Nitartha Digital Library
Tibetan
 
previousགསུམ་པ་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ལ་སྦྱར་བ།next

གསུམ་པ་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ལ་སྦྱར་བ།

གསུམ་པ་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ལ་སྦྱར་བ་ནི།

ཁྱེད་ཀྱི་བསམ་པ་ལ་དེ་ལྟ་ན་ཡང་གནས་བརྟན་རྣམས་དང་ཚུལ་ཁྲིམས་ལ་བཟང་ངན་དང༌། བསླབ་བྱ་ལ་མང་ཉུང་ཡོད་དམ་སྙམ་ན། གནས་བརྟན་རྣམས་དང་མཉམ་པ་ཉིད་གསུམ་གྱིས་མཉམ་པས་དེ་རྣམས་ཇི་ལྟར་སློབ་པ་བཞིན་སློབ་དགོས་ཞེས་འདོམས་པ་དེ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གི་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པོ། དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་གི་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པོ། དེ་ལྟར་ན་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང༌། བསླབ་པ་ཉིད་ཀྱིས་མཉམ་པ་དང༌། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ། ཁྱོད་ཀྱིས་དེང་ཕྱིན་ཆད་བསྒྲུབ་པར་བྱའི་མི་བསྒྲུབ་པར་མི་བྱའོ། །བཞི་པ་གཙོ་བོ་མཁན་པོ་ལ་བརྟེན་པར་གདམས་པ་ནི། གནས་བརྟན་རྣམས་དང་མཉམ་པ་ཉིད་གསུམ་གྱིས་མཉམ་པས་སུ་ལ་ཡང་གུས་པར་བྱ་མི་དགོས་སམ་སྙམ་པ་དང༌། བསླབ་བྱ་དེ་རྣམས་ལ་བསླབ་དགོས་ན་བདག་གིས་ཤེས་པར་མི་ནུས་སྙམ་ན། གཙོ་ཆེར་མཁན་པོ་ལ་བརྟེན་ནས་ཤེས་པར་འགྱུར་བས་མཁན་པོ་ལ་གུས་པས་བསྟེན་དགོས་ཞེས་འདོམས་པ་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤིའམ་སོས་ཀྱི་བར་དུ་ནད་གཡོག་བྱའོ། ། ལྔ་པ་ཕལ་པ་གྲོགས་ལ་བརྟེན་པར་གདམ་པ་ནི། མཁན་པོ་ལས་གཞན་པའི་དགེ་སློང་རྣམས་དང་མཉམ་པ་ཉིད་གསུམ་གྱིས་མཉམ་པས་གུས་པར་བྱ་མི་དགོས་ཀྱི་མཉམ་འགྲོགས་ཀྱིས་ཆོག་གམ་སྙམ་ན། གྲོགས་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་གུས་པར་བྱེད་དགོས། ཞེས་འདོམས་པ་འདིར་གདའ། ཁྱོད་ཀྱིས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་དང༌། གནས་བརྟན་རྣམས་དང༌། བར་མ་རྣམས་དང༌། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང༌། ཞེ་ས་དང་བཅས་པ་དང༌། འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བར་གནས་པར་བྱའོ། །དེ་ལྟར་སྤྱོད་པ་མ་ཉམས་པ་ལ་གདམས་ནས་དེའི་སྟེང་དུ་ལྟ་བ་མ་ཉམས་པ་གཅིག་དགོས་སོ་ཞེས་བཞི་པ་རྟོགས་དོན་ལྟ་བ་རྣམ་དག་ལ་གདམས་པ་ནི། འདོད་པའི་དོན་ནི་གྲུབ་པས། བླ་མ་དང་གྲོགས་ལ་གུས་པར་བྱ་སྟེ། སོས་དལ་དུ་བསྡད་པས་ཆོག་གམ་སྙམ་ན། མི་ཆོག་སྟེ། དོན་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཐོས་བསམ་སྒོམ་གསུམ་ལ་འབད་དེ། ལུང་སྡེ་སྣོད་གསུམ་ལ་མཁས་པ་དང༌། མངོན་རྟོགས་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པར་བྱེད་དགོས་ཞེས་སྟོན་པ་འདི་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་ནོད་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱའོ། །ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་པ་ལ་མཁས་པ་དང༌། །གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང༌། མ་རྟོགས་པ་རྟོགས་པར་བྱ་བ་དང༌། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་བརྩོན་པ་མི་འདོར་བར་བྱའོ། །དེ་ལྟར་འཚོ་བ། ཚུལ་ཁྲིམས། སྤྱོད་པ། ལྟ་བ་སྟེ་མ་ཉམས་པ་བཞི་བསྒྲུབ་བྱའི་གཙོ་བོ་ཡིན་པས་འབད་པས་བསླབ་དགོས། གཉིས་པ་དངོས་སུ་མ་བརྗོད་པ་གཞན་དུ་ཁ་འཕང་བ་ནི། གོང་གི་སྤང་བླང་དེ་ཙམ་ལ་ནན་ཏན་དུ་བྱས་པས་ཆོག་གི་གཞན་ལ་བསླབ་མི་དགོས་སམ་སྙམ་ན། འདིར་བསླབ་བྱའི་གཙོ་བོ་ཙམ་ཞིག་བརྗོད་པ་ཡིན།དགེ་འདུན་ལྷག་མ་ལ་སོགས་དངོས་སུ་མ་བརྗོད་པ་རྣམས་ཀྱང་ཤེས་པར་བྱས་ལ་བསླབ་དགོས་སོ་ཞེས་འདོམས་པ་འདིར་གདའ། འདི་དག་ནི་ཁོ་བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་སློབ་དཔོན་དང༌། མཁན་པོ་དང་མཁན་པོ་གཅིག་པ་དང༌། སློབ་དཔོན་གཅིག་པ་དང༌། གཏམ་འདྲེས་པ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་མགྲིན་དང༌། འགྲོགས་བཤེས་རྣམས་ཀྱིས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། ། གཉིས་པ་ཡུལ་ཅན་གཉེན་པོ་ལ་གདམས་པ་ལ། བསླབ་པ་མ་གུས་པ་ལ་སྦྱར་བ་དང༌།ཐབས་བག་ཡོད་པ་ལ་སྦྱར་བ་གཉིས་ཀྱི། དང་པོ་ནི། རྙེད་དཀའ་བའི་དལ་འབྱོར་ཐོབ། མཇལ་དཀའ་བའི་བསྟན་པ་དང་མཇལ། བསྟན་པའི་སྙིང་པོ་བསྙེན་པར་རྫོགས་པ་ཐོབ་པས་དལ་འབྱོར་དོན་ཡོད་པར་བྱས་ལ། ཚུལ་ཁྲིམས་ལ་གཅེས་སྤྲས་བྱས་ཏེ། གུས་པས་བསྒྲུབས་ཤིག ཅེས་དོམས་པ་འདིར་གདའ། ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་བསྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང༌། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། ། གཉིས་པ་ནི། དེ་ལྟར་བསླབ་པ་ལ་གུས་པར་བྱས་ཏེ་བག་ཡོད་པས་དགེ་སྦྱོང་གི་ཚུལ་བསྒྲུབ་ཤིག །ཅེས་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པས་བསྒྲུབས་ཤིག སྤང་གཉེན་ལ་བླང་དོར་མ་ནོར་བར་བྱེད་པ་བག་ཡོད་ཡིན་ལ། བག་ཡོད་པས་ཆོས་འདུལ་བ་འདི་ལ་སྤྱད་ན་འཁོར་བ་ལས་གྲོལ་ཏེ་ཐར་པའི་མཆོག་ཐོབ་པར་འགྱུར་ཏེ། སོ་སོར་ཐར་པར། གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱད་བྱས་ན། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཐོབ་པ་ཡིན། དེ་མཁན་པོ་པས་རང་གིས་མཛད་དགོས་པ་རྣམས་རང་གིས་མཛད། གཞན་ལ་བསྐོ་དགོས་རྣམས་བསྐོས་ནས་མཛད་པས་དྲིན་ཆེ་བ་ཡིན་པས་ཕྱག་གསུམ་འཚོལ༼ཕྱག་གསུམ་འཚལ་ལ། དགེ་བསྙེན་ནས་དཀྱུས་གཅིག་ཏུ་བསྒྲུབ་པ་ཡིན་ན་མཁན་པོ་རིན་པོ་ཆེ་བདག་དགེ་བསྙེན་དུ་བསྒྲུབ་སྟེ་རབ་ཏུ་བྱུང་ནས་དགེ་ཚུལ་དུ་བསྒྲུབ་ཅིང་བསྙེན་པར་རྫོགས་པར་མཛད་པ་༽བཀའ་དྲིན་ཆེ་༼ལགས།༽ཞེས་༼རྗེས་ཟློས་བྱེད་དུ་བཅུག་ནས་༽བརྗོད། ༼མཁན་པོས་དགེ་འདུན་རྣམས་ཀྱིས་སྨོན་ལམ་མཛད་པར་ཞུ། ཞེས་གསུངས། མཁན་པོ་དགེ་འདུན་དང་བཅས་པས་བསྒྲུབ་བྱ་འགྲེང་བ་ལ་མེ་ཏོག་འཐོར་བ་དང་བཅས་༽ཐམས་ཅད་ཀྱིས་སྨོན་ལམ་བཞི་གདབ་པོ། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་མི་འབྲལ་བར་ལྡན་པར་གྱུར་ཅིག ཅེས་པ་དང༌། ཁྲིམས་ཀྱི་ཚུལ་ཁྲིམས། སོགས་དང༌། ལུས་ལ་ཆོས་གོས་གསུམ་གྱིས་བཀྲ་ཤིས་ཤོག །ངག་ལ་སྡེ་སྣོད་གསུམ་གྱིས་བཀྲ་ཤིས་ཤོག །སེམས་ལ་བསླབ་པ་གསུམ་གྱིས་བཀྲ་ཤིས་ཤོག །ཚིགས་སྔ་མ་དགེ་ཚུལ་དང་ཚིགས་ཕྱི་མ་བསྙེན་རྫོགས་ཀྱིས་ཆོ་གའི་ལག་ལེན་རིན་པོ་ཆེའི་གཏེར་ཞེས་བྱ་བ། ཆོས་འདུལ་བའི་རྩ་ལུང་བཤད་ལུང༌། འགྲེལ་པ་དང་བཅས་པ་དང༌། བུ་སྟོན་རིན་པོ་ཆེ་ལ་སོགས་པའི་ལེགས་བཤད་དུ་མའི་རྗེས་སུ་འབྲངས་ཏེ། དོན་དུ་གཉེར་བ་མང་པོས་ཡང་ཡང་བསྐུལ་བའི་ངོར། དགེ་སློང་གཉག་ཕུ་པ་བསོད་ནམས་བཟང་པོས། དཔལ་མཁའ་རག་གི་དབེན་གནས་དགེ་རྒྱས་ཐར་པ་གླིང་དུ་བཀོད་པ་འདིས། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། མངྒ་ལཾ། བྷཝཏུ། གཅིག་ཞུས་སོ། །མཆན་བུ་འདི་ཉིད་ངག་དབང་དངོས་གྲུབ་དཔལ་གྱིས་དགེ་ཚུལ་སོགས་སྒྲུབ་པའི་མཐོང་བ་བརྒྱུད་པའི་ཕྱག་ལེན་ནག་འགྲོས་སུ་བཀོད་པའོ། །འདིས་ཀྱང་བསྟན་པ་དག་གཙང་གི་རྒྱུར་གྱུར་ཅིག །


previousགསུམ་པ་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ལ་སྦྱར་བ།next