Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  collapse section
   
   
   
   
   
   
   
   
སྦྱོར་བའི་སྐྱོན་བཤད་པ།
   
   
   
   
   
   
   
  expand section
  expand section
  expand section
  expand section


 
previousསྦྱོར་བའི་སྐྱོན་བཤད་པ།next

སྦྱོར་བའི་སྐྱོན་བཤད་པ།


GLG013_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྦྱོར་བ་སྒོམ་པའི་སྐྱོན་བཤད་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་བ་གསུམ་ལས། དང་པོ་ནི་དེའི་འོག་ཏུ་ཡང་སྐྱོན་གང་ཞིག་ཡོངས་སུ་སྤངས་པས་སྦྱོར་བ་རྣམས་བསྒོམ་པར་བྱ་བ། སྦྱོར་བ་སྒོམ་པའི་བར་ཆད་བྱེད་པའི་སྐྱོན་གང་དག་ཅིག་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། བཤད་དུ་ཡོད་དེ། སྦྱོར་བ་སྒོམ་པ་དེ་དག་གི་བར་ཆད་དུ་འགྱུར་བའི་སྐྱོན་ནི་གཞུང་འོག་མས་འཆད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྦྱོར་བ་སྐྱེ་གནས་ཀྱི་སྐྱོན་ནི་ཞེ་དྲུག་ཡོད་དེ། དེ་འདྲའི་སྐྱོན་བཅུ་ཚན་བཞི་དང་བཅས་པ་དྲུག་ཏུ་ངེས་པར་རྟོགས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ལ། སོ་སོའི་ངོ་བོ་བཤད་པ། གྲངས་བསྡུ་བའོ། །དང་པོ་ལ། སྦྱོར་བའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་པ་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། འགལ་རྐྱེན་གཞན་ལ་བརྟེན་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། བཅུ་ཚན་དང་པོ་འཆད་ཚུལ་ཡོད་དེ། ཡུམ་གྱི་ཚིག་དོན་ཚེགས་ཆེན་པོས་འཐོབ་པ་དང་། སྤོབས་པ་ཧ་ཅང་མྱུར་པ་དང་། བག་ཡངས་ཀྱིས་ཡུམ་འབྲི་བ་སོགས་ལུས་ཀྱི་གནས་ངན་ལེན་དང་། ཆགས་སེམས་ཀྱིས་འབྲི་བ་སེམས་ཀྱི་གནས་ངན་ལེན་དང་། གྲགས་རྙེད་ཀྱིས་འབྲི་བ་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་བྱེད་པ་ལ་སོགས་པ་དང་། ཡུམ་ལ་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཉིད་དང་། རྣམ་མཁྱེན་གྱི་རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་དང་། གྱ་ནོམ་པའི་རོ་མྱང་བ་ཉམས་པ་དང་། ཐེག་དམན་ལས་རྣམ་མཁྱེན་འཚོལ་བ། རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཀུན་དུ་འཛིན་པ་ཉམས་པ་དང་། ཡུམ་དོར་ནས་དམན་པའི་སྡེ་སྣོད་འཚོལ་བ། རྟག་ཏུ་ཆེད་དུ་བྱ་བ་ཉམས་པ་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། བཅུ་ཚན་གཉིས་པ་ཡོད་དེ། ཐེག་དམན་


GLG013_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས་རྣམ་མཁྱེན་འཐོབ་པར་འདོད་པ་རྒྱུ་དང་འབྲས་བུ་འབྲེལ་བ་ཉམས་པ་དང་། ཐེག་པ་ཆེ་ཆུང་འདྲ་བར་འཛིན་པ་གོང་ན་མེད་པ་ཉམས་པ་དང་། འདོད་ཡོན་གྱི་ཡུལ་རྣམ་པ་མང་པོ་ལ་རྣམ་པར་རྟོག་པའི་སྤོབས་པ་འབྱུང་བ་དང་། ཡུམ་ཡི་གེར་འབྲི་བ་ཙམ་ལ་དེར་མངོན་པར་ཞེན་པ་དང་། རྟེན་འབྱུང་དངོས་པོ་མེད་པ་ལ་གནས་ལུགས་ཀྱི་དོན་དུ་མངོན་པར་ཞེན་པ་དང་། ཡི་གེ་ལ་ཡུམ་དུ་མངོན་པར་ཞེན་པ་དང་། ཡི་གེ་མེད་པ་ལ་དེར་མངོན་པར་ཞེན་པ་དང་། རོ་མྱང་འདོད་པ་ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་དང་། རྙེད་པ་དང་བཀུར་སྟི་དང་བསྟོད་པའི་ཚིགས་སུ་བཅད་པའི་རོ་མྱང་བ་དང་། ལམ་མ་ཡིན་པ་བདུད་ཀྱི་ཚིག་ལས་ཐབས་ལ་མཁས་པ་འཚོལ་བ་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རང་གཞན་གང་རུང་ལས་མཐུན་རྐྱེན་མ་ཚང་བ་ཉེར་གསུམ་ཡོད་དེ། གྲངས་བཞིན་ཉན་པ་པོ་སྔ་མ་དང་འཆད་པ་པོ་ཕྱི་མ་དག་བཟློག་ན་སྐྱོན་དུ་འགྱུར་བས་གང་ཡང་རུང་བ་ལ་མངོན་པར་འབྲེལ་བས་ཉན་པོ་ཡུམ་ལ་བདུན་པ་དང་འཆད་པོ་སྙོམས་ལས་ཀྱིས་ཉམས་པ་དང་། དེ་གཉིས་འཆད་པའི་ས་ལ་འདུན་པའི་ཡུལ་ཐ་དད་པས་ཉམས་པ་དང་། ཉན་པོ་འདོད་ཆེན་ཆུང་བ་དང་འཆད་པོ་འདོད་ཆེན་ཆུང་བ་མ་ཡིན་པ་ཉིད་ཀྱིས་ཉམས་པ་དང་། ཉན་པོ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་ཅིག་ཤོས་མི་ལྡན་པ་དག་དང་། ཉན་པོ་དགེ་བ་དང་ཅིག་ཤོས་དགེ་བ་མ་ཡིན་པའི་ཆོས་ཉིད་དང་ལྡན་པ་དང་། ཉན་པོ་གཏོང་བ་དང་འཆད་པོ་སེར་སྣ་བྱེད་པ་དང་། ཉན་པོ་ནོར་སྦྱིན་པ་དང་འཆད་པོ་མི་ལེན་པ་དང་། ཉན་པོ་འགོ་སྨོས་པས་གོ་བ་དང་ཅིག་ཤོས་རྣམ་པརསྤྲོས་པས་གོ་བ་ཉིད་ཙམ་དང་། ཉན་པོ་མདོ་ལ་སོགས་པའི་ཆོས་མངོན་པར་ཤེས་པ་དང་ཅིག་ཤོས་མངོན་པར་མི་ཤེས་པ་དང་། ཉན་པོ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་


GLG013_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འཆད་པོ་མི་ལྡན་པ་ཞེས་བྱ་བ་ནི་བཅུ་ཚན་གསུམ་པ་དང་། དེ་ཁོ་ན་བཞིན་དུ་ཉན་པོ་འཚང་རྒྱ་བའི་ཐབས་ལ་མཁས་ཤིང་ཅིག་ཤོས་ཐབས་མ་ཡིན་པ་ལ་མཁས་པ་དང་། ཉན་པོ་མི་བརྗེད་པའི་གཟུངས་ཐོབ་ཅིང་ཅིག་ཤོས་ཀྱིས་མ་ཐོབ་པ་དག་དང་ཉན་པོ་ཡུམ་ཡི་གེར་འབྲི་འདོད་པ་དང་ཅིག་ཤོས་འབྲི་མི་འདོད་པ་དག་དང་། ཉན་པོ་འདོད་པའི་བདུན་པ་དང་བྲལ་བ་དང་ཅིག་ཤོས་མ་བྲལ་བ་ཉིད་ཅེས་བྱ་བ་ཕྱི་མ་བཞི་སྟེ་བཅུ་བཞི་དང་། གཞན་དོན་དུ་ངན་སོང་གི་འགྲོ་བ་ལ་ཡིད་ཕྱིར་ཕྱོགས་པ་དང་། བདེ་འགྲོར་འགྲོ་བ་ལ་སྲེད་ཅིང་ཡིད་བདེ་བ་དེ་གཉིས་དང་། གྲངས་བཞིན་དུ་འཆད་པོ་སྔ་མ་རྣམས་དང་ཉན་པོ་དག་ཕྱི་མ་རྣམས་དང་འབྲེལ་བ་དང་བཟློག་སྟེ་གང་ཡང་རུང་བ་དང་འབྲེལ་བས་ཀྱང་འཆད་པོ་གཅིག་པུ་ལ་དགའ་བ་དང་། ཉན་པོ་འཁོར་ལ་མངོན་པར་དགའ་བ་ཉིད་དང་། འཆད་པོ་འཁོར་གྱི་གོ་སྐབས་མི་འབྱེད་པ་དང་ཅིག་ཤོས་འཁོར་རྗེས་སུ་འབྲེལ་བར་འདོད་པ་ཉིད་དང་། འཆད་པོ་ཟང་ཟིང་ཅུང་ཟད་ཙམ་འདོད་པ་ཉིད་དང་། ཉན་པོ་དེ་སྦྱིན་པར་མི་འདོད་པ་ཉིད་དང་། འཆད་པོ་སྲོག་གི་བར་ཆད་དུ་འགྱུར་པའི་ཕྱོགས་སུ་འགྲོ་འདོད་པ་དང་། ཉན་པོ་མི་འགྱུར་བའི་ཕྱོགས་སུ་འགྲོ་འདོད་པ་ཞེས་བྱ་བ་སྟེ་བཅུ་ཚན་བཞི་པ་དང་། དེ་བཞིན་དུ་འཆད་པོ་མུ་གེ་འབྱུང་བའི་ཕྱོགས་སུ་འགྲོ་འདོད་པ་དང་། ཉན་པོ་དེར་མི་འགྲོ་བ་དང་། འཆད་པོ་ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་། ཉན་པོ་དེར་མི་འགྲོ་བ་དང་། འཆད་པོ་བསོད་སྙོམས་སྟེར་བའི་ཁྱིམ་ལ་ཡང་དང་ཡང་དུ་བལྟ་བས་ཡིད་བདེ་བ་དང་། ཉན་པོ་ཡིད་མི་བདེ་བ་ཞེས་བྱ་བ་གསུམ་ཡོད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། འགལ་རྐྱེན་གཞན་ལ་བརྟེན་པ་གསུམ་ཡོད་དེ། བདུད་ཀྱིས་ཆོས་དང་གང་ཟག་སོ་སོར་འབྱེད་པའི་སྦྱོར་བ་དང་། མི་སྡུག་པ་སྒོམ་པ་སོགས་གནས་ལུགས་ཀྱི་
དོན་དུ་སྟོན་པ་ཡུམ་བཅོས་མ་ཉེ་བར་བསྒྲུབ་པ་དང་། བདུད་སྤྲུལ་གྱི་ཡུལ་ཇི་ལྟ་བ་བཞིན་མ་ཡིན་པ་དགའ་བ་སྐྱེད་པ་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྦྱོར་བའི་སྐྱོན་ལ་བཞི་བཅུ་རྩ་དྲུག་ཡོད་དེ། སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར།


previousསྦྱོར་བའི་སྐྱོན་བཤད་པ།next