Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽

4 occurrences of ཁྲོལ་བུ་
[Clear Hits]


  
 expand section
  
 expand section
  
  
  
  
 expand section
  
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
གཅོད་ཀྱི་བོགས་འདོན་ཡོན་ཏན་སྒོ་འབྱེད།
  
  
  
  
  
 
 
 
  
  
  
  


4 occurrences of ཁྲོལ་བུ་
[Clear Hits]

 
previousགཅོད་ཀྱི་བོགས་འདོན་ཡོན་ཏན་སྒོ་འབྱེད།next

གཅོད་ཀྱི་བོགས་འདོན་ཡོན་ཏན་སྒོ་འབྱེད།

༄༅། །གཅོད་ཀྱི་བོགས་འདོན་ཡོན་ཏན་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

༄༅། །རང་དུར་ཁྲོད་དུ་འགྲོ་བའི་དུས་སུ། གཉན་ས་གང་ཡིན་པར་ཕྱིན་ལ། བྱམས་དང་སྙིང་རྗེ་ཚད་མེད་པ་ཞིག་བསྒོམས། དེ་ཡི་རྗེས་ཤེས་པ་ལྷོད་དེ་གློད་ལ། སྐད་ཅིག་དྲན་རྫོགས་ཀྱི་ངང་ལ། རང་རྡོ་རྗེ་ཕག་མོ་རུ་སྒོམ་པ་ནི། རྡོ་རྗེ་ཕག་མོ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། བཅུ་དྲུག་ལོན་པའི་ན་ཚོད་ཅན། སྤྱན་གསུམ་ཁྲོ་གཉེར་གད་མོ་སྒྲོག་པའི་ཚུལ་མ། ཕྱག་གཡས་པ་ན་ཌཱ་མ་རུ་སྒྲོག །ཕྱག་གཡོན་པ་དྲིལ་བུ་གསིལ་བ། རུས་པའི་རྒྱན་དྲུག་སྐུ་ལ་གསོལ་ཞིང་། ཞབས་གཡས་པའི་རྟིང་པ་གསང་བའི་བྷ་གར་གཏད་ལ། གཡོན་པ་མི་རོའི་སྟེང་ན་གར་སྟབས་མཛད་པ། གར་སྟབས་ཤིག་གེ་ཡོད་པར་བསྒོམས་ལ། གཟན་སྐྱུར་དཀའ་བ་སྤྱད་པ་ནི། རང་གི་ལུས་འདི་གཅེས་འཛིན་གྱི་བློས་མ་ཐོངས་པས། སྔར་ཡང་འཁོར་བར་འཁྱམས། ད་དུང་ཡང་འཁོར་བའི་རྒྱུ་རྐྱེན་བྱེད། དེ་སྦྱིན་པར་གཏོང་དགོས་བསམས་ནས། རང་རྡོ་རྗེ་ཕག་མོའི་མདུན་དུ། ལུས་རི་རབ་དང་མཉམ་པར་བསྒོམས་ལ། ད་ནི་ལུས་ལ་ཆགས་ཞེན་སྤུ་ཙམ་ཡང་མེད་དོ། །ཁྱོད་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ལ་སྦྱིན་པར་བཏང་ངོ་བྱས་ལ། རྡོ་རྗེ་ཕག་མོའི་ཕྱག་གི་གྲི་གུག་གིས་ལུས་དེ་ལེགས་པར་གཏུབས་ནས། ཤ་ཡི་ཕུང་པོ་རི་རབ་ཙམ། ཁྲག་ནི་རྒྱ་མཚོ་ཙམ་དུ་དམིགས་ལ། མགྲོན་རྣམས་དམིགས་པ་ནི། རྩ་བརྒྱུད་ཀྱི་བླ་མ་དང་། ཡི་དམ་གྱི་ལྷ། མཁའ་འགྲོ་ཆོས་སྐྱོང་རྣམས་ནམ་མཁའ་དང་བར་སྣང་གང་བར་བསམས། སྣང་སྲིད་ཀྱི་ལྷ་འདྲེ་དང་། ཡི་དྭགས་འབྱུང་པོ་རྣམས་ས་གཞི་བར་སྣང་གང་བར་བསམས་ལ། རང་རྡོ་རྗེ་རྣལ་འབྱོར་མས་ཕྱག་གི་ཐོད་པས་བཅུས་ལ། ཡར་ལ་མཆོད་པས་བླ་མ་དང་ཡི་དམ་མཉེས་པར་བྱས། བར་དུ་མཆོད་པས་མཁའ་འགྲོ་མ་ཚོགས་ཀྱི་ཐུགས་དམ་བསྐང་། མར་མཆོད་པས་སྣང་སྲིད་ལྷ་འདྲེ་ཐམས་ཅད་མགུ་ཞིང་ཚིམས། བགེགས་དང་འབྱུང་པོ་ཡི་དྭགས་རྣམས་ཀྱང་ངོམ་ཞིང་དགའ་ནས་ཡོད་པར་བསམས། དེའི་ངང་རྟོག་པ་དང་ཁུ་འཕྲིག་གཉིས་འཛིན་བྱུང་ན། བདག་གི་ལུས་འདི་གཉིས་འཛིན་བྱས་པས་འཁོར་བར་འཁྱམས། ད་དུང་གཅེས་འཛིན་བྱས་ན་འཁོར་བར་འཁྱམས་པས། ད་ནི་ལུས་ལ་ཆགས་པ་མེད་པས། ཁྱོད་ལྷ་འདྲེ་རྣམས་ལ་སྦྱིན་པ་བཏང་ངོ་། །ཤ་འདོད་པ་རྣམས་ནི་ཤ་ཁྱེར་ཅིག །ཁྲག་འདོད་པ་རྣམས་ཀྱིས་ཁྲག་འཐུང་། ནང་རོལ་འདོད་པ་རྣམས་ནང་རོལ་ཟོས་ཤིག །ཅི་ཡང་མ་བཞག་ཅིག །རིང་བ་རྣམས་ནི་རློན་པར་ཟོས་ཤིག །མི་རིང་བ་རྣམས་ནི་ཚོས་ལ་ཟོས་ཤིག །ཐེག་ཚད་ཁུར་ཅིག །སྦྱིན་མ་ནུས་ན་ང་ཞན། ཁྱེར་མ་ནུས་ན་ཁྱོད་ཞན། ལུས་ཤ་ཁྲག་གི་ཕུང་པོ་འདི། མི་གཙང་བའི་ཕུང་པོ། རྣམ་རྟོག་གི་ཚང་། རུལ་བའི་རང་བཞིན། རྣག་ཁྲག་གི་རྐྱལ་པ་འདི། ང་ཡིར་འཛིན་པས། སྔར་ཡང་དོན་མེད་ལ་སོང་། ད་ནི་དོན་ཅན་དུ་གྲུབ་ལ། ཕང་ནི་མི་ཕངས། གཅེས་འཛིན་མི་བྱེད། བདག་ཏུ་མི་འཛིན། ལུས་སྔར་ཡང་སྡུག་བསྔལ་ལ་བསྐྱུར་བས། ད་ནི་དགོས་པ་མེད་དོ། །སུ་འདོད་པས་ཁྱེར་ཅིག་བྱས་ལ་ཉལ་ནས་སྡོད་དོ། །འཇིགས་པའི་རྣམ་རྟོག་བྱུང་ན། ལུས་ནི་སྦྱིན་པར་བཏང་ཚར། སེམས་ནི་ངོ་བོ་སྟོང་པ་ལ་ཤི་རྒྱུ་མེད། འདྲེ་ང་རང་གི་སེམས་སུ་འདུག །འཇིགས་མཁན་ཡང་སེམས་སུ་འདུག །སེམས་ཁྱོད་ཀྱི་ངོ་བོ་ཅི་འདྲ་འདུག་བལྟས་པས། དངོས་པོ་དང་ཁ་དོག་གཟུགས་བརྙན་གང་ཡང་མེད། ངོ་བོ་སྟོང་པ་ལ་འཇིགས་རྒྱུ་མི་འདུག །འཇིགས་མཁན་དེ་རྣམ་རྟོག་ཏུ་འདུག །རྣམ་རྟོག་ཁྱོད་གང་ནས་བྱུང་། ངོ་བོ་གང་ཡིན། མཁན་པོ་གང་གིས་བྱས། དབྱིབས་དང་ཁ་དོག་ཅི་འདྲ་འདུག་བལྟས་པས། གང་ཡང་དཔྱད་དུ་མེད། རྣམ་རྟོག་རྗེས་མེད་དུ་བུན་ནེ་སོང་བ་དང་། འཇིགས་མཁན་གྱི་གཞི་སྟོར་ཏེ་སྟེང་ནས་ཐོག་ལྷུང་རུང་། འོག་ནས་མཚོ་རྡོལ་རུང་། ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་རུང་། དེ་ཀའི་ངང་ལ་འཛིན་མེད་དུ་གྲོལ་ཐོངས། ཐོགས་བཅས་ཀྱི་བདུད་དང་ཐོགས་མེད་ཀྱི་བདུད་གང་བྱུང་ཡང་། འཛིན་མེད་ཀྱི་ངང་ལ་ཞོག་ཅིག །དགའ་བྲོད་ཀྱི་བདུད་དང་། སྙེམས་བྱེད་ཀྱི་བདུད་དག་འཛིན་མེད་རང་སར་བཞག་གོ། །དེ་ལྟར་བྱས་པས། སེམས་གཟུང་འཛིན་གྱི་དྲི་མ་ཟད་ནས། སངས་རྒྱས་ཀྱི་འབྲས་བུ་ཐོབ་བོ།། །།དགེའོ། །མངྒལཾ།། །།


previousགཅོད་ཀྱི་བོགས་འདོན་ཡོན་ཏན་སྒོ་འབྱེད།next