Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 expand section
 expand section
 expand section
 expand section
 expand section
 expand section
 collapse section
གསུང་རྩོམ་ཐོར་བུའི་སྐོར།
  
  
  
  
  
  
  
  
  
  
 expand section
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousགསུང་རྩོམ་ཐོར་བུའི་སྐོར།next

གསུང་རྩོམ་ཐོར་བུའི་སྐོར།

བོད་པ་སྤྲུལ་སྐུའི་རྣམ་ཐར་ཉུང་བསྡུས།

༄༅། །བོད་པ་སྤྲུལ་སྐུའི་རྣམ་ཐར་ཉུང་བསྡུས་བཞུགས། འཇམ་མགོན་མི་ཕམ་པའི་རང་ལུགས་གཙང་མ་སྐྱོང་བའི་ཀུན་དཔལ་རིན་པོ་ཆེའི་སློབ་མ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ནི། བོད་རབ་བྱུང་བཅོ་ལྔ་པའི་ནང༌། བོད་ཡུལ་དབུས་ཀྱི་ཤར་ཕྱོགས་དྭགས་པོའི་ཡུལ་དུ་འཁྲུངས། སྐུ་ན་ཕྲ་མོ་ནས་སྔོན་གྱི་རིགས་སད་དེ་ཆོས་ལམ་ལ་ཞུགས། བར་ལམ་ཁམས་པའི་ཚོང་པ་དང་གནས་སྐོར་པ་སོགས་དང་མཉམ་དུ་བསྡེབས་ཏེ་ཁམས་སུ་ཆོས་འཚོལ་དུ་ཕེབས། སྐུ་ན་ཕྲ་བ་དང་ཕ་ཡུལ་ཐག་རིང་རྐྱེན་གྱིས་ཆོས་རྒྱགས་མ་འབྱོར་ཞིང་ན་བཟའ་གསོལ་བ་སོགས་ལ་དཀའ་བ་དཔག་ཏུ་མེད་པ་རྗེ་མི་ལའི་རྣམ་ཐར་བཞིན་སྤྱད་དགོས་བྱུང་། རིམ་པར་མདོ་ཁམས་རྫོགས་ཆེན་དགོན་དུ་འབྱོར། དེར་བཞུགས་བླ་སྤྲུལ་མཁན་སློབ་རྣམས་ལས་གཞུང་ཆེན་བཅུ་གསུམ་གཙོས་མདོ་སྔགས་རིག་པའི་གནས་ལ་གསན་སྦྱངས་གནང་ནས་མཁས་པའི་གྲལ་དུ་ཐོན། རྫོགས་སྤྲུལ་ཐུབ་བསྟན་ཆོས་རྡོར་ལས་དབང་ལུང་གི་རྒྱུན་མང་པོ་ཐོབ། དེར་རྫོགས་སྤྲུལ་རིན་པོ་ཆེའི་སྤྲུལ་སྐུའི་མཚན་གནས་དང་ཁྲི་ཐོབ་དང་ཞབས་ཞུ་གྲྭ་པ་རེ་ཟུང་ཕན་ཚུན་བྱོན་སྐབས་གཏོང་གནང་བྱེད་པ་སོགས་བདག་རྐྱེན་དང་ཐུགས་བརྩེ་ཆེན་པོས་བསྐྱངས་བས་བོད་པ་སྤྲུལ་སྐུ་ཞེས་ཀུན་གྱིས་གུས་པས་བཀུར། དེ་ཙམ་ན་འཇམ་མགོན་མི་ཕམ་རིན་པོ་ཆེའི་རང་ལུགས་ལ་ཐུན་མིན་གྱི་ངེས་ཤེས་འཁྲུངས། དེའི་རང་ལུགས་འཛིན་པའི་བཤེས་གཉེན་ཞིག་མ་མཇལ་ཐབས་མེད་དུ་དགོངས་ཏེ་བརྟགས་ཤིང་དཔྱད་པས། དགེ་གོང་དགོན་དུ་ཀུན་དཔལ་རིན་པོ་ཆེ་དཔལ་སྤྲུལ་དང་མི་ཕམ་གཉིས་ཀྱི་དངོས་སློབ་དང༌། ཐུན་མིན་བརྒྱུད་འཛིན་དུ་མཁྱེན་ཏེ་མཁན་ཆེན་དེ་ཉིད་ཀྱི་ཞབས་བཅར་གྱིས་ཡུན་རིང་པོར་རྫ་རྒྱུད་ཕྱོགས་སུ་བཞུགས་ཤིང་། མདོ་སྔགས་རིག་གནས་ཐམས་ཅད་ལ་མཁྱེན་རབ་ཕུལ་དུ་ཕྱིན། ལྕང་མ་རི་ཁྲོད་དུ་པཱ་ཐུར་མཁན་ཐུབ་དགའ་ཡང་མཇལ། ཕྱོགས་ཀྱི་སློབ་ཚོགས་མང་དུ་འདུས་པར་འཇམ་མགོན་མི་ཕམ་པའི་རང་ལུགས་བཟུང་སྟེ་བསྐྱངས་པས་སློབ་ཚོགས་མཁན་ཆོས་ཁྱབ་དང༌། རྨེ་བ་མཁན་ཐུབ་བསྟན། ར་ཧོར་མཁན་ཐུབ་བསྟན། མཁན་ཟླ་ཟེར་སོགས་མང་པོ་བྱོན། གཞུང་ལ་ལྟ་གྲུབ་ཤན་འབྱེད་དང་། ཤེར་ཕྱིན་སྤྱི་དོན་འབྲུ་འགྲེལ་སོགས་ཆེ་ཕྲ་མང་པོ་བརྩམས། གཟིམ་ལམ་དུ་རྒྱལ་ཚབ་བྱམས་མགོན་གྱི་ཞལ་གཟིགས་ནས་ཕྱག་གཉིས་མེ་ལོང་གཉིས་བསྣམས་པར་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་རྩ་འགྲེལ་སོ་སོར་གསལ་བར་གཟིགས་ནས་ཐུགས་ངེས་འཁྲུངས་པས། མངོན་རྟོགས་རྒྱན་གྱི་འགྲེལ་བ་མ་ཕམ་ཞལ་ལུང་དང༌། མ་ཕམ་དགོངས་རྒྱན་གཉིས་བརྩམས་པ་ཡིན། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ཏེ་ཆོས་འཁོར་བསྐོར་ཞིང་བཤད་གྲྭར་བཞུགས་པ་སོགས་མཛད། མཁན་པོ་ཀུན་དཔལ་ཚང་སྐུ་གཤེགས་རྗེས་སུ་རྫ་ཡུལ་ཕྱོགས་སུ་ཕྲིན་ལས་རྒྱ་ཆེར་བསྐྱངས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་མདུན་དུ་བྱོན་པས་དེ་རིང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཕེབས་རྒྱུ་ཡིན་གསུངས་ནས་བསུ་བ་ལ་བྱོན། དགྱེས་ཚོར་ཆེན་པོ་མཛད་ནས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་སྤྲུལ་པར་ངོས་འཛིན་དང༌། བླ་མ་རང་རྡོ་བླ་འཇིགས་མེད་སྐལ་བཟང་གི་བག་ཆགས་མངའ་ཚུལ་སོགས་གསུངས་ནས་ཚད་མེད་གུས་བསུ་ཆེན་པོ་མཛད་པ་དང༌། ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྗེ་བོད་སྤྲུལ་རིན་པོ་ཆེའི་སྐུ་ཚེ་དེར་འཇམ་མགོན་མི་ཕམ་པའི་གསུང་འབའ་ཞིག་གསུངས་པས། ཁྱད་པར་དུ་འཕགས་པའི་རྣམ་དཔྱོད་ལ་བྱ་བྲལ་རིན་པོ་ཆེ་ནས་བསྔགས་བརྗོད་ཡང་ཡང་མཛད། སྐུ་ཚེའི་སྨད་དུ་ཡུལ་དབུས་བྱང་འབྲི་གུང་ཉི་མ་ལྕང་རའི་བཤད་གྲྭར་ཆིབས་བསྒྱུར་གནང་སྟེ། སྐལ་ལྡན་མང་པོར་སྤྱིར་མདོ་སྔགས་ཀྱི་ཆོས་སྐོར་དང་། བདེ་ཆེན་ཞིང་སྒྲུབ་སོགས་ཀྱི་ཆོས་སྦྱིན་ཕངས་མེད་དུ་བསྩལ་བའི་མཛད་པའི་རྣམ་ཐར་མཐའ་ཡས་སོ། །རྣམ་བསྡུས་འདི་ནི་གང་གི་དངོས་སློབ་ཀུན་གཟིགས་མཁན་ཆེན་བླ་མ་ཉིད་ཕྱི་གླིང་དབྱིན་ཇི་ལ་བྱོན་ནས་རྙིང་མའི་ཆོས་རྒྱུན་སྤེལ་སྐབས་གསུང་འཕྲོས་སུ་གནང་བ་ལགས།

ཀུན་གཟིགས་མཁན་ཆེན་བླ་མའི་རང་རྣམ་གནད་བསྡུས།

ཕྲན་བུ་པདྨ་ཚེ་དབང་ལྷུན་གྲུབ་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ལ་སྐྱེས་པ་ཡིན། ལོ་བཅུ་གཅིག་ཙམ་ན་དགེ་ཚུལ་གྱི་སྡོམ་པ་དང་། ལོ་ཉེར་བརྒྱད་ན་བསྙེན་རྫོགས་ཀྱི་དངོས་པོར་བསྒྲུབས་པ་ཡིན། དེ་རྗེས་རིམ་པ་བཞིན། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས། རྙིང་མ་བཀའ་མའི་སྐོར་དང༌། རིན་ཆེན་གཏེར་མཛོད་སོགས་དང༌། སྤྲུལ་ནམ་མཁའ་འཇིགས་མེད་ལས། སྙིང་ཐིག་ཡ་བཞི་སོགས་དང༌། པཱ་ཐུར་མཁན་རིན་པོ་ཆེ་ཐུབ་བསྟན་ཆོས་འཕེལ་ལས། གསང་བ་སྙིང་པོ་དང༌། སྤྱོད་འཇུག་སོགས་དང༌། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ལས། ལྟ་གྲུབ་ཤན་འབྱེད་འགྲེལ་བ་དང་ཤེར་ཕྱིན་འགྲེལ་བ་མ་ཕམ་ཞལ་ལུང་སོགས་དང༌། བཤེས་གཉེན་དམ་པ་མཁན་ཚུལ་དགའ་དང་། མཁས་དབང་རྫ་རྒྱལ་ཐུབ་བེ་སོགས་ནས་སྒྲ་དང་ཚད་མ་སོགས་རིག་གནས་ཀྱི་སྐོར་དུ་མ་དང༌། རང་ཡུལ་གྱི་མཁན་པོ་ཆོས་ཀྱི་རྡོ་རྗེ་སོགས་ལས་སློབ་གཉེར་སྐོར་མང་རབ་ཞུས། རྗེས་ནས་ཨ་འཛོམས་རྒྱལ་སྲས་རིན་པོ་ཆེ་ལས་ཁྲིད་ཁ་རེ་ཡང་ཞུས་པ་ཡིན། ད་སྐབས་ལོ་༦༧ཡིན། ད་ལྟ་ཕྲན་བུས་ཅི་རིགས་རེ་གཞན་ལ་འཆད་སྤེལ་བྱེད་མདོག་བགྱིད་པ་ཡིན། རྒན་བུ་མཁན་པོ་པད་ཚེ་ནས།

༈ ཕུར་བ་སྤུ་གྲིའི་ཞལ་ཐང་འབྲི་ཐབས།

འདིར་ཕུར་བ་སྤུ་གྲིའི་ཞལ་ཐང་ལ། གཙོ་བོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། ཁྲོ་བཅུའི་ཚུལ་ནི། ༡ སྟེང་ཕྱོགས་བམ་རོ་བསྣོལ་བའི་སྟེང་ཁྲོ་བོ་ཧཱུྃ་ཀ་ར། སྐུ་མདོག་སྔོ་སྐྱ་གཡས་སེར་གཡོན་དམར། ཕྱག་དང་པོ་གཉིས་རྡོ་རྗེ་དང་བྷན་དམར། བར་བ་གཉིས་མདའ་གཞུ་ཐ་མ་གཉིས་ཕུར་བུ་འདྲིལ་བ། ཁྲོ་བཅུ་ཐམས་ཅད་ཀྱི་ཕྱག་དང་ཐ་གཉིས་འདི་བཞིན་ཡིན། ཡུམ་སྒྲ་འབྱིན་སྔོ་སྐྱ་གཡས་དྲིལ་བུ་གཡོན་དུང་དམར་ཅན་ནོ། །ཡུམ་གཞན་རྣམས་ཀྱི་ཕྱག་མཚན་ཡང་ཐམས་ཅད་ལ་དྲིལ་བུ་དུང་དམར་ཡིན། དེའི་ཕྲ་མིན་གཡས་ཕྱོགས་ཕག་དང་། གཡོན་ཕྱོགས་སྨྲིག་བུའི་མགོ་ཅན།

༈ ༢ ཤར་ཕྱོགས་དྲི་ཟ་བསྣོལ་བའི་སྟེང་། རྣམ་རྒྱལ་དཀར་པོ་གཡས་སྔོ་གཡོན་ལྗང་ཕྱག་དྲུག་ལས། བར་བའི་ཕྱག་གཉིས་འཁོར་ལོ་ཏྲི་ཤུ་ལ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ། ཕྲ་མིན་སྟག་དང་བྱ་རྒོད་མགོ་ཅན།

༈ ༣ ཤར་ལྷོ་མེ་ལྷ་བསྣོལ་བའི་སྟེང་། དབྱུག་སྔོན་མཐིང་ཀ་གཡས་དཀར་གཡོན་དམར་ཞལ། ཕྱག་དྲུག་བར་གཉིས་མེ་དབལ་དབྱུག་ཐོ་ཅན། ཡུམ་སྡེར་མོ་སྔོན་མོ། ཕྲ་མིན་གཡག་དང་བྱ་རོག་མགོ་ཅན་ནོ། །

༈ ༤ ལྷོ་ཕྱོགས་གཤིན་རྗེ་བསྣོལ་བའི་སྟེང་། གཤིན་རྗེ་སྔོ་ནག་གཡས་སྔོ་གཡོན་ལྗང་ཞལ་ཅན། ཕྱག་དྲུག་བར་གཉིས་དགྲ་སྟ་བེ་ཅོན་འཛིན་པ། ཡུམ་དུར་ཁྲོད་སྔོན་མོ་འཁྲིལ་བ། ཕྲ་མིན་ཤ་བ་འུག་པའི་མགོ་ཅན་ནོ། །

༈ ༥ ལྷོ་ནུབ་སྲིན་པོ་བསྣོལ་བའི་སྟེང་། མི་གཡོ་ལྗང་སྔོ་གཡས་སྔོ་གཡོན་སྨུག་ཞལ་ཅན། ཕྱག་དྲུག་བར་ཕྱག་གཉིས་རལ་གྲི་ཞགས་པ་ཅན་ནོ། །ཡུམ་གཏུན་ཁུང་ལྗང་མོ་འཁྲིལ་བ། ཕྲ་མིན་གཟིགས་དང་ཁ་ཏའི་མགོ་ཅན།

༈ ༦ ནུབ་ཕྱོགས་ཆུ་ལྷ་བསྣོལ་བའི་སྟེང་། རྟ་མགྲིན་དམར་པོ་གཡས་དཀར་གཡོན་སྔོ་བ། ཕྱག་དྲུག་བར་ཕྱག་གཉིས་ཞགས་པ་སྤུ་གྲི་འཛིན་པ། ཡུམ་གཏུན་མོ་དམར་མོ་འཁྲིལ་བའོ། །ཕྲ་མིན་བྱི་ལ་པུ་ཤུད་མགོ་ཅན་ནོ། །

༈ ༧ ནུབ་བྱང་རླུང་ལྷ་བསྣོལ་སྟེང་། འདོད་རྒྱལ་དམར་སྐྱ་གཡས་སེར་གཡོན་ལྗང་ཞལ་ཅན། ཕྱག་དྲུག་བར་ཕྱག་གཉིས་བྷཉྫ་རྔ་ཡབ་འཕྱར་བ། ཡུམ་མདའ་སྙེམས་དམར་སྐྱ་འཁྲིལ་བ། ཕྲ་མིན་སྤྱང་ཀི་ཁྲ་ཡི་མགོ་ཅན་ནོ། །

༈ ༨ བྱང་ཕྱོགས་གནོད་སྦྱིན་བསྣོལ་སྟེང་། བདུད་རྩི་ལྗང་ནག་གཡས་སེར་གཡོན་དུད་ཁའི་མདོག་ཅན། ཕྱག་དྲུག་བར་ཕྱག་གཉིས་རྒྱ་གྲམ་དབྱུག་ཏོ་ཅན། ཡུམ་རླུང་འབྱིན་ལྗང་ནག་འཁྲིལ་བའོ། །ཕྲ་མིན་སེང་གེ་ཕ་ཝཾ་གི་མགོ་ཅན་ནོ། །

༈ ༩ བྱང་ཤར་དབང་ལྡན་བསྣོལ་སྟེང་། སུམ་རྒྱལ་སེར་ནག་གཡས་དཀར་གཡོན་ལྗང་བ། ཕྱག་དྲུག་བར་གཉིས་མདའ་གཞུ་འགེངས་པ། ཡུམ་གསོད་བྱེད་སེར་ནག་འཁྲིལ་བ། ཕྲ་མིན་དོམ་དང་སྲེ་མོ་མགོ་ཅན་ནོ། །

༈ ༡༠ འོག་ཕྱོགས་ས་བདག་བསྣོལ་སྟེང་། སྟོབས་ཆེན་དུད་ཁ་གཡས་ནག་གཡོན་སེར་བ། ཕྱག་དྲུག་བར་གཉིས་ཐོ་བ་ཞགས་པ་བསྣམས་པ། ཡུམ་སྐྱོད་བྱེད་དུད་ཁ་འཁྲིལ་བའོ། །ཕྲ་མིན་དྲེད་དང་བྱི་བའི་མགོ །

༈ ཁྲོ་བཅུ་ཡབ་རྣམས་ཆ་ལུགས་གཙོ་བོ་ཡབ་དང་། ཡུམ་རྣམས་གཙོ་མོ་དང་ཆ་ལུགས་འདྲའོ། །ཟ་བསོད་རྣམས་རང་རང་གི་ཁྲོ་བོའི་མདོག་ཅན། གཡས་ཐམས་ཅད་ན་ཕུར་བུ་གཡོན་ཐམས་ཅད་ན་ལྕགས་ཀྱུ་འཛིན་པ་གཅེར་བུ་ཁྲོས་པའི་ཉམས་ཅན་ནོ། །དུར་ཁྲོད་ཀྱི་ཆས་ཀྱང་ཡིན་པར་བཤད་དོ། །སྲས་མཆོག་ནི་མདུན་གྱི་སྲས་མཆོག་ཞལ་གསུམ་དབུས་མཐིང་གཡས་དཀར་གཡོན་དམར་བ། གཡས་ཀྱི་སྲས་མཆོག་དབུས་ལྗང་གཡས་དཀར་གཡོན་དམར་བའི་ཞལ་ཅན། གཡོན་གྱི་སྲས་མཆོག་དབུས་དམར་གཡས་དཀར་གཡོན་ལྗང་བ། དེ་གསུམ་པོ་ཕྱག་དྲུག་དང་པོ་གཉིས་གཡས་རྡོ་རྗེ་རྩེ་དགུ། གཡོན་མེ་དཔུང་དང་བར་བ་གཉིས་རྒྱ་གྲམ་དང་ཁ་ཊྭཱཾ་རྩེ་གསུམ་ཐ་མ་གཉིས་ཕུར་བུ་འདྲིལ་བ། སྐུ་སྨད་ཆུ་སྲིན་གྱི་ཁ་ནས་ཐོན་པའི་གནམ་ལྕགས་ཀྱི་དབལ་བམ་རོའི་སྙིང་ལ་ཟུག་པ་དུད་ཁྲོད་ཆས་ཅན་ནོ། །མེ་དཔུང་འབར་བའི་དབུས་ན་གནས་སོ། །

༈ སྒོ་མ་བཞི་ནི། ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་ཅན། ལྷོ་སྒོར་ཕག་གདོང་མ་སེར་མོ་མཆེ་ཞགས་ཐོག་པ། ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་སྡོམ་པ། བྱང་སྒོར་ཐལ་ཕྱེད་ལྗང་ཁུ་དྲིལ་འཁྲོལ་མའོ། །དེ་རྣམས་དུད་ཁྲོད་ཀྱི་ཆས་ཅན་ནོ། །

༈ ཕུར་སྲུང་རྣམས་ནི་བྲིས་ན་རང་རང་གི་ཆིབ་དང་ཕྱག་འཛིན་སོགས་བསྐུལ་བ་ལས་གསལ་བས་དེར་བལྟའོ། །འདི་ཡང་ཀུན་གཟིགས་མཁན་ཆེན་བླ་མའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་ལགས།

༈ གྲོལ་བ་བཞི་ལྡན་གྱི་རྟེན་འདུས་མྱོང་གྲོལ་དཀར་ཆག

ན་མོ་གུ་རུ་དྷརྨ་བཛྲ་ཡེ། རྣམ་ཀུན་མཆོག་ལྡན་དབྱིངས་ཡེ་ཟུང་འཇུག་ངེས་པ་དོན་གྱི་ཆོས་སྐུ་ལས། །རང་མདངས་འགག་མེད་མཚན་དཔེ་གསལ་རྫོགས་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཆེན་པོ། །བསྒྲངས་ཡས་མ་གྱུར་འགྲོ་བའི་མོས་ངོར་གང་ལ་གང་འདུལ་དཔལ་ཤར་བའི། །རྒྱལ་བ་ཀུན་དང་རྣམ་དབྱེར་མེད་པའི་མཚོ་སྐྱེས་རྡོ་རྗེ་ཁྱོད་ལ་འདུད། །མ་ལུས་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །གཅིག་ཏུ་བསྡུས་པའི་རང་གཟུགས་སྙིགས་མའི་མགོན། །ངུར་སྨིག་འཛིན་པའི་རྣམ་རོལ་མཚུངས་མེད་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གུས་ཕྱག་འཚལ། །དེང་དུས་འགྲོ་རྣམས་མུན་པར་འཁྱམས་པའི་དུས། །སངས་རྒྱས་དངོས་གྱུར་དཔལ་ལྡན་བླ་མའི་མཐུས། །མྱོང་གྲོལ་བདུད་རྩིའི་བགོ་སྐལ་འདི་ན་འགྱེད། །སྐལ་བཟང་མྱོང་བར་འདོད་རྣམས་དང་ལེན་རིགས། །ཐེག་དགུའི་ཡང་རྩེ་སྔ་འགྱུར་རྡོ་རྗེ་ཐེག །མ་སྒོམ་སངས་རྒྱས་ཆོས་ཀྱི་ལམ་མཆོག་ལས། །མྱོང་བ་ཙམ་གྱིས་རྣམ་པར་གྲོལ་ནུས་པའི། །རྟེན་འདུས་མྱོང་གྲོལ་དཀར་ཆག་འདིར་གསལ་བྱ། །ཞེས་འབྲེལ་ཚད་དོན་ལྡན། གྲོལ་བ་བཞི་ལྡན་གྱི་མྱོང་གྲོལ་རྟེན་འདུས་རིལ་བུ་འདི་ཡི་དཀར་ཆག་མདོར་བསྡུས་བྲི་བ་ལ། ཐོག་མར་སངས་རྒྱས་འོད་སྲུང་གི་རང་བསྲེལ། ཤཱཀྱ་ཐུབ་པའི་འཕེལ་གདུང་། གུ་རུ་རིན་པོ་ཆེའི་འཆི་མེད་ཚེ་རིལ། རྟེན་འདུས་ཀྱི་ཕབ་ལྟ་ས་སྐྱའི་སྤུ་སུ་མ། བྲམ་ཟེ་སྐྱེ་བདུན་གྱི་སྐུ་ཤ གུ་རུ་རིན་པོའི་ནབ་བཟའ། འཕགས་པ་ཤིང་ཀུན་དང་མཆོད་བྱ་རོང་ཁ་ཤོར་གྱི་འཕེལ་གདུང་། དགའ་ལྡན་གསེར་གདུང་ཆེན་པོའི་འཕེལ་གདུང་། ཆོས་དབང་སྲས་མོ་པདྨ་སྒྲོན་མའི་སྐུ་ཤ གསང་སྔགས་ལས་རབ་གླིང་བའི་གཏེར་རྫས། རྒྱལ་བའི་དབང་པོའི་ རྟེན་འདུས་རིལ་བུ། ས་སྐྱའི་སྐྱེ་བདུན་རིལ་བུ། ལྕགས་པོ་རུའི་སྐྱེ་བདུན་རིལ་བུ། འགྲི་གུང་གི་སྐྱེ་བདུན་རིལ་བུ། ས་སྐྱའི་རིན་ཆེན་རིལ་བུ། ལྕགས་པོ་རིའི་རིན་ཆེན་རིལ་བུ། རྒྱལ་བ་ཀཿཐོག་པའི་རིན་ཆེན་རིལ་བུ། རིག་འཛིན་ཆོག་གྲགས་རིན་ཆེན་རིལ་བུ། ཁྲོག་མོ་དགེ་བཤེས་ཀྱི་བསྒྲུབ་པའི་རིན་ཆེན་རིལ་བུ། རྒྱ་ཞབས་དྲུང་གི་རིན་ཆེན་རིལ་བུ། བླ་མ་སྐལ་བཟང་གིས་བསྒྲུབ་པའི་རིན་ཆེན་རིལ་བུ། ཀཿཐོག་སྟོད་གྲྭ་རིལ་བུ། ཀཿཐོག་སྨན་སྒྲུབ་འཇའ་ཟུག་མ། སྨིན་ཀླིང་བཀའ་བརྒྱད་བདེ་འདུས་ཀྱིས་བསྒྲུབ་པའི་སྨན་བསྒྲུབ་མྱོང་གྲོལ་ཆེན་མོ། མ་ཎི་དུང་བསྒྲུབ་རིལ་བུ། ཐང་སྟོང་རྒྱལ་བོ་སྤྲུལ་བ་པད་དགེ་རྟེན་འདུས། ཁྲི་དར་ལུང་མ། བརྒྱད་སྟོང་། སྟོང་རྡོ། ཁྱུང་ལྔ་ལོ་ཅོན་མ། བདུད་རྩི་ཚེ་འཕེལ་རིལ་བུ། རྡོ་བྲག་ཀུ་རུ་ཞི་བའི་སྨན་སྒྲུབ། རྒྱུད་སྟོད་སྨད་ཀྱི་བརྟེན་འདུས་རིལ་བུ། འཇམ་ཀོང་རྣམ་གཉིས་ཀྱི་རྟེན་འདུས་རིལ་བུ། ཞི་ཆེན་རབ་འབྱམས་དང་རྒྱལ་ཚབ་གཉིས་ཀྱི་རྟེན་འདུས། ཁྲོམ་དགེ་པདྨ་མཁའ་སྤྱོད་ཀྱི་རྟེན་འདུས། ཀཿཐོག་ཕྱག་ཚའི་རྟེན་འདུས། གཡུ་ཁོག་བྱ་བྲལ་བའི་རྟེན་འདུས། ཨ་གྲག་བླ་མའི་ས་སྔགས་དང་རྟེན་འདུས་རིལ་བུ། སྤྲུལ་སྐུ་རྡོ་དགྲའི་རྟ་ཆུང་རིལ་བུ། སྨུག་སང་བྱ་བྲལ་བའི་རྟེན་འདུས། མཁན་འཇམས་དཔལ་རྒྱ་མཚོ་རྟེན་འདུས་རིལ་བུ། སྟག་བླ་དཀོན་མཆོག་རྒྱལ་མཚན་གྱི་རྟེན་འདུས་རིལ་བུ། མདོ་མང་ཡེ་ཤེས་རྡོ་རྗེའི་སྨྱུང་གནས་སྟེང་གིས་བསྒྲུབ་པའི་རྟེན་འདུས་ཕབ་པའི་མ་ཎི་རིལ་བུ། དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེའི་རང་བསྲེལ་བྱེ་བ་ལྔ་ཕྱོགས་བསྡུས་ཀྱི་རིལ་བུ། ལྷ་དགེ་སློང་གི་རྟེན་གསུམ་དམར་པོ། མ་བླ་སྤྲོས་བྲལ་དང་དངོས་གྲུབ་གཉིས་ཀྱི་རྟེན་འདུས། སྐུ་འབུམ་གསེར་གདོང་ཆེན་མོའི་བདུད་རྩི་དང་ལོ་མ། ཆོས་དོན་འགྲུབ་རིན་ཆེན་གྱི་སྐུ་གདུང་གི་བདུད་རྩི། བྱ་ཁྱུང་གི་རྟེན་འདུས། མཁན་པོ་ཐུབ་ནོར་གི་རྟེན་གསུམ་ཉིས་བརྒྱ་ལྷག་ཙམ་ཕྱོགས་བསྡུས་རིལ་བུ། སྐྱབས་མགོན་ཆོས་ཀྱི་རྡོ་རྗེའི་རིལ་བུ་འཇའ་ཟུག་མ་དང་རྟེན་འདུས་རིལ་བུ། བླ་མ་ཁྲ་གླིང་བས་ས་དགེ་རྙིང་གསུམ་གྱི་རྟེན་གསུམ་བརྒྱ་ཕྲག་ཁ་ཤས་ཕྱོགས་བསྡུས་ཀྱི་རྟེན་འདུས་རིལ་བུ་ཁྱད་འཕགས། རྡོ་གྲུབ་སྐུ་འཕྲེང་གཉིས་པའི་རྟེན་འདུས། རྫོགས་ཆེན་པའི་རིན་ཆེན་མང་སྦྱོར་རིལ་བུ། རྒྱུ་ཤེས་བླ་མའི་རྟེན་འདུས་བླ་མའི་རྟེན་འདུས་རིལ་བུ། རྒྱ་རོང་སྨན་པའི་རྟེན་འདུས། དགེ་རྒན་ཚེ་ཆོས་རྟེན་འདུས། དུས་བབ་རིལ་བུ། རྒྱལ་བ་ཀློང་ཆེན་པའི་དབུ་ཐོད། ཀཿཐོག་དགེ་པཎ་གདུང་རུས། དཔལ་སྤྲུལ་རིན་པོ་ཆེའི་གདུང་རུས། ཨ་བོའི་བླ་མའི་དབུ་ཐོད། གླིང་གཏེར་རྡོ་རྗེ་འཆང་གི་གདུས་རུས། ཁྲ་བླ་གསང་སྔག་བསྟན་འཛིན་གདུང་རུས། པདྨ་སིདྡྷིའི་སྐུ་ཤ་གདུང་རུས། སྐྱབས་མགོན་ཆོས་ཀྱི་རྡོ་རྗེའི་གདུང་རུས། གདུང་ཐ། གདུང་ཁྲུས་རིལ་བུ། འཇམ་དཔལ་རྒྱ་མཚོའི་གདུང་རུས། པདྨ་མཁྱེན་རྩེའི་འོད་ཟེར་གྱི་གདུང་རུས། མདོ་མང་ཡེ་ཤེས་རྡོ་རྗེའི་གདུང་རུས། ན་ལོ་མཚམས་པའི་ཐུགས་ལྗགས་སྤྱན་གསུམ། རྒྱུ་ཤས་བླ་མའི་གདུང་རུས། རྒྱ་གར་དང་ཙ་རི་སོགས་ཀྱི་ས་སྣ་ཆུ་སྣ། བླ་མ་རིན་པོ་ཆེའི་བྱེ་སྔགས། སྒྱུ་འཕྲུལ་གསང་སྙིང་གི་རྡུལ་ཚོན་བྱེ་མ། ཀཿཐོག་བསམ་འགྲུབ་ལྷ་ཁང་གི་ས་སོགས་ཡོད། མདོར་ན་བརྟེན་འདུས་རིལ་བུ་འདི་ཡི་ནང་དུ། སངས་རྒྱས་བྱང་སེམས་རྣམས་ཀྱི་རང་བསྲེལ་དང་འཕེལ་གདུང་། རྒྱ་གར་པཎ་གྲུབ་རྣམས་ཀྱི་གདུང་རུས་དང་ནབ་གཟའ། དགོས་བོད་གངས་ཅན་གྱི་བཤད་བསྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི་སྐྱེས་ཆེན་དམ་པ་རྣམས་གྱི་རྟེན་གསུམ་དང་གདུང་རུས། རང་བསྲེལ་བྱིན་ཆེན་འཁྲུལ་མེད་དང་། འཕགས་བོད་ཀྱི་གནས་ཆེན་རྣམས་གྱི་ས་སྣ་དང་། ཆུ་སྣ་སོགས་རྟེན་འདུས་རིལ་བུ་འདི་ཡི་ནང་དུ། དངོས་རྒྱུད་ནས་མ་འདུས་པ་མེད་པས། དད་པ་དང་། དགའ་སྤྲོའི་སྒོ་ནས་མྱོང་བར་བྱའོ། །འདི་ཡི་ལོ་རྒྱས་ཞིབ་ཏུ་ཤེས་པར་འདོད་ན། རྟེན་འདུས་མྱོང་གྲོལ་ཆེན་པོའི་དཀར་ཆག་འཛམ་གླིང་སྤྱིའི་ནོར་དང་། རྟེན་འདུས་སྤུ་སུ་མའི་དཀར་ཆག་འཛམ་གླིང་གཡས་བཞག་དང་། བླ་མ་སྐལ་བཟང་བའི་རིན་ཆེན་རིལ་བུའི་དཀར་ཆག་མཐོང་བས་འཛུམ་ཤོར་དང་། བླ་མ་ཁྲ་གླིང་བ་ཆེན་པོའི་རྟེན་འདུས་དཀར་ཆག་སོགས་ལས་ཤེས་པར་བྱའོ། །

སླར་སྨྲས་པ། རྣམ་དཀར་རྒྱལ་བསྟན་རི་མོ་མཁའ་ལ་ཡར། །སྐྱེ་འགྲོའི་བསོད་ནམས་སད་ཆེར་རྙིད་པའི་དུས། །རྨོངས་བརྟུལ་བདག་འདྲའི་ཆེད་དུ་ལོ་འགའི་བར། །འབད་པ་དུ་མས་གཉེར་དེ་འདི་བཞིན་གྲུབ། །དེ་སླད་དགེ་བའི་འོད་དཀར་ཕུང་པོ་ཡིས། །ལུས་པ་མེད་པའི་འགྲོ་ཁམས་མཐའ་ཡས་པའི། །རྒྱུད་ན་གནས་པའི་ལོག་རྟོག་མུན་པའི་ཚོགས། །སེལ་ཏེ་ལེགས་པའི་ལམ་མཆོག་མཐོང་བར་ཤོག །ཅེས་པ་འདི་ཡང་འཇུ་མཁན་པོ་གཞོན་རིས་ཀྱི་ངོ་སྐལ་དུ་ཀུན་གཟིགས་མཁན་ཆེན་བླ་མའི་ཞལ་གསུང་ལགས།

ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཐིག་ཚོན་ལག་ལེན།

༈ ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཐིག་ཚོན་ལག་ལེན་བཞུགས། ཤ་འུག་ཟབ་གཏེར་ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཀྱི་ཐིག་ཚོན་གྱི་རིམ་པ་ལ། དང་པོ་ཐིག་ལ་གཉིས་ལས།

དང་པོ་ཡེ་ཐིག་ནི། ཇི་སྐད་དུ། ནུབ་ཤར་ལྷོ་བྱང་ཚངས་ཐིག་གཉིས། །མེ་རླུང་སྲིན་དབང་ཟུར་གྱི་ཐིག །མེ་དབང་རླུང་སྲིན་ཤར་ནུབ་གྲྭ །རླུང་དབང་མེ་སྲིན་བྱང་དང་ལྷོའི། །གྲྭ་ཡི་ཐིག་ཡིན་སློབ་དཔོན་དང་། །སློབ་མའི་གནས་ཏེ་རིམ་བཞིན་ནོ། །ཞེས་སོ། །

གཉིས་པ་ལས་ཐིག་དངོས་ནི། ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་བརྒྱད་བརྒྱད་བཅུ་དྲུག་ལས། །བཞི་བའི་ཕྱི་ཐིག་ཟླུམ་པོར་བསྐོར། །དེ་ནང་མུ་ཁྱུད་ཆ་ཕྲན་ཕྱེད། །དེ་དང་ཤར་ནུབ་ཚངས་པའི་ཐིག །འཕྲད་ལས་དབུས་སུ་ཚད་པ་ཡི། །གཡས་གཡོན་ཚད་པའི་མཚན་མ་རྣམས། །སྦྲེལ་བས་ཆོས་འབྱུང་བསྣོལ་མའི་ས། །དེ་ཡི་གྲ་ནས་ཟླུམ་སྐོར་གསུམ། །བསྐོར་བ་པད་འདབ་ཟེའུ་འབྲུ། །ལྟེ་བ་རྣམས་སུ་རིམ་བཞིན་འགྱུར། །ལྔ་བ་སྒོ་བཞི་ནས་བཟུང་སྟེ། །རྟ་བབ་བཞི་དང་དུར་ཁྲོད་ཀྱི། །ཁོར་ཡུག་ཅན་ཏེ་སྤྱི་དང་མཐུན། །ཞེས་སོ། །

གཉིས་པ་ཚོན་ལ་གཉིས་ཏེ། དང་པོ་རྟེན་གཞལ་ཡས་ཁང་ལ་ནི། ཐོག་མར་དབང་ལྡན་དུ། ནང་ནས་དམར་དཀར་སེར་སྔོ་ལྗང་བའི་རེ་ཁཱ་ལྔ་སྒོ་ཚད་ཙམ་དུ་སློབ་དཔོན་གྱིས་བྲིས་ཏེ་ཐོད་པས་བཀབ། དེ་ནས་གཞན་གྱིས་ཀྱང་འདྲི་བར་བྱ་སྟེ། ལྟེ་བ་དམར། གེ་སར་སེར་པོ། པདྨའི་འདབ་མ་ཕྱོགས་མདོག ཆོས་འབྱུང་ནང་ཁུང་དམར་པོ། རེ་ཁཱ་དཀར་པོ། མུ་ཁྱུད་པདྨའི་རིས། ཆོས་འབྱུང་གི་བར་མཚམས་དང་གྲུ་ཆད་དམར་པོ། སྒོ་བཞི་ཕྱོགས་མདོག་སོགས་སྤྱི་དང་མཐུན་ཅིང་། འདིར་རྟ་བབ་རྣམ་བུ་བཞི་བའི་དབང་དུ་བྱས་ལ། གཞན་དུ་བརྒྱད་མའང་བཀགས་པ་མེད་དོ། །

གཉིས་པ་བརྟེན་པ་ལྷ་མཚན་ནི། དབུས་སུ་ཨུཏྤལ་དམར་པོ་དང་རྡོ་རྗེ། འདམ་མ་བཞིའི་ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི། སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་དང་། ཆོས་འབྱུང་གི་ཟུར་དྲུག་ཏུ་དགའ་བ་འཁྱིལ་བ་རེ། གྲུ་ཆད་མེ་ཏོག་དམར་པོའི་ཚོམ་བུ་དང་། གྲ་བཞིར་བུམ་པ་ཐོད་པ་དང་བཅས་པ་རེ་རེ་རྣམས་འདྲིའོ། །འདི་ནི་གཏེར་ཆེན་བླ་མའི་ལྷན་ཐབས་ལས་ཁོལ་དུ་བྲིས་སོ། །

སྒྲོལ་མའི་ཆོ་ག་ཀླུ་དབང་དགོངས་རྒྱན་ལས་བཏུས་པའི་སྒྲོལ་མ་ཉེར་གཅིག་གི་ཟིན་བྲིས་མཆན་བུ་ཅན།

༡ དང་པོ་བསོད་ནམས་འཕེལ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་རྒྱས་པར་འདོད་ན། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །རྩ་སྔགས་ལ། བྷོ་དྷི་ཙིཏྟ་སྭཱ་ཧཱ། ཞེས་པ་དང༌། རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་བཅུ་དྲུག་ལོན་པའི་རྣམ་པ། མཛེས་ཤིང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དང་དར་སྲབ་མོས་ནུ་མ་བཀབ་པ། དབུ་སྐྲ་ལི་བའི་གཡོན་ཕྱོགས་གྱེན་དུ་བརྫེས་ཤིང༌། གཡས་ཕྱོགས་ནས་ཐུར་དུ་ཅུང་ཟད་འཕྱང་བ། ཕྱག་གཡས་མཆོག་སྦྱིན་དང་གཡོན་པ་ཐུགས་ཀར་ཨུཏྤལའི་རྩ་བ་ནས་བཟུང་བའི་མེ་ཏོག་འཁོར་ལོས་མཚན་པ་རྣ་བའི་ཐད་དཀར་སླེབ་པ། ཟླ་བའི་རྒྱབ་ཡོལ་ཅན། དེའི་མཐའ་སྐོར་དུ་པད་འདབ་བཅུ་པ་གཉིས་རིམ་ལ་སྒྲོལ་མ་གཞན་ཉི་ཤུ་པོ་བཞུགས་སྟངས་གཙོ་མོ་དང་འདྲ་བ་ལ་སྐུ་མདོག་དང་ཕྱག་མཚན་གྱི་ཁྱད་པར། མདུན་ནས་རིམ་བཞིན་གཡས་བསྐོར་དུ།

༢ དེ་བཞིན་དུ་འཇིགས་པ་ཆེན་པོ་བརྒྱད་སྐྱོབས་པར་འདོད་ན། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །དཱ་ན་ཏྲ་ཡ་སྭཱ་ཧཱ། མྱུར་མ་དཔའ་མོ་དམར་ལ་ཁྲོ་འཛུམ་ཆགས་པའི་ཉམས་ཅན་ཨུཏྤལ་ལའི་སྟེང་ན་དུང་གཡས་འཁྱིལ་འཛིན་པ། ༼གཞུང་གཞན་དུ་ཕྱག་འཚལ་དཀོན་མཆོག་དང་། ཕྱག་འཚལ་སྒྲོལ་མ་མྱུར་མ་འདི་གཉིས་གོང་འོག་བསྣོལ་ཡོད་ས་ཡང་འདུག་ཅེས་གསུངས། མཆན།༽

༣ དེ་བཞིན་དུ་ཤེས་རབ་འཕེལ་བར་འདོད་ན། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །པྲ་ཛྙཱ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། དབྱངས་ཅན་མ་སྟོན་ཟླའི་ཞལ་མེ་ལོང་ཧྲཱིཾཿགྱིས་མཚན་པ།

༤ བསོད་ནམས་བསྐྱེད་པ་ལ། ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །མ་ཧཱ་པུཎྱེ་སྭཱ་ཧཱ། བསོད་ནམས་མཆོག་སྟེར་སེར་སྔོ་རིན་པོ་ཆེ།

༥ ཚེ་སྒྲུབ་ན། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །ཨཱ་ཡུར་དཱ་ཏེ་བྷྲཱུྃ་སྭཱ་ཧཱ། གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཚེ་བུམ།

༦ དབང་བྱེད་ལ། ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །ཀུ་རུ་ཀུལླེ་ནྲི་ཛཿསྭཱ་ཧཱ། རིག་བྱེད་མ་ལེ་བརྒན་མདོག་མདའ་གཞུ།

༧ གདོན་ལ། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །སརྦ་བིག་ནན་བཾ་ཧཱུྃ་ཕཊཿསྭཱ་ཧཱ། འཇིགས་བྱེད་ཆེན་མོ་དམར་ནག་ཕུར་བུ།

༨ གཡུལ་ངོ་སོགས་ལ། ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །བཛྲ་ཏ་ཀ་ཧ་ན་ལི་ཙ་ཕཊཿསྭཱ་ཧཱ། གཞན་གྱིས་མི་ཐུབ་མ་ནག་མོ་ཁྲོ་གཉེར་ཅན་རལ་གྲི།

༩ མཚང་འབྲུ་བ་ལ། ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་མོ། །དཱ་ན་པ་ཙ་ཧཱུྃ་ཕཊཿ སྭཱ་ཧཱ། གཞན་མི་རྒྱལ་བ་དམར་ནག་ཁྲོ་གཉེར་ཅན་རྡོ་རྗེ།

༡༠ འཇིག་རྟེན་དབང་དུ་བྱེད་ན། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །ལོ་ཀ་པཱ་ཤཾ་ཀུ་རུ་སྭཱ་ཧཱ། འཇིག་རྟེན་གསུམ་རྒྱལ་དམར་མོ་རྒྱལ་མཚན།

༡༡ དབུལ་བ་སེལ་ན། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །མ་མ་བ་སུ་པུཥྚཾ་ཀུ་རུ་སྭཱ་ཧཱ། ནོར་གཏེར་དམར་མོ་ཁྲོ་གཉེར་ཅན་གཏེར་བུམ།

༡༢ བུ་དཔལ་ཆར་ཆུ་སྤེལ་ན། ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་བརྒྱན། །མངྒ་ལ་ཤྲཱི་མ་ཧཱ་པཱ་ཎི་སྭཱ་ཧཱ། བཀྲ་ཤིས་དོན་བྱེད་མ་སེར་མོ་དཔལ་བེའུ།

༡༣ འགྱེད་པ་ལ། ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །བཛྲ་ཛྭ་ལ་ཕཊ་ཕཊ་རཀྵ་རཀྵཿསྭཱ་ཧཱ། དགྲ་དཔུང་འཇོམ་མ་དམར་མོ་རྡོ་རྗེ་རྭ་གདེངས།

༡༤ ཕུང་བྱེད་ལ། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །ཧཱུྃ་ཧཱུྃ་ཧཾ་ཤཾ་ཏྲིག་ནན་ཕཊཿསྭཱ་ཧཱ། ཁྲོ་གཉེར་ཅན་མཛད་ནག་མོ་གཏུན་ཤིང༌།

༡༥ སྡིག་པ་ཞི་བ་ལ། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱ། རབ་ཏུ་ཞི་བ་དཀར་གསལ་སྤྱི་བླུགས།

༡༦ བྱད་ཕུར་ལ། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཕཊཿསྭཱ་ཧཱ། འབར་བའི་འོད་ཅན་དམར་མོ་རྒྱ་གྲམ།

༡༧ དགྲ་ཇག་དང་གཅན་གཟན་ལ། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་ཧཱུྃ་བྃ་ཧོཿསྭཱ་ཧཱ། དཔག་མེད་གནོན་མ་ངུར་སྨྲིག་མཆོད་རྟེན།

༡༨ དུག་རིགས་ལ། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །སརྦ་བི་ཥ་ཏ་ར་ཕཊཿསྭཱ་ཧཱ། རྨ་བྱ་ཆེན་མོ་དཀར་གསལ་ཟླ་བ།

༡༩ རྩོད་པ་དང་རྨི་ལམ་ངན་པ་ལ། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ཧཱུྃ་ཧཱུྃ་ཕཊ་ཕཊ་རཀྵ་རཀྵ་མཱཾ་སྭཱ་ཧཱ། མི་ཕམ་རྒྱལ་མོ་དཀར་གསལ་གདུགས་དཀར།

༢༠ རིམས་ནད་ལ། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །ནཱ་མ་ཏཱ་རེ་མ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱ། རི་ཁྲོད་ལྷ་མོ་དམར་སེར་ཟ་མ་ཏོག

༢༡ ནད་པའི་བླ་ཚེ་བསླུ་ན། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །མ་རི་ཙྱེ་ཚེ་བྷྲཱུྃ་ནྲྀ་ཛ་སྭཱ་ཧཱཿ འོད་ཟེར་ཅན་མ་དཀར་དམར་གསེར་ཉ་འཛིན་པ། ཐམས་ཅད་ཀྱང་རྟ་བབས་ཀྱི་སྐྱིལ་མོ་ཀྲུང་དང་། ཞེས་གསུངས། རྩ་སྔགས་ཉིས་བརྒྱ་ལ། ལས་སྔགས་བརྒྱ། རྩ་སྔགས་སུམ་བརྒྱ་ལ། ལས་སྔགས་བརྒྱ་དང་ལྔ་བཅུ། རྩ་སྔགས་བདུན་བརྒྱ་ལ། ལས་སྔགས་སུམ་བརྒྱ་ལྔ་བཅུ། ཞེས་པའི་སྒྲོལ་མ་ཉེར་གཅིག་གི་སྐུ་མདོག་ཕྱག་མཚན་བསྟོད་པའི་བྱེ་བྲག་ལས་སྔགས་བཅས་གསལ་བོར་འདུག་པ་འདི་ཀུན་གཟིགས་མཁན་ཆེན་བླ་མ་མཆོག་གི་ཕྱག་བྲིས་དངོས་ལས་བསྒྱུར་བཅོས་མེད་པར་འདིར་བཀོད་པ་དགེ །

ངན་སོང་སྦྱོང་སྔགས་དང་མི་འཁྲུགས་པའི་གཟུངས་སཾ་བོད་ཤན་སྦྱར།

༈ ངན་སོང་སྦྱོངས་བའི་སྔགས་ཀྱི་དོན་ནི། ན་མོ་ཕྱག་འཚལ་ལོ། གང་ལ་ན་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ། ཨརྷ་ཏེ། དགྲ་བཅོམ་པ། སམྱཀྶཾ་བུདྡྷཱ་ཡ། ཡང་དག་པར་རྫོགས་པའི་སངས་རྒྱས། ཏདྱ་ཐཱ། འདི་ལྟ་སྟེ། ཨོཾ་ཤོ་དྷ་ནི། སྦྱོངས། ཤོ་དྷ་ནི། སྦྱོངས། སརྦ་པཱ་པཾ། གང་ན་སྡིག་པ་ཐམས་ཅད། བི་ཤོ་དྷ་ནི། རྣམ་པར་སྦྱོངས། ཤུདྡྷེ། དག་པ། བི་ཤུདྡྷེ། རྣམ་པར་དག་པར་གྱིས། སརྦ་ཀརྨཱ་ཨཱ་བ་ར་ཎཱ། གང་ན་ལས་ཀྱི་སྒྲིབ་པ་ཐམས་ཅད། བི་ཤོ་དྷ་ནི་སྭཱ་ཧཱ། རྣམ་པར་དག་པ་ལ་གཞི་ཚུགས།

༈ མི་འཁྲུགས་པའི་གཟུངས་ཀྱི་སྔགས་དོན་ནི། ཨོཾ་ཀཾ་ཀ་ནི། སྡིག་པ་རྣམས། ཀཾ་ཀ་ནི། སྡིག་པ་རྣམས། རོ་ཙ་ནི། ཉམས་པར་གྱིས། རོ་ཙ་ནི། ཉམས་པར་གྱིས། ཏྲོ་ཊ་ནི། ཆད་པའམ་དུམ་བུར་གྱིས། ཏྲོ་ཊ་ནི། ཆད་པའམ་དུམ་བུར་གྱིས། ཏྲཱ་ས་ནི། སྐྲག་པར་གྱིས། ཏྲཱ་ས་ནི། སྐྲག་པར་གྱིས། པྲ་ཏི་ཧ་ན། སོ་སོར་བསྣུན་པའམ་རབ་ཏུ་ཆོམས། པྲ་ཏི་ཧ་ན། སོ་སོར་བསྣུན་པའམ་རབ་ཏུ་ཆོམས། སརྦྦ་ཀརྨྨ་པ་རཾ་པ་རཱ་ཎི་མེ། ལས་ཐམས་ཅད་ཕ་རོལ་ནས་ཕ་རོལ་ཏུ་གྱིས། སརྦྦ་ས་ཏྭཱ་ནཱཾ་ཙ། སེམས་ཅན་ཐམས་ཅད་ཀྱི། སྭཱ་ཧཱ། གཞི་ཚུགས་ཤིག ༼ཀུན་གཟིགས་མཁན་ཆེན་བླ་མའི་ཕྱག་བྲིས་དངོས་ལས་བཤུས་པའོ། །


previousགསུང་རྩོམ་ཐོར་བུའི་སྐོར།next