Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ།

6 occurrences of གཏེར་སྲུང་
[Clear Hits]


 collapse section
  
  
  
  
  
 collapse section
  
  
  
  
  
  
  
  
  
 collapse section
  
  
  
  
  
  
  
  
  
  
  
 collapse section
  
  
  
 collapse section
  
  
  
  
  
  
  
  
collapse section
  
 
collapse section
  
  
 
  
  
 collapse section
  
 
  
  
  
  
 collapse section
ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་བླ་མའི་རྣལ་འབྱོར།
  
  
  
 collapse section
  
 collapse section
  
  
  
  
  


6 occurrences of གཏེར་སྲུང་
[Clear Hits]

 
previousཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་བླ་མའི་རྣལ་འབྱོར། next

ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་བླ་མའི་རྣལ་འབྱོར།


LRD005_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་བླ་མའི་རྣལ་འབྱོར་བཞུགས་སོ། །རྫོགས་ཆེན་གསོལ་འདེབས་རྩ་གསུམ་གསོལ་འདེབས། བར་དོའི་གདམས་པ་བསྔོ་བ་བཅས་ཡོད།


LRD005_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་སྟོང་པའི་ངང་ལས་གཟུགས་སྐུ་སྒྱུ་མའི་རོལ་པ་ཙམ་དུ། སྣང་བ་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོའི་ཞིང་ཁམས། ཡེ་ཤེས་ལྔའི་རང་འོད་ཀྱི་ཀློང་ན། དཔའ་བོ་དང་། དཔའ་མོ་དང་། རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཌ་མ་རུ་དང་རོལ་མོའི་སྒྲ་སྒྲོགས་ཤིང་། ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པའོ། །གནས་པ་མེད་པའོ། །འགག་པ་མེད་པའོ། །འོང་བ་མེད་པའོ། །འགྲོ་བ་མེད་པའོ། །དམིགས་པ་མེད་པའོ། །མཚན་མ་མེད་པའོ། །བསམ་བརྗོད་མེད་པའོ། །ཞེས་བརྗོད་པའི་དོན་དྲན་པར་བྱས་ལ། ན་མོ་གུ་རུ་བྷྱཿན་མོ་དེ་ཝ་བྷྱཿན་མོ་ཌཱ་ཀི་ནཱི་བྷྱཿཞེས་པ་གསུམ་བརྗོད་ལ། རྨི་ལམ་སྒྱུ་མ་ཙམ་གྱི་ངང་ལས་ལྡང་། དེ་ནས་ཐོ་རངས་ཀྱི་རྣལ་འབྱོར་ནི། སྟན་བདེ་བ་ལ་སྐྱིལ་ཀྲུང་གིས་འདུག་པ་ལ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པས། དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་


LRD005_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེ་ཐག་པ་ནས་བསམས་ལ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཕྱི་དང་ནང་གི་ཆོས་ཐམས་ཅད་མཉམ་པ་ཆེན་པོའི་ཚུལ། རྡོ་རྗེའི་དབྱིངས་སུ་སྐྱེ་བ་མེད་པའི་རང་བཞིན་རྫོགས་པ་ཆེན་པོའི་ངང་ལས་པདྨ་དཀར་པོ་དང་ཟླ་བའི་སྟེང་ན། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་མཛོད་སྤུར་འོད་ལྔའི་ཐིག་ལེའི་ནང་དུ་ༀ་དཀར་པོ། མགྲིན་པར་འོད་ལྔའི་ཐིག་ལེའི་ནང་དུ་ཨཱཿདམར་པོ། ཐུགས་


LRD005_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་འོད་ལྔའི་ཐིག་ལེའི་ནང་དུ་ཧཱུྃ་སྔོན་པོ། སྤྱི་བོར་པདྨ་རིན་པོ་ཆེའི་ཁྲི་ཉི་མ་ཟླ་བ་བརྩེགས་པའི་སྟེང་ན། རང་གི་རྩ་བའི་བླ་མ་ཉིད། བི་མ་ལ་དང་། ཨོ་རྒྱན་པདྨ། ཀུན་ཏུ་བཟང་པོ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་མཁའ་འགྲོ། དཀོན་མཆོག་གསུམ་དང་ཐ་མི་དད་པ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་བཞུགས་པར་གྱུར། རང་གི་ཡི་གེ་གསུམ་ལས་འོད་འཕྲོས། འོག་མིན་དང་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་། དཀོན་མཆོག་གསུམ་གྱི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། འཇའ་དང་འོད་ཀྱི་དཀྱིལ་ནས་སོ་སོའི་གཙོ་འཁོར་དང་བཅས་ཏེ་བྱོན་པ་ཐམས་ཅད། སྤྱི་གཙུག་གི་བླ་མ་དང་གཉིས་སུ་མེད་པར་ཐིམ་ནས་བཞུགས་པ་ལ། ཡིད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བཤགས་པ་བྱ་བ་དང་། གསོལ་གདབ་པ་དང་། བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །བདུད་རྩིས་རྐང་མཐིལ་ནས་སྤྱི་གཙུག་གི་བར་གང་བས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས། དབང་བཞི་ཐོབ། གནས་ལུགས་རྫོགས་པ་ཆེན་པོའི་རང་བཞིན་མངོན་དུ་གྱུར་ནས། ལྟ་དགོངས་དང་ཏིང་ངེ་འཛིན་རྣམ་པར་དག་པའི་ངང་ནས། ༀ་ཨཱཿཧཱུྃ། ངན་འགྲོའི་འཇིགས་ལས་སྐྱོབ་མཛད་པའི། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ངེས་པའི་དོན་དུ་སེམས་བསྐྱེད་ནས། །འགྲོ་ལ་ཕན་ཕྱིར་བླ་མ་བསྒོམ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐྱེ་མེད་བླ་མ་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས། །གསལ་དག་བླ་མ་གཤེགས་སུ་གསོལ། །སྤྲུལ་པ་སྐུ་ཡི་ཕོ་བྲང་ནས། །ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །


LRD005_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ནག་རི་བོ་རྩེ་ལྔ་ནས། །བི་མ་མི་ཏྲ་གཤེགས་སུ་གསོལ། །པདྨ་འོད་ཀྱི་གཞལ་ཡས་ནས། །ཨོ་རྒྱན་ཡབ་ཡུམ་གཤེགས་སུ་གསོལ། །འོད་ཕུང་འབར་བའི་གཞལ་ཡས་ནས། །དྲི་མེད་འོད་ཟེར་གཤེགས་སུ་གསོལ། །སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །འཇའ་དང་འོད་དུ་འཁྱིལ་ལི་ལི། །སྐུ་དང་ཐིག་ལེར་ཤིགས་སེ་ཤིག །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །བདག་དང་གཉིས་མེད་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་བཤགས། །སྨིན་གྲོལ་དབང་དང་གདམས་པ་ཞུ། །ༀ་ཨཱཿཧཱུྃ། ༀ། སྐྱེ་འཆི་མེད་པ་གསལ་ལ་དྭངས། །རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བ་རྒྱས་པར་བྱིན་གྱིས་རློབས། །ཨཱཿའགག་པ་མེད་པ་ཆོས་ཀྱི་སྒྲ། །ཨཱ་ལི་ཀཱ་ལིར་གསོལ་བ་འདེབས། །ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས། །ཧཱུྃ། ཀ་དག་ཆེན་པོ་ཀུན་བཟང་ཀློང་། །ཅིར་མི་དགོངས་ལ་གསོལ་བ་འདེབས། །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུངས་པ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །བདག་ནི་བསྐལ་པ་ཐོག་མེད་ནས། །གདོས་བཅས་ལུས་ཀྱིས་བཅིངས་པ་ལ། །རྣམ་སྨིན་ཕུངཔོའི་རྒྱུད་དག་ནས། །འོད་གསལ་དྲི་མེད་ལུས་ཐོབ་མཛོད། །


LRD005_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ངག་གི་བཅིངས་པ་ལ། །སྨྲ་རྒྱུན་ཞེན་པ་རང་དག་ནས། །བརྗོད་མེད་ཆོས་ཉིད་ངག་ཐོབ་མཛོད། །འཁྲུལ་རྟོག་སེམས་ཀྱིས་བཅིངས་པ་ལ། །འཕྲོ་འདུའི་ཞེན་པར་རང་དག་ནས། །མི་རྟོག་ཡེ་ཤེས་ཐུགས་ཐོབ་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །མགོན་མེད་བདག་ལ་ཐུགས་རྗེས་ཟུངས། །ནད་གདོན་བགེགས་དང་བར་ཆད་སོལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱི་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཟླས་པ་ཅི་འགྲུབ་བྱའོ། །ན་མོ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པ་ནུས་མཐུ། སྦྱིན་པའི་དངོས་གྲུབ། འཕགས་པའི་བདེན་ཚིག་ལ་སོགས་པ་དཔག་ཏུ་མ་ཆིས་པ་མངའ་བ་ལགས་པས། བདག་ཅག་ཐར་པ་དམ་པའི་ཆོས་སྒྲུབ་པ་ལ་བདུད་དང་བར་དུ་གཅོད་པ་མི་འབྱུང་ཞིང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་ལ་སོགས་པ་རྣལ་འབྱོར་དུ་བྱ་བའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཛད་དུ་གསོལ། ཚེ་འདི་ཉིད་དུའང་ནད་དང་གདོན་དད་བགེགས་དང་བར་དུ་གཅོད་པ་ལ་སོགས་པ། དམ་པའི་ཆོས་སྒྲུབ་པ་ལ་རྐྱེན་ཕྱི་ནང་གི་འཚེ་བ་དང་གནོད་པ་ཐམས་ཅད་མི་འབྱུང་བར་མཛད་དུ་གསོལ། །བཟའ་བ་དང་བཏུང་བ་དང་བགོ་བ་དང་གནས་དང་ལོངས་སྤྱོད་ལ་སོགས་པ་གང་ཡིན་གྱིས་བྲེལ་པ་དང་ཕོངས་པ་མེད་ཅིང་། བདོག་པ་ཐམས་ཅད་ཀྱིས་བླ་མ་དང་རྣལ་འབྱོར་གྱི་


LRD005_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་རྣམས་ལ་མཆོད་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུར་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། རང་བཞིན་རྫོགས་པ་ཆེན་པོའི་དོན་མངོན་དུ་གྱུར་ནས་འབད་པ་དང་རྩོལ་བ་མེད་པར་ལུས་དང་ངག་དང་ཡིད་ཀྱི་བྱ་བ་དང་། བརྗོད་པ་དང་། སེམས་པ་དང་། སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་འཁོར་ལོར་ཤར་ཏེ། རྒྱུན་གྱི་ཏིང་ངེ་འཛིན་དང་། མི་བརྗེད་པའི་གཟུངས་དང་། ཐོགས་པ་མེད་པའི་ཤེས་རབ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་བར། ཆུ་བོ་ལྟ་བུའི་སྤོབས་པ་དང་། རྡོ་རྗེ་ལྟ་བུའི་ཚེ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་། བསམ་གྱིས་མི་ཁྱབ་པའི་སྟོབས་དང་། དཔག་ཏུ་མེད་པའི་རྫུ་འཕྲུལ་དང་། ཟད་མི་ཤེས་པའི་ཆོས་ཀྱི་མཛོད་དམ་པ་ལ་དབང་སྒྱུར་བར་མཛད་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་བླ་ན་མེད་པའི་དགོངས་པ་མངོན་དུ་གྱུར་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་བའི་དཀྱིལ་འཁོར་དུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་ལ་སྣང་བ་བཞིའི་དོན་མཐར་ཕྱིན་ཏེ། སྐྱེ་བ་དང་འཇུག་པ་ལ་དབང་པས་འཕོ་བ་ཆེན་པོའི་ལུས་འགྲུབ་པར་མཛད་དུ་གསོལ། དེ་ལྟར་མ་གྱུར་གྱི་བར་དུ་ཡང་། ཚེ་འདིའི་རྣམ་པར་གཡེང་བ་དང་། འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་ཚུལ་བཞིན་མ་ཡིན་པའི་ཕྱོགས་སུ་སྐད་ཅིག་ཀྱང་མི་འབྲང་ཞིང་། བསླབ་པ་གསུམ་དང་མང་དུ་ཐོས་པ་རྒྱ་མཚོའི་མཛོད་འཛིན་པས། བླ་མ་དམ་པ་མཉེས་པར་བྱེད་ཅིང་། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་ནས་སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་པས། ཉིན་མཚན་ཀུན་ཏུ་ཆོས་ཀྱིས་འདའ་ཞིང་། བསྡུ་བ་བཞིས་སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་ངལ་དང་ཕྱོགས་རིས་མེད་པར་མཛད་དུ་གསོལ། འཆི་ཁར་ཡང་གནད་གཅོད་ཀྱི་སྡུག་བསྔལ་དང་།


LRD005_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ངན་པའི་མཚམས་སྦྱོར་བ་མེད་ཅིང་། ཟབ་མོའི་དོན་མངོན་དུ་གྱུར་ནས། དགའ་བ་དང་བཅས། སྤྲོ་བ་དང་བཅས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ཏེ་གདོད་མའི་དབྱིངས་སུ་འཁྲིད་ཅིང་། ངོ་མཚར་བའི་ལྟས་དང་བཅས་པས་འགྲོ་བ་ཐམས་ཅད་ཡོངས་སུ་གདུལ་བར་མཛད་དུ་གསོལ། བར་དོ་ཡང་ཆོས་ཉིད་ཀྱི་དོན་མངོན་དུ་གྱུར་ནས་སྲིད་པ་བར་དོའི་གཡང་ས་མི་མཐོང་ཞིང་། ལྷུན་གྲུབ་རིན་པོ་ཆེའི་སྦུབས་ལ་བརྟན་པ་མཐར་ཕྱིན་པར་མཛད་དུ་གསོལ། གལ་ཏེ་སྣང་བའི་སྤྱོད་ཡུལ་གཞན་དུ་གྱུར་ན་ཡང་འགྲོ་དྲུག་འཁྲུལ་པའི་མངལ་སྒོ་བཅད་དེ། རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་བགྲོད་ནས། ཐོག་མའི་གནས་ཀུན་ཏུ་བཟང་པོ་དབྱེ་བ་མེད་་པའི་ས་ལ་ལྷུན་གྱིས་གྲུབ་བར་མཛད་དུ་གསོལ། དགོངས་སྤྱོད་རྒྱ་མཚོ་གདེངས་སུ་མ་གྱུར་པའི་སྲིད་པ་གཞན་དུ་ཕྱོགས་པར་གྱུར་ན་ཡང་། མཐོ་རིས་ཀྱི་ཡོན་ཏན་ཁྱད་པར་ཅན་གྱི་ལུས་ཐོབ་སྟེ། སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་ནས། ཚུལ་བཞིན་སྤྱོད་པའི་རང་དབང་འབྱོར་བས་བླ་མ་དམ་པ་མཉེས་པར་བྱེད་ཅིང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕུངཔོ་ཡོངས་སུ་འཛིན་པས། ཆོས་ཀྱི་ཕུང་པོ་མཐའ་དག་གི་རྗེས་སུ་སློབ་ཅིང་། སྒྲུབ་པ་ནན་ཏན་སྙིང་པོར་བྱེད་བས་བླ་ན་མེད་པའི་བདུད་རྩི་ཐོབ་སྟེ། གསང་སྔགས་ཀྱི་དམ་པ་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བརྙེས་ནས། ཚེ་འདིར་ཀུན་ཏུ་བཟང་པོའི་བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པ་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། ། ༈ ཧོཿཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས། །དཔག་ཡས་ཐུགས་རྗེ་རྣམ་འཕྲུལ་འགྱེད་པའི་ལྷ། །ཀུན་བཟང་རིགས་ལྔ་རིག་འཛིན་མཁའ་འགྲོར་བཅས། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །གདོད་ནས་བྱང་ཆུབ་རྡོ་རྗེ་


LRD005_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་གདུང་། །དཀོན་མཆོག་གསུམ་དངོས་དམ་ཆོས་རིན་ཆེན་མཛོད། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །ད་ལྟ་དངོས་བཞུགས་བླ་མས་བྱིན་གྱིས་རློབས། །ༀ་བཛྲ་ས་མ་ཡ་ཛཿༀ་བཛྲ་ས་མ་ཡ་སྟྭཾ། རོལ་མོ་དབྱངས་སྙན་ཡིད་འོང་བདུད་རྩིའི་ཆུས། །ཡོན་ཏན་རྒྱ་མཚོའི་ཚོགས་ལ་ཁྲུས་གསོལ་ཞིང་། །ན་བཟའ་རིན་ཆེན་རྒྱན་མཆོག་འདི་ཕུལ་བས། །འགྲོ་ཀུན་སྐྱོན་བྲལ་ཡོན་ཏན་རྫོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། བཛྲ་ཝསྟྲ་ཨ་ལཾ་ཀ་ར་ཡེ་སྭཱ་ཧཱ། སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར། །ཀུན་བཟང་མཆོད་པའི་སྤྲིན་ཕུ་འདི་ཕུལ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ། དྡྷཱུ་པེ། ཨཱ་ལོ་ཀེ། གདྦྷེ། ནཻ་ཝི་དྱ། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མངོན་པར་བྱང་ཆུབ་ཆོས་སྐུར་དག་པ་ལས། །མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་གུས་ཕྱག་འཚལ། །རྡོ་རྗེ་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱི། །འགལ་འཁྲུལ་ཉམས་ཆག་དུས་འདིར་བསྐང་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང་། །བླ་མེད་ཆོས་ཀྱི་འཁར་ལོ་བསྐོར་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། སིདྡྷི་ཨ་ལ་ལ་ཧོ།། །།

རྫོགས་ཆེན་དོན་གྱི་གསོལ་འདེབས་ཕུན་ཚོགས་དཔལ་འབར།


LRD005_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་དོན་གྱི་གསོལ་འདེབས་ཕུན་ཚོགས་དཔལ་འབར་ཞེས་བྱ་བ་བཞུགས། ༀ་ཨཱཿཧཱུྃ། སྐུ་གསུང་དག་པའི་ཞིང་ཁམས་སུ། །བྱིན་རླབས་དངོས་གྲུབ་


LRD005_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས། །རྒྱལ་བ་དགོངས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དུར་ཁྲོད་ཆེན་པོའི་གནས་མཆོག་ཏུ། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །རིག་འཛིན་བརྡ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དངོས་གྲུབ་འབྱུང་བའི་སྒྲུབ་གནས་སུ། །རང་གཞན་དོན་གཉིས་ཕུན་སུམ་ཚོགས། །གང་ཟག་སྙན་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟུག་པོ་བཀོད་པའི་ཞིང་ཁམས་སུ། །ཐམས་ཅད་སྐུ་དང་ཡེ་ཤེས་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གནས་དང་ཉེ་བའི་ཞིང་རྣམས་སུ། །དངོས་གྲུབ་ཡིད་བཞིན་ཆར་འབེབས་པའི། །བདེ་ཆེན་མཁའ་འགྲོ་རིགས་ལྔ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྣམ་དག་སྒྲུབ་པའི་ཞིང་ཁམས་སུ། །མཐུ་སྟོབས་རྫུ་འཕྲུལ་དཔག་ཏུ་མེད། །མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གདོད་ནས་དག་པ་ཆོས་ཀྱི་དབྱིངས། །འགྱུར་མེད་རིག་པའི་ཀློང་ཡངས་སུ། །གནས་རང་སྣང་འོད་གསལ་འོག་མིན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་རིག་གདོད་ནས་སངས་རྒྱས་ལ། །སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ། །སྟོན་པ་ཡེ་ནས་ཕུན་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཅིར་སྣང་རང་བྱུང་ཡེ་ཤེས་དང་། །རང་སྣང་རིག་པ་ཚོམ་བུར་བཅས། །འཁོར་ཀུན་ཡེ་ནས་ལྷུན་རྫོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཉམ་རྫོགས་བྱང་ཆུབ་སེམས་ཀྱི་ངང་། །ཡེ་ནས་ལྷུན་གྲུབ་རྒྱུ་འབྲས་འདས། །ཆོས་ཀུན་ཡེ་ནས་རྫོགས་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐམས་ཅད་འགྱུར་མེད་དག་པའི་ཀློང་། །རྟག་པ་རྒྱུན་གྱི་འཁོར་ལོའི་གཞི། །དུས་བཞི་


LRD005_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་གྱི་འཁོར་ལོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཅིར་སྣང་སྐུ་དང་ཡེ་ཤེས་ངང་། །གྲགས་སྟོང་སྐྱེ་མེད་ཆོས་ཀྱི་སྒྲ། །དྲན་རིག་ཡེ་ནས་སངས་རྒྱས་ཐུགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་སྣང་རིག་པའི་ཀློང་ཆེན་འདིར། །སྣང་སྲིད་སྣོད་བཅུད་རྣམ་དག་པས། །འཁོར་བ་མ་སྤངས་དོང་སྤྲུགས་སུ། །གསོལ་བ༴ རང་རིག་མཁའ་མཉམ་ཀློང་ཆེན་དུ། །སྐུ་གསུམ་མ་བཙལ་ཡེ་རྫོགས་པས། །མྱ་འདས་མ་བསྒྲུབས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་བྱིན༴ ཆོས་ཀུན་བྱང་ཆུབ་སེམས་ཀྱི་ཀློང་། །མ་སྦྱངས་མ་བགྲོད་ལྷུན་གྱིས་གྲུབ། །ཐམས་ཅད་ཡེ་ནས་སངས་རྒྱས་ལ། །གསོལ་བ་འདེབས་སོ༴ རིག་པ་ཀ་དག་ཆོས་སྐུའི་ཀློང་། །ཟང་ཐལ་རྗེན་པར་གསོལ་བ་འདེབས། །རྒྱ་གྲོལ་བར་མེད་ཕྱལ་བའི་ངང་། །རྫོགས་པ་ཆེན་པོར་བྱིན་གྱིས་རློབས། །ཡེ་ཤེས་ལྷུན་གྲུབ་འོད་གསལ་ཀློང་། །དབྱིངས་སྣང་དག་པར་བྱིན་གྱིས་རློབས། །འཆར་གཞི་མ་འགགས་སྤྲུལ་པའི་ཀློང་། །གཟུང་འཛིན་དག་པར་བྱིན་གྱིས་རློབས། །ཆོས་ཀུན་རང་བྱུང་རིག་པའི་ཀློང་། །འབད་མེད་ཡོངས་གྲོལ་བྱིན་གྱིས་རློབས། །རྒྱུ་འབྲས་བླང་དོར་བྱ་རྩོལ་འདས། །གཞི་རྫོགས་ཆོས་སྐུར་བྱིན་གྱིས་རློབས། །ཐམས་ཅད་མཉམ་རྫོགས་བྱང་ཆུབ་ཀློང་། །ཁམས་གསུམ་ཡོངས་གྲོལ་བྱིན་གྱིས་རློབས། །བླ་མ་ཡི་དམ་མཁའ་འགྲོ་ལ། །རང་གཞན་དོན་དུ་གསོལ་བ་འདེབས། །དགོངས་པ་ཆོས་ཉིད་ཟད་སར་སྐྱོལ། །དོན་གཉིས་རྫོགས་པར་བྱིན་གྱིས་རློབས། །དབྱིངས་ཀ་ནས་དག་པ་ཆོས་ཟད་ངང་། །བློ་འདས་ཆོས་སྐུར་ཟང་ཐལ་ལོ། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས། །རྩ་བའི་བླ་མས་ཐུགས་རྗེས་ཟུངས། །རང་སྣང་འོད་གསལ་


LRD005_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་ཞིང་། །སྐུ་དང་ཐིག་ལེ་མེ་རེ་རེ། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས། །རྩ་བའི་བླ་མས་ཐུགས་རྗེས་ཟུངས། །དབྱིངས་རིག་མཁའ་ལྟར་དག་པའི་ཀློང་། །འོད་གསལ་རླུང་སེམས་རྣམ་དག་ཏུ། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས། །རྩ་བའི་བླ་མས་ཐུགས་རྗེས་ཟུངས། །ཐམས་ཅད་ཟབ་མོའི་ཆོས་ཉིད་ཀློང་། །ཅི་བསམ་ཡིད་བཞིན་ལྷུན་གྲུབ་ཏུ། །བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས། །རྩ་བའི་བླ་མ་ཐུགས་རྗེས་ཟུངས། །གསོལ་འདེབས་ཆེན་མོ་སྐུ་གསུམ་དག་པ་ཕུན་ཚོགས་དཔལ་འབར་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱིས་གསོལ་བ་ཡང་ཡང་བཏབ་པའི་ངོར། ལྷུན་གྲུབ་གླིང་གི་དབེན་གནས་སུ་བཀོད་པ་རྫོགས་སོ།། །།

རྩ་བ་གསུམ་ལ་གདུང་སེམས་ཀྱི་གསོལ་འདེབས་སྨོན་ལམ།


LRD005_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་གསུམ་ལ་གདུང་སེམས་ཀྱི་གསོལ་འདེབས་སྨོན་ལམ་བཞུགས་སོ། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་དང་། །ཆོས་སྲུང་དམ་ཅན་དྲང་སྲོང་བདེན་ཚིག་གྲུབ། །གསོལ་འདེབས་བུ་ལ་བརྩེ་བས་བྱིན་གྱིས་རློབས། །ཀྱེ་མ་ཀྱི་ཧུད་ཉམ་ཐག་བདག་ལྟ་བུ། །ལས་དང་ཉོན་མོངས་བཟོད་དཀས་ཡུན་རིང་མནར། །འདི་ལ་བརྩེ་ཆེན་ཐུགས་རྗེའི་ཕྱག་རྐྱོངས་ལ། །ད་ལྟ་ཉིད་དུ་དྲང་བར་མཛད་དུ་གསོལ། །རང་ཉིད་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །མ་རིག་འཁྲུལ་པས་སྲིད་པའི་འདིར་འཁྱམས་ཏེ། །རྨི་ལམ་ལྟ་བུའི་འཁོར་བར་ཉམ་རེ་ཐག །འདི་ལ་སྐྱབས་དང་སྐྱོབ་པ་མཛད་དུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །འཁོར་བའི་རྒྱ་མཚོ་མཐའ་མེད་བརྒལ་དཀའ་བ། །ཡེ་ཤེས་གྲུ་བོ་བླ་ན་མེད་པ་ཡིས། །སྡུག་བསྔལ་ཆུ་བོ་སྒྲོལ་བར་མཛད་དུ་གསོལ། །ཡུན་རིང་


LRD005_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནས་གོམས་པའི་བག་ཆགས་གཟུགས། །འཁྲུལ་སྣང་གཟུང་འཛིན་རི་རྒྱལ་ལྷུན་མཐོ་བ། །རྣམ་གྲོལ་མཆོག་གི་ཡེ་ཤེས་རྡོ་རྗེ་ཡིས། །ད་ལྟ་ཉིད་དུ་གཞིག་པར་མཛད་དུ་གསོལ། །མ་རིག་མུན་པ་ཤིན་ཏུ་ཐིབས་པོ་ཆེ། །རྒྱུན་རིང་བརྟག་དཀའ་ཕ་མཐའ་མི་མངོན་ཅིང་། །འོད་གསལ་སྙིང་པོའི་སྒྲིབ་པ་རླབས་ཆེན་འདི། །ཡེ་ཤེས་ཟེར་གྱིས་བསལ་བར་མཛད་དུ་གསོལ། །ཇི་ཙམ་འབད་ཀྱང་ཉོན་མོངས་སྡུག་བསྔལ་རྒྱུ། །སྙིང་པོ་མེད་པའི་འཇིག་རྟེན་བྱ་བ་ལས། །བདག་གི་ཡིད་ནི་རབ་ཏུ་ལྡོག་ནས་ཀྱང་། །ཉིན་མཚན་ཆོས་ཀྱིས་འདའ་བར་མཛད་དུ་གསོལ། །ཚུལ་མིན་ཡིད་བྱེད་ཆུ་རླབས་གཉེར་འདྲ་བ། །ཀུན་རྟོག་སྣ་ཚོགས་ཡུལ་ལྔའི་རྗེས་སུ་འབྲེང་། །ཚོགས་བརྒྱད་བག་ཆགས་ཀུན་གཞིར་བཅས་པ་ཀུན། །ཆོས་ཀྱི་དབྱིངས་སུ་ཞི་བར་མཛད་དུ་གསོལ། །རྟོག་བཅས་བག་ཆགས་འདོད་པའི་སེམས་ཉོན་མོངས། །གསལ་བ་གཟུགས་དང་མི་རྟོག་གཟུགས་མེད་ཀྱི། །སྲིད་པའི་སེམས་གང་བག་ཆགས་རྗེས་འབྲེལ་བ། །དེ་དག་ཐམས་ཅད་དག་པར་མཛད་དུ་གསོལ། །རང་དོན་སྒོམ་པ་ལྟུར་ལེན་དམན་པའི་བློ། །གཅིག་པུ་ཞི་བ་གཉེར་ལས་ལྡོག་ནས་ཀྱང་། །ཕྱི་ནང་གསང་བའི་ཆོས་མཆོག་ལམ་ཞུགས་ཏེ། །རླབས་ཆེན་གཞན་དོན་འགྲུབ་པ་མཛད་དུ་གསོལ། །ལམ་གོལ་ལོག་དང་དམན་པའི་འགྲོ་ཀུན་གྱི། །ལས་དང་ཉོན་མོངས་བག་ཆགས་རབ་སྦྱངས་ཏེ། །སེམས་ཉིད་ཡིད་བཞིན་ཐར་པའི་གྲོང་ཁྱེར་་དུ། །མ་ལུས་ཕྱམ་གཅིག་བགྲོད་པར་མཛད་དུ་གསོལ། །སྒྲིབ་པའི་རྒྱ་མཚོ་ཉོན་མོངས་རྙོག་པ་ཅན། །དུས་རིང་ཐོག་མཐའ་མེད་ནས་ཉེར་གནས་པ། །བདག་ཅག་མཐུ་ཡིས་ཐར་པའི་སྐབས་མེད་པས། །བརྩེ་ཆེན་ཁྱོད་ཀྱིས་སྒྲོལ་བར་མཛད་དུ་གསོལ། །


LRD005_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་དྲག་བཟོད་པར་དཀའ་བའི་ཉོན་མོངས་ངང་། །སྡུག་བསྔལ་མང་ལྡན་སྲིད་པའི་ཟུག་རྔུ་དང་། །བག་མེད་གཞན་དབང་ལེ་ལོའི་འཇིགས་པ་ལས། །དེ་རིང་ཉིད་ནས་ངེས་པར་བསྐྱབ་ཏུ་གསོལ། །སྙིང་ནས་སྙིང་པོ་མེད་པའི་ཆོས་རྣམས་ལ། །མི་རྟག་མི་བརྟན་སྒྱུ་མའི་བློ་བྲིད་དུ། །ངེས་པར་རྟོགས་ནས་ངེས་འབྱུང་སྐྱོ་ཤས་ཀྱིས། །ཉིན་མཚན་ཀུན་ཏུ་འདའ་བར་མཛད་དུ་གསོལ། །འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་སྤྱོད་དུ། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་ཏུ་སྲན་ཚུགས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་གཡེངས་ཤིང་། །གོང་མའི་རྗེས་སྙོགས་དངོས་གྲུབ་མཐར་ཕྱིན་ཏེ། རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་ཉམས་ཆག་ཉེས་པ་མེད་པ་དང་། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ཏེ། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ཏེ། །མཁའ་འགྲོ་དམ་ཅན་རྒྱ་མཚོ་སྤྲིན་བཞིན་དུ། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང་། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང་། །ལྟ་སྒོམ་ཡོན་ཏན་ཉམས་རྟོགས་འབར་བ་དང་། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། །བདག་གི་མོས་དགེ་ཕུན་ཚོགས་འདི་ཡིས་ནི། །མ་ལུས་འགྲོ་ཀུན་ཕྱམ་གཅིག་ཡོངས་གྲོལ་ནས། །བདེ་ཆེན་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ཞིང་། །ཚེ་འདི་ཉིད་ལ་བགྲོད་པར་མཛད་དུ་གསོལ། །ཞེས་པ་འདིའང་ཀུན་མཁྱེན་


LRD005_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་འོད་ཟེར་གྱིས་མཛད་པའོ། །

བར་དོའི་གདམས་པ་ཚངས་སྤྲུགས་སུ་གདབ་པ་གནད་ཀྱི་མན་ངག།


LRD005_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོའི་གདམས་པ་ཚངས་སྤྲུགས་སུ་གདབ་པ་གནད་ཀྱི་མན་ངག་བཞུགས། ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དལ་འབྱོར་རྙེད་ཀྱང་མི་རྟག་འགྲོ་དགོས་པས། །འཆི་ཀའི་གདམས་ངག་སེམས་ལ་འདི་ལྟར་བཞག །སྐྱེ་འཆི་བར་དོ་ད་ལྟའི་གནས་སྐབས་འདིར། །རང་རིག་ཡེ་ཤེས་ཆོས་སྐུར་ཐག་བཅད་དེ། རང་གདངས་སྒོམ་པ་ངང་དྭངས་ངང་ལ་བསྐྱང་། །ཐམས་ཅད་རང་བྱུང་ཡེ་ཤེས་རྩལ་སྦྱང་བྱ། །འཆི་ཀའི་བར་དོར་འབྱུང་བཞི་སྡུད་པའི་ཚེ། །ཕྱ་ཕྱོ་ཡམ་ཡོམ་བན་བུན་སྒྱུ་མར་སྣང་། །ས་ཆུ་མེ་རླུང་ནམ་མཁར་ཐིམ་པ་སོགས། །དབང་པོ་འགག་ཚུལ་མཐོང་ཚེ་གསལ་གདབ་པ། །ད་ནི་འཆི་སྟེ་འདི་ལ་འཇིགས་མི་དགོས། །གང་འཆི་སུ་འཆི་ཅི་རུ་གྲུབ་པ་ལྟོས། །བེམས་པོ་འབྱུང་བཞིའི་གཡར་པོ་གཏོང་ཙམ་ལས། །རིག་པའི་ངོས་ལ་སྐྱེ་འཆིར་གྲུབ་པ་མེད། །རིག་སྟོང་ཀ་དག་ཆོས་སྐུའི་རང་གཟུགས་ལ། །གང་འཆི་སུ་འཆི་ཅི་རུ་གྲུབ་པ་ལྟོས། །ཅིར་ཡང་མེད་པས་འཆི་བ་རྣམ་བདེན་ཡིན། །དེ་ཀའི་ངང་ལ་དཔའ་གདེང་ལྡན་པར་བྱ། །རིག་པའི་འཆར་ཚུལ་ཅིར་ཡང་མ་འགགས་པས། །ས་ཆུ་མེ་རླུང་རྣམ་ཤེས་ནམ་མཁར་ཐིམ། །ནམ་མཁའ་འོད་གསལ་དག་ལ་ཐིམ་པའི་ཚེ། །ཚོགས་དྲུག་ཀུན་གཞི་ཆོས་དབྱིངས་ངང་དུ་ཐིམ། །བེམས་རིག་བྲལ་ཏེ་རིག་པ་ཆོས་ཟད་དང་། །བློ་ཟད་ཆོས་སྐུ་ཀ་དག་ཆེན་པོར་འཆར། །ད་ལྟ་དགེ་སྦྱོར་དེ་རུ་ངོས་ཟིན་པས། །སྐད་ཅིག་གཅིག་པ་ཡར་གྱི་ཟང་ཐལ་གྲོལ། །དག་པ་གཉིས་ལྡན་ཆོས་སྐུ་ཐོབ་པ་ལགས། །དེ་ལྟར་ཤར་ཡང་རང་ངོས་མ་ཟི་ན། །དེ་རྗེས་སྣང་བའི་འོད་གསལ་གཞི་སྣང་འཆར། །སྒྲ་འོད་ཟེར་གསུམ་


LRD005_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོས་ནམ་མཁའ་གང་། །སྣང་བ་དེ་ཀུན་རང་སྣང་ངོ་ཤེས་པས། །གདོད་མར་གྲོལ་ཏེ་བྱང་ཆུབ་ཐོབ་པ་ཡི། །དེ་བས་ཐམས་ཅད་རང་སྣང་ཤེས་པ་གཅེས། །རང་ངོ་ཤེས་པས་སངས་རྒྱས་ཐོབ་པ་ཡིན། །དེ་ལྟར་ཤར་ཡང་རང་ངོ་མ་ཤེས་ན། །སྲིད་པ་བར་དོ་རྨི་ལམ་འདྲ་བ་འཆར། །དེ་ཚེ་དག་པའི་ཞིངཁམས་དྲན་པ་དང་། །བླ་མ་ཡི་དམ་ལྷ་ལ་སྐྱབས་སོང་བས། ཁ་ཅིག་དག་པའི་ཞིང་སྐྱེ་གྲོལ་བར་འགྱུར། །ལ་ལ་མཐོ་རིས་ཡོན་ཏན་བདུན་ལྡན་ལུས། །ཐོབ་ནས་སྐྱེ་བ་ཕྱི་མར་གྲོལ་བར་ངེས། །དེ་ཕྱིར་གདམས་པའི་སྙིང་པོ་ཡང་ཟབ་འདི། །སངས་རྒྱས་ལག་བཅང་ལག་ཏུ་གཏད་པ་ཡིན། །སྐལ་ལྡན་སྙིང་གི་བུ་རྣམས་དགའ་བར་མཛོད། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་བཟང་པོས་ལེགས་པར་བཀོད། །དགེ་བས་མཁའ་མཉམ་འགྲོ་བ་མ་ལུས་པ། །གདོད་མའི་དབྱིངས་སུ་མངོན་པར་སངས་རྒྱས་ཤོག །འཆི་ཀ་མ་ལ་ཚང་སྤྲུགས་སུ་གདབ་པའི་མན་ངག་གསང་བ་བླ་ན་མེད་པའི་ངོ་སྤྲོད། རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། དད་ཅན་གྱི་སློབ་མ་འགས་གསོལ་བ་བཏབ་པའི་ངོར། ཁོ་ཐང་རིན་ཆེན་གླིང་གི་དབེན་གནས་སུ་བཀོད་པ་རྫོགས་སོ། །


previousཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་བླ་མའི་རྣལ་འབྱོར། next