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་ཁ་བ་ཤལ་བར་བྱའོ། །ཡང་དེ་རྣམས་འདུག་ཏུ་བཅུག་ནས། ཀུ་ཤལ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མངོན་པར་བཟླས་ཏེ་དེ་རྣམས་ལ་སྟན་དང་སྡང་སུ་བྱིན་ནས། དེ་ཉིད་ཀྱི་སྔགས་ཀྱིས་མངོན་པར་བཟླས་པ། སྐུད་པ་བསུམ་སྒྲིལ་བྱས་ཏེ། མདུད་པ་གསུམ་བྱས་པ་བསྲུང་བའི་དོན་དུ་སློབ་མ་རྣམས་ཀྱིས་དཔུང་བ་གཡས་པ་ལ་བཅིངས་ཏེ། ཆོས་བཤད་པས་སྤྲོ་བ་བསྐྱེད་པར་བྱའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུ་མཐའ་རའི་མེ་ཏོག་བཞིན། །བརྒྱ་ལམ་ནས་ནི་རིས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་བ་བྱེད་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་ནས་འབྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མིག་གཡོ་བ། །དེང་བདག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་པས་བས། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ནི་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པའོ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དངོས་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བྱ་བ་ལ་སོགས་པའི་ཆོས་བཤད་ཅིང་བསྒྲགས་ནས། །དེ་རྣམས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ཡང་དག་པར་བསྲུངས་ལ། སྔོན་པའི་བྱེ་བྲག་གཟུང་བར་བྱའོ། །ཕྱིར་མི་ལྡོག་པའི་འཁོར་ལོའི་དབང༌། །བྱིན་ནས་མགོན་པོ་བདག་ལ་གསུངས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །སངས་རྒྱས་རྣམས་ཀྱི་དམ་ཚིག་དང༌། །གསང་བའི་སྡོམ་པ་བླ་ན་མེད། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་


DTG044_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་བྱའོ། །སློབ་མ་དེ་རྣམས་ཀུ་ཤའི་སྟན་ལ་ཉལ་དུ་བཅུག་སྟེ། རྨི་ལམ་ལམ་ཅི་མཐོང་བ་ང་ལ་ཟློས་ཤིག་ཅེས་བྱའོ། སློབ་མ་ལྷག་པར་གནས་པའི་ཆོ་གའོ། །

མེ་ཏོག་ལྷག་པར་གནས་པའི་ཆོ་ག


DTG044_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དཀྱིལ་འཁོར་གྱི་ཁང་པར་སློབ་དཔོན་ཞུགས་གནས་བསྲུང་བའི་དོན་དུ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པར་བྱའོ། །གཏོར་མ་ཡང་བྱིན་ནས། །ཨོཾ་ཨཱཿ་བིགྷྣཱནྟ་ཀྲྀཏ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་ནང་པར་སྔ་བར་ཕྱིར་བྱུང་ནས་སློབ་པ་མ་དེ་རྣམས་བོས་ཏེ། དེ་རྣམས་ཀྱི་རྨི་ལམ་དགེ་བའམ། །མི་དགེ་བ་དྲིས་ནས། །གལ་གཏེ་རྨི་ལམ་མི་དགེ་ན་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་བྲིས་སྐུ་ལ་སོགས་པའི་སྐྱིལ་འཁོར་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས། རང་གི་ལྷའི་རྣལ་སྦྱོར་སྔོན་དུ་སོང་བས། རང་ཉིད་ཀྱིས་སློབ་མ་འཇུག་པའི་ཆོ་གས་ཞུགས་ནས། དེ་ནས་འོག་ནས་འབྱུང་བ་བཞིན་དུ་རྗེས་སུ་གནས་པའི་དབང་གི་བར་བཅོམ་ལྡན་འདས་གཙོ་བོ་ལ་བློ་ཡིས་འཐོབ་པར་བྱའོ། །དེ་ནས་སློབ་མ་རྣམས་གཞུག་པར་བྱ་བའི་དོན་དུ་བདེན་པའི་བྱིན་གྱི་རླབས་གསོལ་བར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་ལྟ་བུ་སློབ་མས་ནི། །གསལ་ཤིང་སྡིག་མེད་མཐོང་བར་ཤོག །ཅེས་བྱ་བས་བདེན་པའི་བྱིན་གྱིས་རླབས་གསོལ་ནས། །ཡོལ་བ་ལས་ཕྱི་རོལ་དུ་ཡོང་བྱིན་བའི་སློབ་མ་དབང་བསྐུར་བ་ནི་སྣོད་དུ་བྱ་བའི་ཕྱིར། །རྣམ་པར་སྣང་མཛད་ཀྱི་གཟུགས་སུ་ཉེ་བར་དམིགས་ལ། ཨཱ་ཁཾ་བའི་ར་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་མེད་ཏོག་གི་ཕྲེང་བ་གཟུང་བ་གདོང་གཡོགས་ཀྱིས་དཀྲིས་པ་བུམ་པའི་ཆུས་གཏོར་བའི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་དྲི་བར་བྱའོ། །ཀྱེ་ཁྱོད་གང་ལ་དགའ་ཞེས་བྱ། བདེ་བ་ཆེན་པོ་བདག་ནི་སྐལ་བ་བཟང་པོ་ལ་ཞེས་བྱའོ། །སློབ་མའི་སྙིང་གར་རྡོ་རྗེ་བཞག་ནས། ཨོཾ་སརྦྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་:་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བྱ་བ་འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་


DTG044_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པར་འགྱུར་རོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་བརྗོད་པར་མི་བྱ་ཞིང་མི་དད་པར་བྱང་མི་བྱའོ། །ཧཱུཾ་ཛཿ་ཧཱུཾ་ཞེས་བྱ་བ་འདིས་བཀུག་སྟེ་ཡོལ་བའི་ནང་དུ་བཅུ་གནས་ཀྱིལ་འཁོར་གྱི་ཤར་གྱིས་གོར་ཡང་དག་པར་བཞག་སྟེ། འདི་སྐད་དུ་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། །དེའི་ཕྱིར་ངར་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མ་བྱེད་ཅིག་དམ་ཚིག་ཉམས་པར་གྱུར་ཏ་རེ། ཡང་སློབ་མའི་སྤྱི་བོར་རྡོ་རྗེ་གཞག་ལ་བརྗོད་པར་བྱ་སྟེ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ལ་ལར་ཁྱོད་འདི་སྨྲས། །ཁྱོད་ནི་སྤྱི་བོ་འགས་པར་བྱེད། །མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཞག་ལ་བརྗོད་པར་བྱ་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །འདིས་མནའ་བསྒགས་ནས་བདུད་རྩི་རྣམ་པ་ལྔ་པདྨའི་སྣོད་ལ་གནས་པའི་ཡི་གེ་གསུམ་གྱིས་བརླབས་ལ། །ཨོཾ་བཛྲ་ཨ་མྲྀ་ཏི་ད་ཡ་ཧཱུཾ་ཋཿ་ཞེས་བྱ་བའི་འདིས་ལན་བདུན་བཟླས་པ་བྱས་ནས། འདི་ནི་ཁྱོད་ཀྱི་དམྱལ་པའི་ཆུ། །དམ་ལས་འདས་ན་བསྲེག་པར་འགྱུར། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩི་ཆུ་འཐུངས་ཤིག །ཅེས་བརྗོད་ལ་བླུད་པར་བྱའོ། །དེ་ནས་འདི་བརྗོད་པར་བྱ་སྟེ། །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས། །ངས་འདི་གྱིས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་མི་བདེ་བ་མ་སྤངས་པར་ཁྱད་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏེ་ཞེས་བརྗོད་བས་དམ་ཚིག་གི་ཆུ་སྦྱིན་པར་བྱའོ། །དེ་ནས་སློབ་མས་འདི་ལྟར་བརྗོད་དུ་གཞུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ་ཞེས་བྱའོ། །དེ་ནས་སློབ་མའི་སྙིང་གར་ལཾ་སེར་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་གསུམ་


DTG044_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཚན་པའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ལ་ཡི་གེ་ཧཱུཾ་གནས་པའོ། །སྤྱི་བོར་བཾ་ཡིག་ལས་སྐྱེས་པའི་བུམ་པས་མཚན་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་ལ་ཡེ་གེ་ཧཿ་གནས་པའོ། །མགྲིན་པར་ཡཾ་ཡིག་ལས་སྐྱེས་བ་གཡོ་བའི་བ་དན་གཉིས་ཀྱིས་མཚན་པའི་དུ་བའི་མདོག་ཅན་གཞུའི་རྣམ་པ་ལྟ་བུ་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཨཱཿ་གནས་པའོ། །རྐང་པའི་མཐིལ་དུ་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་གྲུ་གསུམ་པ་འོད་ཟེར་འཕྲོ་བའི་མེའི་དཀྱིལ་འཁོར་ལ་ཡི་གེ་ཛྒྷཾ་:་གནས་པའི་འོད་ཟེར་དང་བཅས་པ་བསྒོམས་ཏེ། དྲེགས་པ་དང་བཅས་པའི་དྲིལ་བུ་དཀྲོལ་ལ། །ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཧཱུཾ་ཧཿ་ཨཿ་ཛྷཻཾཿ་ཞེས་བརྗོད་ནས་ལེ་ལ་ཡི་གེ་ཨཱཿ་དམར་པོ་བསམས་ནས་འོད་དཔག་ཏུ་མེ་དཔའི་གཟུགས་སུ་སྒོམ་པར་བྱའོ། །བབས་ནས་བུ་ཁྱོད་དགེ་དང་མི་དགེ་སྨོས་ཞེས་བྱ་བ་བརྗོད་དོ། །སྨྲ་བཤེས་ནས་ཨོཾ་ཏིཥྛ་བཛྲ། །ཞེས་བས་བརྟན་པར་བྱའོ། །ཁྱོད་ཀྱི་མིག་ལ་ཅི་སྙིང་ཅི་མཐོང་ཞེས་དྲིས་ནས། དེ་ནས་དེ་ཡིས་བརྗོད་དེ། །དཀར་པོ་དང་སེར་པ་དང༌།མ་རི་པོ་དང༌། ནག་པོ་མཐོང་ན། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་དངོས་གྲུབ་ཀྱི་སྣོད་དང་ལྡན་པར་བརྗོད་ནས་བདེན་པའི་བྱིན་གྱི་རླབས་བརྗོད་པར་བྱ་སྟེ། དེ་ལྟར་དཀྱིལ་འཁོར་ཡང་དག་འདིར། །བདག་གིས་སློབ་མ་གཞུག་པ་ལ། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །ལྷ་རྣམས་ཀྱི་ནི་རིགས་ཀྱི་རིམ། །ཇི་ལྟར་དངོས་གྲུ་རིམ་པ་འདི། །གང་གི་རིགས་ཀྱིས་སྣོད་ཡིན་ལ། །ཇི་ལྟར་བསོད་ནམས་མཐུ་ཡིས་ནི། །དཀྱིལ་འཁོར་འདིར་ཡང་དེ་བཞིན་ཤོག །དེ་ནས་མེ་ཏོག་གི་ཕྲེང་བ་དེ། །པྲ་ཏིའི་ཙྪ་བཛྲ་ཧོཿ་ཞེས་བྱ་བ་འདི་ཡིས་དཀྱིལ་འཁོར་ལ་བསྒྱུར་བར་བྱའོ། །དེ་ནས་མེ་ཏོག་ལྷུང་བ་ལ། །དམན་པ་དང༌། འབྲིང་དང༌། །མཆོག་གི་དངོས་གྲུབ་མཚོན་པར་བྱའོ། །དེ་ལ་གལ་གཏེ་སངས་རྒྱས་རྣམས་ཀྱི་དབུའི་སྤྱི་གཙུག་གི་དཔྲལ་བར་བབས་ནས་དེས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །གལ་ཏེ་སྤྱན་ནམ་ཞལ་ལ་བབས་དེ་སྔགས་ཀྱི་དངོས་གྲུབ་བོ། །ཡན་ལག་མཆོག་ལ་ནི་མཆོག་གོ །ཡན་ལག་བྲིང་ལ་ནི་འབྲིང་ངོ༌། །སྨད་ཀྱི་ཆ་ལ་ནི་ཐ་མའོ། །གཟུགས་ལས་ཤིན་ཏུ་རིང་བར་


DTG044_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ན་ཕྲན་ཚེགས་སོ། །སྙེ་བ་ནི་དངོས་གྲུབ་མྱུར་དུག་འགྱུར་མྱུར་དུ་འགྲུབ་པའོ། །ལྷ་རྣམས་ཀྱི་རང་གི་རེའུ་མིག་གི་གནས་ལ་རྣམ་པར་དཔྱད་པའི་ཕྱིར་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱིས་དབུས་སུ་ལྷུང་ན། དེའི་ཚེ་མེ་ཏོག་གང་དང་ཉེ་བར་བབས་པ་དེའི་རིགས་ཡིན་ནོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་བབས་ན་ཕྲན་ཚེགས་ཀྱི་དངོས་གྲུབ་བོ། །གལ་ཏེ་དཀྱིལ་འཁོར་གྱི་མཚམས་ཀྱི་ཕྱི་རོལ་ལ་བབས་ན། །དེའི་ཚེ་ཡང་བསྐྱུར་དུ་གཞུག་གོ །ལན་གསུམ་དུ་བྱས་ཏེ་དེ་ལ་དེ་ཉིད་དུ་བབས་ན་དངོས་གྲུབ་མེད་དེ། །ཕྱིའི་རྡོ་རྗེ་བའི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །ནང་དུ་བབས་ན་ཤིན་ཏུ་དཀའ་བས་སོ་ཞེས་བྱ་བ་ནི་མེ་ཏོག་བསྐྱུར་བའི་ཆོ་གའོ། །

དཀྱིལ་འཁོར་དུ་འཇུག་པའི་ཆོ་ག


DTG044_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་མེ་ཏོག་ཕྲེང་བ་དེ་ཡང་བླངས་སྣས། །སློབ་མའི་སྤྱི་བོར་བཅིང་བར་བྱ་སྟེ། པྲ་ཏི་གྲྀཧྣ་སྟཾ་མི་མཾ་ས་ཏྭ་མ་ཧཱ་བ་ལ། །ཞེས་བྱ་བ་བརྗོད་དོ། །མིག་གཉིས་ལ་ཡི་གེ་ཨོཾ་བསམས་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། མིག་འབྱེད་པ་ལ་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླངས་ན་མེད། །ཅེས་བྱ་བ་བརྗོད་ནས་གསོང་གཡོགས་དགྲོལ་བ་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ་སྟེ། དབུས་སུ་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ་ཤར་ལ་སོགས་པའི་ཕྱོགས་སུ་གཟུགས་ནི་རྣམ་པར་སྣང་མཛད་དོ། །ཚོར་བ་ནི་རིན་ཆེན་འབྱུང་ལྡན་ནོ། འདུ་ཤེས་ནི་འོད་དཔག་ཏུ་མེད་པའོ། །འདུ་བྱེད་ནི་དོན་ཡོངས་གྲུབ་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་སའི་ཁམས་ནི་སྤྱན་མའོ། །ཆུའི་ཀའི་ཁྱམས་ནི་མཱ་མ་ཀའིའོ། །མེའི་ཁམས་ནི་གོས་དཀར་མོའོ། །རླུང་གི་ཁམས་ནི་སྒྲོལ་མའོ། །ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་བཞིན་དང་ཤར་ཕྱོགས་ཀྱི་སྒོའི་མཚམས་རྣམ་སུས་གཟུགས་རྡོ་རྗེ་མ་དང༌། སྒྲ་རྡོ་རྗེ་མ་དང༌། དྲི་རྡོ་རྗེ་མ་དང༌། རོ་རྡོ་རྗེ་མ་དང༌། རེག་བྱ་རྡོ་རྗེ་མ་དང༌། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའོ། །གཤིན་རྗེ་མཐར་བྱེད་དང༌། །པདྨ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང༌། །བགེགས་མཐར་བྱེད་རྣམས་ནི་ཤར་ལ་སོགས་པའི་སྒོར་གནས་པའོ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །

དབང་བསྐུར་བའི་ཆོ་ག

བུམ་པའི་དབང་གི་ཆོ་ག


DTG044_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དབང་བསྐུར་བའི་ཆོ་ག་བརྗོད་པར་བྱ་སྟེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་རྣམས། །མཆོད་ཆེན་ཇི་ལྟར་བྱིན་པ་ལྟར། །བདག་ཀྱང་བསྒྲལ་


DTG044_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཞེས་གྱ་བས་གསོལ་བ་གདབ་པ་དང་ལྡན་པའི་སློབ་མ་མི་བསྐྱོད་པའི་གཟུགས་སུ་དམིགས་ནས། །རང་རིག་སྐྱེས་བུའི་ཆུ་ཡི་ནི། །ཀུན་དུ་བུམ་པའི་རྒྱན་རྣམས་ཀྱིས། །དབང་བསྐུར་རྡོ་རྗེ་ཅན་བསམས་ནས། །རྡོ་རྗེ་ཐུགས་ནི་རབ་ཏུ་བསྒོམ། །རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ནས། དབང་བསྐུར་བ་ནི་རྡོ་རྗེ་ཆེན། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥིཉྩཱ་མི་སྟྭཾ། །ཞེས་བྱ་བ་བརྗོད་ན། །སློབ་མ་འཁོར་ལོས་སྒྱུར་པ་བཞིན་དུ་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་ཆུའི་དབང་བསྐུར་བའི་ཆོ་ག་སྟེ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་གོང་དུ་བསྟན་པའི་རིམ་པས་གསེར་རམ་གོས་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་སློབ་མའི་མགོ་ལ་སྦྱིན་པར་བྱའོ། །ཨོཾ་སརྦྦ་བུདྡྷ་ཙུ་ད་མཱ་ཎི་མ་ཧཱ་མ་གུ་ཏཾ་པྲ་ཏིའི་ཙྪ་བཛྲ་ཧོཿ་ནམ་མཁའི་ཁམས་ཀྱི་ཡོངས་སུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིག་སྐྱི་བདག་པོའི་གཟུགས་ཀྱི་དབུ་བརྒྱན་ལ་ཉེ་བར་གནས་པ་བསམས་པར་བྱའོ་ཞེས་བྱ་བ་ནི་དབུ་རྒྱན་གྱི་དབང་བ་སྐུར་བའི་ཆོ་ག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་རྩེ་ལྔ་པ་ཆེན་པོ་ལག་པས་སྙིང་གར་བཞག །སློབ་མ་འཇིག་རྟེན་དབང་འདྲ་ཞིང༌། །རྡོ་རྗེ་སེམས་དཔའ་ཞེས་དབང་བསྐུར། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་ཕྱིར་ན་རྡོ་རྗེ་ལོང༌། །ཞེས་བྱ་བ་བརྗོད་ལ། རྡོ་རྗེ་སྙིང་ག་ལ་སོགས་པར་གཏུགས་ནས། ལག་པ་གཡས་པར་རྡོ་རྗེ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་དབང་གི་ཆོ་ག་སྟེ། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ན། ལག་པ་གཡོན་པས་དྲིལ་བུ་བྱིན་ལ་སློབ་མ་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་གཉིས་ཀྱིས་འཁྱུད་པའི་རྣམ་པར་ལྟར་བྱས་ནས། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥི་ཉྩཱ་མི་ཏིཥྛ་བཛྲ་མ་ཧཱ་ས་མ་ཡ་སྟྭི། །ཞེས་བྱ་བ་ནི་དྲིལ་བུའི་དབང་གི་ཆོ་ག་སྟེ། །བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ནས། མིང་གི་དབང་བསྐུར་


DTG044_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་སྟེ། མགོ་བོར་རྡོ་རྗེ་དྲིལ་བུ་བཞག་ནས། ཨོཾ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿ། ཀྱེ་དཔལ་ཞེས་དང་རྡོ་རྗེ། །ཀྱེ་དཔལ་གཏི་མུག་རྡོ་རྗེ། །ཀྱེ་དཔལ་ང་རྒྱལ་རྡོ་རྗེ། །ཀྱེ་དཔལ་འདོད་ཆགས་རྡོ་རྗེ། །ཀྱེ་དཔལ་ཕྲག་དོག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་ངོ་བོ་ཉིད་ཀྱིས་མིང་བྱའོ། །མི་བསྐྱོད་པ་ནི་དགྱེས་པའི་རྡོ་རྗེ་དང༌། །ལོངས་སྤྱོད་རྡོ་རྗེ་དང༌། དགའ་བའི་རྡོ་རྗེ་དང༌།སྒེག་པའི་རྡོ་རྗེ་དང༌། རོལ་པའི་རྡོ་རྗེ་དང༌། །རང་བྱུང་རྡོ་རྗེ་དང༌། །ཞ་སྡང་རྡོ་རྗེ་དང༌། ཀྱེ་རྡོ་རྗེ་དང༌། སྙིང་རྗེ་སྟོབས་ཀྱི་རྡོ་རྗེ་པ། །ཐུགས་ཀྱི་རྡོ་རྗེ་ཞེས་བརྗོད་དོ། །རྣམ་པར་སྣང་མཛད་ཀྱི་ནི་རྣམ་པར་སྣང་མཛད་རྡོ་རྗེ་དང༌། །གཏི་མུག་རྡོ་རྗེ་དང༌། ཨོཾ་ཡིག་རྡོ་རྗེ་དང༌། །རྟག་པའི་རྡོ་རྗེ་དང༌། དེ་བཞིན་གཤེགས་པའི་རྡོ་རྗེ་དང༌། སྒྱུ་མའི་རྡོ་རྗེ་དང༌། །སངས་རྒྱས་རྡོ་རྗེ་དང༌། སྐུའི་རྡོ་རྗེ་ཞེས་མངོན་པར་བརྗོད་དོ། །རིན་ཆེ་འབྱུང་ལྡན་གྱི་ནི་རིན་ཆེན་རྡོ་རྗེ་དང༌། ཡིད་བཞིན་ནོར་བུ་རྡོ་རྗེ་དང༌། མཁའ་རྡོ་རྗེ་དང༌། ནམ་མཁའ་རྡོ་རྗེ་དང༌། མ་རྡོ་རྗེ་དང༌། །ཉི་མ་རྡོ་རྗེ་དང༌། འོད་བྱེད་རྡོ་རྗེ་དང༌། ང་རྒྱལ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འོད་དཔག་མེད་ཀྱི་ནི་འདོད་ཆགས་རྡོ་རྗེ་དང༌། སྤྱན་ནས་གཟིགས་རྡོ་རྗེ་དང༌། །ཆོས་རྡོ་རྗེ་དང༌། པདྨའི་རྡོ་རྗེ་དང༌། ཤེས་རབ་མྱུ་གུ་རྡོ་རྗེ་དང༌། བདེ་བའི་མྱུ་གུ་རྡོ་རྗེ་དང༌། སྙིང་རྗེ་མྱུ་གུ་རྡོ་རྗེ་དང༌། པདྨའི་མྱུ་གུ་རྡོ་རྗེ་དང༌། མཆོག་དགའི་རྡོ་རྗེ་དང༌། དགའ་བ་དེའི་རྡོ་རྗེ་དང༌། ངག་གི་རྡོ་རྗེ་ཞེས་བྱ་བར་བརྗོད་དོ། །དོན་ཡོང་གྲུབ་པའི་ནི། །དོན་ཡོད་གྲུབ་པ་རྡོ་རྗེ་དང༌། རྡོ་རྗེ་རྟ་མཆོག་དང༌། དམ་ཚིག་རྡོ་རྗེ་དང༌། ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་དང༌། ལམ་གྱི་རྡོ་རྗེ་དང༌། ཕྲག་དོག་རྡོ་རྗེ་ཞེས་བརྗོད་དོ། །རྡོ་རྗེ་སེམས་དཔའི་ནི། །མཆོག་གི་དང་པོའི་རྡོ་རྗེ་དང༌། མི་མཉམ་པའི་རྡོ་རྗེ་དང༌། དགའ་བའི་རྡོ་རྗེ་དང༌། དམ་ཚིག་རྡོ་རྗེ་དང༌། རྣམ་པར་རྒྱལ་བའི་རྡོ་རྗེ་དང༌། བདེ་བ་ཆེན་པོའི་རྡོ་རྗེ་དང༌། མི་གཡོ་བའི་རྡོ་རྗེ་དང༌། སེམས་དཔའི་རྡོ་རྗེ་དང༌། ཡན་ལག་མེད་པའི་རྡོ་རྗེ་དང༌། ཡེ་ཤེས་རྡོ་རྗེ་དང༌། ལྷན་ཅིག་སྐྱེས་པའི་རྡོ་རྗེ་དང་ཞེས་བྱ་བར་རབ་ཏུ་གྲགས་པའོ། །མི་བསྐྱོད་པའི་རིམ་གྱིས་བུད་མེད་རྣམས་ལ་ནི། མདག་མེད་རྡོ་རྗེ་དང༌། ཕྱག་ན་རྡོ་རྗེ་མ་དང༌། རྡོ་རྗེ་ཕྲེང་བ་མ་དང༌། འབྱུང་གནས་རྡོ་རྗེ་མ་དང༌། རྡོ་རྗེ་མཱ་མ་ཀཱི་ཞེས་


DTG044_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །རྣམ་པར་སྣང་མཛད་ཀྱི་ནི། །རྡོ་རྗེ་སྤྱན་མ་དང༌། །རྡོ་རྗེ་མཁའ་འགྲོ་མ་དང༌། །རྡོ་རྗེ་དཀར་མོ་དང༌། །རྡོ་རྗེ་སྒེག་མོ་དང༌། རྡོ་རྗེ་འཁྱུད་མ་ཞེས་བརྗོད་དོ། །རིན་ཆེན་འབྱུང་ལྡན་གྱི་ནི། །རྡོ་རྗེ་སྒྲོལ་མ་དང༌། རྡོ་རྗེ་དབུགས་འབྱིན་མ་དང༌། རྡོ་རྗེ་འབར་མ་དང༌། རྡོ་རྗེ་ཕྲེང་བ་མ་ཞེས་བརྗོད་དོ། །འོད་དཔག་ཏུ་མེད་པ་ནི། འདོད་ཆགས་རྡོ་རྗེ་མ་དང༌། །རྡོ་རྗེ་གླུ་མ་དང༌། ངོ་མཚར་བདེ་བའི་རྡོ་རྗེ་མ་དང༌། རྡོ་རྗེ་ལཱི་དང༌། །རྡོ་རྗེ་བློ་མ་དང༌། རྡོ་རྗེ་བཞད་མ་དང༌། །པདྨ་རྡོ་རྗེ་མ་དང༌། རྡོ་རྗེ་གོས་དཀར་མོ་ཞེས་བརྗོད་དོ། །དོན་ཡོད་གྲུབ་པའི་ནི། །རྡོ་རྗེ་སྙིང་སོ་མ་དང༌། རྡོ་རྗེ་སྒྱུ་མ་དང༌། རྡོ་རྗེ་ཐོ་བ་མོ་དང༌། རྡོ་རྗེ་སྒྲོལ་མ་ཞེས་བརྗོད་དོ། །རྡོ་རྗེ་སེམས་དཔའི་ནི། རྡོ་རྗེ་རོལ་མ་དང་རྡོ་རྗེ་མ་གྱོག་སྨ་དང༌། རྡོ་རྗེ་འདོད་མ་དང༌། །རྡོ་རྗེ་ཀ་ང་ཀ་མ་དང༌། རྡོ་རྗེ་ལྦུ་བ་མ་དང༌། རྡོ་རྗེ་འཆར་མ་དང༌། །རྡོ་རྗེ་མཱ་མ་ཀཱི་ཞེས་བརྗོད་དོ། །མིང་གི་དབང་བསྐུར་བའི་ཆོ་ག་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོས། །དབང་བསྐུར་བ་འདི་རྣམས་ཀྱི་སྔགས་དང་རྒྱུད་ཉན་པ་དང༌། འཆད་པ་དང༌། །སྔགས་སྒྲུབ་པ་ལ་དབང་བསྐུར་བར་འགྱུར་རོ། །དབང་ལྔ་པོ་ཉིད་ནི་རིག་པའི་དབང་ཞེས་བརྗོད་དོ། །རྣམ་པ་ཐམས་ཅད་དུ་སྤྱན་མ་ལ་སོགས་པའི་རིག་མའི་བྱ་བ་འཇུག་པའི་ཕྱིར་རོ་ཞེས་བྱའོ། །དེ་ནས། ཀྱེ་རྡོ་རྗེ་སློབ་དཔོན་དབང་བསྐུར་བ། གང་གིས་ཁྱོད་ཀྱི་དྲིན་གྱིས་བདག །རང་དང་གཞན་དོན་ནུས་གྱུར་བའི། །སྙིང་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་བྱ་བས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གདུགས་དང༌། རྒྱལ་མཚན་དང༌། བླ་རེ་བླང་བར་བྱ་སྟེ། ཤར་སྒོར་སེང་གེའི་ཁྲི་ལ་སྣགས་ཚོགས་ཀྱི་པདྨ་ལ་གནས་པའི་འདབ་མ་བརྒྱད་པའི་སྟེང་དུ། །རྡོ་རྗེ་སེམས་དཔའི་གཟུགས་སུ་དམིགས་ནས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་བསྒོམས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེན། །ཀུན་དུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙེམས་མ་གཙོ་བོའི་གཙོ། །མཆོག་གི་དང་པོ་སྐྱེས་བུ་བཅོམ་ལྡན་འདས། །ཞེས་བྱ་བ་དེ་ཉིད་ཀྱིས་རྡོ་རྗེའི་འཛིན་དུ་བཞུགས་སོ། །དེ་ནས་ཨ་ཡིག་ལ་སྐྱེས་པའི་དྲིལ་བུ་སྟེ། འདི་ནི་སངས་རྒྱས་ཐམས་ཅད་ནི། །ཤེས་རབ་


DTG044_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེས། །ཅེས་བྱ་བས་གཡོན་པའི་ལག་གཏུ་སྦྱིན་པར་བྱའོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་པར་བྱས། །ངོ་བོ་ཉིད་དག་སེམས་དཔའ་མཆོག །སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །ཞེས་བྱ་བས་ཀྱང་སློབ་མས་དཀྲོལ་བར་བའོ། །དེ་ནས་ཕྱག་རྒྱའི་དམ་ཚིག་བརྗོད་པར་བྱ་སྟེ། ཡིད་ཀྱིས་སྐུ་ནི་སྟོན་པའི་ཕྱིར། །གང་གིས་ཐམས་ཅད་སྐུར་བསྟན་ལ། །དེ་ན་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་བྱ་བ་འདིས་རབ་འདོད་པའི་ལྷའི་སྐུར་ཕྱག་རྒྱའི་ཆེན་པོར་བྱིན་གྱིས་བརླབས་ནས་འཁྱུད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་ལྷའི་ཚོགས་ནམ་མཁའ་ལ་གནས་པས་དབང་བསྐུར་བར་བསམས་ནས། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ལས་བྱུང་བ་ནི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བ་དང༌། ཕྱིར་མི་ལྡོག་པའི་དབང་བསྐུར་པའི་ཚིགས་བཅད་རྣམས་ཀྱི་དབང་བསྐུར་བར་བྱའོ། །ཨོམ་སུ་པྲ་ཏིཥྛ་ཏྭ་བཛྲེ། །ཞེས་བརྗོད་དེ་ཞུ་བའི་ཞབས་ལ་མི་བསྐྱོད་པས་རྒྱས་བཏབ་པར་བསམ། །ཇི་ལྟར་གསུངས་པ་ནི། །ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་གཉིས་ཀྱིས་འཁྱུད་ནས་སུ། །རྡོ་རྗེ་དྲིལ་བུ་མཉམ་སྦྱར་བས། སློབ་དཔོན་དབང་དུ་འོད་པ་ཡིན། །དེ་ནས་མདོར་བསྡུས་པའི་དཀྱིལ་འཁོར་གྱི་དེ་ཉིད་དང༌། དཀྱིལ་འཁོར་གྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དཀྱིལ་འཁོར་པདྨ་ཉིད་དུ་བརྗོད། །ཡིད་ཀྱི་འཁོར་ལོ་མཆོག་ཡིན་ཏེ། ཡེ་ཤེས་ཞེས་བྱ་གཞལ་ཡས་ཁང༌། །སེམས་ཀྱི་གཞལ་ཡས་མཐུན་པོ་སྟེ། །ཕུང་པོ་ལྔ་ནི་མདོར་བསྡུས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་བྱ་བ་ལ་སོགས་པའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་ལ་སྒོ་པའི་གཟུགས་སུ་དམིགས་ནས། རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཆོས་ཀྱི་གནས་སུ་རྡོ་རྗེ་དང༌། རིན་པོ་ཆེ་དང་པདྨ་དང༌། ལས་ཀྱིས་སྒྲ་རབ་ཏུ་གཞུག་པར་བྱས་


DTG044_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིམ་གྱིས་ཚིགས་བཅད་ལྔས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ནས་མའི་བསྐྱོད་པའི་གཟུགས་སུ་དམིགས་ནས་རྡོ་རྗེའོ་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་གཏག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བ་འདིས་ཧཱུཾ་ལ་སྐྱེས་པའི་རྡོ་རྗེ་སྦྱིན་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲས་མཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ། །ཞེས་བྱ་བ་བརྗོད་ལ། སློབ་མ་རྡོ་རྗེའི་བརྟུལ་ཞུགས་འཛིན་དུ་གཞུག་གོ་ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམས་ནས། །གཡོན་པའི་ཁུ་ཚུར་གྱིས་སྙིང་གར་ཆོས་གོས་ཀྱིས་ནེ་བཟུང་བླ་ལག་པ་གཡས་པས་མཆོག་སྦྱིན་པའི་ཕྱག་རྒྱས་རང་གི་སློབ་མ་གང་གི་རིགས་ཡིན་པ་དེའི་གཟུགས་སུ་དམིགས་པར་བྱ་སྟེ། ཨོཾ་ཨེ་ཥོ་ཧཾ་ཏྭཾ་བྱཱ་ཀ་རོ་མི། །བཛྲ་ཏྭ་ཏ་ཐཱ་ག་ཏ། བྷ་བ་དུརྒ་ཏི་ཏོ་དྷི་ཏྱཱ། །ཨ་ཪྻནྟ་བྷ་བ་ཤུདྡྷཱ་ཡ། །ཀྱེ་ཆེ་གེ་མོ་རྡོ་རྗེ་ཏ་ཐཱ་ག་ཏཿསིདྷྱ་ས་མ་ཡསྠཱ་བྷུ་རྦྷུ་བ་སྭཿ། ཞེས་བྱ་བས་ལུང་བསྟན་པར་བྱ་སྟེ། འདི་ལྟར་འབྱུང་བའི་ཕྱག་རྒྱ་འདིས་གང་ལུང་བསྟན་པར་བྱས་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་བས་མགྲིན་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་ཏེ། །འདི་བྱུང་བའི་ཕྱག་རྒྱའི་མཐུ་དང༌། །སྔགས་འདིའི་སྟོབས་ཉིད་ཀྱིས་ཕྱིར་དད་པར་བྱའོ་ཞེས་སློབ་མ་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལུང་བསྟན་པའོ། །དེ་ནས་ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ཅེས་བྱ་བ་བརྗོད་ལ་དབུགས་དབྱུང་བ་སྦྱིན་པར་བྱའོ། །གསང་མཆོག་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །གང་ཞིག་སྐྱེས་པ་ཙམ་གྱིས་ནི་།སངས་རྒྱས་ཉིད་དུ་རྟོགས་མེད་པའི། །རྡོ་རྗེ་ཞེས་གང་ཕྱག་རྒྱ་དང༌། །བྱང་ཆུབ་སེམས་ཀྱང་གཏང་མི་བྱ། །དམ་པའི་ཆོས་ཀྱང་མི་སྤོང་ཞིང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ།


DTG044_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པ་ཡིས། །དེ་ཡིས་བྱས་ནས་བཤགས་པར་བྱ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས་ཡང་གཏང་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་མི་སྤོང་ཞིང༌། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་བཟུང་། །འདི་ནི་མ་འོངས་རྫོགས་སངས་རྒྱས། དེ་རིང་དཀྱིལ་འཁོར་སློབ་དཔོན་དང༌། སྔགས་དང་རྒྱུད་ནི་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ལྷ་རྣམས་ཀྱིས་ཀྱང་མཐུན་པར་འདོད་།སེམས་ཅན་རྣམས་ནི་གཟུང་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །འབད་པ་ཡིས་ནི་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བྱ་བ་ནི་དབུགས་དབྱུང་བ་སྦྱིན་པའོ། །རྗེས་སུ་གནང་པ་ལ་སོགས་པ་བཞི་བོ་འདི་རྣམས་ནི། །རིག་པའི་དབང་རྣམས་པ་ལྔའི་རྗེ་སུའམ། སེམས་དཔོན་གྱི་དབང་གི་རྗོད་སུ་སྦྱིན་པར་བྱའོ། །སློབ་དཔོན་གྱི་དབང་ཉིད་ནི་ཕྱིར་མི་ལྡོག་པའི་དབང་ཞེས་བརྗོད་པར་བྱའོ། །དབང་ལྔ་དང༌། སློབ་དཔོན་གྱི་དབང་ལ་ནི་བུམ་པའི་དབང་ཞེས་བརྗོད་དེ། །ཐམས་ཅད་བུམ་པའི་བྱ་བ་འཇུག་པའི་ཕྱིར་རོ། །དབང་དྲུག་པོ་འདི་ནི་རྒྱུད་ཐམས་ཅད་དང་མི་འགལ་བའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་བྱ་བ་ནི་ལུས་རྡོ་རྗེ་རྣམ་པར་དག་པའོ། །

གསང་བའི་དབང་གི་ཆོ་ག


DTG044_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྗེས་སུ་དབེན་པའི་ས་ཕྱོགས་སུ་ཡོལ་བ་ལ་སོགས་པ་བྱས་ལ་རང་གི་ཡིད་དུ་སྡུག་པའི་གཟུགས་དང༌། ལང་ཚོགས་བརྒྱན་པའི་དམ་ཚིགས་དང་སྔོམ་པའི་སྣོད་དང་ལྡན་པའི་ཤེས་རབ་གསང་བའི་དབང་གི་དོན་དུ་སློབ་མ་བླ་མ་ལ་དབུལ་བར་བྱས་ནས་གྲོ་བའི་གནས་སྐབས་སུ་གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བྱིན་པ་ལྟ། བདག་ཀྱང་བསྒྲལ་བའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་བདག་ལ་སྩོལ། །བླ་མས་ཀྱང་ཏིང་ངེ་གསུམ་མངོན་དུ་བྱས་ནས། རང་རིག་པར་བྱ་ཞིན་ནམ་མཁའི་ཁམས་སུ་སྤྲོ་བར་བྱ་སྟེ། ཤེས་རབ་ཀྱི་པདྨ་ནས་བླངས་ལ། །ཤེས་རབ་གདོང་ཡང་བཅིང་བྱ་བ་ཟིང༌། །དེ་བཞིན་ཐབས་ཀྱི་གདོང་ཡང་ངོ༌། །མཐེ་བ་ཆེན་དང་སྲིན་ལག་གཉིས་ཀྱིས་སློབ་མའི་ཁར་སྦྱིན་པར་བྱའོ། །དེས་ཀྱང་ཨ་ཧོ་སུ་ཁྱཾ་ཞེས་བརྗོད་པས་ལོངས་སྤྱོད་དུ་གཞུག་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་


DTG044_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པའོ། །དེ་ཉིད་ཀྱང་ལངས་ལ་འདི་ཁོ་ན་ལྟར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གསང་བའི་དབང་གིས་ངག་རྡོ་རྗེ་རྣམ་པར་དག་པར་བྱེད་པའོ་ཞེས་བྱ་བ་འདི་ནི་གསང་བའི་དབང་གི་ཆོ་གའོ། །

ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་ག


DTG044_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱག་རྒྱ་གཅིག་ཏུ་འདོད་པ་དེ་ཉིད་ཀྱིས་སམ། གཞན་ཕྱག་རྒྱ་ཐ་དད་དུ་འདོད་ཀྱང་རུང་སྟེ། སོ་སོར་རང་གིས་རིག་པར་བྱ་བ་ཆོས་ཀྱི་སྐུ་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་སྔོན་དུ་བསྟན་པའི་ཚིགས་བཅད་ཀྱིས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ལ། དེའི་ལག་པ་དེའི་ལག་པར་རབ་ཏུ་བཞག་ནས། དེ་བཞིན་གཤེགས་པ་ཐམས་ཅད་དཔང་པོར་བྱས་ལ། སྤྱི་བོར་རྡོ་རྗེ་མཉམ་པར་བཞག་སྟེ། བླ་མ་རྡོ་རྗེས་འདི་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱིས་གཟུང་བའི་མཆོག །བརྟན་པར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བཟང་ཡང་དག་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་ཉིད། །འགྲོ་གསུམ་འདི་ཡང་དག་མི་འགྱུར། །དེ་ཕྱིར་འདི་དང་མི་འབྲལ་ཞིང༌། །ཁྱོད་ཀྱིས་ནམ་ཡང་མི་བཏང་ངོ༌། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་གིས་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བྱ་བ་བརྗོད་ནས་སྦྱིན་པར་བྱའོ། །དེས་ཀྱང་གུར་གུམ་དང༌། ཙནྡན་གྱིས་བྱུགས་ལ་མེ་ཏོག་དྲི་ཞིམ་པོའི་ཕྲེང་བས་བརྒྱན་ནས། གོས་མེད་པར་རང་གི་པདྨ་གསལ་བར་བསྟན་ལ། འདི་སྐད་བརྗོད་པར་བྱ་སྟེ། བུ་ཁྱོད་ཀྱང་ནི་འདོད་དམ་ཅི། །དྲི་ཆེན་དྲི་ཆུ་སོགས་བཟའ་ཞིང༌། །ཤ་ཁྲག་ཁུ་བ་དེ་བཞིན་དུ། །དེ་བཞིན་གཞན་ཡང་བུད་མེད་གུས། །བྷ་གའི་པདྨའོ་བྱེད་པ། །བུ་ཁྱོད་སྨྲོས་ཤིག་ཅི་བདེ་བར། །ཞེས་བརྗོད་དོ། །དེས་ཀྱང༌། ལྷ་མོ་ཅི་ཕྱིར་བདག་མི་འདོད། །ཁྲག་དང་ཁུ་བ་སོགས་ཟ་ཞིང༌། །བུད་མེད་རྣམས་ལ་རྟག་གུས་བགྱིད། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་བརྗོད་པར་བྱའོ། །དེ་ནས་དགའ་ཞིང་དགྱེས་པས་རྣམ་པར་ལྟ་བར་བྱེད་ཅིང༌། བདག་གི་ཡིད་དུ་འོང་བ་བཞིན་དུ་མངོན་པར་བལྟ་ཞིང་ཙོག་ཙོག་པོར་འདུག་སྟེ། རང་གི་ཆུ་སྐྱེས་གསལ་བར་བྱས་ནས། འདི་སྐད་བརྗོད་པར་བྱ་སྟེ། ཨ་ཧོ་བདག་གི་པདྨ་འདི། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ལ། །གང་ཞིག་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་


DTG044_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདག་གནས་སོ། །ཇི་ལྟར་པདྨའི་དགོས་པ་གྱིས། །ཡང་དག་སངས་རྒྱས་མཉེས་བྱེད་སྩོགས། །བདེ་ཆེན་རྒྱལ་བོ་རང་ཉིད་ནི། །འདི་ཉིད་ལ་ནི་ཡང་དག་བ་ཞུགས། །བྷཉྫ་མོཀྵ་ཧོཿ། ཞེས་བརྗོད་པར་བྱའོ། །དེ་རང་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱི་བདག་ཉིད་ཅན་དེའི་ཡང་སྤྱི་བོ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བ་དང༌། བརླ་གཉིས་ལ་རིམ་པ་ཇི་ལྟ་བས། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱ་བས་རིགས་ལྔའི་ཚོགས་དང་ལྡན་པར་བྱས་ནས། དེ་ནས་ཡི་གེ་ཧཱུཾ་ལས། པདྨ་དང༌། རྡོ་རྗེའོ། །ཡི་གེ་ཨཱཿདང་ཨོཾ་གཉིས་ལས་ཟེ་འབྲུ་དང་ནོར་བུའོ། །བུ་གར་ཕཊ་སེར་པོ་བཀོད་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་མའི་ཆར་གནས་པ། སོར་མོས་ཅུང་ཞིག་བསྐུལ་བར་བྱ། །ཕྱི་རོལ་བླ་མས་འདི་ཤེས་ནས། །དེ་ནས་ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ནས་དགའ་བ་བརྩམ་པར་བྱའོ། །པདྨར་རྡོ་རྗེ་བཅུག་ནས་ནི། །བྱང་ཆུབ་སེམས་ནི་གཏོང་མི་བྱ། །དགའ་བ་དེ་ནི་བསྐྱོད་ནས་སུ། །སེམས་ནི་གང་བར་བསྒོམ་པར་བྱ། །ཇི་སྲིད་རྣལ་འབྱོར་པ་ཡིས་ནི། །བྱང་ཆུབ་སེམས་ནི་ཕྱིར་མི་གཏོང༌། །དེ་རྙེད་རྒྱུན་མི་འཆད་པར་འཐོབ། །དགའ་བའི་བདེ་བ་སྨོས་ཅི་དགོས། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །དངོས་གྲུབ་མཆོག་ལྟ་ག་ལ་ཡོད། །ནམ་མཁའི་ཁམས་དང་རྡོ་རྗེར་སྦྱོར། །རེག་པས་ངོ་མཚར་ཆེར་གྱུར་པའི། །གལ་ཏེ་བདེ་བ་སྐྱེ་བར་འགྱུར། །མཆོག་གི་དགའ་བར་བྱེད་པ་པོ། །དགའ་བྲལ་དགའ་བའི་དབུས་དག་ཏུ། །མཚོན་ཞིང་ལྟོས་ལ་བསྟན་པར་གྱིས། །པདྨའི་ནམ་མཁར་རྡོ་རྗེ་ནོར་བུས་མནན་པ་ལ། །རྡོ་རྗེ་སྐྱིལ་ཀྲུང་སེམས་ཀྱིས་ནི། །ནོར་བུའི་ནང་དུ་བལྟ་བར་བྱ། །གང་ཞིག་ཡེ་ཤེས་སྐྱེས་གྱུར་པ། །ཡེ་ཤེས་དེ་གཟུགས་ཤིན་ཏུ་དུལ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །རྣལ་འབྱོར་གང་གིས་ཡེ་ཤེས་མཐོང༌། །བདེ་བ་གནས་ཤིང་མི་འབྱུང་བའོ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་བ་ཟླ་ཕྱེད་ལོ་སྐོར་རམ། །བསྐལ་པའམ་བསྐལ་པ་བརྒྱ་སྟོང་དུ། །ཡེ་ཤེས་མངོན་སྦྱོར་གནས་པར་འགྱུར། །སློབ་མ་སྙོམས་འཇུག་མཐོང་ན་ནི། །བླ་


DTG044_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྙིང་ག་ལས་བྱུང་བའི། །གཏི་མུག་དགའ་སོགས་བཞི་རྣམས་ནི། །དེ་ཡི་སྙིང་གར་གཞུག་པར་བྱ། །སློབ་མས་གཟུང་ཞིང་རྟོགས་ནས་ནི། །པདྨའི་ཁོངས་སུ་སྤྲོ་བར་བྱ། །དེ་ནས་ལྕེ་ཡིས་སེམས་དེ་ནི། །བྱང་ཆུབ་སྔོན་འགྲོ་བླང་བར་བྱ། །ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ། །

བཞི་པའི་མངོན་པར་བརྗོད་པའི་དབང་རིན་པོ་ཆེ་འབྲས་བུར་གྱུར་པ་བརྗོད་པ།


DTG044_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཇི་ལྟར་བསྟན་པའི་ཆོ་གས་དངོས་གྲུབ་ཤེས་རབ་ཡེ་ཤེས་ཀྱི་དབང་བླངས་པ་དེ་ཉིད་ལ། བཞི་པ་མངོན་པར་བརྗོད་པའི་དབང་རིན་པོ་ཆེ་འབྲས་བུར་གྱུར་པ་བརྗོད་པར་བྱ་སྟེ། གཞན་དུ་ན་དམ་ཚིག་ཉམས་པའི་འཇིགས་པས་སོ། །ཇི་ལྟར་རྒྱུད་ལས། དབང་བསྐུར་མ་ཐོབ་རྣལ་འབྱོར་པས། །རྣལ་འབྱོར་ཉིད་དུ་མངོན་འདོད་ན། །མཁའ་ལ་ཁུ་ཚུར་བརྡེག་པ་དང༌། །སྨིག་རྒྱུའི་ཆུ་ནི་འཐུང་བའོ། །དེའི་ཕྱིར་ཇི་ལྟར་བསྟན་པ་ཡི། །ཆོ་གས་དབང་བསྐུར་སྦྱིན་པར་བྱ། །སློབ་མ་མོས་པའི་བསམ་པ་རབ་བལྟས་ནས། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་ལྷག་མོས་ན། །དབང་བསྐུར་རིན་ཆེན་ཚིག་གིས་སྦྱིན་པར་བྱ། །གཞན་ལ་ནི་མ་ཡིན་ནོ་ཞེས་བྱའོ། །རྒྱ་ཆེ་བ་ལ་ལྷག་པར་མོས་པ་དག །ལྷག་པར་མོས་པ་མ་ཡིན་པ་ཇི་ལྟར་ཤེས་ཤེ་ན། དེ་ལ་གསུངས་པ་ནི། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུར་ཤེས་སོ། །བྱང་ཆུབ་སེམས་དཔའ་བློ་ལྡན་ལ། །རིགས་ནི་མཚན་མ་རྣམས་ལས་ཤེས། །རབ་དགའ་ཞལ་ནི་པདྨ་ནི། །རབ་ཏུ་རྒྱས་ཤིང་ལུས་སྤུ་ལྡང༌། །དེ་ཉིད་ཀྱིས་མཁས་མཐོང་ནས་ནི། །དམ་པའི་སློབ་མ་གཟུང་བར་བྱ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ། དབང་ནི་རྣམ་པ་གསུམ་དག་ཏུ། །རྒྱུད་འདི་ལས་ནི་རབ་ཏུ་གྲགས། །སློབ་དཔོན་གསང་བ་ཤེས་རབ་དང༌། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱའོ། །དེ་ལ། དགོད་དང་བལྟས་དང་ལག་བཅངས་དང༌། །དེ་ཡང་གཉིས་ཀྱིས་གཉིས་སྤྲད་འཁྱུད། །དགའ་དང་མཆོག་དགའ་ཉིད་དང་ནི། །བྲལ་བ་ལྷན་ཅིག་སྐྱེས་དེ་བཞིན། །སྣ་ཚོགས་རྣམ་པར་སྨིན་པ་དང༌། །རྣམ་པར་ཉེད་དང་མཚན་ཉིད་བྲལ། །ཐམས་ཅད་དབང་གི་རྗེས་རིམ་དུ། །ཤེས་རབ་ཡན་ལག་འདུས་སྐྱེས་རྟོགས། །ཡང་གསུངས་པ། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་


DTG044_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །དེ་ལ། དགོད་པ་དག་བ་སློབ་དཔོན་ཏེ། །བལྟས་ལ་དེ་བཞིན་གསང་བའོ། །ལག་བཅངས་ཤེས་རབ་ཡེ་ཤེས་དང༌། །བཞི་པ་གཉིས་ཀྱིས་གཉིས་སྤྲོད་པའོ། །དགའ་བ་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་བདེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཏེ། །ལྷག་མ་ལྷན་ཅིག་སྐྱེས་དགའོ། །དང་པོ་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པའོ། །གསུམ་པ་ཆགས་དང་བྲལ་བའི་ཕྱིར། །དེས་ནི་བཞི་པ་བསྒོམ་པར་བྱ། །དགའ་བ་དང་པོ་སྣ་ཚོགས་ཏེ། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་དགའ་བ་སྣ་ཚོགས་དགའ། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །སྣ་ཚོགས་སྣ་ཚོགས་ཉིད་བརྗོད་པ། །འོ་དང་འཁྱུད་པ་ལ་སོགས་པའོ། །རྣམ་སྨིན་དེ་ལས་བཟློག་པ་སྟེ། །བདེ་བའི་ཡེ་ཤེས་ཟ་བའོ། །རྣམ་སྨིན་རྣམ་པར་རྟོག་པ་སྟེ། །བདེ་བ་བདག་གིས་མྱོང་ཞེས་པའོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །འདོད་ཆགས་འདོད་ཆགས་མིན་པ་སྤངས། །ཞེས་བྱའོ། །དེ་ཉིད་གསུངས་པ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །གསུམ་པོ་རྣམ་པར་སྤངས་པ་ཉིད། །ལྷན་སྐྱེས་ཡང་དག་བྱང་ཆུབ་བརྗོད། །འདི་ཉིད་ཀྱི་དོན་བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པ་ལས་གསུངས་པ་སྟེ། བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་སྦྱོར། །གང་དེ་བསྙེན་པ་ཞེས་བརྗོད་དོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཉེ་བར་བསྙེན་པ་ཞེས་བརྗོད་ཅིང༌། །བསྐྱོད་པ་རང་བཞིན་སྒྲུབ་པ་སྟེ། །ཧཱུཾ་ཕཊ་ཡི་གེར་ལྡན་པའོ། །རང་བཞིན་བདེ་བ་དམ་པ་ཞི། །སྒྲུབ་པ་ཆེན་པོར་བརྗོད་པར་བྱ། །བསྒྲུབ་བྱ་ནི་ཤེས་རབ་བོ། །སྒྲུབ་བྱེད་ནི་ཐབས་སོ། །དེ་གཉིས་ཡོངས་སུ་སྦྱོར་བ་ནི་བསྙེན་པའོ། །པདྨར་རྡོ་རྗེ་གཞུག་པ་ནི་ཉེ་བར་སྒྲུབ་པའོ། །བསྐྱོད་པ་ནི་སྒྲུབ་པ་སྟེ། རང་བཞིན་པ་དེ་བ་དམ་པ་ཞི། །སྒྲུབ་པ་ཆེན་པོ་བརྗོད་པར་བྱ། །བསྒྲུབ་བྱ་དང་སྒྲུབ་པ་སྦྱོར་བས་རྡོ་རྗེ་དང་པདྨར་གཞུག་པའི་བར་ནི་དགའ་བའོ། །ཤིན་ཏུ་བསྐྱོད་པ་ལས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ནི་མཆོག་ཏུ་དགའ་བའོ། །ཕྱིར་བྱུང་བ་ནི་དགའ་བྲལ་ལོ། །གང་གི་ཚེ་དེ་གཉིས་ཀྱི་དབུས་སུ་དམ་པའི་བདེ་བ་ཞི་བར་གྱུར་


DTG044_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་ཚེ། ལྷན་ཅིག་སྐྱེས་པའི་དགའ་བ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་གསུངས་པ། ཐོག་མ་ཐ་མ་དབུས་མེད་ཅིང༌། །སྲིད་དང་མྱ་ངན་འདས་པ་མིན། །འདི་དེ་མཆོག་གི་བདེ་ཆེན་པོ། །རང་དང་གཞན་ཡང་མི་དམིགས་སོ། །མཆོག་ཏུ་དགའ་བའི་སྲིད་པར་བརྗོད། །དགའ་བྲལ་དགའ་བས་མྱ་ངན་འདས། །དབུས་སུ་དགའ་བ་ཙམ་ཉིད་ནི། །འདི་རྣམས་སྤངས་པ་ལྷན་ཅིག་སྐྱེས། །སྣ་ཚོགས་ཉིད་སྤངས་སྐད་ཅིག་ལ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྟོན་པས་བཀའ་སྩལ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་ཡང་དག་གཟུང༌། །ཇི་སྙེད་བྱང་ཆུབ་བར་དུ་ནི། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་དེ་ལྟར་ཡིན་ན་རྣམ་པ་གསུམ་གྱི་བྱེ་བྲག་ཇི་ལྟར་གསུངས་ཤེ་ན། རྒྱུ་དང་འབྲས་བུ་དབྱེར་མེད་ཅིང༌། །སྔོན་མ་གསུམ་དུ་རབ་ཏུ་གྲགས། །དགའ་བྲལ་དགའ་བའི་དབུས་ཉིད་དུ། །ཞི་བའི་རྣམ་པར་གསལ་ཕྱིར་རོ། །དེ་གཉིས་དབུས་སུ་ཇི་ལྟར་གསལ་བ་ཡིན་ཞེ་ན། མཆོག་མཐའ་དགའ་བྲལ་དབུས་ཉིད་ཀྱི། །སྟོང་ལས་སྟོང་ཉིད་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པའི་ཚིག་གིས་སོ། །སྟོང་ལས་སྟོང་ཉིད་གང་ཡིན་ཞེས། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་བདག་ཉིད་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་དྲན། །ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །འདི་ནི་ཐབས་གང་གིས་ཇི་ལྟར་སྐྱེད་པར་བྱེད་ཅེ་ན། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང༌། བདག་བྱིན་བརླབ་བའི་རིམ་པ་ཡིས། །ཞེས་བྱ་བ་རྒྱས་པར་འདིར་བདག་གིས་མ་བཀྲོལ་ཏེ། ཅིའི་ཕྱིར་ཞེ་ན། ཡེ་ཤེས་འདི་ནི་རང་རིག་པ། །ངག་གི་སྤྱོད་ཡུལ་ལས་འདས་ཤིང༌། །རང་བྱིན་བརླབ་པའི་རིམ་པ་འདི། །ཀུན་མཁྱེན་ཡེ་ཤེས་དེ་བདག་ཉིད། །གཞན་ཡང་གསུངས་པ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་བཙལ་ཡང་མི་རྙེད་པ། །བླ་མ་བརྒྱུད་པའི་རིམ་བསྟེན་དང༌། །རང་གི་བསོད་ནམས་ཀྱིས་རྟོགས་སོ། །བླ་མའི་ཞབས་ཀྱི་དྲིན་གྱིས་དང༌། །བསོད་ནམས་ཆེན་པོ་ལྡན་རྣམས་རང༌། །ཡེ་ཤེས་སྐད་ཅིག་གིས་བསྐྱེད་འགྱུར། །ངག་གི་སྤྱོད་ཡུལ་ལས་འདས་པའོ། །དེ་


DTG044_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གསུངས་པ། བདེ་ཆེན་རྒྱལ་པོ་གཅིག་པུ་རྒྱལ་བ་སྟེ། རྒྱུ་འབྲས་རྟག་ཏུ་འགྲོ་བ་རྣམས་ལ་འཆར། །གང་ཡང་རྗོད་པར་བྱེད་པའི་དུས་ན་ནི། །ཐམས་ཅད་མཁྱེན་པ་ངག་གིས་འཕོངས་པར་འགྱུར། །ས་ར་ཧ་ཡིས་གང་གསུངས་པ། །བླ་མས་ངག་གིས་མི་བརྗོད་ཅིང༌། །སློབ་མས་ཀྱང་ནི་གོ་བ་མིན། །འགྲོ་ཀུན་ལྷན་ཅིག་སྐྱེས་པའི་བདུད་རྩིའི་བཅུད། །གང་ལ་བཟླ་ཞིང་ཅི་ནི་བཟླ་བར་བྱ། །བློ་ཡི་སྤྱོད་ཡུལ་མ་ཡིན་ཕྱིར། །ངག་གིས་བརྗོད་པར་མི་ནུས་སོ། །བླ་མས་གསུངས་པ་དངོས་པོ་འཇུག་པས་རིང་སྤྱད་དོ། །དེ་ནི་རིམ་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་ལྡན། །དད་ལྡན་དེ་ཡི་སྙིང་ལ་རང་ཉིད་སྐྱེ་བར་འགྱུར། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་ཉིད་ཇི་ལྟར་ཡིན་ཞེ་ན། དབང་པོ་ཉིད་ནི་ལྡོག་གྱུར་ཞིང༌། །ཡིད་ནི་ནང་དུ་ཆུད་པ་དང༌། །སེམས་དཔའ་ཉམས་པ་རབ་སྣང་ཞིང༌། །ལུས་ནི་དམ་པའི་བདེ་བ་མྱོང༌། །དབང་པོའི་ཚོགས་ནི་ནང་དུ་ནུབ་འགྱུར་ཞིང༌། །རྣམ་རྟོག་ཉམས་པས་སྲིད་པའི་ས་བོན་མི་འཐོབ་པ། །དགའ་བའི་འོད་ཀྱིས་རང་བཞིན་འདི་ཉིད་ནི། །ནམ་མཁའ་དང་ཉམ་ངོ་མཚར་བསིལ་ཞིང་ཞིམ། །གང་ལ་དབང་པོ་ཞུ་འགྱུར་ཞིང༌། །རང་གི་བདག་ཉིད་ཉམས་འགྱུར་བ། །དེ་ནི་ལྷན་ཅིག་སྐྱེས་དགའ་སྟེ། །གསལ་བར་བླ་མའི་ཞབས་ལ་དྲིས། །དེ་ཉིད་ཀྱི་ཕྱིར་གསུངས་པ། དུས་མཉམ་དག་ཏུ་ཡུལ་དང་དབང་པོ་རྣམ་གཉིས་ནི། །གང་ཞིག་སྐྱེས་ཤིང་ནུབ་པ་དེ་ལ་ཕྱག་འཚལ་ལོ། །གང་ཡང་མངོན་དགའ་རྒྱལ་བ་མཛེས་པའི་སྐུ་གཅིག་པོ། །མཁས་པ་རྣམས་ཀྱི་སྙིང་ལ་གསལ་ཞིང་སད་པར་འདུག །དེའི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་རབ་བཅོམ་ཞིང་། །གང་འདིར་བློ་ཡིས་དམ་པའི་བདེ་འདོད་པ། །དེ་ཡང་བྱ་བ་བྱས་པའི་མཁས་པ་སྟེ། །གཞན་ནི་རྐང་གཉིས་པ་ཡི་ཕྱུགས་ཡིན་ནོ། །ཞེས་བྱའོ། །རྒྱས་པར་བརྗོད་པ་རེ་ཞིག་དེས་ཆོག་གོ །དེའི་ཕྱིར་བླ་མ་དམ་པ་ཡང་དག་པར་མཉེས་པར་བྱས་ནས། དམ་པའི་སློབ་མས་སྐུ་གསུམ་དུ་ནང་དུ་རྟོགས་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་རང་རིག་པར་བྱའོ་ཞེས་བྱ་བ་ནི་དམ་པའི་དབང་པོ་ཐོབ་པའོ། །བྱ་བ་བྱས་ནས་འདི་བརྗོད་པར་བྱ་སྟེ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གཙོ་འབྲས་བུ་དང་ལྡན་ཡིན། །དི་རིང་སངས་རྒྱས་རིགས་སུ་སྐྱེས། །བདག་ནི་དི་རིང་སངས་རྒྱས་སྲས། །དེ་བཞིན་


DTG044_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་གསུངས་ཡོན་ཏན་འདི། །བླ་མ་དེ་ལ་དབུལ་བར་བྱ། །སྣ་ཚོགས་རྒྱན་དང་གོས་ལ་སོགས། །ཁྱད་པར་དུ་ཡང་རང་གི་ལུས། །ཞེས་བྱའོ། །དེ་ནས་སྦྱིན་སྲེག་བྱ་ཞིང་གཏོར་མ་བྱིན་ནས། ཚོགས་ཀྱི་འཁོར་ལོ་རབ་ཏུ་བྱ། །དགེ་འདུན་སྟོན་མོ་བྱས་ནས་ནི། །སྡུག་བསྔལ་སྐྱབས་མེད་ཚིམ་པར་བྱ། །དབང་བསྐུར་བ་ཡི་ཆོ་ག་མདོར་བསྡུས་བྱས་པ་ལས། །གང་གིས་བསོད་ནམས་དཔག་མེད་ཐོབ་པར་གྱུར་བ་སྟེ། །དེ་ཡིས་གཉིས་མེད་བསམ་མི་ཁྱབ་པ་བདེ་ཆེན་བདག །རང་བྱུང་རྡོ་རྗེ་འཛིན་པ་སྐྱེ་འགྲོས་ཐོབ་པར་ཤོག །མདོར་བསྡུས་པའི་དབང་གི་རབ་ཏུ་བྱེད་པ། །སློབ་དཔོན་མཁས་པ་ཆེན་པོ་དཔལ་དགའ་བའི་རྡོ་རྗེས་མཛད་པ་རྫོགས་སོ།། །།གཞུང་ཚད་ནི་ཚིགས་བཅད་སུམ་བརྒྱ་སྟེ་བམ་པོ་གཅིག་གོ །ཐོ་ལིང་གི་གཙུག་ལག་ཁང་དུ་རྗེ་མངའ་བདག་བཙན་པོ་རྩེ་ལྡེ་བཙན་གྱི་བཀའ་ལུང་གིས། རྒྱ་གར་གྱི་མཁན་བོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།།


previousདབང་གི་རབ་ཏུ་བྱེད་པ། དགའ་བའི་རྡོ་རྗེ།next