Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
གསོལ་འདེབས་ལེའུ་བདུན་དང།
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousགསོལ་འདེབས་ལེའུ་བདུན་དང།next

གསོལ་འདེབས་ལེའུ་བདུན་དང།


JSD004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལེའུ་བདུན་དང། འཇའ་ཚོན་དཀོན་སྤྱི། ཞི་ཁྲོ་སོགས་སྒྲུབ་ཐབས་སྙིང་པོ་རྣམས་དང་། གཞན་ཡང་ཆོས་སྤྱོད་སྨོན་ལམ་སྐོར་བཅས་ཀྱི་དཀར་ཆག་མཐོང་ཐོས་ཐར་ལམ་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། དེ་ཡང་ཨོ་རྒྱན་སངས་རྒྱས་གཉིས་པ་དང། ཉང་བན་ཏིང་འཛིན་བཟང་པོ་ཟུང་དུ་འཇུག་པའི་ཐུགས་སྤྲུལ་ཤར་གཏེར་ཆེན་པོ། ཨོ་རྒྱན་ལས་འཕྲོ་གླིང་པ། སྔགས་འཆང་ཧཱུྃ་ནག་མེ་འབར། རིག་འཛིན་འཇའ་ཚོན་སྙིང་པོ་ཞེས་སྐུ་གཅིག་ལ་མཚན་གསུམ་དུ་གྲགས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས། ཉང་ཀོང་སོགས་གཏེར་གནས་སོ་སོ་ནས་སྤྱན་དྲངས་པའི་ཟབ་ཆོས་འཇའ་ཚོན་པོད་དྲུག་ཅེས་ངོ་མཚར་བྱིན་རླབས་དང་འགྲོ་ཕན་ཕྲིན་ལས་ཁྱད་པར་དུ་འཕགས་པ། དཀར་རྙིང་གཉིས་ཀ་ལ་དར་ཁྱབ་ཆེ་ཞིང། ལུགས་སྲོལ་མི་འདྲ་བ་ཆོས་བདག་


JSD004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྒམ་པོ་པ་དང། ཀར་འབྲུག །ལྷ་བཙུན་ཆེན་པོ་རྣམས་ཀྱི་ལུགས་དང། དེང་སང་ཡོངས་གྲགས། གཏེར་སྟོན་གྱི་དངོས་སློབ་རིག་འཛིན་བདུད འདུལ་རྡོ་རྗེ་ནས། ཀློང་གསལ་སྙིང་པོ། བདེ་ཆེན་གླིང་པ། དཔལ་ཀཿཐོག་པ་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུ་ནས་རིམ་པར་རྗེ་ཕྲིན་ལས་བདུད་འཇོམས་དང། བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་སློབ་བརྒྱུད་ལས་མོན་བོད་ཀྱི་རོང་མཚམས་རྣམས་སུ་དར་བ་ཞིག་ཡིན་ཀྱང། གཏེར་ཆོས་དར་ནས་དེང་སང་བར་ལོ་བརྒྱ་ཕྲག་མང་པོ་འདས་པའི་དབང་གིས། ཕྱོགས་འདིར་གནའ་བོའི་དུས་ནས་ཆགས་པའི་ཤར་པ་དང། རྟ་མང་མོན་པ་རྣམས་ཐོག་མའི་མི་རྒྱུད་བོད་ནས་ཆད་པ་ཞིག་ཡིན་པར་མ་ཟད། གུ་རུ་པདྨ་དང་བྱང་གཏེར། འཇའ་ཚོན་སྐོར་སོགས་ལ་མི་འཕྲོག་པའི་དད་མོས་བརྟན་པོ་དང་ལྡན་ཞིང། གཏེར་སྟོན་


JSD004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་སྔ་ཕྱིའི་བབ་ལས་མིང་དུ་ཆགས་པ། བྱང་གཏེར་ལ་རྙིང་མ་དང། འཇའ་ཚོན་ལ་གསར་མ་ཞེས་བཏགས་ཀྱང་དོན་དུ་གཉིས་ཀ་རྙིང་༉མའི་གཏེར་ཆོས་རྣམ་དག་ཡིན་པ་འདི་ངེས་དགོས་ཞེས་འཕྲོས་དོན་དུ་སྨོས་ནས། ད་ལམ་འཇའ་ཚོན་ཆོས་སྐོར་གྱི་པོ་ཏི་གསར་བསྐྲུན་འདིའི་བདག་རྐྱེན་ནི། བལ་ཡུལ་ཡོལ་མོ་གངས་རའི་གནས་ཀྱི་བྱེ་བྲག་ཡུལ་གསེར་མོ་ཐང་གི་གྲོང་ནས་སྐ་ཞབས་དྷརྨེ་སིངྷ་ཉིད་ནས་ལྷག་བསམ་བཟང་པོས་བསྟན་ལ་ཞབས་ཏོག་ཏུ་དམིགས་ནས། ཡུལ་དགོན་ཕན་ཚུན་གྱི་བླ་མ་གྲོང་ཆོག་མཁན་རྣམས་ལྷན་ཅིག་འདུ་འཛོམ་གྱི་བརྡ་སྦྱོར་དང་མཐུན་རྐྱེན་ཡོན་སྦྱོར་དང་བཅས། ཆོག་དཔེ་རྣམས་བསྡུར་ཚེ་མང་ཉུང་དང་ཚིག་རིས་མི་འདྲ་བ་སྣ་ཚོགས་བྱུང་བས་གཅིག་ཏུ་ཐག་གཅོད་དཀའ་བ་ལ་བརྟེན་ཡོན་མཆོད་ཚང་མས་ཁོ་བོ་ལ་ཞུ་དག་མཛད་


JSD004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རོགས་ཞེས་མགྲིན་གཅིག་ཏུ་བསྐུལ་མ་བྱུང་བའི་དགོས་པ་དང། རྒྱུ་མཚན་ལ་བརྟེན། དཔེ་ཆ་ལག་བྲིས་ཧྲལ་ཧྲུལ་ནག་པོ་འགྲོས་ཤོས་ལུགས་རྣམས་བསྡུས་ནས་བལྟ་རྟོག་བགྱིས་སྐབས། སྤྱིར་རོང་མཚམས་ཀྱི་ཆོས་པ་ཕལ་ཆེ་བོད་ཀྱི་བརྡ་ལ་མ་བྱང་བ་དང། བོད་དཔེ་སྤར་མ་སོགས་ཁུངས་ཐུབ་ཀྱི་ཕྱི་མོ་ལ་མ་གཏུགས་ཤིང། ལུང་ཀྱོག་གི་གྲོང་སྔགས་མི་མཁས་པ་་ཨ་ཕའི་ཁ་ཕོར་གཙང་ཞེན་ཅན་རྣམས་ཀྱིས་མ་དག་ནོར་བ་རྒྱུན་འབྱམས་ཆེར་མང་བས་དེ་ལྟར་སོར་བཞག་བྱེད་ཚུ ཐབས་མ་བྱུང་བས། འཇའ་ཚོན་ཆོས་སྐོར་བོད་ཡིག་བཤུར་མ་རྙིང་པ་ཞིག་དང་བོད་ཀྱི་སྤར་མ་གཅིག །གཞན་ཡང་རིན་ཆེན་གཏེར་མཛོད་ཆེན་མོར་འཇའ་ཚོན་སྐོར་གང་བཞུགས་བཅས་ལ་ཞིབ་པར་གཏུགས་ནས་ཞུས་དག་བགྱིས་རིམ་བཞིན་ཡིག་མཁན་སྟོད་དིང་རི་བ་ངག་དབང་བློ་གྲོས་ཀྱིས་ལེགས་པར་བྲིས་པའི་


JSD004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་རྩ་ལ་ཡང་ཞུས་དག་ཐེང་གཅིག་བགྱིས་ཏེ་སྤར་བསྐྲུན་ཞུས་པ་ལགས་པས་ཀུན་གྱིས་ཚད་ལྡན་དུ་བཟུང་ཆོག་པར་ཡོད་པ་ཐུགས་ལ་གཞུག །ད་ནི་རྒྱུ་མཚན་དེ་ལྡན་གྱི་གླེགས་བམ་འདིའི་ནང་དུ་གཙོ་བོར་འཇའ་ཚོན་གཏེར་ཆོས་བླ་རྫོགས་ཐུགས་གསུམ་སོགས་ཀྱི་སྒྲུབ་ཐབས་སྐོར་དང། དེའི་ཡན་ལག་ཏུ་ཉེར་མཁོ་ཚོགས་གསོག་སྐུ་རིམ་བསྔོ་སྨོན་སྐོར་གཞན་ནས་ཁ་བསྐངས་པ་བཅས་ཀྱི་ཆོས་ཚན་བཞུགས་བྱང་དཀར་ཆག་དངོས་ལ། ཐོག་མར། ༼ཀ༽པ་ལ། ཚིག་བདུན་གསོལ་འདེབས་དང། གསོལ་འདེབས་ལེའུ་བདུན་མ་བར་ཆད་ལམ་སེལ་བཅས་ལྡེབ། ༣༡ ༼ཁ༽པ་ལ། གསོལ་འདེབས་བསམ་པ་མྱུར་འགྲུབ་མ་ལྡེབ ༡ ༼ག༽པ་ལ། དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིད་གུ་རུའི་དགོངས་རྒྱན་ལས་སྔོན་འགྲོའི་འདོན་ཆ་ཟུར་དུ་


JSD004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཀོལ་བ་ཐར་པའི་བདེ་ལམ་ལྡེབ་༡༢ ༼ང༽པ་ལ། དཀོན་མཆོག་སྤྱི་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་གཏེར་སྦྱིན་ལྡེབ་ ༣ དང། འཇའ་ཚོན་སྙིང་པོའི་གསོལ་འདེབས་ཞལ་གསུང་མ་ལྡེབ་༡ ༼ཅ༽ པ་ལ། བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་དོན་གསལ་ཁྱེར་བདེར་བསྒྲིགས་པ་ཕྲིན་ལས་ཀུན་ཁྱབ་ལྡེབ་༢༧༼ཆ༽པ་ལ། འོད་འབར་ཚོགས་ལ་སྦྱར་རྒྱུའི་མཁའ་འགྲོའི་སུན་ཟློག་བསྡུས་པ་ལྡེབ་༢ ༢ ༼ཇ༽པ་ལ། ཞི་ཁྲོ་ངེས་དོན་སྙིང་པོའི་ལས་བྱང་ཡིད་བཞིན་ནོར་བུ་ལྡེབ། ༡༢ ༼ཉ༽པ་ལ། བདུད་རྩི་སྨན་གྱི་བྱིན་འབེབས་ལྡེབ་༢༼ཏ༽པ་ལ། ཞི་ཁྲོ་ངེས་དོན་སྙིང་པོ་ལས་བཤགས་སྐོང་གི་རིམ་པ་རྣམ་སྨིན་དག་བྱེད་ལྡེབ་༡༧༼ཐི༽པ་ལ་མར་མེའི་སྨོན་ལམ་རྒྱས་པ་ལྡེབ་༢


JSD004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༼ད༽པ་ལ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ངན་སོང་རང་གྲོལ་ལས་སྔོན་འགྲོ་བཞི་སྦྱོར་ལྡེབ་༥ ༼ན༽པ་ལ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་ལས་བསྐྱེད་རིམ་གྱི་སྐོར་རྣམས་ལྡེབ་༡༥༼པ༽པ་ལ། ཐུགས་རྗེ་ཆེན་པོའི་དབང་ལ་ཉེ་བར་༜མཁོ་བའི་བུམ་སྒྲུབ་ལྡེབ་༥༼ཕ༽པ་ལ། ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་ལས་གཤིན་པོ་རྗེས་འཛིན་ཐུགས་རྗེའི་༔ ལྕགས་ཀྱུ་ཁ་སྐོང་དང་བཅས་པ་ནང་འགྲོས་སུ་བཀོད་པ་ལྡེབ་༢༢ ༼བ༽པ་ལ། རྟ་ཕག་ཡིད་བཞིན་ནོར་བུ་ལས། ལས་བྱང་ཚིག་དོན་དབྱེར་མེད་ལྡེབ་༼མ༽པ་ལ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དངོས་གྲུབ་སྙིང་པོ་ལྡེབ་༡༠༼ཙི༽པ་


JSD004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས་པའི་རྒྱལ་པོ་ན་རཀ་དོང་སྤྲུགས་ལྡེབ་༡༡༼ཚ༽པ་ལ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་ལས་བྱང་ཆོག་སྒྲིག་འཆི་མེད་མཆོག་གི་འོད་སྣང་ལྡེབ་༡༣༼ཛ༽པ་ལ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས། ཚེ་འགུགས་མྱུར་མགྱོགས་ལྕགས་ཀྱུ་ལྡེབ་༨༼ཝ༽པ་ལ། ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ལས། ཞི་རྒྱས་དབང་དྲག་གི་སྦྱིན་བསྲེག་ལྡེབ་༡༡༼ཞ༽པ་ལ། དཔལ་མགོན་མ་ནིང་གི་ལས་བྱང་བསྡུས་པ་ལྡེབ་༩༼ཟ༽པ་ལ། དཔལ་མགོན་མ་ནིང་གི་བཤགས་སྐོང་ལྡེབ་༤༼འ༽པ་ལ། བི་མ་ལའི་ཆོས་སྤྱོད་དཔག་བསམ་རབ་རྒྱས་ལས་མཆོད་སྦྱིན་གཏོར་མའི་རྣལ་འབྱོར་ལྡེབ་༡༥༼ཡ༽པ་ལ། སྡེ་བརྒྱད་བཅོས་ཐབས་གནུབས་ཆེན་


JSD004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་ལྡེབ་༣༼རི༽པ་ལ། བསང་མཆོད་ཀྱི་ཆོ་ག་བསྡུས་པ་འདོད་དོན་ལྷུན་གྲུབ་ལྡེབ་༨༼ལ༽པ་ལ་མེ་གསུར་ལྡེབ་༣༼ཤ༽པ་ལ། བྱང་ཆུབ་ལྟུང་བཤགས་ལྡེབ་ ༤༼ས༽པ་ལ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དང་བྱམས་པའི་སྨོན་ལམ་བཅས་ལྡེབ་༡༡༼ཧ༽པ་ལ། བདེ་བ་ཆེན་པོའི་སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལྡེབ་༥༼ཨ༽པ་ལ། མཁས་གྲུབ་རཱ་ག་ཨ་སྱས་མཛད་པའི་རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་དང་བདེ་སྨོན་བསྡུས་པ་ངོ་མཚར་སངས་རྒྱས་མ་དང་ཕྱོགས་དུས་རྒྱལ་བ་མ་བཅས་ལ་ལྡེབ་ ༣༼ཨེ༽པ་ལ། ཀུན་ཏུ་བཟང་པོའི་སྨོན་ལམ་སྟོབས་པོ་ཆེ་ལྡེབ་༥༼ཝཾ༽པ་ལ་འཕོ་བ་སྐར་ཁུང་མདའ་འཕང་དང་རྒོད་ཚང་སྣ་ཚོགས་རང་གྲོལ་གྱིས་


JSD004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་བསྔོ་བ་བཅས་ལ་ལྡེབ་༥ དཀར་ཆག་རང་ཉིད་ལ་ལྡེབ་༥ ཁྱོན་བསྡོམས་ཤོག་གྲངས་༣༨ བཞུགས་སོ། །དེ་ལྟར་གླེགས་བམ་འདིའི་འགོ་བརྗོད་དང་དཀར་ཆག་གཅིག་འཐུས་འདིའང། སྔ་འགྱུར་བཀའ་གཏེར་གྱི་ཆོས་ལ་ཅུང་ཟད་སྦྱངས་པའི་སྔགས་བན་རྒན་པོ་སངས་རྒྱས་རྡོ་རྗེས་ཞུས་དག་དང་ཆབས་ཅིག་བོད་རབ་བྱུང་བཅུ་དྲུག་པ་རྫོགས་པར་ཉེ་བའི་ཤིང་མོ་གླང་ལོའི་སྟོན་ཟླ་ར་བའི་ཚེས་བཟང་པོར། རང་གནས་བསམ་གཏན་གྱི་ཁང་བུར་སྦྱར་བ་འདིས་ཀྱང་ཟབ་ཆོས་འདི་ཉིད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་ཞིང་རྒྱས་པ་དང། ཨོ་རྒྱན་པདྨའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


JSD004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བསྐལ་བཟང་རྣམ་འདྲེན་བཞི་པ་འདའ་ཁ་མར། །ཉེ་གནས་ཀུན་དགའ་བོ་ལ་བཀའ་སྩལ་པ། །ང་ལས་ལྷག་པའི་བརྫུས་སྐྱེས་སྤྲུལ་པའི་སྐུ། །འབྱོན་པར་བསྔགས་པའི་ཨོ་རྒྱན་པད་འབྱུང་རྗེའི། །རྣམ་འཕྲུལ་འགྲོ་མགོན་ཀརྨ་གླིང་པ་ཡིས། །དྭགས་ལྷ་སྒམ་པོའི་གནས་ནས་སྤྱན་དྲངས་པའི། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས། །གངས་ཅན་མཐའ་དབུས་ཀུན་ཏུ་རླུང་ལྟར་གྲགས། །འགྲོ་ཕན་ཕྲིན་ལས་ནམ་མཁའི་རྗེས་འགྲོ་འདིའི། །ལུགས་སྲོལ་རྡོར་སྨིན་ཞེ་རྫོགས་དཔལ་ཡུལ་དང་། །གནས་མདོ་ཟུར་མང་ལ་སོགས་མང་ནའང་། གཏེར་གཞུང་གཙོར་བཟུང་ཁ་སྐོང་ཁུངས་བཙན་པ། །ཧེ་པ་ཆོས་འབྱུང་ལུགས་ཞེས་རབ་གྲགས་པའི། །སྲོལ་འདི་རྒྱལ་བ་ཀཿཐོག་པ་ཡིས་འཛིན། །མ་དཔེ་ཨ་འཛོམ་སྤར་


JSD004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀཿཐོག་གི། །བྲིས་མ་ཆ་ཚང་འདི་གཉིས་གྲོངསྔགས་པ། །ཉག་བླ་སངས་རྡོར་སུག་པར་ཉར་བ་འདི། །ཕྱོགས་ཀུན་དར་བར་བྱ་བསམ་ཡིད་བཅགས་ཏེ། །དགེ་སློང་སྐལ་བཟང་རོགས་སྦྲན་མ་དཔེ་གཡར། །བྲི་ཡོན་ཕུལ་བྱས་ཁོང་གིས་ཡིག་མཁན་བཙལ། །གནས་མལ་ཡོ་བྱད་མཐུན་རྐྱེན་སྦྱར་བྱས་ས། །ལོ་ཤས་འགོར་ཞིང་དེ་ནས་ད་ལྟའི་བར། །ལོ་ངོ་གསུམ་ཙམ་རྣམ་གཡེང་དབང་སོང་ལུས། །ཞི་ཁྲོའི་ཆ་ག་དཔེ་འདིའི་ནང་རང་ལུགས་ཀྱི། ། འདོན་འགྲིགས་ལྟར་དུ་ཐོག་མཐའ་བར་གསུམ་གྱི། །སྤྱི་གཅེས་ཟུར་རྒྱན་ཆོས་སྤྱོད་ཡན་ལག་ཚང་། །ཁྱད་པར་གཤིན་དོན་གནས་འདྲེན་དབང་རྒྱས་བསྡུས། །རོ་སྲེག་རུས་ཆོག་ཚ་སྒྲུབ་བཅས་པ་ཡོད། །ཤར་པའི་ཡུལ་ནས་དགེ་སློང་གིས་རྙེད་པ། །བསྙེན་ཡིག་འཇིགས་མེད་ཕྲིན་ལས་འོད་ཟེར་


JSD004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཕྱོགས་འདིར་དཔེ་དཀོན་འདི་ཡང་བསྐྱེད་རྫོགས་ཀྱི། །རྒྱབ་ཆོས་དོན་ཚང་ཕྱིར་དུ་བཞུགས་པ་སྟེ། །ཞི་ཁྲོའི་འདོན་དཔེ་འདི་འདྲ་སྔོན་ཆད་མེད། །སྔ་འགྱུར་སྤྱི་ནོར་ཡིན་པར་ལེགས་རྟོགས་ཏེ། །ཀུན་ལ་ཆོས་སྦྱིན་བྱ་ཕྱིར་གླེགས་བམ་གྲངས། །བརྒྱ་ཕྲག་ལྔ་བསྐྲུན་འགྲོ་ཕན་ཡོན་སྦྱར་གྲུབ། །འདིར་འབད་དགེ་བས་ཁམས་གསུམ་རྒྱུད་དྲུག་དང་། །བར་མ་དོ་བཅས་མཁའ་ཁྱབ་ཡིད་ཅན་འགྲོ། །མ་ལུས་ལམ་འདིའྀ་གདུལ་བྱ་ཉིད་གྱུར་ནས། །འཁོར་བ་དོང་སྤྲུགས་ཕྱམ་གཅིག་འཚང་རྒྱ་ཤོག །ཅེས་པའང་ཆོས་སྦྱིན་མཛད་པོ་དགེ་སློང་མཆོག་གིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་དུ་རབ་ཚེས་ས་སྟག་བོད་ཟླའི་ཚེས་༡ བཟང་པོར་བལ་ཡུལ་ལྷོ་ཕྱོགས་གཡུ་འབྲུག་སྒང་གི་གཟིམས་ཤག་ཉི་འོད་རྟག་འཁྱིལ་དུ་རྒྱལ་ཁམས་པ་བུདྡྷ་བཛྲས་སུག་བྲིས་སུ་བསྟར་བ་ཤུ་བྷྲཱྃ། སརྦ་མངྒལཾ༎


JSD004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིང་བརྟག་དཀའི་ཉམས་ཆག་ཀུན། །མཐར་བྱེད་བཤགས་རྒྱུད་ཉི་འོད་ཅན། །ཆོས་བྱིན་སྤར་གྱི་ནམ་མཁའ་ལ། །འདྲེན་པའི་སྦྱིན་བདག་དིང་རིའི་བུ། །སྐལ་བཟང་ཆོས་དབང་ནང་མི་ནས། །ལྷག་བསམ་དག་པས་སྤེལ་བ་དགེ །ཞེས་པའང་བུདྡྷ་བཛྲས་ས།།


JSD004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ཆོས་སྦྱིན་སྤེལ་བ་པོ། །དིང་རིའི་བུ་མིང་སྐལ་བཟང་གིས། །སེམས་བསྐྱེད་དག་པས་ལེགས་སྤྱད་དགེས། །འབྲེལ་བཅས་འགྲོ་ཀུན་རྣམ་གྲོལ་ཤོག །ཅེས་པའང་བུདྡྷས་སྤར་བྱང་དུ་བྲིས་པ་དགེའོ།།


JSD004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། སྣང་མཐའ་པད་འབྱུང་ལྷ་ལྕམ་མཚོ་རྒྱལ་མ། །ཟ་ཧོར་མཁན་ཆེན་ཆོས་རྒྱལ་ཁྲི་སྲོང་བཅས། །དམ་ཚིག་རྟེན་ལ་ཡེ་ཤེས་སེམས་དཔའ་བཞུགས། །མཐོང་ཐོས་དྲན་རིག་གྲོལ་བའི་རྟེན་མཆོག་ཏུ། །འགྲུབ་པར་ལྷག་པའི་ལྷ་ཡིས་བྱིན་རློབས་ནས། །འགྲོ་ཀུན་གནས་སྐབས་འགའ་རྐྱེན་བགེགས་ཞི་ཞིང་། །མཐར་ཐུག་རང་སྣང་དོན་གྱི་པདྨ་འོད། །རང་རིག་གུ་རུ་རྗེ་དང་མཇལ་བར་ཤོག །ཅེས་པའང་རབ་ཚེས་ཆུ་བྱ་ཟླ་༡༠ཚེས་༡༥ བཟང་པོར་རི་ཁྲོད་པ་སངས་རྒྱས་རྡོ་རྗེས་སུག་བྲིས་སུ་བསྟར་བ་དགེའོ།། །།


JSD004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཁོ་བོ་རིག་འཛིན་རྒྱལ་ཁམས་པ་སངས་རྒྱས་རྡོ་རྗེ་རང་ལོ་གྱ་བརྒྱད་དུ་སོན་པ། རབ་ལོ་བཅུ་བདུན་པའི་མེ་ཕོ་འབྲུག་ལོ་ཆོ་འཕྲུལ་ཟླ་བ་ཉིས་བརྩེག་སྔ་མའི་ཡར་ངོ་ལ། སྒྲུབ་གནས་ཀྱི་རྒྱལ་པོ་ཡང་ལེ་ཤོད་སྒྲུབ་སྡེར་ཟབ་ཆོས་ཀློང་སྙིང་རྡོར་སེམས་མངོན་དགའི་ཞིང་སྦྱོང་ལ་བརྟེན་ནས་བདུད་རྩི་ཆོས་སྨན་གྱི་གཏའ་ཕབ་སྔ་འགྱུར་དམ་རྫས་སེལ་མེད་ཁུངས་ཐུབ་ལ་གཞི་བྱས། སྦྱོར་བ་ལག་ལེན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ། སྟོན་འཁོར་ཚོམ་བུ་ཚོགས་སྒྲུབ་ཚུལ་བཞིན་བགྱིས་པའང་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོའི་འདོད་བློ་བཞིན་གྲོལ་བ་ལྔ་ལྡན་ཁྱད་འཕགས་ཀྱི་ལོ་རྒྱུས་བཅས། ལས་ཀྱི་ཆ་ཤས་སུ་དགོས་དབང་གིས་སྤེལ་བ་ཡོངས་ལ་དགེ་ཞིང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག།


JSD004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བལ་ཡུལ་མཆོད་རྟེན་གོ་མ་ས་ལའི་དྲུང་། །རིན་ཆེན་དང་པོས་བྱུགས་ཤིང་ཕྲ་རྒྱན་སྤྲས། །མཆོད་ཀོང་སྣ་ཚོགས་རི་མོ་དང་ལྡན་འདི། །རྒྱུ་སྦྱོར་སྦྱིན་བདག་དད་གཏོང་འཕགས་ནོར་ལྡན། །དིང་རིའི་བུ་ལགས་སྐལ་བཟང་ཆོས་དབང་གི། །ཁྱིམ་སྤྱིས་རབ་བྱུང་བཅུ་བདུན་ལྕགས་སྦྲུལ་ལོའི། །ཆོ་འཕྲུལ་ཟླ་བའི་ཡར་ཚེས་༨དགེ་བ་ལ། །སེམས་བསྐྱེད་བཟང་པོས་ཕུལ་བའི་དགེ་རྩ་ཡང་། །མཁའ་ཁྱབ་ཡིད་ཅན་རྣམ་མཁྱེན་སངས་རྒྱས་ཀྱི། །གོ་འཕང་ཐོབ་ཕྱིར་བསྔོ་བ་སྨོན་ལམ་བཏབ། །ཅེས་པའང་བྱ་བྲལ་སངས་རྒྱས་རྡོ་རྗེས་སྨོན་ཚིག་ཏུ་བྲིས་པ་སིདྡྷི་རསྟུ་།


JSD004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགསོལ་འདེབས་ལེའུ་བདུན་དང།next