Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  collapse section
   
   
   
   
   
   
   
སྦྱོར་བའི་ཡོན་ཏན་བཤད་པ།
   
   
   
   
   
   
   
   
  expand section
  expand section
  expand section
  expand section


 
previousསྦྱོར་བའི་ཡོན་ཏན་བཤད་པ།next

སྦྱོར་བའི་ཡོན་ཏན་བཤད་པ།


GLG013_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་ཡོན་ཏན་བཤད་པ། གཉིས་པ་ལ་སྦྱོར་བའི་ཡོན་ཏན་དང་། དེ་སྒོམས་པའི་གེགས་བཤད་པའོ། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་བ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱོར་བ་བསྟན་པ་དེའི་འོག་ཏུ་དེ་དག་གི་ཡོན་ཏན་འཆད་པའི་རྒྱུ་མཚན་ཡོད་དེ། སྦྱོར་བའི་ཡོན་ཏན་མཐོང་བ་སྔོན་དུ་བཏང་ནས་སྦྱོར་བ་བསྒོམ་པ་རྣམས་ལ་ཤིན་ཏུ་གོམས་པར་བྱེད་པས་དེ་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་རྫོགས་སྦྱོར་བ་བསྒོམས་པའི་ཕན་ཡོན་རྣམ་པ་བཅུ་བཞི་ཡོད་དེ། བདུད་ཀྱི་མཐུ་བཅོམ་པ་ལ་སོགས་པའི་ཡོན་ཏན་བཅུ་བཞི་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རྣམ་རྫོགས་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད་ཟེར་ན། དེ་ཆོས་ཅན། ཁྱོད་རྒྱུད་ལ་ལྡན་པའི་གང་ཟག་ཡིན་ན། སྦྱོར་བའི་ཡོན་ཏན་རྒྱུད་ལ་ལྡན་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དེ་རྒྱུད་ལ་ལྡན་པའི་ལམ་མ་ཞུགས་ཀྱི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི་


GLG013_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་ཟེར་ན། དེ་དང་དུས་མཉམ་དུ་གྱུར་བའི་ཐེག་ཆེན་གྱི་སྦྱོར་བའི་ཡོན་ཏན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། གཉིས་པ་རང་ལུགས་ནི་རྣམ་རྫོགས་སྦྱོར་བ་ཐོབ་མྱོང་པའི་གང་ཟག་གི་རྒྱུད་ཀྱི་རྣམ་རྫོགས་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་འདིར་བསྟན་རྣམ་རྫོགས་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། གསུམ་པ་རྩོད་པ་སྤོང་པ་ལ། ཁོ་ན་རེ། སེམས་དཔའི་སྦྱོར་བའི་ཡོན་ཏན་ཡིན་ན། གནས་སྐབས་ཀྱི་ཡོན་ཏན་ཡིན་པས་ཁྱབ་པ་ཐལ། སེམས་དཔའ་དེས་མཐར་ཐུག་གི་མྱང་འདས་མ་ཐོབ་པའི་ཕྱིར་ན་མ་ཁྱབ། འོ་ན། བྱང་ཆུབ་སེམས་དཔའི་སྦྱོར་བ་བསྒོམས་པ་ལ་བརྟེན་ནས་མ་འོངས་པ་ན་བདུད་བཅོམ་པའི་ཡོན་ཏན་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས། གསུམ་པ་ནི། ཕྱིན་ཅི་མ་ལོག་པའི་སྦྱོར་བ་ལ་མངོན་པར་དགའ་བ་ལས་བྱུང་ཞིང་ཐོབ་པའི་སེམས་དཔའ་དེ་དག་ལ་ཆོས་ཅན། མ་འོངས་པ་ན་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་འབྱུང་སྟེ། ད་ལྟར་སྦྱོར་བ་བསྒོམ་པ་ལ་གྲངས་བཞིན་དུ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟར་སྒོམ་པ་སངས་རྒྱས་ཀྱིས་དགོངས་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པ་ལ་བརྟེན་ནས་སྦྱོར་བ་ཁྱད་པར་ཅན་དུ་འགྱུར་ཏེ། ཁྱོད་དེ་སྒོམ་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཟིགས་པའི་ཕྱིར། དེ་ཆོས་ཅན། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཡིན་ཏེ།


GLG013_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟར་དེ་དང་ཉེ་བར་གྱུར་པའི་ཕྱིར། དེ་ཆོས་ཅན། སངས་རྒྱས་དང་མི་འབྲལ་བས་དོན་ཆེན་པོ་ཉིད་ལ་སོགས་པའི་སྒྲས་འབྲས་བུ་དང་རྣམ་སྨིན་ཆེ་བའི་ཡོན་ཏན་འབྱུང་སྟེ། ཁྱོད་ད་ལྟར་སྒོམ་པའི་ཕན་ཡོན་ཆེན་པོ་ཐོབ་པའི་ཕྱིར། དེ་ཆོས་ཅན། རང་གང་དུ་འཚང་རྒྱ་འགྱུར་སོགས་ཡུལ་དཔྱད་པའི་ཕན་ཡོན་འབྱུང་སྟེ། ཁྱོད་ཡུམ་སྟོན་པ་སོགས་བྱ་བ་བྱེད་པའི་ཕྱིར། དེ་ཆོས་ཅན། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་ཏེ། གཉེན་པོའི་ཆོས་ཅི་རིགས་པ་ཡོངས་སུ་རྫོགས་པའི་ཕྱིར། དེ་ཆོས་ཅན་། ཡུམ་སྟོན་པའི་སྨྲ་བའི་སྐྱེས་བུ་ཉིད་དུ་འགྱུར་ཏེ། ད་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་བརྗོད་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། བདུད་ཀྱིས་མི་ཕྱེད་པ་ཉིད་དུ་འགྱུར་ཏེ། སངས་རྒྱས་ཀྱིས་གྲོགས་མཛད་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། དགེ་བའི་རྩ་བ་ཉན་རང་དང་ཐུན་མོང་མ་ཡིན་པ་སྐྱེ་བའི་ཕན་ཡོན་འབྱུང་སྟེ། འདིར་བསྟན་དགའ་བ་རྒྱ་ཆེན་པོ་སྐྱེད་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། ཁྱོད་གཞན་དོན་གྱི་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་སྒྲུབ་པར་འགྱུར་ཏེ། དམ་བཅའ་དེའི་ཚིག་ལ་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་ཐོབ་པའི་ཕྱིར། དེ་ཆོས་ཅན། དགེ་བས་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་ཏེ། ཆོས་ཟབ་མོ་མངོན་པར་འདོད་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། སེམས་ཅན་གྱི་དོན་སྒྲུབ་པར་འགྱུར་ཏེ། སེམས་ཅན་གྱི་དོན་མཐའ་ཡས་པ་བྱེད་པ་ཐོབ་པའི་ཕྱིར། དེ་ཆོས་ཅན། ཚེ་རབས་གཞན་དུ་ཡུམ་ངེས་པར་འཐོབ་པ་ཞེས་བྱ་བའི་ཡོན་ཏན་འབྱུང་སྟེ། ཁྱོད་ད་ལྟ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་དོན་ཚང་བར་རྙེད་པ་ཞེས་བྱ་བ་ཐོབ་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་སྦྱོར་བའི་ཡོན་ཏན་བཅུ་བཞི་ཐོབ་པ་ཡིན་ཏེ། བཤད་མ་ཐག་པ་དེའི་ཕྱིར།


previousསྦྱོར་བའི་ཡོན་ཏན་བཤད་པ།next