སྦྱོར་བའི་མཚན་ཉིད་བཤད་པ།
སྦྱོར་བའི་མཚན་ཉིད་བཤད་པ། གསུམ་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། གྲངས་བསྡུ་བ་གསུམ། དང་པོ་ལ་མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱོར་བའི་སྐྱོན་ཡོན་བཤད་པའི་འོག་ཏུ་དེ་དག་གི་མཚན་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། གོ་རིམ་བཞིན་དུ་སྦྱོར་བའི་ཡོན་ཏན་དང་སྐྱོན་ལ་བླང་དོར་བྱ་ཤེས་པས་སྦྱོར་བ་རྣམས་བསྒོམ་པར་བྱ་དགོས་ཤིང་། དེ་ནི་དེའི་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེར་ཕྱིན་གྱི་མཚན་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། མཚོན་བྱེད་གང་གིས་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དུ་མཚོན་ནུས་པ་དེ་དེའི་མཚན་ཉིད་དུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ཆོས་ཅན། མཚན་ཉིད་དེ་ཡང་རྣམ་པ་གསུམ་ཡོད་དེ། མཁྱེན་གསུམ་སྦྱོར་བ་མཚོན་བྱེད་ཤེས་པའི་མཚན་ཉིད་ཉན་རང་གི་སྦྱོར་བ་ལ་ཁྱད་པར་འཕགས་པའི་སྦྱོར་བར་མཚོན་བྱེད་ཁྱད་པར་གྱི་མཚན་ཉིད་གཞན་དོན་སྒྲུབ་པའི་བྱེད་ལས་དང་ལྡན་པའི་སྦྱོར་བ་མཚོན་བྱེད་བྱེད་པའི་མཚན་ཉིད་རྣམས་ཡོད་པའི་ཕྱིར། དེ་ཆོས་ཅན། དེ་ལྟར་བཅུ་དྲུག་བཤད་པ་ལ་དགོས་པ་ཡོད་དེ། སྦྱོར་བའི་ངོ་བོ་ཉིད་གང་ཡིན་པ་མཚོན་བྱ་དང་། མཚན་གཞི་ཡང་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །འབྲས་བུ་ཤེར་ཕྱིན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་སེམས་དཔའི་རྣལ་འབྱོར། ལམ་ཤེར་ཕྱིན་གྱི་རྣལ་
འབྱོར་གྱི་མཚན་ཉིད་ཟེར་ན། དེར་གྱུར་པའི་ཤེས་རབ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཐབས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ཐབས་ཤེས་ཀྱི་རིགས་རྫོགས་པས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ་ལམ་ཤེར་ཕྱིན་གྱི་མཚན་ཉིད་ཟེར་ན། སྟོང་ཉིད་རྟོགས་མ་མྱོང་བའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། མཚན་ཉིད་དང་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། འབྲས་བུ་ཤེར་ཕྱིན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །བྱང་སེམས་ཀྱི་སྦྱོར་བ་ཉི་ཤུ་མཚན་གཞི། དེ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་སོགས་ཀྱིས་བསྟན། ཆོས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་མཚོན་བྱ་ཡིན་ལ། དེ་ནི། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་སོགས་ཀྱིས་བསྟན། གཞན་དོན་ཕུན་ཚོགས་སྒྲུབ་བྱེད་ཀྱི་སེམས་དཔའི་རྣལ་འབྱོར་དེ་མཚན་གཞི་ཡིན་ལ། དེ་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱི། །ཞེས་སོགས་དང་། ཕན་དང་བདེ་བ་སྐྱོབ་པ་དང་། །སོགས་ཀྱིས་བསྟན། མཚན་མཚོན་གཞི་སོགས་དང་། མཚན་ཉིད་མཚན་གཞིའི་སྟེང་དུ་ངེས་བྱེད་ཀྱི་བློ་ནི་མཚོན་པ་པོ་ཞེས་བྱ་ལ། དེ་ནི། དེ་བཞིན་གཤེགས་པ་འབྱུང་བ་དང་། །སོགས་དང་། སྟོང་ཉིད་མཚན་མ་མེད་བཅས་དང་། །སོགས་ཀྱིས་བསྟན། དེས་ན་བྱང་སེམས་ཀྱི་སྦྱོར་བ་ཉི་ཤུ་མཚན་གཞི། ཆོས་སྐུའི་རྒྱུ་ཐུན་མོང་མ་ཡིན་པར་མཚོན། དོན་གཉིས་ཕུན་ཚོགས་སྒྲུབ་བྱེད་ཀྱི་སེམས་དཔའི་རྣལ་འབྱོར་ཡིན་པ་ཞེས་མཚོན་པར་བྱེད་པ་ཡིན་ནོ། །ཞེས་ཟེར་ན། །རྣམ་བཤད་ལས། སྔར་བཤད་པའི་
སྦྱོར་བ་ཉི་ཤུ་པོ་ཡང་མཚན་གཞིར་རུང་མོད་ཀྱི་སློབ་དཔོན་སེང་གེ་བཟང་པོས་རྩ་བའི་དགོངས་པ་བཀྲལ་བ་ལྟར་ན་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་བཅུ་དྲུག་གིས་མཚན་གཞི་དང་མཚོན་བྱ་གཉིས་ཀ་སྟོན་པར་གསལ་ལ། དེ་བཞིན་དུ་ཤེས་པ་བཅུ་དྲུག་པ་ཕྲག་གསུམ་གྱིས་ཀྱང་མཁྱེན་པ་གསུམ་གྱི་སྦྱོར་བའི་མཚན་ཉིད་བསྟན་པར་ཆེས་ཤིན་ཏུ་གསལ་བས་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་བསྟན་པར་འཆད་པ་སོགས་འཐད་པར་མི་སེམས་སོ་ཞེས་འབྱུང་བས། དོན་བསྒྲིལ་ན། ཤེས་བྱ་ཆོས་ཅན། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་སོགས་ཀྱིས་མཚོན་བྱ་ཁོ་ན་བསྟན་ནས། མཚན་ཉིད་མ་བསྟན་པ་མི་འཐད་པར་ཐལ། དེས་གཉིས་ཀ་བསྟན་པའི་ཕྱིར། དེར་ཐལ། དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གི་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པས་དེ་ལྟར་ན་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་གཤེགས་པ་འབྱུང་བ་དང་། །ཞེས་སོགས་ཀྱིས་མཚོན་པ་ཡེ་ཤེས་བསྟན་ནས་མཚན་ཉིད་མ་བསྟན་པ་མི་འཐད་པར་ཐལ། དེས་སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉིད་བསྟན། སྟོང་ཉིད་མཚན་མ་ཞེས་སོགས་ཀྱིས་ལམ་ཤེས་སྦྱོར་བའི་མཚན་ཉིད་བསྟན། དེ་ནི་ཉིད་ཀྱི་ཞེས་སོགས་ཀྱིས་རྣམ་མཁྱེན་སྦྱོར་བའི་མཚན་ཉིད་བསྟན་པའི་ཕྱིར། དང་པོ་དེར་ཐལ། ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཚུལ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཇི་ལྟ་བ་བཞིན་མཚོན་པས་ན་ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དེར་ཐལ། ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་ལམ་
ཤེས་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན། ཤེས་པའི་མཚན་ཉིད་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དེར་ཐལ། ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྦྱོར་བ་དང་། མཚོན་པས་ན། ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། སྤྱིར་བཏང་ལ་རང་གི་ཐོབ་བྱར་གྱུར་པའི་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད། བྱེ་བྲག་ལ་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས་གཞི་ཤེས་ཀྱི་དམིགས་པ་གང་རུང་ལ་དམིགས་པ་ཡང་ཡིན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ་ཡིན། སྟོང་ཉིད་མཚན་མེད་སོགས་ལམ་ཤེས་ཀྱི་དམིགས་པ་གང་རུང་ལ་དམིགས་པའི་སེམས་དཔའི་རྣལ་འབྱོར་དང་། དེ་བཞིན་གཤེགས་པ་ཉིད་ཀྱི་མཐོང་ཆོས་ལ་བདེ་བར་གནས་པ་སོགས་རྣམ་མཁྱེན་གྱི་དམིགས་པ་གང་རུང་ལ་དམིགས་པའི་སེམས་དཔའི་རྣལ་འབྱོར་དང་། བསམ་མི་ཁྱབ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་སེམས་དཔའི་རྣལ་འབྱོར་དང་། ཕན་བདེ་སྐྱོབ་སོགས་ཀྱི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་རྣམས་སོ། །ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་མཚན་གཞི་ཡིན། མཚོན་བྱ་ལ་སྤྱིའི་དབང་དུ་བྱས་ན་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དང་། བྱེ་བྲག་ལ་སེམས་དཔའི་གཞི་ཤེས་སྦྱོར་བ། ལམ་ཤེས་སྦྱོར་བ། རྣམ་མཁྱེན་སྦྱོར་བ། ཉན་རང་གི་སྦྱོར་བ་ལས་ཁྱད་པར་འཕགས་པའི་སྦྱོར་བ་
གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བ་རྣམས་སོ། །མཚོན་ཚུལ་ནི། སྤྱིའི་དབང་དུ་བྱས་ན། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་མཚན་གཞི། ལམ་ཤེར་གྱི་རྣལ་འབྱོར་དུ་མཚོན། རང་གི་ཐོབ་བྱར་གྱུར་པའི་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་ཞེས་སོ། །བྱེ་བྲག་ལ། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་སེམས་དཔའི་རྣལ་འབྱོར་དང་པོ་བཞི་མཚན་གཞི། སེམས་དཔའི་གཞི་ཤེས་སྦྱོར་བར་མཚོན། དེ་བཞིན་གཤེགས་པ་ཞེས་སོགས་གཞི་ཤེས་ཀྱི་དམིགས་པ་གང་ཡང་རུང་བ་ལ་དམིགས་པ་ཡང་ཡིན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། དཀའ་དང་ངེས་པ་དང་། ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་གཞན་དོན་གྱི་གོ་ཆ་བྱ་དཀའ་བ་སོགས་སྒྲུབ་པའི་སེམས་དཔའི་རྣལ་འབྱོར་ལྔ་མཚན་གཞི། ལམ་ཤེས་སྦྱོར་བས་མཚོན། སྟོང་ཉིད་མཚན་མེད་སོགས་ལམ་ཤེས་ཀྱི་དམིགས་པ་གང་ཡང་རུང་བ་ལ་དམིགས་པའི་སེམས་དཔའི་རྣལ་འབྱོར་ཡིན་ནོ། །དེ་ཡང་དཀའ་དང་ཞེས་སོགས་ཀྱི་མཚན་ཉིད་དང་། མི་མཐུན་ཐོགས་པ་མེད་དང་དེ། །ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་གཞི་ལམ་གྱིས་བསྡུས་པའི་ཁྱད་པར་སོགས་སེམས་དཔའི་རྣལ་འབྱོར་བདུན་མཚན་གཞི། རྣམ་མཁྱེན་སྦྱོར་བ་མཚོན། དེ་བཞིན་གཤེགས་པ་ཉིད་ཀྱི་མཐོང་ཆོས་ལ་བདེ་བར་གནས་པ་སོགས་རྣམ་མཁྱེན་གྱི་དམིགས་པ་གང་ཡང་རུང་བ་ལ་དམིགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། སེམས་དཔའི་ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ལྔ། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་བདུན་མཚན་གཞི། ཉན་རང་གི་སྦྱོར་བ་
ལས་ཁྱད་པར་དུ་འཕགས་པའི་སྦྱོར་བར་མཚོན། བསམ་མི་ཁྱབ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་མཚན་གཞི། གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བར་མཚོན། ཕན་བདེ་སྐྱོབ་སོགས་ཀྱི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་ཞེས་སོ། །གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། ཤེས་མཚན་ཡིན་ན། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་ཡིན་དགོས་པར་ཐལ། དེ་ལྟར་གཞུང་གིས་བསྟན་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་ཆོས་མངོན་རྟོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་ཚོགས་ལམ་ཡིན་པའི་ཕྱིར་ན་མ་ཁྱབ། གཉིས་པ་ནི། ཤེས་པ་ཆོས་ཅན། བྱེད་པར་སྒྲུབ་པས་འདིས་སྦྱོར་བ་རྣམས་ཉིད་མཚོན་པར་བྱེད་པས་ན་མཚན་ཉིད་ཅེས་མཚན་ཉིད་ཀྱི་སྒྲ་བྱེད་པ་ལ་འཇུག་པའི་ཚེ། ཤེས་པ་དང་ཁྱད་པར་དང་བྱེད་པ་གསུམ་ལ་སྒྲ་འཇུག་སྟེ། དེ་རྣམས་བྱང་སེམས་ཀྱི་མཁྱེན་པ་སྦྱོར་བའི་སྤྱི་དང་བྱེ་བྲག་ཅི་རིགས་པར་མཚོན་བྱེད་ཡིན་པའི་ཕྱིར། འདི་མཚོན་པར་བྱ་བ་ཡིན་པས་ན། མཚན་ཉིད་ཅེས་མཚན་ཉིད་ཀྱི་སྒྲ་ལས་སུ་སྒྲུབ་པའི་ཚེ་ངོ་བོ་ཉིད་ཀྱི་མཚན་ཉིད་ལའང་མཚན་ཉིད་ཀྱི་སྒྲ་འཇུག་སྟེ། དེ་རྣམས་མཚོན་པར་བྱ་བའི་གཞི་ཡིན་པའི་ཕྱིར། མཚན་ཉིད་ཀྱི་སྒྲ་འཇུག་པའི་གཞི་ནི་རྣམ་པ་བཞིར་ཤེས་པར་བྱ་སྟེ། དེ་ལྟར་བསྒྲུབས་ཟིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། ཤེས་མཚན། ཁྱད་མཚན། བྱེད་མཚན། ངོ་བོ་ཉིད་མཚན་བཞི་ལས། དང་པོ་ལ། གཞི་ཤེས་སྦྱོར་བའི་མཚན་ཉིད། ལམ་ཤེས་སྦྱོར་བའི་མཚན་ཉིད། རྣམ་མཁྱེན་སྦྱོར་བའི་མཚན་ཉིད་གསུམ་། དང་པོ་ལ། མཚམས་སྦྱར་བ། རྩ་བ་
འགྲེལ་པ་གསུམ་ལས་དང་པོ་ནི། ཤེས་བྱ་ཆོས་ཅན། རེ་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་གཞི་ཤེས་སྦྱོར་བ་འཆད་ཚུལ་ཡོད་དེ། དེ་ལ་ཐམས་ཅད་ཤེས་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་ཐ་དད་པ་ལ་བརྟེན་ནས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ཤེས་པའི་མཚན་ཉིད་བཅུ་དྲུག་བསྡུས་ནས་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པ་འབྱུང་བ་སོགས་བཅུ་དྲུག་ཏུ་བསྡུས་ནས་བསྟན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག་བདག་དང་འཇིག་རྟེན་མི་རྟག་པར་བདེན་པར་ལྟ་བ་སོགས་བཞི་པོ་དེ། འདིར་བསྟན་ལུང་མ་བསྟན་གྱི་ལྟ་བ་ཡིན་ཟེར་ན། མི་འཐད་པར་ཐལ། བདག་དང་འཇིག་རྟེན་མི་རྟག་པར་བདེན་པ་ལྟ་བའི་ལྟ་བ་དེ་དེ་མ་ཡིན་པའི་ཕྱིར། དེར་ཐལ། བདག་དང་འཇིག་རྟེན་མི་རྟག་པར་བདེན་མེད་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དེ་སེམས་དཔའི་གཞི་ཤེས་སྦྱོར་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ཕྱིར། དེར་ཐལ། བདག་དང་འཇིག་རྟེན་མི་རྟག་པར་བདེན་པར་མེད་པ་སྟོང་ཉིད་ཕྲ་མོ་ཡིན་པའི་ཕྱིར། དེར་ཐལ། བདག་དང་འཇིག་རྟེན་ཐ་སྙད་དུ་མི་རྟག་པ་ཡིན་པའི་ཕྱིར། ཁ་ཅིག །ལུས་སྲོག་རྫས་གཅིག་ཏུ་ལྟ་བ་དང་། རྫས་ཐ་དད་དུ་ལྟ་བ་དེ་ལུས་སྲོག་ལ་བརྟེན་པའི་ལུང་མ་བསྟན་གྱི་ལྟ་བ་ཡིན་ཟེར་ན། ལུས་སྲོག་རྫས་ཐ་དད་དུ་ལྟ་བའི་ལྟ་བ་དེ་ཆོས་ཅན། ལྟ་བ་རྣམ་དག་མ་ཡིན་པར་ཐལ། ལུང་མ་བསྟན་གྱི་ལྟ་བ་ཡིན་པའི་ཕྱིར། འདོད་ན། ཡིན་པར་ཐལ། དེ་གཉིས་རྫས་ཐ་དད་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་རྫས་གཅིག་མ་ཡིན་པའི་ཕྱིར། དེར་ཐལ། ལུས་སེམས་གཉིས་རྫས་གཅིག་མ་ཡིན་པའི་ཕྱིར། མ་གྲུབ་ན་
ལུས་ཞིག་པ་ན་སེམས་ཀྱང་ཞིག་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེ་བ་ཕྱི་མ་མེད་པར་ཐལ་ལོ། ཁ་ཅིག །བདག་དང་འཇིག་རྟེན་རྟག་པར་ལྟ་བ། མི་རྟག་པར་ལྟ་བ། གཉིས་ཀར་ལྟ་བ། གཉིས་ཀ་མ་ཡིན་པར་ལྟ་བ་བཞི། སྔོན་གྱི་མཐའ་ལ་བརྟེན་པའི་ལུང་མ་བསྟན་གྱི་ལྟ་བ་ཡིན་ཟེར་ན། བདག་དང་འཇིག་རྟེན་མི་རྟག་པར་ལྟ་བའི་ལྟ་བ་ཆོས་ཅན། ཁྱོད་ལུང་མ་བསྟན་གྱི་ལྟ་བ་མ་ཡིན་པར་ཐལ། ཁྱོད་ལྟ་བ་རྣམ་དག་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་མི་རྟག་པ་ཡིན་པའི་ཕྱིར། གཞན་ཡང་། དེ་གཉིས་རྟག་མི་རྟག་གཉིས་ཀ་མ་ཡིན་པར་ལྟ་བའི་ལྟ་བ་ཆོས་ཅན་། དེ་མ་ཡིན་པར་ཐལ། ལྟ་བ་རྣམ་དག་ཡིན་པའི་ཕྱིར་ཏེ། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་མ་ཡིན་པའི་ཕྱིར། ཁ་ཅིག །བདག་དང་འཇིག་རྟེན་མཐའ་དང་ལྡན་པ་ཕྱི་མའི་མཐའ་ལ་བརྟེན་པའི་ལུང་མ་བསྟན་གྱི་ལྟ་བ་ཡིན་ཟེར་ན། མ་ཡིན་པར་ཐལ། དེ་རྣམ་དག་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་མཐའ་དང་ལྡན་པའི་ཕྱིར། མ་གྲུབ་ན། དེ་གཉིས་མཐའ་དང་མི་ལྡན་པ་ལུང་མ་བསྟན་གྱི་ལྟ་བ་ཡིན་པར་ཐལ། ལྡན་པ་ཡིན་པ་གང་ཞིག །མུ་བཞི་ག་ཁས་ལེན་རིགས་པའི་ཕྱིར། འདོད་ན། དེ་གཉིས་མཐའ་དང་ལྡན་པར་ཐལ། མཐའ་དང་མི་ལྡན་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་ལྟ་བ་དེ་ལྟ་བ་རྣམ་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལུང་མ་བསྟན་གྱི་ལྟ་བ་མ་ཡིན་པར་ཐལ་ལོ། །གཉིས་པ་རང་ལུགས་ནི། རྟག་པའི་གང་ཟག་གི་བདག་དང་འཇིག་རྟེན་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ལྟ་བ། མི་རྟག་པའི་གང་ཟག་གི་བདག་དང་འཇིག་རྟེན་དེར་ལྟ་བ། རྟག་མི་རྟག་གཉིས་ཀའི་དེར་ལྟ་བ། གཉིས་ཀ་མ་ཡིན་པའི་དེར་ལྟ་བ་བཞི་སྔོན་གྱི་མཐའ་ལ་བརྟེན་པ་དང་། མཐའ་དང་ལྡན་པའི་དེར་ལྟ་
བ། མཐའ་དང་མི་ལྡན་པའི་དེར་ལྟ་བ། གཉིས་ཀ་ཡིན་པའི་དེར་ལྟ་བ། གཉིས་ཀ་མ་ཡིན་པའི་དེར་ལྟ་བ་བཞི་ཕྱི་མའི་མཐའ་ལ་བརྟེན་པ་དང་། གྲོངས་ཕན་ཆད་འབྱུང་བའི་དེ་བཞིན་གཤེགས་པ་དེར་ལྟ་བ། མི་འབྱུང་བའི་དེ་དེར་ལྟ་བ། གཉིས་ཀ་ཡིན་པའི་དེ་དེར་ལྟ་བ་གཉིས་ཀ་མ་ཡིན་པའི་དེ་དེར་ལྟ་བ་བཞི་མྱང་འདས་ཀྱི་མཐའ་ལ་བརྟེན་པ་དང་། ལུས་དང་གང་ཟག་གི་བདག་གི་མིང་གི་རྣམ་གྲངས་སུ་གྱུར་པའི་སྲོག་གཉིས་རྫས་གཅིག་ཏུ་ལྟ་བ། དེ་གཉིས་རྫས་ཐ་དད་དུ་ལྟ་བ་གཉིས་ལུས་སྲོག་ལ་བརྟེན་པའི་ལྟ་བར་འཇོག་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །རྟག་པའི་གང་ཟག་གི་བདག་དང་འཇིག་རྟེན་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ལྟ་བའི་ལྟ་བ་ཆོས་ཅན། གང་ཟག་གི་བདག་འཛིན་ཡིན་པར་ཐལ། འདིར་བསྟན་ལུང་མ་བསྟན་གྱི་ལྟ་བ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱི་དམིགས་ཡུལ་དུ་གྱུར་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟག་པའི་གང་ཟག་དེའི་དམིགས་ཡུལ་དུ་གྱུར་པའི་གང་ཟག་ཏུ་ཐལ། བདག་མེད་ཡིན་ན། དེའི་དམིགས་ཡུལ་དུ་གྱུར་པའི་གང་ཟག་མ་ཡིན་མི་དགོས་པའི་ཕྱིར་ན་མ་ཁྱབ། གསུམ་པ་ནི། ཤེས་པའི་མཚན་ཉིད་ཐམས་ཅད་ཤེས་པ་ཉིད་ཀྱི་བསྡུས་པ་ཡིན་ནོ། །ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཞི་པོ་མཚན་གཞི། ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་རྣམས་ཡིན་པར་མཚོན། གང་གིས་ན་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས། ཇི་ལྟར་ན་ཚུལ་བཞིན་དུ་དུ་བས་མེ་མཚོན་པ་ཇི་ལྟ་བ་བཞིན་མཚོན་པས་ནའོ། །དེ་ཡང་བཅུ་དྲུག་ཡོད་དེ། གཞི་ཤེས་སྦྱོར་བ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་དང་། འཇིག་རྟེན་དོན་དམ་པའི་འཇིག་པ་མེད་པར་ཤེས་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དུ་མ་ཤེས་པ་དང་། གང་ཟག་
གི་བདག་མེད་ལ་སེམས་བསྡུས་པ་ཤེས་པ་དང་། དེ་ལས་སེམས་རྣམ་པར་གཡེང་བ་ཤེས་པ་དང་། ནམ་མཁའ་ལྟར་སེམས་མི་ཟད་པའི་རྣམ་པར་ཤེས་པ་དང་། སེམས་འདོད་ཆགས་དང་བཅས་པ་ཤེས་པ་དང་། ཞེ་སྡང་དང་གཏི་མུག་དང་བཅས་པ་ཤེས་པ་དང་། རྩ་བའི་སོགས་ཞེས་པ་སྒྲས་བསྡུས་པ། སེམས་འདོད་ཆགས་དང་བྲལ་བ་སོགས་ཤེས་པ། སེམས་ཀྱི་གནས་ལུགས་རྒྱ་ཆེན་པོ་ཤེས་པ། ཐ་སྙད་དུ་སེམས་ཆེན་པོ་སྒྱུར་བ་ཤེས་པ། དོན་དམ་པའི་སེམས་ཚད་མེད་པ་ཤེས་པ་དང་། དབང་ཤེས་ལ་སེམས་བསྟན་དུ་མེད་པ་ཤེས་པ་དང་། སྤྱན་ལྔས་སེམས་བལྟར་མེད་པ་ཤེས་པ་དང་། སེམས་གཡོ་བ་ལ་སོགས་པ་དང་། གཡོ་བ་ལ་སོགས་པའི་སེམས་བདེན་སྟོང་དེ་བཞིན་ཉིད་ཀྱི་རྣམ་པ་ཅན་གྱི་སེམས་དཔའི་ཡེ་ཤེས་དང་། དེ་བཞིན་གཤེགས་པ་ཉིད་ཀྱི་དེ་བཞིན་ཉིད་རྟོགས་པ་སྟེ། རང་གིས་རྟོགས་པ་དེ་ལྟར་གཞན་ལ་བསྟན་ཅིང་བརྟགས་པ་ཞེས་བྱ་བ་འདི་རྣམས་ཀྱི་སྟེ་བཅུ་དྲུག་ཡོད་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་བ་གསུམ་ལས། དང་པོ་ནི། དེའི་འོག་ཏུ ་ལམ་ཤེས་པ་ཉིད་ཀྱི་མཚན་ཉིད་འཆད་ཚུལ་ཡོད་དེ། གཞུང་འོག་མའི་སྒོ་ནས་འཆད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན་། ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། ཤེས་པའི་མཚན་ཉིད་བཅུ་དྲུག་ཡོད་པར་བཞེད་དེ། སྟོང་ཉིད་མཚན་མ་མེད་པར་ཤེས་པ་སོགས་ཡོད་པའི་ཕྱིར། གསུམ་པ་ནི། ཤེས་པའི་མཚན་ཉིད་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ཡང་སེམས་དཔའི་རྒྱུད་ཀྱི་སྦྱོར་བ་ལྔ་མཚན་གཞི། ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དག་ཡིན་པར་མཚོན། གང་གིས་ན་སྔར་བཤད་པ་འདི་རྣམས་ཀྱིས་ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་གིས་བསྡུས་པའི་ཡེ་ཤེས་ཀྱི་མཚོན་དོན་བཤད་
དུ་ཡོད་དེ། ཚ་རེག་གིས་མེ་མཚོན་པ་ཇི་ལྟ་བ་བཞིན་དུ་མཚོན་པའི་ཕྱིར། ཤེས་བྱ་ཆོས་ཅན། བཅུ་དྲུག་པོ་ཡོད་དེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། དོན་དམ་པར་སྐྱེ་བ་དང་འགག་པ་མེད་པ་དང་། རྩ་བའི་སོགས་ཞེས་པའི་སྒྲས་བསྡུས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། སྤང་བྱའི་དངོས་པོ་མེད་པ་དང་། བདེན་གྲུབ་ཀྱིས་སྟོང་པའི་ངོ་བོ་ཉིད་དང་། དོན་དམ་པར་རྟེན་མེད་པ་དང་། ནམ་མཁའི་མཚན་ཉིད་དྲུག་དང་། ཆོས་ཉིད་གཞན་དུ་རྣམ་པར་འཁྲུག་པ་མེད་པ་དང་། བློ་སྔོན་དུ་བཏང་ནས་འདུ་མི་བྱེད་པ་དང་། མཚན་ཉིད་དང་མཚན་གཞིའི་དབྱེ་བ་རྣམ་པར་མི་རྟོག་པ་དང་། རབ་ཏུ་དབྱེ་བ་མེད་པ་དང་། མཚན་ཉིད་དེ་ཡང་དོན་དམ་པར་མཚན་ཉིད་མེད་པ་ཞེས་བྱ་བ་ཤེས་པའི་སེམས་དཔའི་ཡེ་ཤེས་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ། མཚམས་སྦྱར་བ་། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དེའི་འོག་ཏུ ་རྣམ་པ་ཐམས་ཅད་མཁྱེད་པ་ཉིད་ཀྱི་སྦྱོར་བའི་འཆད་ཚུལ་ཡོད་དེ། གཞུང་འོག་མས་འཆད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ཤེས་པའི་མཚན་ཉིད་བཅུ་དྲུག་ཡོད་དེ། འོག་ནས་འཆད་པར་འགྱུར་བའི་ཕྱིར། གསུམ་པ་ནི། ཤེས་པའི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བས་བསྡུས་ནས་བསྟན་པ་ཡིན་ནོ། །སེམས་དཔའི་རྣལ་འབྱོར་བདུན་མཚན་གཞི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་དག་ཡིན་པར་མཚོན། གང་གིས་ན་སྔར་བཤད་པ་འདི་རྣམས་ཀྱི་ཤེས་པའི་རྣམ་པའི་ཁྱད་པར་བཅུ་དྲུག་པོ་གང་རུང་གིས་བསྡུས་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པ་ལྟ་བུའོ། །དེ་ཡང་བཤད་དུ་ཡོད་དེ། ཚ་རེག་གིས་མེ་མཚོན་པ་ཇི་ལྟ་བ་བཞིན་དུ་མཚོན་པ་ཡིན་པའི་ཕྱིར། དབྱེ་ན་བཅུ་དྲུག་ཡོད་དེ། དེ་བཞིན་གཤེགས་པ་ཉིད་ཀྱི་ཆོས་ལ་
མངོན་པར་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པ་དང་། དགེ་བའི་བཤེས་གཉེན་ལ་གུས་པར་བྱ་བ་དང་། བཀའ་ལས་མི་འདའ་བར་བླ་མར་བྱ་བ་དང་། རྙེད་བཀུར་གྱིས་མཉེས་པར་བྱ་བ་དང་། མཆོད་པ་དང་། དེ་བྱེད་པ་པོ་དོན་དམ་པར་མེད་པ་ཉིད་དང་། ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་དུ་འགྲོ་བ་སྟེ་ཁྱབ་པ་དང་། དོན་དམ་པར་མ་མཐོང་བའི་དོན་གནས་ལུགས་ཀྱི་དོན་དུ་སྟོན་པ་དང་། འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་པ་དང་། གདུལ་བྱ་ལ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པར་མཛད་པ་དང་། འཇིག་རྟེན་སྟོང་པ་ཉིད་དུ་འཇིག་རྟེན་པའི་སྒོམ་བྱུང་གིས་ཤེས་པར་མཛད་པ་དང་། འཇིག་རྟེན་བདེན་པས་སྟོང་པའི་སྟོང་པ་ཉིད་དུ་མངོན་སུམ་དུ་མཐོང་བར་མཛད་པ་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པ་དང་། དོན་དམ་པར་སྤྲོས་པ་ཞི་བ་ཉིད་དུ་སྟོན་པ་དང་། འཇིག་རྟེན་བདེན་པ་འགོག་པ་དང་། འཇིག་རྟེན་འདི་དང་ཕ་རོལ་ལ་བླང་དོར་གྱི་འདུ་ཤེས་འགོག་པ་ཞེས་བྱ་བ་ཉིད་དུ་ཡོད་པའི་ཕྱིར། གཉིས་པ་ཁྱད་མཚན་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དོན་བསྡུ་བ་གསུམ། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི་ཤེས་བྱ་ཆོས་ཅན། ཤེས་པའི་མཚན་ཉིད་བསྟན་ཟིན་པ་ དེའི་འོག་ཏུ ་བར་སྐབས་ཀྱི་ཚིགས་སུ་བཅད་པས་ཁྱད་པར་གྱི་མཚན་ཉིད་འཆད་ཚུལ་ཡོད་དེ། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་མཁྱེན་གསུམ་སྦྱོར་བ་མཚོན་པར་བྱེད་པའི་ཤེས་པའི་མཚན་ཉིད། ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་ཚུལ་དངོས་སུ་མ་བསྟན་པའི་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས། ཤེས་མཚན་བཅུ་དྲུག་པ་ཕྲག་གསུམ་གྱིས་བསྡུས་པའི་ཤེས་པ་རྣམ་པ་ཡོངས་སུ་དཔྱད་པ་རྣམས་ཀྱི་ཁྱད་ཞུགས་པའི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་དུ་འཆད་པ་ཡིན་པའི་ཕྱིར།
གཉིས་པ་ནི། ཤེས་བྱ་ཆོས་ཅན། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ཁྱད་པར་གྱི་མཚན་ཉིད་བཤད་པ་ཡིན་ཏེ། ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་པར་མཚོན་པའི་བདེན་པའི་སྤྱོད་ཡུལ་ཅན་སྐད་ཅིག་མ་བཅུ་དྲུག་གིས་ཁྱད་པར་དུ་འཕགས་པའི་ཕྱིར། གསུམ་པ་ནི་ཤེས་བྱ་ཆོས་ཅན། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཐུགས་སུ་ཆུད་པ་དང་། མི་མཉམ་པ་ལ་སོགས་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡུལ་ཅན་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པའི་མཚན་ཉིད་བཅུ་དྲུག་གིས་ལམ་ཤེས་པ་ཉིད་དང་ལ་སོགས་པ་རྣམ་མཁྱེན་སྦྱོར་བ་དག །ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་པར་མཚོན་པས་ན་ཁྱད་པར་གྱི་མཚན་ཉིད་བཤད་པ་ཡིན་ཏེ། སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན་། གཞན་ཡང་བསམ་གྱིས་མི་ཁྱབ་པའི་སྦྱོར་བ་ལ་སོགས་པའི་ཁྱད་པར་གང་ཞིག་ཡིན་ཞེ་ན་ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྷག་མ་གསུམ་གྱིས་འཆད་པའི་ཕྱིར། གཉིས་པ་ནི། ལམ་ཤེས་དང་རྣམ་མཁྱེན་སྦྱོར་བས་བསྡུས་པའི་ལམ་ནི་ཆོས་ཅན། ཉན་རང་གི་ལམ་གཞན་དག་ལས་ཁྱད་པར་དུ་འཕགས་པའི་ལམ་ཡིན་ཏེ། བསམ་མི་ཁྱབ་སོགས་ཁྱད་པར་ནི་བཅུ་དྲུག་གི་བདག་ཉིད་ཀྱི་སྒོ་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ལ། རྒྱས་པར་བཤད་པ་དང་། གང་ལས་ཁྱད་ཞུགས་པའི་ཡུལ་དངོས་སུ་མ་བསྟན་པའི་རྒྱུ་མཚན་ནོ། །དང་པོ་ནི། བྱང་ཆུབ་སེམས་དཔལ་ལ་སོགས་པའི་ལམ་ཤེས་པ་ཉིད་ལ་སོགས་པ་རྣམ་མཁྱེན་གྱི་རྣམ་པ་ཉམས་སུ་ལེན་པའི་སྦྱོར་བ་གཉིས་ནི་ཉན་ཐོས་ལ་སོགས་པའི་ལམ་རྣམས་ལས་ཁྱད་པར་གྱི་ལམ་ཡིན་
པར་ཁྱད་ཞུགས་སོ། །གང་གི་སྒོ་ནས་མཚོན་ན། གོ་རིམ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ཀྱིས་ཁྱད་པར་འཕགས་སོ། །དེ་ཡང་དབྱེ་ན་བཅུ་དྲུག་ཡོད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པས་ལེགས་པར་ཡོངས་སུ་བཟུང་བའི་ཤེས་རབ་ཀྱི་སྟོབས་ཀྱིས་སྡུག་བསྔལ་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་ཐུགས་སུ་ཆུད་པ་དང་། དཔེ་མེད་པས་མི་མཉམ་པ་ཉིད་དང་། ཐ་སྙད་པའི་ཚད་མས་གཞལ་བ་ལས་ཡང་དག་པར་འདས་པ་དང་གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པ་དང་། འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་སྡུད་པ་དང་། ཤེས་བྱ་ཐམས་ཅད་ཤེས་པའི་སྐྱེས་བུ་མཁས་པས་རིག་པར་བྱ་བ་ཉིད་དང་། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་དངོས་པོ་ཡོངས་སུ་ཤེས་པ་དང་། ཐེག་པ་རང་གི་ལུགས་ལ་ལྟོས་པའི་མངོན་པར་ཤེས་པའི་དངོས་པོ་ཤིན་ཏུ་མྱུར་བའི་ཤེས་པ་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་བརྟེན་པའི་ཆོས་ཐམས་ཅད་དོན་དམ་པར་བྲི་བ་མེད་པ་དང་། གང་བ་མེད་པའི་ངོ་བོ་ཤེས་པ་དང་། ལས་བྱ་བྱེད་ཀྱི་འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་རབ་ཏུ་སྒྲུབ་པ། གུས་པ་དང་རྒྱུན་མི་ཆད་པའི་ཡང་དག་པའི་སྦྱོར་བས་བསྐལ་པ་དུ་མར་བསྒྲུབས་པའི་བསོད་ནམས་དང་ཡེ་ཤེས་ཡང་དག་པར་འགྲུབ་པ་དང་། རྣམ་པར་མི་རྟོག་པའི་ཆོས་ཐམས་ཅད་ལ་དམིགས་པ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའི་ལམ་གྱི་རྟེན་རིགས་ལ་དམིགས་པ་དང་། སྨོན་ལམ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུའི་ཚོགས་པ་དང་ལྡན་པ་དང་། རང་ལམ་རྫོགས་པར་སྟོན་པའི་དགེ་བའི་བཤེས་གཉེན་གྱི་ཐབས་
ཀྱིས་ཡོངས་སུ་བཟུང་བ་དང་། ཆོས་གང་ལ་བདེན་པར་མངོན་པར་ཞེན་པའི་རོ་མྱང་བ་མེད་པ་དང་བཅུ་དྲུག་གི་བདག་ཉིད་ཅེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཁྱད་ཞུགས་པའི་ཉན་རང་དེ་དག་གི་ལམ་འདིར་དངོས་སུ་མ་བཤད་པའི་རྒྱུ་མཚན་ཡོད་དེ། ཉན་རང་གི་ལམ་ནི་ཇི་སྐད་བཤད་པའི་ཁྱད་པར་དང་བྲལ་བའི་སྒོ་ནས་བདེན་པར་མངོན་པར་ཞེན་པ་ལ་སོགས་པ་དང་བཅས་ཤིང་སྐྱེ་བའི་མཚན་ཉིད་ཀྱིས་གོ་སླ་བའི་ཕྱིར། སྨྲས་པ། །གང་ཞིག་སོས་ཀྱི་པདྨོའི་བཞིན་རས་ཀྱི། །སྤང་ལྗོངས་བུང་བའི་འདོད་པ་རྒྱས་བྱེད་ན། །མཐའ་བྲལ་ཆོས་ཚུལ་འདི་ཀོའི་ཚིག་དོན་གྱིས། །བློ་གསལ་ཡིད་ཀྱི་བརྟན་པ་ཅིས་མི་འཕྲོག །དེ་ལྟ་ན་ཡང་བྱང་ཕྱོགས་ཁ་བའི་ལྗོངས་། །རྒྱལ་བློན་དམ་པའི་དྲིན་ལས་ཐུབ་པའི་བསྟན། །དར་ཡང་སྔོན་བྱོན་མཁས་པའི་གསུང་རབ་ལས། །ཕྱི་རབས་རྨོངས་པའི་ཁ་ཟས་ཙམ་ལ་དགའ། །རང་རྒྱུད་དུག་གསུམ་གླང་པོ་མ་ཐུལ་ཀྱང་། །རྟོག་གེའི་མཚོན་ཆའི་འཁོར་ལོ་ཡོན་ཏན་གྱིས། །སྤྲས་ན་བཤུལ་རིང་ལམ་དེར་མ་ཕན་ཡང་། །ཚེ་འདི་རྨོངས་པའི་གྲལ་རིང་འགྲིམ་མི་དགོས། །མིག་སྨན་མདངས་ཀྱིས་གོས་པའི་གཉིས་སྐྱེས་དག །ཉི་བུའི་མཆེ་བར་སོང་བའི་ཕུང་པོ་ལྟར། །གྱུར་ཀྱང་སྙན་པའི་མིང་དང་མཐོན་པོའི་གདན། །འཛིན་འདི་རྒྱ་གར་མཁས་པའི་ལུགས་ལ་མེད། །དབུལ་པོས་འབྱོར་ལྡན་ཁྱིམ་གྱི་ནོར་བགྲང་ལྟར། །འཕགས་མཆོག་རྣམས་ཀྱི་ཡོན་ཏན་སྨྲ་བ་འདི། །དྲེད་པོ་ཆོས་རྒྱུས་མཁན་དུ་སོང་དོགས་ཀྱང་། །བླུན་པོའི་ཁྱུ་བརྡལ་མཐོང་ཚེ་སྤྲོ་བ་འཕེལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་བྱེད་མཚན་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཁྱད་པར་གྱི་མཚན་ཉིད་ཀྱིས་བྱང་སེམས་ཀྱི་སྦྱོར་བ་ཉན་རང་གི་དེ་ལས་ཁྱད་པར་དུ་འཕགས་པ་རྣམས་རྣམ་པར་
བཅད་པ་རྣམས་ཀྱི་བྱེད་པ་གང་ཡིན་ཞེ་ན། ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་བྱེད་པའི་མཚན་ཉིད་སྟོན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྦྱོར་བ་བཅུ་གཅིག་གི་ངོ་བོ་འདི་ནི་འཆད་ཚུལ་ཡོད་དེ། ཕན་དང་བདེ་དང་ཞེས་སོགས་ཀྱིས་འཆད་པའི་ཕྱིར། གསུམ་པ་ནི། བྱེད་ལས་གསུམ་ཡོད་དེ། འགྲོ་ཀུན་བདེ་བ་ལ་འགོད་པ་མེད་པ་མ་འོངས་པའི་ཕན་པ་དང་། ཅིག་ཤོས་ལས་བཟློག་པ་ཚེ་འདིའི་བདེ་བ་དང་། འཁོར་བ་ལས་སྐྱོབ་པ་སྡུག་བསྔལ་མེད་པའི་རྣམ་པར་སྨིན་པ་མ་ཡིན་པའི་ཆོས་ཉིད་ཉེ་བར་སྒྲུབ་པའི་དོན་གྱིས་གཞན་ལ་ཕན་པའི་བྱེད་པ་རྣམས་སུ་ཡོད་པའི་ཕྱིར། ལམ་ཤེས་པ་ཉིད་ཀྱི་སྦྱོར་བའི་བྱེད་པ་ལ་སྐྱབས་ལ་སོགས་པའི་བྱེད་པ་བདུན་ཡོད་དེ། གཏན་དུ་ཕན་པ་མྱང་འདས་ལ་འགོད་པ་དང་། སྡུག་བསྔལ་གྱི་རྒྱུ་བཟློག་པ་གནས་དང་། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པ་དཔུང་གཉེན་དང་ཆུས་བསྐོར་བའི་སྐམ་དང་ཆོས་མཐུན་པར་སྲིད་པའི་རླན་དང་བྲལ་བའི་ཐར་པ་ལ་འགོད་པའི་རང་དང་གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོ་གླིང་གི་བྱེད་པ་དང་། གནས་སྐབས་དང་མཐའི་གཞན་གྱི་དོན་ཉེ་བར་སྒྲུབ་པ་ཡོངས་འདྲེན་གྱི་བྱེད་པ་དང་། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འཇུག་པའི་བྱེད་པ་དང་། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ཞེས་བྱ་བ་འདི་རྣམས་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྒྲུབ་པའི་དོན་གྱིས་དེ་ལྟར་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་ལ་ནི་གདུལ་བྱའི་རྟེན་གྱི་མཛད་པ་གཅིག་ཡོད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཆོས་ཐམས་ཅད་གདུལ་བྱ་ལ་སྟོན་པ་ཉེ་བར་སྒྲུབ་པའི་དོན་གྱིས་དེ་ལྟར་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། བྱེད་པའི་རྣམ་པ་བཅུ་གཅིག་གིས་
བསྡུས་པའི་སེམས་དཔའི་ཡེ་ཤེས་དག་གིས་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པར་བྱེད་པས་ན་བྱེད་པའི་མཚན་ཉིད་ཡིན་ཏེ། སྔར་བཤད་ཟིན་པ་དེའི་ཕྱིར། བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། བྱེད་པའི་མཚན་ཉིད་ཀྱིས་མཁྱེན་གསུམ་སྦྱོར་བའི་བྱེད་ལས་ཤེས་པར་བྱས་པ་རྣམས་ཀྱི་མཚན་གཞི་དང་མཚོན་བྱའི་ངོ་བོ་གང་ཞེ་ན། ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུམ་གྱིས་ངོ་བོ་ཉིད་ཀྱི་མཚན་ཉིད་འཆད་པའི་ཕྱིར། གཉིས་པ་ནི། མཁྱེན་གསུམ་སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ནི་ཆོས་ཅན། ཁྱོད་མཚན་ཉིད་བཞི་པར་བཞེད་པ་ཡིན་ཏེ། མཚན་གཞི་དང་མཚོན་བྱ་ལྟ་བུར་མཚོན་པའི་ཕྱིར། གསུམ་པ་ལ། སོ་སོར་བཤད་པ་དང་། དོན་བསྡུས་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སེམས་པའི་རྒྱུད་ཀྱི་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་ཉོན་སྒྲིབ་ཅི་རིགས་པས་དབེན་པའི་ངོ་བོ་ཉིད་བཞི་ཡོད་དེ། འདོད་ཆགས་ལ་སོགས་པའི་ཉོན་མོངས། དེའི་རྟགས། ལུས་ཀྱི་གནས་ངན་ལེན། དེའི་མཚན་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་དང་། འདོད་ཆགས་སོགས་མི་མཐུན་པའི་ཕྱོགས་དང་། འདོད་ཆགས་མེད་པ་ལ་སོགས་པ་གཉེན་པོའི་ཕྱོགས་དག་བླང་དོར་གྱི་རྣམ་རྟོག་སྟོང་པ་ཉིད་ཀྱིས་ཁྱད་པར་དུ་སྦྱོར་བའི་ཕྱིར། ལམ་ཤེས་པ་ཉིད་ཀྱི་སྦྱོར་བའི་ངོ་བོ་ཉིད་ཆོས་ཅན། ལྔ་ཡོད་དེ། དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་འདའ་བར་དཀའ་བ་སྒྲུབ་པའི་སྦྱོར་བ་དང་། ཐེག་པ་གཞན་དུ་མི་ལྟུང་བའི་མཚན་ཉིད་ཀྱིས་མཐའ་གཅིག་ཏུ་འཚང་རྒྱ་བར་ངེས་པ་སྒྲུབ་པའི་སྦྱོར་བ་དང་། ཡུན་རིང་པོ་ནས་བསྒྲུབ་པར་བྱ་བ་མཆོག་ཉིད་ཀྱི་ཆེད་དུ་བྱ་བ་ཆེན་པོ་གསུམ་སྒྲུབ་པའི་སྦྱོར་བ་དང་། བསྒོམ་པར་བྱ་བ་དང་། སྒོམ་པ་པོའི་ཆོས་དོན་དམ་པར་མི་དམིགས་པར་
རྟོགས་པའི་སྦྱོར་བ་དང་། བདེན་གྲུབ་ཀྱི་དངོས་པོར་མངོན་པར་ཞེན་པ་མཐའ་དག་བཀག་པའི་སྦྱོར་བ་ཞེས་བྱ་བ་དེ་ལྟ་བུའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བའི་ངོ་བོ་ཉིད་ནི་ཆོས་ཅན། ཁྱོད་ལ་བདུན་ཡོད་དེ། ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ཀྱིས་ཡུལ་དུ་བསྡུས་པའི་དངོས་པོའི་ཁྱད་པར་གཞི་ལམ་ལ་དམིགས་པ་དང་། འཇིག་རྟེན་གྱི་སྒྲུབ་པའི་འཛིན་པ་དངོས་པོ་བདེན་པར་ཞེན་པ་དང་། དངོས་མེད་ལ་བདེན་པར་ཞེན་པ་ལ་སོགས་པ་ལས་བཟློག་སྟེ་བསྟན་པས་བྱིས་པ་དང་མི་མཐུན་པ་དང་། གཟུགས་ལ་སོགས་པ་ཐོགས་པ་མེད་པར་ཤེས་པ་དང་། ཤེས་བྱ་དང་ཤེས་པ་དོན་དམ་པར་མི་དམིགས་པས་འཁྲུལ་གཞི་བདེན་པར་ཞེན་པ་མེད་པ་དང་། བདེན་པས་སྟོང་པ་དེ་བཞིན་ཉིད་ཀྱིས་དོན་དམ་པར་གང་དུ་ཡང་འགྲོ་བ་མེད་པ་དང་། གཟུགས་ལ་སོགས་པ་དོན་དམ་པར་ངོ་བོ་ཉིད་མེད་པས་སྐྱེ་བ་མེད་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀ་ལ་སོགས་པ་གསུམ་གྱི་ངོ་བོ་དེ་བཞིན་ཉིད་དོན་དམ་པར་མི་དམིགས་པར་རྟོགས་པའི་སྦྱོར་བ་དེ་ལྟ་བུ་དག་ཡོད་པའི་ཕྱིར། གཉིས་པ་ནི། དེ་ལྟར་ན་དེ་རྣམས་མཚན་ཉིད་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་དེ། སྔར་བཤད་པ་དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གིས་མེ་དང་ཚ་བ་ལྟར། ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་ཤེས་ཁྱད་བྱེད་པ་གསུམ་གྱི་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པའི་ཕྱིར། གསུམ་པ་གྲངས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། སྦྱོར་བའི་མཚན་ཉིད་རྣམས་སྤྱིར་ཕྱོགས་གཅིག་ཏུ་བསྡོམས་ན་ནི། མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་འགྱུར་ཏེ། སྔར་བཤད་ཟིན་པ་དེ་ལྟར་ཡིན་པའི་ཕྱིར།