Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  collapse section
   
   
   
   
   
   
ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་བཤད་པ།
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section


 
previousཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་བཤད་པ།next

ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་བཤད་པ།


GLG013_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་བཤད་པ། གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་སོ་དགུ་པོ་ནི་ཆོས་ཅན། འཕགས་པ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་ལམ་གཅིག་དུ་ཁོ་ན་ཡིན་ཏེ། དེ་ལས་བོགས་དབྱུང་དུ་མེད་པའི་ཤིན་ཏུ་ཕུལ་དུ་བྱུང་བའི་རྣམ་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རྣམ་མཁྱེན་གྱི་རྣམ་པ་གང་ཞིག །རང་གི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པ་དང་མེད་པའི་སྒོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་འཇོག་ཟེར་ན། མི་འཐད་པར་ཐལ། དེ་བཞིན་ཉིད་རྟོགས་པའི་རྣམ་མཁྱེན་དེ་ཐུན་མོང་མ་ཡིན་པའི་རྣམ་


GLG013_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གྱི་རྣམ་པ་གང་ཞིག །དེའི་སྡེ་ཚན་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པའི་ཕྱིར། དེར་ཐལ། དེ་བཞིན་ཉིད་རྟོགས་པའི་བྱང་སེམས་ཀྱི་མཁྱེན་པ་ཡོད་པའི་ཕྱིར། ཁ་ཅིག །རྣམ་མཁྱེན་གྱི་རྣམ་པ་གང་ཞིག །རང་གི་རིགས་འདྲ་མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པ་དེ་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད་ཟེར་ན། སྟོབས་བཅུ་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེའི་ཉེར་ལེན་མཚན་ཉིད་པ་བྱང་འཕགས་ཀྱི་རྒྱུད་ལ་ཡོད་པའི་ཕྱིར། ཁ་ཅིག །རང་གི་ངོ་སྐལ་གྱི་མི་མཐུན་ཕྱོགས་འཇོམས་པ་ལ་ལྷའི་དབང་པོའི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་འདིར་བསྟན་སྟོབས་ཀྱི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་གི་ངོ་སྐལ་གྱི་མི་མཐུན་ཕྱོགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ངོ་སྐལ་གྱི་མི་མཐུན་ཕྱོགས་མེད་པར་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར། ཁ་ཅིག །འཁོར་གྱི་དབུས་སུ་ང་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པས་མི་འཇིགས་པའི་ཡེ་ཤེས་མཐར་ཐུག་དེ། འདིར་བསྟན་མི་འཇིགས་པའི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་ལུས་དྲན་པ་ཉེར་གཞག་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། རྣམ་མཁྱེན་གྱི་རྣམ་པ་གང་ཞིག །རང་གི་སྡེ་ཚན་


GLG013_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་པ་འཕགས་པ་འོག་མའི་རྒྱུད་ལ་ཡོད་པའི་རིགས་སུ་གནས་པ་དེ། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དང་། དེ་མེད་པ་དེ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་སྟོབས་བཅུ་པོ་དེ་གདུལ་བྱའི་རྒྱུད་ཀྱི་མི་མཐུན་ཕྱོགས་འཇོམས་བྱེད་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ། མ་གྲུབ་ན། དེར་ཐལ། དེ་ལྟར་འཇོམས་པར་བྱེད་པ་ལ་ལྷའི་དབང་པོའི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཚུངས་པ་ཡིན་པའི་ཕྱིར། འདོད་མི་ནུས། གཉིས་པ་ལ། ཡོན་ཏན་གྱི་དབྱེ་བ་དང་། ངོ་བོ་དང་། རྟེན་དང་། ཆེད་དུ་བྱ་བའོ། །དང་པོ་ལ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་བཞི་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་མཁྱེན་གྱི་རྣམ་པ་དེ་ལ་ནི་སྟོབས་ཀྱི་རྣམ་པ་བཅུ་ཡོད་དེ། དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་འབྱུང་བའི་གནས་དང་། དེ་ལས་བཟློག་པ་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་ཆ་ཕྲ་མོའི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། མངོན་མཐོ་དང་། ཐེག་གསུམ་ལ་མོས་པའི་མོས་པ་སྣ་ཚོགས་མཁྱེན་པའི་དེ་དང་། འཇིག་རྟེན་གྱི་ཁམས་ཀྱི་རང་བཞིན་དུ་གནས་པ་དང་། བསྒྲུབས་པ་ལས་གྱུར་པ་དུ་མ་མཁྱེན་པའི་སྟོབས་དང་། དད་པའི་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་དེ་དང་། མངོན་མཐོ་ངེས་ལེགས་ཐམས་ཅད་དུ་འགྲོ་བའི་ལམ་དང་། དེ་ལས་བཟློག་པ་ལ་ཆགས་ཐོགས་མེད་པར་མཁྱེན་པའི་དེ་དང་། བསམ་གཏན་དང་སྙོམས་འཇུག་གི་སྒྲིབ་པའི་ཀུན་ནས་ཉོན་མོངས་པ་དང་། དེ་ལས་ངེས་པར་འབྱུང་བའི་རྣམ་པར་བྱང་བ་མཁྱེན་པའི་དེ་དང་། རང་གཞན་གྱི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་དེ་དང་། སེམས་


GLG013_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མཐའ་དག་གི་འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པའི་དེ་དང་། ཉན་རང་དགྲ་བཅོམ་གྱི་ཉོན་སྒྲིབ་དང་། སངས་རྒྱས་ཀྱི་སྒྲིབ་པ་ཀུན་ཟད་པའི་ཟག་པ་ཟད་པ་མཁྱེན་པའི་དེ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། མི་འཇིག་པ་རྣམ་པ་བཞི་བཤད་དུ་ཡོད་དེ། རང་དོན་གྱི་དབང་དུ་བྱས་པས་འཁོར་གྱི་ནང་དུ་ང་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས། བདག་ཉིད་ཞལ་གྱིས་འཆེས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པས་རྟོགས་པ་དམ་བཅས་པ་ལ་མི་འཇིགས་པ་དང་། གཞན་དོན་གྱི་དབང་དུ་བྱས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་ལ་རྒོལ་པ་མེད་པ་བར་དུ་གཅོད་པའི་ཆོས་བསྟན་པ་ལ་དེ་དང་། ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ལ་སོགས་པའི་ལམ་ཐར་པ་དང་ཐམས་ཅད་མཁྱེན་པར་ངེས་པར་འབྱུང་བ་ཉིད་དུ་རབ་ཏུ་བསྟན་པ་ལ་རྒོལ་བ་མེད་པ་ངེས་འབྱུང་གི་ལམ་བསྟན་པ་ལ་དེ་དང་། བདག་ཉིད་ཟག་པ་མ་ལུས་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་རྒོལ་པ་པོ་མེད་པ་སྤངས་པ་ཕུན་ཚོགས་བསྟན་པའི་དེ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། སོ་སོ་ཡང་དག་པ་རིག་པ་རྣམ་པ་བཞི་ཡོད་དེ། ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་ཆགས་ཐོག་མེད་པར་མཁྱེན་པས་ཆོས་སོ་སོ་ཡང་དག་པའི་རིག་པ་དང་། དེའི་རང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་མཁྱེན་པ་དོན་གྱི་དེ་དང་། སེམས་ཅན་གྱི་ཡུལ་གྱི་སྐད་ཆགས་ཐོགས་མེད་པར་མཁྱེན་པ་ངེས་ཚིག་གི་དེ་དང་། ཆོས་རྣམས་ཀྱི་ངོ་བོ་དང་རྣམ་པའི་རབ་ཏུ་དབྱེ་བའི་ཡུལ་ལ་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པའི་ཏིང་ངེ་འཛིན་ཤེས་རབ་དང་བཅས་པ་དང་། སྤོབས་པ་སོ་སོ་ཡང་དག་


GLG013_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིག་པ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ལ། སྤྱོད་པས་བསྡུས་པ་དྲུག །རྟོགས་པས་བསྡུས་པ་དྲུག །འཕྲིན་ལས་ཀྱིས་བསྡུས་པ་གསུམ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་སྤྱོད་པ་མ་འདྲེས་པའི་རྣམ་པ་དྲུག་ཡོད་དེ། སངས་རྒྱས་ལ་གླངཔོ་ཆེ་གཏུམ་པོ་དང་འགྲོགས་པ་སོགས་ཀྱི་སྐུའི་སྤྱོད་པ་འཁྲུལ་བ་དང་། དོན་མེད་དུ་ནགས་སུ་སྒྲ་འབྱིན་པ་ལྟ་བུ་གསུང་ལ་ཅ་ཅོ་དང་། བརྗེད་ངས་ཀྱི་བྱ་བ་ཤོར་བ་སོགས་དྲན་པ་ཉམས་པ་དང་། སྟོང་པ་ཉིད་ཀྱི་དོན་ལ་ཐུགས་མཉམ་པར་མ་བཞག་པ་དང་། འཁོར་འདས་ལ་བླང་དོར་བདེན་གྲུབ་ཐ་དད་པ་ཉིད་ཀྱི་འདུ་ཤེས་དང་། གདུལ་བྱ་འདུལ་བའི་དུས་ལ་བབ་མ་བབ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་རྣམ་པ་དྲུག་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་རྟོགས་པ་མ་འདྲེས་པ་རྣམ་པ་དྲུག་ཡོད་དེ་གདུལ་བྱའི་དོན་མཛད་པའི་དོན་གཉེར་གྱི་འདུན་པ་དང་། དེ་གང་ཡོད་དུ་གཤེགས་པར་སྤྲོ་བའི་བརྩོན་འགྲུས་དང་། དེའི་དོན་བྱ་བའི་ཐབས་མ་བརྗེད་པའི་དྲན་པ་དང་། དེ་བཞིན་ཉིད་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་། སྒྲིབ་པ་སྤངས་པའི་རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བའི་རྣམ་པ་དྲུག་ཡོད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་འཕྲིན་ལས་མ་འདྲེས་པའི་རྣམ་པ་གསུམ་ཡོད་དེ། སྤྱོད་ལམ་བཞིས་གདུལ་བྱ་འདུལ་པའི་སྐུ་དང་། དོན་ལྡན་གྱི་གཏམ་མཛད་པ་གསུང་གི་འཕྲིན་ལས་དང་བྱམས་པ་དང་སྙིང་རྗེ་སོགས་ཐུགས་ཀྱི་འཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་མ་


GLG013_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་གསུམ་ཡོད་དེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་བཞེད་པ་ཙམ་གྱིས་མཁྱེན་པ་འཇུག་པའི་མ་ཆགས་པ་དང་། རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་མ་ཐོགས་པའི་ཡེ་ཤེས་ཀྱི་རྣམ་པ་གསུམ་ཡོད་པ་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །དངོས་པོ་ཡིན་ན། ཁྱོད་ཀྱི་སྐྱེ་གནས་འཇིག་གསུམ་དུས་མཉམ་དུ་གྲུབ་པས་ཁྱབ་ཟེར་ན། མྱུ་གུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མྱུ་གུ་སྐྱེ་བའི་དུས་ཡིན་ན། དེ་འཇིག་པ་དང་གནས་པའི་དུས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མྱུ་གུའི་དངོས་རྒྱུའི་རང་དུས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། མྱུ་གུ་མྱུ་གུའི་དངོས་རྒྱུའི་དུས་སུ་སྐྱེ་བའི་ཕྱིར། དེར་ཐལ། མྱུ་གུ་སྐྱེ་བའི་དུས་སྲིད་པ་ནི་གང་ཞིག །མྱུ་གུ་མྱུ་གུའི་དུས་སུ་མི་སྐྱེ་བའི་ཕྱིར། མ་གྲུབ་ན། མྱུ་གུ་དེ་རང་དུས་སུ་རང་གི་རྒྱུ་ལས་སྐྱེ་བར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། རང་དུས་སུ་རང་གི་རྒྱུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མྱུ་གུ་ཆོས་ཅན། ཁྱོད་ཀྱི་དུས་སུ་ཁྱོད་ཀྱི་རྒྱུ་མེད་པར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། རྩ་བར་འདོད་ན། མྱུ་གུའི་དངོས་རྒྱུའི་དུས་སུ་མྱུ་གུ་ཡོད་པར་ཐལ། དེའི་དུས་སུ་མྱུ་གུ་གནས་པའི་ཕྱིར། དེར་ཐལ། མྱུ་གུའི་རྒྱུའི་དུས་སུ་མྱུ་གུ་སྐྱེ་བར་འདོད་པ་དེའི་ཕྱིར། ཁ་ཅིག །མ་སླེབ་པ་མ་འོངས་པའི་མཚན་ཉིད། ཐལ་ཟིན་པ་འདས་པའི་མཚན་ཉིད། སྐྱེས་ལ་མ་འགགས་པ་ད་ལྟར་བའི་མཚན་ཉིད་ཟེར་ན། རི་བོང་རྭ་ཆོས་ཅན། མཚོན་བྱ་དང་པོ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སླེབ་པ་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མེད་ངེས་ཡིན་པའི་ཕྱིར། བུམ་པའི་འདས་པ་ཆོས་ཅན། མཚན་ཉིད་གཉིས་པ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་


GLG013_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཐལ་ཟིན་པར་ཐལ། འདོད་པ་གང་ཞིག །རང་དུས་སུ་འདས་པ་ཡིན་པའི་ཕྱིར། འདོད་ན། རང་དུས་སུ་མེད་པར་ཐལ། རང་དུས་སུ་ཐལ་ཟིན་པའི་ཕྱིར། འདོད་ན། རང་དུས་སུ་ཡོད་པར་ཐལ། གཞི་གྲུབ་པའི་ཕྱིར། མ་འོངས་པའི་བུམ་པ་ཆོས་ཅན། མཚོན་བྱ་གསུམ་པ་དང་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སྐྱེས་པ་གང་ཞིག་མ་འགགས་པའི་ཕྱིར། འདོད་མི་ནུས། ཁ་ཅིག །སྐྱེས་ལ་འགགས་པ་འདས་པའི་མཚན་ཉིད། དཔེར་ན་མང་པོས་བཀུར་བའི་རྒྱལ་པོ་ལྟ་བུ། སྐྱེས་ལ་མ་འགགས་པ་ད་ལྟར་བའི་མཚན་ཉིད། དཔེར་ན་ད་ལྟར་བའི་མི་ལྟ་བུ། སྐྱེ་བའི་རྒྱུ་ཡོད་ཅིང་མ་སྐྱེས་པ་མ་འོངས་པའི་མཚན་ཉིད། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུང་ལྟ་བུ་ཟེར་ན། མང་པོས་བཀུར་བའི་རྒྱལ་པོ་ཆོས་ཅན། སྐྱེས་པར་ཐལ། འདས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བྱས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འགགས་པ་ཡིན་པའི་ཕྱིར། དེར་ཐལ། འདས་པ་ཡིན་པའི་ཕྱིར། རྟགས་མཁས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུང་ཆོས་ཅན། མ་སྐྱེས་པ་ཡིན་པར་ཐལ། མ་འོངས་པ་ཡིན་པའི་ཕྱིར། འདོད་ན། སྐྱེས་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཁ་ཅིག །རང་ཉིད་དུས་གང་དུ་འཇོག་པ། དངོས་པོ་གང་གི་དུས་ལ་ལྟོས་ནས་གཞག་དགོས་པའི་ལྟོས་པར་གྱུར་པའི་དངོས་པོ་དེའི་རང་དུས་སུ་ཐལ་ཟིན་པ་དེ་འདས་པའི་མཚན་ཉིད། ཚིག་གོང་མ་རྣམས་སྔར་བཞིན་ལ། དེའི་དུས་སུ་མ་སླེབ་པའི་ཆ་དེ་མ་འོངས་པའི་མཚན་ཉིད། སྐྱེས་ལ་མ་འགགས་པ་ཡང་ཡིན། རང་ཉིད་ཀྱི་དོན་སྤྱི་འཆར་བ་འདས་མ་འོངས་གང་རུང་གྱི་དོན་སྤྱི་འཆར་བ་ལ་མི་ལྟོས་པ་ཡང་ཡིན་པའི་གཞི་མཐུན་དུ་དམིགས་པ་དེ་ད་ལྟར་བའི་མཚན་ཉིད་ཟེར་ན། འོ་ན། འདས་པ་ཡིན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཞིག་པ་དེ་


GLG013_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཚན་ཉིད་དེར་ཐལ། འདས་པ་ཡིན་པའི་ཕྱིར། འདོད་ན། དེ་བུམ་པའི་དུས་སུ་ཐལ་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་དེ་རང་ཉིད་ཀྱི་སྔོན་རོལ་ཏུ་ཞིག་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་འོངས་པ་ཡིན་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་མ་འོངས་པ་དེ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་མ་འོངས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མ་འོངས་པ་ཡིན་པའི་ཕྱིར། འདོད་ན། བུམ་པའི་དུས་སུ་མ་སླེབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་བུམ་པའི་དུས་སུ་ཐལ་ཟིན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར་། འདོད་ན། བུམ་པ་སྐྱེས་བཞིན་པ་དེ་བུམ་པའི་དུས་སུ་ཐལ་ཟིན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། བུམ་པ་ཆོས་ཅན། ཁྱོད་སྐྱེ་བཞིན་པ་དེ་ཁྱོད་ཀྱི་དུས་སུ་ཐལ་ཟིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། དུས་དེར་ཞིག་ཟིན་པ་དུས་དེར་འདས་པའི་མཚན་ཉིད། དུས་དེར་སྐྱེས་པ་དང་དུས་དེར་མ་འགགས་པའི་གཞི་མཐུན་པ་དུས་དེར་ད་ལྟར་བའི་མཚན་ཉིད། དུས་དེར་དུས་གསུམ་པོ་གང་རུང་གང་ཞིག །དུས་དེར་མ་སྐྱེས་པ་དང་། དུས་དེར་མ་འགགས་པའི་གཞི་མཐུན་པ་དེ་དུས་དེར་མ་འོངས་པའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་པ་ལ། ཁོ་ན་རེ། སྐྱེ་བཞིན་པ་མེད་པར་ཐལ། དངོས་པོ་ཡིན་ན་འགག་བཞིན་པ་ཡིན་དགོས་པའི་ཕྱིར། ཟེར་ན། འོ་ན། སྐྱེ་བ་མེད་པར་ཐལ། དངོས་པོ་ཡིན་ན་སྐྱེས་ཟིན་པས་ཁྱབ་པའི་ཕྱིར། འདོད་ན། སྐྱེ་རྒ་ན་འཆི་མེད་པར་ཐལ་ལོ། །ཡང་ཁོ་ན་རེ། འདས་པ་ཡིན་པ་ཡོད་པར་ཐལ། འདས་པ་ཡོད་པའི་ཕྱིར་ཟེར་ན། འོ་ན། ཤི་བ་ཡིན་པ་ཡོད་པར་ཐལ། ཤི་བ་ཡོད་པའི་ཕྱིར། འདོད་ན། བསྐལ་པ་དང་པོའི་མི་ཤི་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན།


GLG013_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཆོས་ཅན། སྲོག་དབང་དང་མ་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྲོག་དབང་དང་ལྡན་པར་ཐལ། མི་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། སྨྲས་པ། །ཕྲ་ཞིབ་རིགས་པའི་རྒྱ་ནང་དུ། །ཕས་རྒོལ་ཁས་བླངས་རི་དྭགས་ཀུན། །འཇུག་བྱེད་བློ་ཡི་ཤ་བ་རིས། །ཆོས་ཀྱི་གྲགས་པའི་སྙེམས་པ་འཕྲོགས། །མེ་ཏོག་བནྡྷཱུ་ཛི་ཝ་ཀ་ཡི་ཐོད། །འཆང་མིན་དུས་གསུམ་ཀུན་གྱི་གནས་ལུགས་དག །རིགས་པའི་རྩལ་གྱིས་གཏན་ལ་ཕབ་པ་ན། མངོན་ཤེས་ཕལ་ཆེར་རྫུན་གྱི་རང་མཚང་སྟོན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ངོ་བོ་ནི། སངས་རྒྱས་ཀྱི་རྒྱུད་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དྲི་མ་ཐམས་ཅད་དང་བྲལ་བ་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་ཡེ་ཤེས་དེ་ཡིན་པའི་ཕྱིར། གསུམ་པ་རྟེན་ནི། གཙོ་བོའི་ཤེར་ཕྱིན་ཆོས་ཅན། རང་བྱུང་གང་ཡང་རུང་བ་ལ་བརྟེན་པ་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་རང་བྱུང་ལ་བརྟེན་པའི་ཕྱིར། བཞི་པ་ནི། རྣམ་མཁྱེན་ཆོས་ཅན། སངས་རྒྱས་ཉིད་ཀྱི་རྣམ་པ་ཡིན་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་ནི་ཆོས་ཅན། ཁྱོད་ལ་སུམ་ཅུ་རྩ་དགུ་ཡོད་དེ། སྔར་བཤད་ཟིན་པ་དེ་ལྟར་ཡིན་པའི་ཕྱིར་རྩ་བའི་དོན་བསྡུ་འཆད་པ་ལ། ངོ་བོའི་དོན་བསྡུ་དང་། གྲངས་ཀྱི་དོན་བསྡུ་གཉིས་ལས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། མཁྱེན་པ་གསུམ་པོ་དེ་ལས་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉེར་བདུན་ནི་ཆོས་ཅན། ཁྱོད་ལ་རྣམ་པ་གཉིས་ཡོད་དེ། ཁྱོད་ལ་ཉན་ཐོས་དང་


GLG013_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ལ་ཡོད་པའི་བྱེ་བྲག་གིས་གོ་རིམ་བཞིན་དུ་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱེད་པས་ཟག་པ་མེད་པ་དང་། དེ་སྤང་བྱའི་གཙོ་བོར་མི་བྱེད་པས་ཉོན་མོངས་པའི་ཟག་པ་དང་བཅས་པ་གཉིས་དག་ཀྱང་ཡོད་པའི་ཕྱིར། ལམ་ཤེས་པ་ཉིད་ཀྱི་རྣམ་པ་སོ་དྲུག་ནི་ཁྱོད་རྣམ་གྲངས་ཀྱི་ཟག་བཅས་ཁོ་ན་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་སྤང་བྱའི་གཙོ་བོར་བྱས་ནས་ཤིན་ཏུ་མ་སྤངས་པ་སྟེ་མི་སྤོང་བའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་མཐར་ཐུག་པ་བརྒྱ་དང་བཅུ་ནི་ཆོས་ཅན། ཟག་པ་མེད་པའི་ལམ་གྱི་རྣམ་པ་ཁོ་ན་དག་ཡིན་ཏེ། ཡང་དག་པར་རྫོགས་པའི་སང་རྒྱས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་རྣམ་པ་ཐམས་ཅད་དུ་སྤངས་པས་ཁྱོད་ཀྱིས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །རང་རྒྱལ་སློབ་པ་འཕགས་པས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱས་ནས་སྤོང་ཟེར་ན། རང་རྒྱལ་སློབ་པ་འཕགས་པས་གང་ཟག་གི་བདག་འཛིན་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེས་གང་ཟག་གི་བདག་མེད་བསྒོམ་བྱའི་གཙོ་བོར་བྱས་ནས་སྒོམ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་རང་གཉིས་ལྟ་བ་མཚུངས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་དང་སེམས་ཙམ་པ་གཉིས་ལྟ་བ་མཚུངས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྣམ་པ་རྣམས་གཅིག་ཏུ་བསྡོམས་ན་བརྒྱ་བདུན་ཅུ་རྩ་གསུམ་ཡོད་དེ། དེ་ལྟར་སྔར་བཤད་ཟིན་པ་དེའི་ཕྱིར། གཉིས་པ་ལ་བདེན་འཛིན་དངོས་སུ་འཇོམས་བྱེད་ཀྱི་སྦྱོར་བ་ཁྱད་པར་ཅན་བཤད་པ་ལ་གཉིས། དགེ་རྩ་གསོག་པའི་རྟེན་གྱི་གང་ཟག་དང་། སྦྱོར་བ་དངོས་བཤད་པའོ། །དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་


GLG013_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྔར་བཤད་པའི་སྦྱོར་བ་དེ་དག་ཀྱང་སྦྱོར་བ་བསྒོམས་པ་པོ་བསྟན་པ་མེད་པར་བརྗོད་པར་མི་ནུས་པས་ཉན་པ་ལ་སོགས་པའི་སྣོད་དང་། སྦྱོར་བ་སྒོམ་པ་པོའི་རྟེན་གྱི་གང་ཟག་དེ་འཆད་ཚུལ་ཡོད་དེ། འོག་ཏུ་འཆད་པར་འགྱུར་བའི་སྦྱོར་བ་ཁྱད་པར་ཅན་དག་གིས་རྣམ་པ་རྣམས་སྒོམ་དགོས་པས་ཚིག་འོག་མས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། བྱང་སེམས་ཚོགས་ལམ་པ་ཆོས་ཅན། གཞུང་ལམ་འབྲས་བུ་ཤེར་ཕྱིན་འདི་མཉན་པའི་སྣོད་ཡིན་ཏེ། སྔོན་སངས་རྒྱས་རྣམས་ལ་བཀུར་སྟི་ལྷག་པར་བྱས་པ་དང་། སངས་རྒྱས་དེ་ལ་བསོད་སྙོམས་འབུལ་བ་སོགས་དགེ་བའི་རྩ་བ་བསྐྲུན་པ་དང་། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པ་ཡིན་པའི་ཕྱིར། དེ་ཆོས་ཅན་། ཡུམ་འདིའི་གཞུང་དོན་བློ་ལ་ལེན་པ་དང་། དོན་འཛིན་པ་ལ་སོགས་པའི་སྣོད་དུ་དམ་པ་རྣམས་བཞེད་པ་ཡིན་ཏེ། དེའི་ཆེད་དུ་སངས་རྒྱས་གྲངས་མེད་ཡོངས་འཛིན་དུ་བསྟེན་པ་དང་། ཚིག་དོན་ཀུན་འདྲི་བ་དང་། དྲིས་པའི་དོན་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཕར་ཕྱིན་དྲུག་ཚུལ་བཞིན་དུ་སྤྱོད་པའི་སྒོ་ནས་སྒོམ་པར་བྱེད་པའི་གང་ཟག་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སྦྱོར་བ་སྒོམ་པའི་ཕྱི་ནང་གི་རྐྱེན་གཉིས་དང་ལྡན་པའི་སེམས་དཔའ་དེ་སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་གི་མཚན་ཉིད་ཟེར་ན། ཉན་ཐོས་ཚོགས་ལམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག །ཡུམ་ཉན་པའི་སྣོད་ཡིན་ན། ཡུམ་ཉན་པའི་སྣོད་རུང་ཡིན་པས་ཁྱབ་ཟེར་ན། སེམས་ཙམ་པར་གྱུར་བའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེར་གྱུར་པའི་ཉན་


GLG013_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་རྣམས་རང་གི་སྟོན་པ་ལས་ཐེག་ཆེན་གྱི་ཆོས་ཐོས་ནས་གཞན་ལ་སྒྲོགས་པར་བྱེད་པ་ཙམ་ཡིན་པའི་ཕྱིར། དེར་ཐལ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཐོས་སྒྲོགས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ནི་ཐོས་སྒྲོགས་མི་ཟད་འདྲ། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། སྦྱོར་བ་སྒོམ་པའི་ཕྱི་ནང་གི་རྐྱེན་གཉིས་དང་ལྡན་པའི་སེམས་དཔའ་དེ། སྐབས་འདིར་དངོས་སུ་བསྟན་པའི་སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་གི་མཚན་ཉིད། གསུམ་པ་ནི། བྱང་སེམས་ཚོགས་ལམ་པ་རྣམས་ནི་ཆོས་ཅན། གོ་རིམ་ཇི་ལྟ་བར་ཤེས་རྣམ་བརྒྱ་བདུན་ཅུ་རྩ་གསུམ་གྱི་རྣམ་པའི་མཚན་ཉིད་ཅན་གྱི་ཡུམ་འདིའི་གཞུང་ཉན་པ་དང་། འཛིན་པ་དང་། དོན་མི་བརྗེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཉིད་ཡིན་པར་སངས་རྒྱས་ལ་སོགས་པ་བཞེད་པ་ཡིན་ཏེ། འདས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་སྤྱིར་གཙུག་ལག་ཁང་འབུལ་བ་ལ་སོགས་པའི་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ལུས་ལ་སོགས་པའི་བསྙེན་བཀུར་གྱིས་མཉེས་པར་བྱ་བ་དང་། དེ་བཞིན་གཤེགས་པ་ལ་ཐེ་ཚོམ་གྱི་དོན་ཡོངས་སུ་འདྲི་བ་དང་། དྲིས་པའི་དོན་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་བཅུ་སྒྲུབ་པ་དང་ལྡན་པ་དང་། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དག་གིས་བྱིན་གྱིས་བརླབས་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་སྦྱོར་བ་པོ་བསྟན་ནས། སྦྱོར་བ་དག་འཆད་ཚུལ་ཡོད་དེ། གཞུང་འོག་མས་འཆད་པའི་ཕྱིར། གཉིས་པ་ལ། སྦྱོར་བ་རང་


GLG013_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོའི་སྒོ་ནས་དབྱེ་བ། རྟེན་གྱི་གང་ཟག་གི་སྒོ་ནས་དབྱེ་བ། སྦྱོར་བ་རྫོགས་པའི་ཐབས་ཀྱི་སྒོ་ནས་དབྱེ་བ། འབྲས་བུ་དང་དུས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། འདིར་བསྟན་སྦྱོར་བ་ལ་ངོ་བོའི་སྒོ་ནས་དབྱེ་ན་ལྔ་ཡོད་དེ། ཡུལ་བདེན་ཞེན་འགོག་པ་གཟུགས་ལ་སོགས་ལ་མི་གནས་པའི་སྦྱོར་བ་དང་། ཡུལ་ཅན་དེ་ལ་བདེན་པར་སྦྱོར་བ་བཀག་པའི་སྦྱོར་བ་དང་། གཞི་དེ་ཡི་དེ་བཞིན་ཉིད་ཟབ་པའི་སྦྱོར་བ་དང་། ལམ་དེ་རྣམས་ཀྱི་ཆོས་ཉིད་གཏིང་དཔག་དཀའ་བའི་སྦྱོར་བ་དང་། རྣམ་པ་དེ་དག་གི་ཆོས་ཉིད་ཚད་ནི་མེད་པར་རྟོགས་པའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཡིན་ན། སྟོང་ཉིད་མ་རྟོགས་པས་ཁྱབ་ཟེར་ན། སྟོང་ཉིད་སྐྲག་པ་ཆེན་པོའི་སྒོ་ནས་རྟོགས་པའི་ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །ལུང་བསྟན་པའི་སྦྱོར་བ་ཡིན་ན། དངོས་སུ་ལུང་བསྟན་པའི་སྦྱོར་བ་ཡིན་པས་ཁྱབ་ཟེར་ན། དམན་ལམ་སྔོན་དུ་མ་སོང་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ལ་གནས་པའི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་འདྲའི་བྱང་སེམས་དེ་དངོས་སུ་ལུང་བསྟན་པ་ཐོབ་པའི་བྱང་སེམས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སོ་སྐྱེ་ཡིན་པའི་ཕྱིར། ཁ་ཅིག །སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་སེམས་དཔའི་རྣལ་འབྱོར་སེམས་པའི་སྦྱོར་བའི་མཚན་ཉིད་ཟེར་ན། སྟོང་ཉིད་མ་རྟོགས་པའི་བྱང་སེམས་ཚོགས་ལམ་པའི་མཁྱེན་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཡུལ་ཅན་


GLG013_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་སྟོང་སྤྲོས་བྲལ་དུ་སྒོམ་པའི་ཞི་ལྷག་ཟུང་འབྲེལ་གྱི་སེམས་དཔའི་རྣལ་འབྱོར་སྐབས་འདིར་དངོས་སུ་བསྟན་པའི་གཙོ་བོ་སྦྱོར་བའི་མཚན་ཉིད་ཟེར་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ཉན་ཐོས་ཀྱི་རྟོགས་པ་སྔོན་སོང་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། ཡུལ་ཡུལ་ཅན་གཞི་ལམ་རྣམ་གསུམ་བདེན་སྟོང་སྤྲོས་བྲལ་དུ་སྒོམ་པའི་ཞི་ལྷག་ཟུང་འབྲེལ་ཐོབ་པའི་འདིའི་དངོས་བསྟན་གྱི་སེམས་དཔའི་རྣལ་འབྱོར་སྐབས་འདིར་དངོས་སུ་བསྟན་པའི་གཙོ་བོ་སྦྱོར་བའི་མཚན་ཉིད་། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་ས་བཅུ་པའི་བར་དུ་ཡོད། གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་ལ་རྟེན་གྱི་སྒོ་ནས་དབྱེ་ན་བརྒྱད་ཡོད་དེ། ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ། ལུང་བསྟན་ཐོབ་པའི་དེ། ཕྱིར་མི་ལྡོག་པ་ཉིད་ཀྱི་དེ། ངེས་འབྱུང་གི་དེ། བར་ཆད་མེད་བཅས་ཀྱི་དེ། བྱང་ཆུབ་ལ་ཉེ་བའི་དེ། སངས་རྒྱས་མྱུར་དུ་འཐོབ་བའི་དེ། གཞན་དོན་གྱི་དེ་དང་བརྒྱད་ཡོད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། དེ་ལ་སྦྱོར་བ་རྫོགས་པའི་ཐབས་ཀྱི་སྒོ་ནས་དབྱེ་ན་བཞི་ཡོད་དེ། འཕེལ་མེད་འགྲིབ་མེད་ཀྱི་སྦྱོར་བ། ཆོས་དང་ཆོས་མིན་སོགས་མི་མཐོང་བའི་དེ། གཟུགས་ལ་སོགས་བསམ་མི་ཁྱབ་མི་མཐོང་བའི་དེ། གཟུགས་སོགས་དང་གཟུགས་རུང་དེ་ཡི་མཚན་མ་དང་དེ་ཡི་མཚོན་བྱའི་ངོ་བོ་ཉིད་དུ་བདེན་པར་རྣམ་པར་མི་རྟོག་པའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། བཞི་པ་ནི། འདིར་བསྟན་སྦྱོར་བ་དེ་ནི་ཆོས་ཅན། འབྲས་བུ་དང་དུས་ཀྱི་སྒོ་ནས་གསུམ་ཡོད་དེ། འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་སྦྱོར་བ། ཉེས་པ་སེལ་བ་དག་པའི་དེ། མྱུར་དུ་བསྒོམས་པས་ས་མཚམས་དང་བཅས་པའི་སྦྱོར་བ་རྣམས་སུ་ཡོད་


GLG013_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གསུམ་པ་འགྲེལ་པ་ནི། བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། ཁྱོད་གྲངས་བཞིན་དུ་གཟུགས་ལ་སོགས་པ་དོན་དམ་པར་མི་གནས་པའི་སྦྱོར་བ་དང་། ཡུལ་ཅན་ལ་བདེན་ཞེན་འགོག་པ་མི་སྦྱོར་བ་དང་། ཟབ་པ་དང་། གཏིང་དཔག་དཀའ་བ་དང་། ཚད་མེད་པའི་སྦྱོར་བ་སྟེ་ལྔ་ཡིན་ཏེ། གཟུགས་ལ་སོགས་པ་ལ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་མི་གནས་པ་དང་། གཟུགས་སོགས་དེ་དག་ལ་དོན་དམ་པར་མི་སྦྱོར་བ་ཉིད་གནས་ལུགས་ཀྱི་དོན་སྦྱོར་བ་ཡིན་པ་དང་། གཟུགས་སོགས་དེ་དག་ཉིད་བདེན་སྟོང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་གཞིའི་ཆོས་ཉིད་ཟབ་པ་དང་། ལམ་གྱི་ཆོས་ཉིད་གཏིང་དཔག་དཀའ་བ་དང་། རྣམ་པའི་ཆོས་ཉིད་ཚད་མེད་པ་ཞེས་བྱ་བ་དེ་ལྟར་རྟོགས་པ་རྣམས་ཀྱི་དེ་ལྟར་ཡོད་པའི་ཕྱིར། བྱང་སེམས་ཚོགས་ལམ་པ་དབང་རྟུལ་གྱི་མཁྱེན་པ་ཆོས་ཅན། ཚེགས་ཆེན་པོས་ཡུན་རིང་པོ་ཞིག་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་སྦྱོར་བ་ཡིན་ཏེ། གནས་ལུགས་ཀྱི་དོན་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྲག་པ་མངོན་གྱུར་ཤས་ཆེར་འབྱུང་བའི་ལས་དང་པོ་པའི་རྒྱུད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནི་ཆོས་ཅན། ལུང་བསྟན་ཐོབ་པའི་སྦྱོར་བ་ཡིན་ཏེ། ཆོས་ཉིད་ལ་མི་སྐྲག་པ་དང་ལྡན་པས་ཁྱད་པར་དུ་བྱས་པའི་སྦྱོར་བ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་ཆོས་ཅན། ཕྱིར་མི་ལྡོག་པ་ཉིད་ཀྱི་སྦྱོར་པ་ཡིན་ཏེ། དྲོད་ལས་ཁྱད་པར་དུ་འཕགས་ཤིང་། ཡུམ་དོན་ཐོས་སོགས་ཀྱིས་ཡང་དག་པར་འཛིན་པའི་སྦྱོར་བ་ཡིན་པའི་ཕྱིར། བཟོད་པ་ནི་ཆོས་ཅན། ངེས་པར་འབྱུང་བའི་སྦྱོར་བ་ཡིན་ཏེ། ཉན་རང་ཡིད་བྱེད་སོགས་བར་ཆད་ཀྱི་ཆོས་སྤོང་བའི་བྱང་སེམས་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། ཆོས་མཆོག་ནི་ཆོས་ཅན། བར་ཆད་མེད་པའི་སྦྱོར་བ་ཡིན་ཏེ། མཐོང་ལམ་གྱི་དངོས་རྒྱུ་བྱེད་པས་རྟག་ཏུ་ཆོས་སྒོམ་པའི་ཐེག་ཆེན་


GLG013_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ངེས་འབྱེད་ཆ་མཐུན་བཞི་པ་ཡིན་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ཡིན་ཏེ། ཐེག་ཆེན་གྱི་ལམ་ཟག་པ་མེད་པའི་ཆོས་གསར་གྱི་རྟེན་ཡིན་པའི་ཕྱིར། གཉིས་པ་ནས་བདུན་པའི་བར་གྱི་ཡེ་ཤེས་ཆོས་ཅན། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ཏེ། འབྲས་བུ་ཆོས་ཀྱི་སྐུ་མྱུར་དུ་འགྲུབ་པའི་སྦྱོར་བ་ཡིན་པའི་ཕྱིར། བརྒྱད་པའི་ཡེ་ཤེས་ཆོས་ཅན། གཞན་དོན་གྱི་སྦྱོར་བ་ཡིན་ཏེ། རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ནུས་པ་ཐོབ་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། འཕེལ་བ་དང་འགྲིབ་པ་མེད་པའི་སྦྱོར་བ་ཡིན་ཏེ། དོན་དམ་པར་འཕེལ་བ་དང་འགྲིབ་པ་མི་མཐོང་བའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དོན་དམ་པར་མི་དམིགས་པའི་སྦྱོར་བ་ཡིན་ཏེ། དོན་དམ་པར་ཆོས་གང་ཡང་འདོད་པའི་ཁམས་སུ་མི་དམིགས་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པ་འགོག་པའི་སྦྱོར་བ་ཡིན་ཏེ། ཁྱོད་གཟུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་བདེན་པར་རློམ་པ་མེད་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། གཟུགས་ལ་སོགས་པའི་དངོས་པོ་དོན་དམ་པར་རྣམ་པར་མི་རྟོག་པའི་སྦྱོར་བ་ཡིན་ཏེ། མཚན་གཞི་གཟུགས་དང་གཟུགས་རུང་དེའི་མཚན་མ་དང་མཚོན་བྱ་དེའི་ངོ་བོ་ཉིད་དུ་བདེན་པར་རྣམ་པར་མི་རྟོག་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དགུ་པ་ཡེ་ཤེས་ཆོས་ཅན། འབྲས་བུ་རིན་པོ་ཆེ་སྦྱིན་པར་བྱེད་པའི་སྦྱོར་བ་ཡིན་ཏེ། འབྲས་བུ་དང་པོ་རྒྱུན་ཞུགས་སོགས་མཐོང་བ་སྟེ། གདུལ་བྱ་གཞན་དེ་ལ་འགོད་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། བཅུ་པའི་ཡེ་
ཤེས་ཆོས་ཅན། རྣམ་པར་དག་པའི་སྦྱོར་བ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་རྣམ་པར་དག་པ་སྒོམ་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། ཡུམ་མྱུར་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཆོས་ཅན། ས་མཚམས་ལ་སྦྱོར་བ་ཡིན་ཏེ། ཁྱོད་ཞག་དང་། ཟླ་བ་དང་། ལོ་སྐོར་དུ་མངོན་པར་བརྩོན་པ་མི་འདོར་བ་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་དང་ལྡན་པ་རྣམས་ཀྱི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འདིར་བསྟན་སྦྱོར་པ་ལ་ཉི་ཤུ་ཡོད་དེ། རང་བཞིན་གྱི་སྦྱོར་བ་ལྔ་དང་། གནས་སྐབས་ཀྱི་སྦྱོར་བ་རྣམ་པ་བཅོ་ལྔ་རྣམས་སུ་ཡོད་པའི་ཕྱིར།


previousཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་བཤད་པ།next