Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
བསྐལ་ངན་དུས་ཀྱི་ཁུག་པ་ལ་སྐྱོ་བའི་ལྐོག་ལབ་རིང་མོ།
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousབསྐལ་ངན་དུས་ཀྱི་ཁུག་པ་ལ་སྐྱོ་བའི་ལྐོག་ལབ་རིང་མོ།next

བསྐལ་ངན་དུས་ཀྱི་ཁུག་པ་ལ་སྐྱོ་བའི་ལྐོག་ལབ་རིང་མོ།


JSD004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་ངན་དུས་ཀྱི་ཁུག་པ་ལ་སྐྱོ་བའི་ལྐོག་ལབ་རིང་མོ་ཞེས་བྱ་བ་བཞུགས་སོ།། །།


JSD004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་རློབས་ཤིག་སངས་རྒྱས་པདྨ་འབྱུང། །ཐུགས་རྗེས་གཟིགས་ཤིག་འཕགས་མཆོག་གངས་རིའི་མགོན། །ཡལ་བར་མ་འདོར་ཏཱ་རེ་མཚོ་རྒྱལ་མ། །ལྔ་བདོའི་འཇིགས་སྐྱོབ་རྣམས་ལ་གདུང་བས་འབོད། །མི་མཐུན་དུས་ཀྱི་རྒུད་པ་དབྱིངས་སུ་སོལ། །མཐུན་པའི་ལམ་སྣ་སྦས་ཡུལ་གནས་སུ་དྲོངས། །ཀྱེ་མ་གསོན་དང་མོས་ལྡན་སྐྱེ་འགྲོ་རྣམས། །འཁོས་ཆུང་སྤྲང་པོས་ལྐོག་གཏམ་ཚིག་གསུམ་ཞུ། །དེ་ཡང་སྔོན་ཚེ་ཨོ་རྒྱན་ཆེན་པོ་ལ། །རྗེ་


JSD004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ལོ་པཎ་རྣམས་ཀྱིས་ཞུ་ཕུལ་ངོར། །མ་འོངས་དུས་ཀྱི་ལུང་བསྟན་དཔག་མེད་གསུངས། །བདག་གིས་ཀྱང་ནི་དེ་ལས་མང་རབ་མཇལ། །བསོད་ནམས་མར་འགྲིབ་དེང་སང་དུས་རྟགས་དང་། །འཆུག་མེད་ཁ་དང་ལག་པ་སྤྱད་བཞིན་མཐོང་། །རྡོ་རྗེའི་ལུང་ལ་བསླུ་མེད་ངེས་པ་རྙེད། །བསྐལ་ངན་དུས་ཀྱི་ཁུག་སོ་འདི་ལྟ་བུ། །འབྱུང་བའི་རྒྱུ་རྐྱེན་རྩ་བ་གང་ཞེ་ན། །སྤྱི་མཐུན་བོད་འབངས་བསོད་ནམས་མར་འགྲིབ་ཅིང་། །དུས་རྣམས་མི་འགྱུར་མི་རྣམས་འགྱུར་བ་དང་། །ཁྱད་པར་སྨོན་ལོག་བདུད་ཀྱིས་སྤྲུལ་པ་ནི། །བླ་སྤྲུལ་


JSD004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བློན་ཕལ་པའི་ཚུལ་བརྫུས་ནས། །ཆོས་སྲིད་ཁྲིམས་ཀྱི་ལེགས་པའི་རི་མོ་བསྲུབས། །ནག་པོ་བདུད་བསྟན་གངས་ལྗོངས་ཁྲོད་དུ་དར། འདུལ་ས་ཡི་མེ་བཙའ་ཞིག །གཙུག་ལག་ཁང་དང་མཆོད་རྟེན་རྨང་འོག་ནས། །སྔོན་ཚེ་མནན་པའི་བདུད་དང་དམ་སྲི་ཤོར། །ས་སྟེང་ནད་མཚོན་མུ་གེའི་སྣ་འདྲེན་བྱེད། །མི་སེམས་འདྲེས་བསྐལ་བློ་ཕུགས་འགོང་པོར་གཏོད། །བདུད་ཀྱི་མཚོན་ཆ་དང་ནི་ཐམ་ཁའི། །རྫས་ངན་སེར་སྐྱ་མཆོག་དམན་མེད་པས་བརྟེན། །དེ་ཡིས་སྐྱེ་འགྲོའི་གཡང་ཉམས་སྲིས་མི་རྨེད། །དཀར་ཕྱོགས་ལྷ་སྲུང་ཁྲོས་ནས་གཤེད་དུ་བབས། །ནག་ཕྱོགས་དམ་འགོང་གདུག་པས་བོད་ཁམས་ཕུང་། །དགོན་སྡེའི་བསྟན་འཛིན་བཤེས་གཉེན་ཁས་འཆེ་ནས། །མདོ་སྔགས་ཆོས་ལ་འགལ་འདུ་ཕྱོགས་རིས་རྩོད། །ཆོས་སྤོང་ལས་བསགས་དམྱལ་བའི་ས་མཁན་བྱེད། །བསྟན་ལ་ཁ་


JSD004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གཡར་དད་གཤིན་དཀོར་ནག་འགམ། །རྟ་ཕྱུགས་བཤས་ཚོང་བུན་བསྐྱེད་ཤོ་བག་ལ། །ཆུད་ཟོས་གཏོང་ནས་རྣམ་སྨིན་ཁུར་ཆེན བསགས། །དམར་གཟུགས་མགོ་རིལ་རྣམས་ཀྱང་བཤད་སྒྲུབ་དང་། །འདུལ་ཁྲིམས་བོར་ནས་ཚོང་ཁེ་བག་མེད་ལས། །དམག་ཇག་འཕྲོག་བཅོམ་བསྟན་སེལ་སྡེ་འཁྲུགས་སློང་། །གྲྭ་ལོག་བཙུན་ལོག་མང་པོས་རྒྱལ་ཁམས་གང་། །ཆོས་ལྟར་བཅོས་རྣམས་གྲོང་ཆོག་འདྲེ་འདུལ་གྱིས། །ལོག་འཚོ་སྒྲབ་ཅིང་དབེན་པར་བསྡད་མི་ཚུགས། །སྒྲུབ་གནས་ཕལ་ཆེར་སྟོང་པར་གྱུར་པ་མཐོང་། །གཏེར་མིན་གཏེར་འདྲ་མང་པོས་རང་གཞན་ཕུང་། །བཀའ་གཏེར་ཆོས་ལ་གཟུ་ལུམ་རང་བཟོས་བསླད། །རྩིང་སྤྱོད་ཡ་མ་ཟུང་དང་མིག་འཕྲུལ་གྱིས། །མ་རིག་འགྲོ་བའི་བློ་སེམས་སྣང་བ་བསྒྱུར། །ལོག་པའི་བཤེས་གཉེན་ལོང་བས་ལོང་ཁྲིད་མང་། །ལྟོ་ཕྱིར་


JSD004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཙོང་རྫུན་གྱིས་གཞན་མགོ་བསྐོར། །རང་རྒྱུད་མ་ཐུལ་མི་ལ་ངོ་སྤྲོད་འདེབས། །རི་ཁྲོད་བརྟེན་ཀྱང་ཆོས་དྲིས་མ་འབྱར་རྣམས། །མཐུན་འཇུག་ངོ་དགས་བླ་མར་དབང་ཁྲིད་ཞུས། །དག་སྣང་མི་སྦྱང་སྐྱོན་རྟོག་ལོག་ལྟ་ཆེ། །སློབ་དཔོན་སྤངས་ཤིང་མཆེད་ལྕམ་དགྲ་རུ་བལྟ། །དམ་ཉམས་རྡོ་རྗེ་དམྱལ་བའི་གཏིང་རྡོ་བྱེད། །ཆོས་བྱེད་སྨོད་ཅིང་ངས་བྱས་ང་རྒྱལ་མཐོ། །ཀུན་དང་ཞེ་འགྲས་ལས་འབྲས་ཆུ་ལ་གཡུགས། །མི་ནག་མགོ་བསྐོར་བསྟན་པའི་ཞབས་འདྲེན་བསྒྲུབ། །བཙུན་མ་ཆོས་མེད་ནི དམ་སྲིས་རྒྱུད་བརླམས་ནས། །རྗེ་ལ་མི་གུས་ཕྱི་མ་མི་དྲན་ཞིང། །ཀོ་ལོང་མིག་སེར་ཆགས་སྲེད་སུ་ལས་ཐུ། ཤབ་ཤུབ་ཁ་མང་བླ་སློབ་མཆེད་གྲོགས་དཀྲུགས། །དམ་སྡོམ་མི་སྲུང་བྱི་ཕོ་ལྷ་བཞིན་མཆོད། །ཕྲུག་གུ་སློག་ནས་ལྐོག་གསོད་ལག་དམར་བྱེད། །ཕ་མའི་ཞེ་གཅོད་ཕུང་བྱུར་གྱོད་སྣ་འདྲེན། །ཁ་དྲག་


JSD004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བློན་སྙིང་དུ་ཕུང་སྲི་ཞུགས། །ལྐོག་རྔན་ངོར་ལྟ་ཞལ་ལྕེ་འཁྱོག་པོར་གཅོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་བཀག༔ ཁྲམ་པའི་རྒྱབ་སྐྱོར་ཡ་རབས་དམངས་སུ་འབེབས། །བློ་གཏད་འབངས་རིགས་བཙན་ཤེད་སྟོབས་ཀྱིས་མནར། །ངོ་ཚ་སྤྱི་དོན་སྙིང་རྗེ་ཕན་སེམས་བྲལ། །ཆུང་མའི་གྲོས་ཉན་ཕ་མ་སྒོ་ཕྱིར་འདོར། །བསྟན་འགྲོའི་བདེ་སྐྱིད་འཕྲོགས་ཤིང་མཐའ་དམག་འབོད། །དམངས་རྣམས་མི་དགེའི་ལས་ཀྱིས་བདེ་བ་འཚོལ། །དཀོན་མཆོག་རྒྱབ་བོར་སྐྱབས་གནས་གདུག་འདྲེར་བཅོལ། །གཡོ་ཁྲམ་མནའ་ཟ་ཇག་རྐུན་རྔོན་ལས་བརྩོན། །དམ་པར་སྐུར་འདེབས་ཟོག་པོ་གཙུག་ཏུ་ཁུར། །རིགས་ཀྱི་རྒན་རབས་ཕ་མའི་ངག་མི་ཉན། །ནོར་རྫས་མཆོག་སྦྱིན་ཕྱོགས་སུ་ལག་པ་དམ། །ཨ་གསར་རི་མགོ་གང་མཐོའི་ཉི་མ་བྱེད། །ཆད་དང་ཕྱི་གཞུང་ཐུང་ཞིང་དྲིན་ལོག་


JSD004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ། །ཕྱི་མ་མི་དྲན་བྱོལ་སོང་ཁྱུ་འདྲ་རྣམས། །མཐའ་མིའི་བསླུ་ཚིག་དྲང་སྲོང་གསུང་བཞིན་ཉན། །རང་ཕྱོགས་བདེན་པའི་ངག་ལའང་ཆ་བཞོག་མེད། ཆོས་ལྡན་བོད་དང་ཕ་མ་གཉེན་བཤེས་སོགས། །ཅམ་སྟེ་བཞག་ནས་ཆོས་མེད་རླབས་ཆེན་གྱི། །ཕྱོགས་སུ་བསྙེགས་འདི་མཐོང་ཚེ་ཡི་ག་སྐྱོ། །ཆོས་སྤྱོད་སྐད་ལུགས་བསྒྱུར་བ་ཙམ་ལ་ཡང་། །མགུ་བ་སྐྱེས་ལ་འདི་ཕྱིར་ཕན་བདེ་ཡི། །གཞི་མར་འགྲོ་བའི་ཡོན་ཏན་འདུག་གམ་ཅི། །ཀླ་ཀློའི་རྫས་སྔགས་སྒྱུ་མའི་འཕྲུལ་ཐབས་ཀྱིས། །ཅོལ་ཆུང་བོད་ཀྱི་བློ་ཡིད་བརྟན་པ་འཕྲོགས། །སྐྱབས་སྡོམ་རལ་ཞིང་མུ་སྟེགས་ཅན་དང་འགྲོགས། །བླ་སྤྲུལ་མགོ་དམངས་ཆེ་རྒུ་ཇི་སྙེད་ཅིག །དུ་རུ་ཀ་ཡི་ཁ་ལོ་སྒྱུར་བྱེད་གྲོགས། །སེང་ཁོག་འབུ་ཞུགས་ཚུལ་གྱུར་ཀྱེ་མ་ཧུད། །བོད་ཕྲུག་གཞོན་རིགས་ཐམས་ཅད་བདུད་དབང་གྱུར། །རྒན་རབས་སྡུག་ཚེའི་ཉི་རྒས་ནུབ་ཙ་


JSD004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ནང་པའི་བསྟན་པ་འཛིན་སྐྱོང་སུ་ཡིས་བྱེད། །ཆོས་ལྡན་བོད་ཁམས་བསྟན་མཇུག་སྡུད་ལ་ཐུག །དེ་ཡི་ལྟས་སུ་རྒྱལ་ཁམས་མཐའ་དབུས་སུ། །ས་གཡོ་རི་ཉི་ལ་བྲག་ཆད་ཆུ་ལོག་བརྡོལ། །ཡུལ་དགོན་ཞིང་ལྷས་གྲོང་མང་རྩད་ནས་སྟོང་། །གསོར་མེད་ནད་རིགས་གཟའ་ཀླུ་རྒྱལ་གདོན་དར། །མི་ཕྱུགས་ཁ་བཏགས་ཕྱི་ནང་བཅུད་གཡང་ཉམས། །རྟེན་གསུམ་རབ་གནས་ཉམས་ཤིང་དྲི་ཟས་བཟུང་། །ཕྱོགས་མཚམས་ཀུན་ནས་མཚོན་འཁྲུགས་བསྐལ་ངན་ལངས། །ཟླ་རེ་ལ་ཡང་གསར་འགྱུར་འུར་ཟིན་སྦིར། །བསྟན་འཛིན་ཆོས་བྱེད་མི་བཞུགས་ཞིང་དུ་གཤེགས། །རང་བྱས་ལ་གཡོག་རང་ལ་འཁོར་བའི་འབྲས། དུས་ངན་ཟློག་ཐབས་ཡོད་ཀྱང་བརྩོན་པའི་མི། །རེ་རེ་ཙམ་ཡིན་རིས་མེད་མཐུན་སྒྲིལ་གྱིས། །ཆུ་རག་གོང་ནས་རྒྱག་ལྟར་འབད་གྱུར་ན། །དུས་ངན་ཁུག་པ་རེ་ཞིག་


JSD004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བསྲིངས་སྲིད་ཀྱང་། །ཐམས་ཅད་བདུད་དབང་སོང་ནས་བཏང་སྙོམས་ལུས། །ད་དུང་ཨའུ་རྩི་ཟེར་འཐོམ་མེད་བསྡད། །དེ་འདྲའི་ངང་ལ་བསྟན་འགྲོའི་བདེ་སྐྱིད་འཇོམས། །ཤི་ཚད་དྲི་ཟ་ངན་སོང་གནས་སུ་སྐྱེ། །དམྱལ་བ་ཡི་དྭགས་ཟེར་ཡང་དེ་ལས་མེད། །ཀྱེ་མ་ཀྱི་ཧུད་གང་ལ་བསམ་ཀྱང་སྐྱོ། །ཅི་ལ་བལྟས་ཀྱང་སྙིང་པོ་རྡུལ་ཙམ་དབེན། །གནས་ཁང་མི་རྟག་འབྱུང་བ་དགྲར་ལངས་འཇིག །སྐྱོ་འགྲོ་མི་རྟག་བདུད་ཀྱི་ཁ་ནང་ཚུད། །ལོངས་སྤྱོད་མི་རྟག་གཞན་གྱིས་ཧབ་ཐོབ་བྱེད། །བོད་འབྲོག་མི་རྟག་རྔ་ཐོག་སྲན་གཏོར་འདྲ། །དལ་འབྱོར་སྟོང་ལོག་བྱེད་པའི་ཕོ་རྒོད་རྣམས། །ཨ་ཙ་མ་ན་འགྱོད་པའི་དུས་ཤིག་མཆིས། །ལས་ཅན་ཡོད་ན་སྙིང་ལ་རུས་པ་སྐྱེད། །མཚོ་བྲག་ལྗོངས་འབྲོས་སྙིང་ཐིག་ཉམས་སུ་ལོངས། །གསོལ་འདེབས་མ་ཎི་བགྲང་ཞིང་སེམས་ལ་ལྟོས། །མགོ་བརྒྱའི་དཀྱིལ་ནས་རང་མགོ་འདོན་རེ་


JSD004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རན། །བསྐལ་ངན་དུས་སྐྱེས་མ་ནུས་སྤྲང་པོ་བདག །དད་མེད་བླ་མ་མི་ཡི་ངོ་བསྲུང་སོགས། །དོན་མེད་ཆོས་བརྒྱད་བྱ་བ་ལིང་བ་ནས། །ཟབ་མོའི་གདམས་པ་རང་ཉིད་ཉམས་ལེན་ཕྱིར། །ཕ་གཅིག་གུ་རུས་བྱིན་རླབས་སྦས་ཡུལ་དུ། །ད་ནི་མི་འགྱངས་ཧག་གིས་བགྲོད་རེ་རན། །ཅེ་རེེ་ལོང་རིགས་མི་མཐུན་ནང་སྒུར། །སྐྱག་པ་ངས་ནི་དེ་སྐད་བྱས་ནས་སོང་། །ཡིད་སྐྱོ་ཁས་མ་ཚུགས་པའི་ལྐོག་ལབ་འདི། །སྒྲགས་ནང་མེ་ལོང་གདན་ས་ངང་ཕུག་ཏུ། །གར་སྐྱིད་སྨྱོན་པ་སངས་རྡོར་སེམས་ཤར་བྲིས། །མོས་ཚད་དངོས་མེད་སེམས་ཀྱི་སྟེག་པོ་མཛོད། །ཅེས་གསུངས་སོ།། །།


JSD004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀཱ་ར་ཡ། སྙིགས་མའི་ཡང་མཐའ་ཉི་ཤུ་ཁ་རལ་དུས། །བོད་ཁམས་མི་རྣམས་སྡིག་སྤྱོད་རྒྱུ་རྐྱེན་གྱིས། །ཤར་གྱི་ཕྱོགས་ནས་ཅེ་ཧང་དབུགས་ཕྱུར་ནས། །མངའ་རིས་མན་ཆད་སྟོབས་ཀྱི་དབང་དུ་བསྒྱུར། །རྟ་ལོའི་མཇུག་ནས་ཟར་ཟིང་བག་མི་ཕེབས། །གང་ཟག་གཅིག་མིན་ཀུན་གྱི་ཤི་སྨོན་འདེབས། །འོན་ཀྱང་པད་འབྱུང་སྤྲུལ་པའི་སྐྱེས་བུ་ནི། །སྟོད་སྨད་བར་ནས་སྦས་ཚུལ་ཡོངས་གྲགས་འགས། །མཐའ་དམག་བཟློག་ཅིང་བོད་ཁམས་བདེ་སྐྱིད་ཡུན། །ལོ་བདུན་བར་དུ་དུས་བདེ་གནས་འཇམ་ཡོང། །སེམས་ཁྲལ་མི་དགོས་བློ་བདེ་བག་ཕེབ་གནད། །གློ་སྙིང་བྲང་གསུམ་པདྨ་འབྱུང་གནས་དང། །རྡོ་རྗེ་གཞོན་ནུ་ཁྲོས་མ་ཝ་ར་ཧཱི། །ཞིང་སྐྱོང་སེང་གདོང་ཡབ་ཡུམ་རྣམས་ལ་གཏོད། །བསླུ་བ་མི་མངའ་རྡོ་རྗེའི་ཐ་ཚིག་ཡོད། །དེ་


JSD004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གང་ཤར་ཚིག་གི་ཕྲེང་བ་འདི། །དགག་སྒྲུབ་མེད་པར་ཤིང་ཤུན་ལོག་ལ་བཀོད། །དགེ་བས་འགྲོ་ཁམས་བདེ་བའི་རྒྱུར་གྱུར་ཅིག །


previousབསྐལ་ངན་དུས་ཀྱི་ཁུག་པ་ལ་སྐྱོ་བའི་ལྐོག་ལབ་རིང་མོ།next