Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས།next

འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས།

༈ རྒྱ་གར་སྐད་དུ། ཨཱརྻ་ཥ་ཊ་ཀྵ་ར་བིདྱ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡི་གེ་དྲུག་པའི་རིག་སྔགས་གང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་དང༌། འཇིག་རྟེན་སྐྱོང་བ་བཞི་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་བཤད་པ། ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ཀུན་དགའ་བོ་ཁྱོད་ཀྱིས་ཟུངས་ཤིག །ཆོངས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཏདྱ་ཐཱ། དནྟི་ལེ། ཀནྟི་ལེ། དནྟི་མི་ཏི། མ་དྷུ་མ་མ་ཏི། མ་དྷུ་མ་ཏི། ཀ་རཱིནྟ་ཏེ། ཀོ་རནྜ་དྲ་བི་ཏི། ཀོ་ཤཱ་བཱི། ཚ་ཊ་ཛ། དུ་དུ་མ་ཏེ། ཀེ་ཏུ་མ་ཏི། ཙུ་དུ་ན་དྷེ། ཀུ་ཊ་དནྟེ། ཏ་རུ་ཧུ་རེ། ཨེན་ནི་གེ །ཧུ་ཏྲ་བ་ཧུ་ནི། ཀུན་དགའ་བོ་འདི་ནི་ཡི་གེ་དྲུག་པའི་རིག་སྔགས་སོ། །ཀླད་པ་ན་བ་དང༌། མིག་ན་བ་དང༌། རྣ་བ་ན་བ་དང༌། སོ་ན་བ་དང༌། སྣ་ན་བ་དང༌། ལྕེ་ན་བ་དང༌། སྙིང་ན་བ་དང༌། ལྟོ་བ་ན་བ་དང༌། རྒྱབ་ན་བ་དང༌། རྩིབ་ལོགས་ན་བ་དང༌། ཆུ་སོ་ན་བ་དང༌། བྱིན་པ་ན་བ་དང༌། རྐང་པ་ན་བ་དང༌། ཡན་ལག་ན་བ་དང༌། ཉིང་ལག་ན་བ་དང༌། ཟས་མ་བཞུ་བ་དང༌། སྦོས་པ་དང༌། མངལ་དུ་ཐོགས་པ་དང༌། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། རིམས་དྲག་པོ་དང༌། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། རིམས་ཡུད་ཙམ་པ་དང༌། ཉིན་མོའི་རིམས་དང༌། མཚན་མོའི་རིམས་ཀྱིས་བཏབ་ལ། ཡི་གེ་དྲུག་པའི་རིག་སྔགས་འདིས་བསྲུང་བ་དང༌། ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་བསྲུང་བ་དང༌། ཡོངས་སུ་བསྐྱང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་གྱུར་པ་དང༌། ཆད་པ་སྤང་བ་དང༌། མཚོན་ཆ་སྤང་བ་དང༌། དུག་གཞིལ་བ་དང༌། ཆུས་གཏོར་བ་དང༌། སྲད་བུས་བཅིངས་པ་བྱས་པ་ལས་གང་ཞིག་འགལ་བར་བྱེད་ན། དེའི་མགོ་ཨ་རྫ་ཀའི་བདོག་པ་བཞིན་དུ་ཚལ་པ་བདུན་དུ་མི་འགས་པ་ནི། ཀུན་དགའ་བོ་ངས་ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང༌། དགེ་སྦྱོང་དང༌། བྲམ་ཟེར་བཅས་པའི་སྐྱེ་དགུ་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ༌། །ཏདྱ་ཐཱ། ཨཎྜ་རེ། པཎྜ་རེ། ཀ་ར་ཊ། ཀེ་ཡུ་རེ། བྷུ་ཏ་གྲ་ཧེ། བྷུ་ཏ་གྲ་ཧེ། བྷུ་ཏ་པྲ་ཀྱི་ཏེ། བྷུ་ཏ་ཡ་སྨྲ་ཡ་ནི། པྲ་ཡ་བ་ཏི། ཏེ་ཛ་བ་ཏི། ཡ་ཤོ་བ་ཏི། གི་རི་ཎི་ནི། བདག་འཇིགས་པ་ཐམས་ཅད་དང༌། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། །།


previousའཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས།next