Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 expand section
 expand section
 expand section
 expand section
 collapse section
གནས་ལྔ་པ་ཕྲ་རྒྱས་བསྟན་པ།
  
  
  
  
  
  
 expand section
 expand section
 expand section
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousགནས་ལྔ་པ་ཕྲ་རྒྱས་བསྟན་པ།next

གནས་ལྔ་པ་ཕྲ་རྒྱས་བསྟན་པ།


GLG014_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཡོན་ཏན་རབ་ཏུ་མངའ་བའི་དྲི་བསུང་དག །ཆོས་སྐུའི་མ་ལ་ཡ་ཡི་སྐྱེད་མོས་ཚལ་ནས་གཅིག་ཏུ་འདྲེན་མཁས་པའི། །ཟས་གཙང་སྲས་པོའི་སྙིང་སྟོབས་དྲི་བཞོན་མཆོག་གི་བྱེད་པོས་སྐལ་བཟང་འགྲོའི། །སྙིང་ལ་ག་བུར་རེག་བྱ་དང་མཚུངས་བདེ་བ་སྩོལ་ཕྱིར་ཕྱག་གི་ཡུལ། །ཕུལ་བྱུང་བློ་གྲོས་གསེར་སྐྱོགས་ཀྱིས། །རྒྱལ་གསུང་བདུད་རྩིའི་བུམ་བཟང་ནས། །བཅུས་པའི་བདུད་རྩིས་གངས་ཅན་པ། །ངལ་སོར་གྱུར་ཅེས་གྲགས་པ་འབར། །ཐོབ་བྱའི་གཙོར་གྱུར་དཀོན་མཆོག་གི ། མཐར་ཐུག་མི་གནས་མྱང་འདས་ཆོས། །འགྲོ་ལ་འཕེལ་བའི་བྱེད་པོ་པ། །ཡོངས་འཛིན་བླ་མའི་ཞལ་ལུང་ལྟར། །སྔར་བཤད་ལས་ཀྱི་ཀུན་འབྱུང་དེ། །མ་ལུས་སྐྱེད་པར་བྱེད་པ་ཡི། །ཉོན་མོངས་ཀུན་འབྱུང་རྣམ་གཞག་དག །འཆད་ཀྱི་ཤེས་ལྡན་རྣ་བ་ཉོན། གཉིས་པ་ཉོན་མོངས་པའི་ཀུན་འབྱུང་བཤད་པ་ལ། སྤང་བྱ་ཕྲ་རྒྱས་ཉོན་མོངས་བཤད། སྤོང་བྱེད་གཉེན་པོ་བཤད། སྤངས་པའི་འབྲས་བུ་ཡོངས་ཤེས་བསྟན་པ་དང་གསུམ། དང་པོ་ལ། དབྱེ་བ། སྐྱེ་ཚུལ། རྣམ་གྲངས་དང་གསུམ། དང་པོ་ལ། ངོ་བོའི་སྒོ་ནས་དབྱེ་བ། རྣམ་པའི་སྒོ་ནས་དབྱེ་བ། བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། སྤྱིར་བསྟན་པ། ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་བཤད་པ་དང་གཉིས། དང་པོ་ལ། རྩ་བའི་སྒོ་ནས་དབྱེ་བ། ཡན་ལག་གི་སྒོ་ནས་དབྱེ་བ། གཉེན་པོའི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་


GLG014_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་པ་གཉིས། དང་པོ་ནི། ཕྲ་རྒྱས་དེ་དག་ཀྱང་ཆོས་ཅན། དྲུག་ཏུ་ཡོད་དེ། འདོད་ཆགས་དང་། དེ་བཞིན་དུ་ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཡང་དག་པ་མ་ཡིན་པའི་ལྟ་བ་དང་། ཐེ་ཚོམ་སྟེ་དྲུག་ཏུ་ཡོད་པའི་ཕྱིར། དྲུག་པོ་དེ་ཆོས་ཅན། སྲིད་པའི་རྩ་བ་ཞེས་བྱ་སྟེ། འཁོར་བའི་རྩ་བ་ཡིན་པའི་ཕྱིར། དེ་དྲུག་ཀྱང་ཆོས་ཅན། བདུན་དུ་བཤད་ཚུལ་ཡང་ཡོད་དེ། འདོད་ཆགས་ལ་འདོད་པའི་འདོད་ཆགས་དང་། སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་དེ་ལྟར་འབྱུང་བའི་ཕྱིར། ཁམས་གོང་མ་གཉིས་ལས་སྐྱེས་པའི་འདོད་ཆགས་ཆོས་ཅན། སྲིད་པའི་འདོད་ཆགས་ཞེས་བཤད་པ་ལ་རྒྱུ་མཚན་ཡོད་དེ། ཕལ་ཆེར་སྙོམས་འཇུག་ལ་ཆགས་ཤིང་། ཁ་ནི་ནང་དུ་བལྟས་པའི་ཕྱིར། དེ་ལྟར་བཤད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཁམས་གོང་མ་གཉིས་ལ་ཐར་པ་ཡིན་པའི་འདུ་ཤེས་བཟློག་པར་བྱ་བའི་ཕྱིར་དུ་དེ་ལྟར་བཤད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཕྲ་རྒྱས་ཡིན་ན། གང་ཞིག་ཀུན་ལ་ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་མུན་པ་ཡིན་པས་ཁྱབ། དེ་ཡིན་ན། གནས་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་མུན་པ་ཡིན་པས་ཁྱབ་ཟེར་ན། སྲིད་པའི་རྩ་བ་ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ཕྲ་རྒྱས་སེམས་བྱུང་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། གནས་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་མུན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མུན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སྣང་མུན་གཉིས་གཟུགས་ཀྱི་དབྱེ་བའི་ཡ་གྱལ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཟུགས་མ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར་ཏེ། སེམས་བྱུང་ཡིན་པའི་ཕྱིར། ཁ་ཅིགའདིར་བསྟན་ཕྲ་རྒྱས་ཡིན་ན་སྒོམ་སྤང་ཡིན་པས་ཁྱབ་ཟེར་ན། མཐོང་སྤང་དུ་གྱུར་པའི་འཇིག་ལྟ་ཆོས་ཅན། དེར་ཐལ། དེའི་ཕྱིར།


GLG014_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་འཇིག་ལྟ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། གཉིས་པ་ནི། ཕྲ་རྒྱས་ཆོས་ཅན། ཁྱོད་ལ་ནང་ཚན་གྱི་སྒོ་ནས་དབྱེ་ན་བཅུ་ཡོད་དེ། ལྟ་བ་ལྔ། ལྟ་མིན་ལྔ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དང་། ལོག་ལྟ་དང་། མཐར་འཛིན་ལྟ་བ་དང་། ལྟ་བ་མཆོག་འཛིན་དག་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལ། དངོས་དང་། གཉེན་པོས་སྤང་བྱ་སྤོང་ཚུལ་གཉིས། དང་པོ་ལ། འདོད་པ། གཟུགས། གཟུགས་མེད་ཀྱི་སས་བསྡུས་པའི་སྤང་བྱ་དང་གསུམ། དང་པོ་ལ། མཐོང་སྤང་དང་། བསྒོམ་སྤང་གཉིས། དང་པོ་ནི། འདོད་པ་ན་ཕྲ་རྒྱས་སུམ་ཅུ་རྩ་དྲུག་ཡོད་དེ། སྡུག་བསྔལ་མཐོང་སྤང་ལ་བཅུ། ཀུན་འབྱུང་དང་། འགོག་པ་ལ་འཇིག་ལྟ། མཐར་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་གསུམ་མ་གཏོགས་པའི་བདུན་བདུན། ལམ་མཐོང་སྤང་ལ་འཇིག་ལྟ་དང་མཐར་ལྟ་གཉིས་མ་གཏོགས་པའི་བརྒྱད། སྒོམ་སྤང་ལ་བཞི་རྣམས་སུ་ཡོད་པའི་ཕྱིར། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་སྤང་དང་། ལ་སོགས་པ་ཀུན་འབྱུང་མཐོང་སྤང་རྣམས་སྤོང་བྱེད་ཡོད་དེ། མཐོང་བའི་ལམ་གྱིས་རིམ་པ་བཞིན་དུ་སྤོང་བའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་བཞི་ནི་ཆོས་ཅན། བསྒོམས་པས་སྤང་བར་བྱ་བ་ཡིན་ཏེ། བདེན་པ་མཐོང་ཟིན་ཕྱིས་གོམས་པར་བྱས་ནས་སྤོང་བའི་ཕྱིར། གཉིས་པ་ལ། ཁ་ཅིག །སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཕྲ་རྒྱས་ཡིན་ན། དེ་དག་བཅུ་དང་བདུན་བདུན་བརྒྱད། །ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཕྲ་རྒྱས་ཡིན་པས་ཁྱབ་ཟེར་ན། བཞི་ནི་བསྒོམས་པས་སྤང་བྱ་ཡིན། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཕྲ་རྒྱས་ཆོས་ཅན། དེར་ཐལ།


GLG014_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཕྲ་རྒྱས་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་དུ་གྱུར་པའི་ཕྲ་རྒྱས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེ་དག་བཅུ་དང་ཞེས་པ་འདིས་འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་མཐོང་སྤང་བཅུ་པོ་དེ་དངོས་སུ་བསྟན། བདུན་བདུན་ཞེས་པའི་དང་པོས་འདོད་པའི་སས་བསྡུས་ཀྱི་ཀུན་འབྱུང་དང་། ཕྱི་མས་འགོག་པ་མཐོང་སྤང་བསྟན། བརྒྱད་ཅེས་པས་དེའི་སས་བསྡུས་ཀྱི་ལམ་མཐོང་སྤང་བརྒྱད་པོ་དེ་བསྟན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མཐོང་སྤང་མ་ཡིན་པར་ཐལ། སྒོམ་སྤང་ཡིན་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །སྒོམ་སྤངས་སུ་གྱུར་པའི་ཕྲ་རྒྱས་ཡིན་ན། བཞི་ནི་སྒོམ་པས་སྤང་བྱ་ཡིན། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཕྲ་རྒྱས་ཡིན་པས་ཁྱབ་ཟེར་ན། གཟུགས་ཀྱི་སས་བསྡུས་ཀྱི་འདོད་ཆགས་ལྷན་སྐྱེས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། གཟུགས་ཀྱི་སས་བསྡུས་ཀྱི་འདོོད་ཆགས་ལྷན་སྐྱེས། ང་རྒྱལ་ལྷན་སྐྱེས་མ་རིག་པ་ལྷན་སྐྱེས་གསུམ་ག་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་དུ་གྱུར་པའི་ཕྲ་རྒྱས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། བཞི་ནི་སྒོམ་པས་ཞེས་སོགས་ཀྱིས་འདོད་པའི་སས་བསྡུས་ཀྱི་བསྒོམས་སྤང་ཕྲ་རྒྱས་དངོས་སུ་བསྟན་པའི་ཕྱིར། དེར་ཐལ། ཁམས་གོང་གི་སས་བསྡུས་ཀྱི་དེ་བཞི་མེད་པའི་ཕྱིར། དེར་ཐལ། དེ་འདྲའི་ཁོང་ཁྲོ་མེད་པའི་ཕྱིར། དེར་ཐལ། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། ཅེས་གསུངས་པའི་ཕྱིར། ཁ་ཅིག །མཐོང་སྤང་དུ་གྱུར་པའི་ཕྲ་རྒྱས་ཡིན་ན། ངེས་པར་མཐོང་ལམ་བར་ཆད་མེད་ལམ་གྱིས་སྤོང་དགོས་པས་ཁྱབ་ཟེར་ན། ཅི་ཡང་མེད་པའི་སས་བསྡུས་ཀྱི་མཐོང་སྤང་དུ་གྱུར་པའི་ཕྲ་རྒྱས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་


GLG014_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན། དེ་ཆོས་ཅན། ཁྱོད་ངེས་པར་མཐོང་ལམ་བར་ཆད་མེད་ལམ་གྱིས་སྤོང་མི་དགོས་པར་ཐལ། ཁྱོད་སྤོང་བར་བྱེད་པའི་འཇིག་རྟེན་པའི་སྒོམ་ལམ་ཡོད་པའི་ཕྱིར། དེ་དེར་ཐལ། སྲིད་རྩེའི་ལྷག་མ་ཅི་ཡང་མེད་ནས་འདོད་པའི་བར་གྱི་མཐོང་སྤང་དུ་གྱུར་པའི་ཕྲ་རྒྱས་སྤོང་བར་བྱེད་པའི་འཇིག་རྟེན་པའི་སྒོམ་ལམ་དང་མཐོང་ལམ་གཉིས་ཀ་ཡོད་པའི་ཕྱིར། དེར་ཐལ། ལྷན་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། གཟུགས་ཁམས་ན་སྤྱོད་པའི་ཕྲ་རྒྱས་སུམ་ཅུ་རྩ་གཅིག་ཡོད་དེ། ཁོང་ཁྲོ་ལྔ་མ་གཏོགས་པའི་སོ་གཅིག་པོ་དེ་དག་ཉིད་ཡོད་པའི་ཕྱིར། གསུམ་པ་ནི། གཟུགས་མེད་ནའང་དེ་ཡོད་དེ། གཟུགས་ཁམས་དང་འདྲ་བར་སོ་གཅིག་ཡོད་པའི་ཕྱིར། དེ་ལྟར་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དུ་འདོད་དེ། མཐོང་སྤང་བརྒྱད་ཅུ་གྱ་བརྒྱད་དང་། སྒོམ་སྤང་བཅུ་ཡོད་པའི་ཕྱིར། གཉིས་པ་ནི། སྲིད་རྩེ་ལས་སྐྱེས་པའི་སྤང་བྱ་བཟོད་པ་ཡིས་གཞོམ་བྱ་ཡིན་པའི་ཕྲ་རྒྱས་ཆོས་ཅན། མཐོང་བས་སྤང་བྱ་ཉིད་ཡིན་ཏེ། བདེན་པ་མངོན་དུ་མཐོང་ཙམ་གྱིས་སྤོང་བའི་ཕྱིར། ས་ལྷག་མ་ལས་སྐྱེས་པའི་ཕྲ་རྒྱས་ཆོས་ཅན། མཐོང་སྒོམ་གཉིས་ཀྱིས་སྤང་བར་བྱ་བ་ཡིན་ཏེ། འདས་ལམ་ལ་བརྟེན་ན་མཐོང་ལམ་གྱིས་སྤོང་། འཇིག་རྟེན་པའི་ལམ་ལ་བརྟེན་པའི་ཚེ་སྒོམ་ལམ་གྱིས་སྤོང་བའི་ཕྱིར། བཟོད་པས་གཞོམ་བྱ་མ་ཡིན་པའི་ཕྲ་རྒྱས་ཆོས་ཅན། སྒོམ་ལམ་ཁོ་ནས་སྤང་བར་བྱ་བ་ཡིན་ཏེ། བདེན་པ་མཐོང་ཟིན་གྱི་སྒོམ་པས་སྤོང་དགོས་པའི་ཕྱིར། གཉིས་པ་ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་བཤད་པ་ལ། ལྟ་བ་བཤད་པ། ང་རྒྱལ་བཤད་པ་གཉིས། དང་པོ་ལ། དངོས་དང་། དོགས་དཔྱོད་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ལྟ་བ་ལྔའི་ངོ་བོ་ཡོད་དེ། ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གི་བར་ལྟ་བ་དེ་འཇིག་ལྟ་དང་། དེ་ལ་དམིགས་ནས་རྟག་ཆད་གང་རུང་དུ་འཛིན་པ་མཐར་འཛིན་དང་། ལས་རྒྱུ་འབྲས་མེད་པར་འཛིན་པ་ལོག་ལྟ་དང་། དམན་པ་ལ་དམིགས་ནས་མཆོག་ཏུ་འཛིན་པ་མཆོག་ལྟ་


GLG014_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དབང་ཕྱུག་སོགས་སྣོད་བཅུད་ཀྱི་རྒྱུ་མ་ཡིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་སོགས་ལམ་མ་ཡིན་པ་ལ་རྒྱུ་དང་ལམ་དེར་ལྟ་བ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཏེ། དེ་དག་ལ་ལྟ་བ་ལྔ་ཞེས་བྱ་བ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ཡིན་ན། སྡུག་བསྔལ་མཐོང་སྤང་ཡིན་པས་ཁྱབ་ཟེར་ན། ལམ་མཐོང་སྤང་དུ་གྱུར་པའི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ལམ་མཐོང་སྤང་དེ་ལ་འཇིག་ལྟ། མཐར་འཛིན་གྱི་ལྟ་བ་རྣམས་མ་གཏོགས་པའི་ལྷག་མ་གསུམ་དང་། ལྟ་མིན་ལྔ་སྟེ་བརྒྱད་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། ལམ་མཐོང་སྤང་ཡིན་པའི་ཕྱིར། ཁ་ཅིག །འདིར་བསྟན་ཕྲ་རྒྱས་ཡིན་ན། འདིར་བསྟན་ཀུན་འགྲོ་ཡིན་པས་ཁྱབ་ཟེར་ན། འདོད་པའི་སས་བསྡུས་ཀྱི་བསྒོམས་སྤང་དུ་གྱུར་པའི་ཁོང་ཁྲོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང་། གང་དེ་ལྷན་ཅིག་མ་འདྲེས་ཡིན། །མ་རིག་གང་ཡིན་ཀུན་ཏུ་འགྲོ །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཀུན་འགྲོ་བཅུ་གཅིག་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མཐོང་སྤང་དུ་གྱུར་པའི་ཕྲ་རྒྱས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག་སྡུག་བསྔལ་མཐོང་སྤང་དང་ཀུན་འབྱུང་མཐོང་སྤང་གང་རུང་ཡིན་ན། འདིར་བསྟན་ཀུན་འགྲོ་ཡིན་པས་ཁྱབ་ཟེར་ན། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་ཁོང་ཁྲོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སྡུག་བསྔལ་མཐོང་སྤང་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། དེར་ཐལ། སྡུག་བསྔལ་མཐོང་སྤང་དེ་ལ་ལྟ་མིན་ལྔ་དང་ལྟ་བ་ལྔ་སྟེ་བཅུ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་


GLG014_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གཞུང་གོང་མའི་སྐབས་ནས་དངོས་སུ་བསྟན་པའི་ཀུན་འགྲོ་བཅུ་གཅིག་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཉོན་མོངས་ཅན་གྱི་ལྟ་བ་དང་། ཐེ་ཚོམ་ཉོན་མོངས་ཅན་དང་། མ་རིག་པ་གསུམ་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ལམ་མཐོང་སྤང་ཡིན་ན། ལམ་བདེན་ལ་དམིགས་པས་ཁྱབ། འགོག་པ་མཐོང་སྤང་ཡིན་ན། འགོག་བདེན་ལ་དམིགས་པས་ཁྱབ་ཟེར་ན། ལམ་མཐོང་སྤང་དུ་གྱུར་པའི་འདོད་ཆགས། ཞེ་སྡང་། ང་རྒྱལ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ། ལྟ་བ་མཆོག་འཛིན་གྱི་ལྟ་བ་ལྔ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཟག་མེད་ལ་དམིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་དམིགས་པར་ཐལ། དེ་རེ་རེ་ནས་མ་དམིགས་པའི་ཕྱིར། དང་པོ་དེར་ཐལ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལ་དམིགས་པ་གང་ཞིག །དེ་སྤང་བྱ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། གནོད་བྱེད་ལ་དམིགས་པ་གང་ཞིག །ལམ་བདེན་གྱིས་གནོད་པ་མེད་པའི་ཕྱིར། གསུམ་པ་དེར་ཐལ། དེར་གྱུར་པའི་ང་རྒྱལ་དེ། ཟག་བཅས་ལ་དམིགས་པ་གང་ཞིག །ལམ་བདེན་དེས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཉེ་བར་ཞི་བར་བྱེད་པའི་ཕྱིར། བཞི་པ་དེར་ཐལ། དེས་དག་གྲོལ་མ་ཡིན་པ་ལ་དག་གྲོལ་དུ་དམིགས་པ་གང་ཞིག །ལམ་བདེན་དག་གྲོལ་ཡིན་པའི་ཕྱིར། ལྔ་པ་མ་གྲུབ་ན། དེ་འདྲའི་ལྟ་བ་དེས་ཟག་མེད་ལ་དམིགས་པར་ཐལ། དེས་ལྟ་བ་མཆོག་མ་ཡིན་པ་ལ་མཆོག་ཏུ་དམིགས་པ་གང་ཞིག །ལམ་བདེན་དེ་མཆོག་ཡིན་པའི་ཕྱིར། གཉིས་པ་ནི། དབང་ཕྱུག་དང་སྐྱེ་དགུའི་བདག་པོ་སོགས་འཇིག་རྟེན་གྱི་རྒྱུར་མངོན་པར་ཞེན་པ་དེ་ཆོས་ཅན། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་ཏེ། རྟག་པ་དང་། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་པ་ཡིས་རབ་ཏུ་འཇུག་པས་དེར་བཞག་པའི་ཕྱིར། གཙང་བདེ་རྟག་བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་བཞི་ཡོད་དེ། འཇིག་ལྟ། རྟག་པའི་མཐར་ལྟ། ལྟ་བ་མཆོག་འཛིན་གསུམ་ལས་ཕྱིན་ཅི་ལོག་དེ་དག་འབྱུང་བའི་ཕྱིར། དེ་ལྟར་
བཞག་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོག་པའི་ཕྱིར་དང་། སྒྲོ་འདོགས་པས་དེ་ལྟར་བཞག་པའི་ཕྱིར། སེམས་ཕྱིན་ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་འདིར་དངོས་སུ་མ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། ལྟ་བ་ཕྱིན་ཅི་ལོག་དེའི་དབང་གིས་དེ་གཉིས་ཀྱང་འབྱུང་བས་མ་བསྟན་པའི་ཕྱིར།

ང་རྒྱལ་དབྱེ་བ་སོགས་བཤད་པ།


GLG014_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། ང་རྒྱལ་གྱི་དབྱེ་བ་དང་། དོགས་དཔྱོད་གཉིས། དང་པོ་ནི། ང་རྒྱལ་ཆོས་ཅན། བདུན་དུ་ཡོད་དེ། མཉམ་མོ་མཉམ་པའི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་རྣམས་སུ་ཡོད་པའི་ཕྱིར། འོ་ན། བསྟན་བཅོས་ལས། བདག་མཆོག་ཡིན་ནོ། །བདག་དང་མཉམ་པ་ཡིན་ནོ། །བདག་ཅུང་ཟད་དམན་པ་ཡིན་ནོ་སྙམ་པ་གསུམ་དང་། བདག་པས་མཆོག་ཡོད་དེ། །བདག་དང་མཉམ་པ་ཡོད་དེ། །བདག་པས་དམན་པ་ཡོད་དེ་སྙམ་པ་གསུམ། བདག་པས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ་སྙམ་པ་གསུམ་སྟེ་དགུ་གསུངས་པ་དང་འགལ་ལམ་སྙམ་ན་མི་འགལ་ཏེ་དགུ་པོ་ནི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་གསུམ་གྱིས་བསྡུས་པའི་ཕྱིར། །གཉིས་པ་ནི། ང་རྒྱལ་ཆོས་ཅན། གཉེན་པོ་ཡོད་དེ། མཐོང་ལམ་དང་སྒོམ་ལམ་གྱིས་ཟད་པར་བྱ་བ་ཡིན་པའི་ཕྱིར། སྒོམ་པས་སྤང་བར་བྱ་བ་ནི་ཆོས་ཅན། དུ་མ་ཡོད་དེ། གསོད་པ་ནས། སོགས་པས་རྫུན་དུ་སྨྲ་བའི་བར་གྱི་ཀུན་དཀྲིས་རྣམས་སུ་ཡོད་པའི་ཕྱིར། དེ་བཞིན་དུ་འཇིག་པའི་སྲེད་པ་དང་། སྐྱེ་བའི་སྲེད་པ་ཆོས་ཅན། སྒོམ་སྤང་ཡིན་ཏེ། གཉེན་པོ་སྒོམ་ལམ་གྱིས་གཞོམ་པར་བྱ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འཕགས་པ་ལ་ང་རྒྱལ་གྱི་རྣམ་པ་སོགས་ངའོ་སྙམ་པ་དང་། འཇིག་སྲེད་སོགས་མི་འབྱུང་སྟེ། དེ་ལ་ལོག་ལྟ་སོགས་མི་འབྱུང་བའི་ཕྱིར། ཁྱབ་སྟེ། དེ་དག་ནི་ལོག་ལྟ་དང་འཇིགས་ཚོགས་ལ་ལྟ་བ་ལས་རྒྱས་པར་འགྱུར་བའི་ཕྱིར་རོ། །འཕགས་པ་ལ་འགྱོད་པ་མི་དགེ་བའང་མི་


GLG014_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་སྟེ། དེ་ལ་ཐེ་ཚོམ་ཉོན་མོངས་ཅན་མི་འབྱུང་བའི་ཕྱིར། །གཉིས་པ་རྣམ་པའི་སྒོ་ནས་དབྱེ་བ་ལ། ཀུན་འགྲོ་ཡིན་མིན་གྱི་སྒོ་ནས། ཟག་མེད་ལ་དམིགས་མ་དམིགས་ཀྱི་སྒོ་ནས། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས། མི་དགེ་བ་དང་ལུང་མ་བསྟན་གྱི་སྒོ་ནས། དུས་གསུམ་ལ་ཕྲ་རྒྱས་ལྡན་ཚུལ་གྱི་སྒོ་ནས་དབྱེ་བ་དང་ལྔ། དང་པོ་ནི། ཤེས་བྱ་ཆོས་ཅན། ཕྲ་རྒྱས་ཀུན་འགྲོ་དེ་ལ་བཅུ་གཅིག་ཡོད་དེ། སྡུག་བསྔལ་མཐོང་སྤང་གི་ལྟ་བ་ལྔ་དང་། རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལོག་ལྟ་དང་ལྟ་བ་མཆོག་འཛིན་གཉིས་སྟེ་ལྟ་བ་བདུན་དང་། གང་དེ་དག་དང་ལྷན་ཅིག་ཏུ་མ་འདྲེས་པའི་མ་རིག་པ་གང་ཡིན་པ་རྣམས་སྐལ་བ་མཉམ་པའི་ཁམས་ཀུན་དུ་འགྲོ་བའི་ཕྱིར། བཅུ་གཅིག་པོ་དེ་དག་ལས་དགུས་ཁམས་གོང་མ་ལ་དམིགས་ཏེ། འཇིག་ལྟ་དང་མཐར་ལྟ་གཉིས་པོ་མ་གཏོགས་པས་དེ་ལ་དམིགས་པའི་ཕྱིར། དེ་དག་དང་ནི་ལྷན་ཅིག་ཏུ་འབྱུང་བའི་སེམས་སེམས་བྱུང་གང་ཡིན་པ་དེ་ཡང་ཆོས་ཅན། ཀུན་ཏུ་འགྲོ་བ་ཡིན་ཏེ། རྒྱུ་མཚན་སྔར་བཤད་པ་དེའི་ཕྱིར། ཐོབ་པ་ནི་ཀུན་འགྲོར་མ་གཏོགས་སོ། །འགོག་པ་མཐོང་སྤང་དང་ལམ་མཐོང་སྤང་གཉིས་ཆོས་ཅན། ཀུན་འགྲོ་མ་ཡིན་ཏེ། སྤང་བྱ་རིགས་ལྔ་ལ་དམིགས་པའི་ཕྱིར། གཉིས་པ་ལ། ཟག་མེད་ལ་དམིགས་པ་དང་། མ་དམིགས་པའི་ཉོན་མོངས་པ་གཉིས་ལས། དང་པོ་ནི། འགོག་མཐོང་བས་སྤང་བར་བྱ་བས་ལོག་ལྟ་དང་ཐེ་ཚོམ་དང་། དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་དང་། འབའ་ཞིག་སྟེ་མ་འདྲེས་པའི་མ་རིག་པ་དང་དྲུག་ནི་ཆོས་ཅན། ཟག་པ་མེད་པའི་སྤྱོད་ཡུལ་ཅན་ཡིན་ཏེ། རང་གི་ས་པའི་འགོག་པ་དང་ལམ་ལ་དམིགས་པའི་ཕྱིར། དེ་ལྟར་དམིགས་ཏེ། བསམ་གཏན་ས་དྲུག །གཟུགས་མེད་དང་པོ་གསུམ་ཉོན་མོངས་པའི་ས་དགུའི་སྤྱོད་ཡུལ་ཅན་གྱི་ལམ་ནི་ཕན་ཚུན་མཉམ་པ་དང་། ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། འདོད་ཆགས་


GLG014_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཟག་མེད་ལ་དམིགས་པ་མ་ཡིན་ཏེ། འདོད་ཆགས་སྤང་བྱ་ཡིན་པའི་ཕྱིར། ཞེ་སྡང་ཡང་འགོག་ལམ་ལ་དམིགས་པ་མ་ཡིན་ཏེ། དེ་གནོད་བྱེད་ལས་སྐྱེས། འགོག་ལམ་དེས་གནོད་པ་མི་བྱེད་པའི་ཕྱིར། ང་རྒྱལ་ཡང་འགོག་ལམ་ལ་དམིགས་པ་མ་ཡིན་ཏེ། དེ་ནི་མ་ཞི་བའི་རྣམ་པ་ལ་འཇུག་ལ། འགོག་ལམ་ཞི་བ་ཡིན་པའི་ཕྱིར། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཡང་ཟག་མེད་ལ་དམིགས་པ་མ་ཡིན་ཏེ། ཟག་མེད་ཡང་དག་པའི་དོན་དུ་དགོས་པའི་ཕྱིར། ལྟ་བ་མཆོག་འཛིན་ཡང་ཟག་མེད་ལ་དམིགས་པ་མ་ཡིན་ཏེ། དེ་ནི་དམན་པ་ལ་མཆོག་ཏུ་ལྟ་བ་ཡིན་ལ། ཟག་མེད་ནི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། གསུམ་པ་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་དབྱེ་བ་ནི། ཕྲ་རྒྱས་དེ་ལ་དམིགས་པའི་སྒོ་ནས་རྒྱས་འགྱུར་གཉིས་ཡོད་དེ། ཕྲ་རྒྱས་ཀུན་དུ་འགྲོ་བ་ནི། དམིགས་པའི་སྒོ་ནས་རང་གིས་ཐམས་ཅད་དུ་ནི་རྒྱས་པར་འགྱུར་བ་དང་། ཀུན་འགྲོ་མིན་པ་རྣམས་ནི་དམིགས་པའི་གོ་ནས་རང་རང་གི་རིས་སུ་རྒྱས་པར་འགྱུར་བའི་ཕྱིར། ཕྲ་རྒྱས་ཟག་མེད་ལ་དམིགས་པ་རྣམས་ནི་དམིགས་པའི་སྒོ་ནས་རྒྱས་འགྱུར་མ་ཡིན་ཏེ། དེས་དམིགས་པ་དེ་བདག་གིར་མ་བྱས་པའི་ཕྱིར། ཕྲ་རྒྱས་གོང་མའི་ཡུལ་ཅན་རྣམས་ནི་དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་ཏེ། གོང་ས་ནི་འོག་སའི་གཉེན་པོ་ཡིན་པའི་ཕྱིར། ཕྲ་རྒྱས་གང་ཞིག་སེམས་གང་དང་མཚུངས་པར་ལྡན་པ་དེ་ནི། དེར་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་ཏེ། དེ་དེ་དག་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། བཞི་པ་ལ་དབྱེ་བ་སྤྱིར་བསྟན་པ། དེ་དག་ཏུ་འཇོག་པའི་རྩ་བ་ངོས་གཟུང་བ། དྲི་ལན་གྱི་རྣམ་གཞག་གཏན་ལ་ཕབ་པ་དང་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཁམས་གོང་མའི་ཕྲ་རྒྱས་ཐམས་ཅད་ཆོས་ཅན། ལུང་མ་བསྟན་ཡིན་ཏེ། བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར། འདོད་པ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་གྱི་ལྟ་བ་དང་། དེ་དང་ལྷན་ཅིག་པའི་མ་རིག་པ་ཆོས་ཅན། ལུང་མ་བསྟན་ཡིན་ཏེ། རྒྱུ་མཚན་སྔར་


GLG014_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟར་ཡིན་པའི་ཕྱིར། གསུམ་པོ་དེའི་ལྷག་མར་གྱུར་པའི་ཕྲ་རྒྱས་རྣམས་ཆོས་ཅན། འདོད་པ་འདིར་མི་དགེ་བ་ཡིན་ཏེ། འདིར་རྣམ་པར་གནག་པའི་ངོ་བོར་ལུང་དུ་བསྟན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །འདོད་པའི་སས་བསྡུས་ཀྱི་ཕྲ་རྒྱས་ཡིན་ན། མི་དགེ་བ་ཡིན་པས་ཁྱབ་ཟེར་ན། འདོད་པའི་སས་བསྡུས་ཀྱི་འཇིག་ལྟ། མཐར་འཛིན་གྱི་ལྟ་བ། དེ་གཉིས་དང་མཚུངས་ལྡན་དུ་གྱུར་པའི་མ་རིག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མི་དགེ་བ་མ་ཡིན་པར་ཐལ། སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། དེ་གསུམ་པོ་ལུང་མ་བསྟན་ཡིན་ཞིང་། འདོད་པའི་སས་བསྡུས་ཀྱི་ཕྲ་རྒྱས་ལྷག་མ་རྣམས་མི་དགེ་བ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། ཁ་ཅིག །མི་དགེ་བའི་རྩ་བ་ཡིན་ན། མི་དགེ་བ་ཡིན་པས་ཁྱབ་ཟེར་ན། འདོད་པའི་སས་བསྡུས་ཀྱི་འདོད་པའི་སས་བསྡུས་ཀྱི་ལོག་ལྟ་དང་མཚུངས་ལྡན་དུ་གྱུར་པའི་མ་རིག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ།འདོད་པའི་སས་བསྡུས་ཀྱི་འདོད་ཆགས་དང་ཁོང་ཁྲོ་དང་འཇིག་ལྟ་མཐར་ལྟ་གཉིས་དང་། མཚུངས་ལྡན་དུ་གྱུར་པ་མ་གཏོགས་པའི་མ་རིག་པ་གསུམ་པོ་དེ་མི་དགེ་བའི་རྩ་བ་ཡིན་ཀྱང་མི་དགེ་བ་མ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། འདོད་ན་འདོད་ཆགས་ཁོང་ཁྲོ་དང་། །རྨོངས་རྣམས་མི་དགེའི་རྩ་བ་ཡིན། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། འདོད་པའི་ཉོན་མོངས་མི་དགེ་བ་དང་། ཁམས་གོང་གི་ཉོན་མོངས་པ་ལུང་མ་བསྟན་དུ་འཇོག་པའི་རྩ་བ་ངོས་གཟུང་བ་གཉིས། དང་པོ་ནི། འདོད་པ་ན་འདོད་ཆགས་དང་། ཁོང་ཁྲོ་དང་། ལྟ་བ་ལུང་མ་བསྟན་གཉིས་གཉིས་དང་མཚུངས་ལྡན་མ་གཏོགས་པའི་རྨོངས་པ་མ་རིག་པ་རྣམས་མི་དགེ་བའི་རྩ་བ་ཡིན་ཏེ། དེ་ན་དེ་རྣམས་རྩ་ཉོན་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཆེ་བའི་ལུགས་དང་། ཉི་འོག་པའི་ལུགས་གཉིས། དང་པོ་ནི། ལུང་མ་བསྟན་པའི་རྩ་བ་དེ་ནི་ཆོས་ཅན། གསུམ་ཡོད་དེ། སྲེད་པ་དང་། མ་རིག་པ་དང་། བློ་ཤེས་རབ་རྣམས་སུ་ཡོད་པའི་ཕྱིར། དེ་ལས་གཞན་


GLG014_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་དང་ང་རྒྱལ་གཉིས་རྩ་བ་མིན་ཏེ། ཐེ་ཚོམ་ནི་ཡུལ་ལ་རྣམ་པ་གཉིས་སུ་འཇུག །ང་རྒྱལ་ནི་མཐོན་པོར་འཇུག་པའི་ཕྱིར་ན་རྩ་བ་དང་ཆོས་མི་མཐུན་པའི་ཕྱིར། གཉིས་པ་ནི། ཉི་འོག་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ལུང་མ་བསྟན་གྱི་རྩ་བ་དེ་དག་ཆོས་ཅན། བཞི་ཡོད་དེ། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། རྨོངས་པ་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་དེ་ཡིན་པའི་རྒྱུ་མཚན་ཡོད་དེ། བསམ་གཏན་དེ་ལ་སྲེད་པ་དང་། ལྟ་བ་དང་། ང་རྒྱལ་གསུམ་ཤས་ཆེ་བ་དང་། དེ་ཡང་མ་རིག་པའི་དབང་ལས་འབྱུང་བའི་ཕྱིར། གསུམ་པ་དྲི་ལན་གྱི་རྣམ་བཞག་གཏན་ལ་དབབ་པ་ནི། དྲི་བ་ལུང་དུ་བསྟན་ཚུལ་དེ་ཆོས་ཅན། བཞི་ཡོད་དེ། མགོ་གཅིག་ཏུ་ལུང་དུ་བསྟན་པ་དང་། རྣམ་པར་ཕྱེ་སྟེ་ལུང་དུ་བསྟན་པ་དང་། དྲི་བས་ལུང་དུ་བསྟན་པ་དང་། གཞག་པར་ལུང་དུ་བསྟན་པ་རྣམས་སུ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དྲི་བ་བཞི་ཡོད་དེ། སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་པ་དང་། སྐྱེ་འམ་ཞེས་པ་དང་། མི་འདི་ཁྱད་པར་དུ་འཕགས་སམ་དམན་ཞེས་པ་དང་། བདག་ནི་ཕུང་པོ་ལས་གཞན་ཡིན་ནམ་མ་ཡིན་ཞེས་པ་རྣམས་ཡིན་པའི་ཕྱིར། དང་པོའི་ལན་ཡོད་དེ། མགོ་གཅིག་པའི་དྲི་བ་ཡིན་པས། སེམས་ཅན་སྐྱེས་ནས་འཆི་བ་ལས་མ་འདས་པས་འཆིའོ་ཞེས་མཐའ་གཅིག་ཏུ་ལུང་བསྟན་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། རྣམ་པར་ཕྱེ་ནས་ལུང་སྟོན་པའི་དྲི་བ་ཡིན་པས། །ཉོན་མོངས་རྣམས་སྐྱེ་བ། དེའི་ཅིག་ཤོས་ནི་མི་སྐྱེ་བོ་ཞེས་འཆད་པའི་ཕྱིར། གསུམ་པ་ཡོད་དེ། དྲིས་ནས་ལུང་བསྟན་པར་བྱ་བའི་དྲི་བ་ཡིན་པས། ལྷ་ལ་ལྟོས་ན་དམན་ལ། འགྲོ་བ་གཞན་ལ་ལྟོས་ནས་ཁྱད་པར་དུ་འཕགས་སོ་ཞེས་འཆད་པའི་ཕྱིར། བཞི་པ་ཡོད་དེ། ཕུང་པོ་རྣམས་ལ་བདག་དང་སེམས་ཅན་ལ་སོགས་པ་ལས། གཞན་ཡིན་མིན་དྲི་བ་ལ་ཅང་མི་གསུང་པས་བཞག་པ་ལྟ་བུ་ཡིན་པའི་ཕྱིར། སྨྲས་པ། ཡིད་འོང་ནོར་རྫས་སྐྱེས་བུར་ཆགས་པའི་ཆུ། །འདོད་པའི་རྦ་རླབས་ཆེས་ཆེར་འཁྲུག་པ་ཡི། །འཁོར་བའི་རྒྱ་མཚོ་ཆེན་པོར་སྒྱུར་བྱེད་ན། །སྲེད་པའི་
ཡུལ་ལས་མི་སྡུག་བསྒོམ་རེ་རན། །མི་བཟད་ཞེ་སྡང་རྣོན་པོའི་མེ་ཕུང་ལ། །འཕྲལ་སྐྱེན་བུད་ཤིང་དག་གིས་ཆེར་སྦར་ཏེ། །སྲིད་པའི་བཙོན་རར་འཇུག་པའི་བྱེད་པོ་འདི། །འགྲོ་ཀུན་ཕ་མར་ཤེས་པའི་བློ་ཡིས་ཆོམས། །བླང་དང་དོར་བྱར་ལྟ་ལ་ཆེར་རྨོངས་པའི། །གཏི་མུག་མུན་པས་ལེགས་བྱས་ཀུནྡའི་འཚལ། །ཟུམ་པར་བྱེད་ན་ཆོས་མངོན་ཤེས་རབ་ཀྱི། །ཟླ་རྒྱས་གསར་པས་སྣང་བའི་གོ་སྐབས་ཕྱེ། །ཉོན་མོངས་ཀུན་འབྱུང་འདི་ཀོ་མ་སྤངས་ན། །ངེས་བསྐྱེད་ལས་ཀྱི་ཀུན་འབྱུང་ཅིས་མི་འཕེལ། །རྒྱུ་ལས་འབྲས་བུ་འབྱུང་ཕྱིར་འཁོར་བ་འདིར། །བཙན་པོའི་མཁར་ལྟར་འཁྲ་ཕུར་བཙུགས་ཀྱི་དོགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ཕྲ་རྒྱས་བྱེ་བྲག་ཏུ་བཤད་པ།


GLG014_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་དུས་གསུམ་ལ་ཕྲ་རྒྱས་ལྡན་ཚུལ་གྱི་སྒོ་ནས་དབྱེ་བ་ལ། །ཕྲ་རྒྱས་ཀྱི་དམིགས་ཡུལ། དུས་གསུམ་ལྡན་ཚུལ་ལ་དཔྱད་པ། དུས་གསུམ་གྱི་རྣམ་བཞག་སྤངས་ཀྱང་ལྡན་པའི་ཚུལ། །སེམས་ཀྱི་དམིགས་པ་བྱེ་བྲག་ཏུ་བཤད་པ་བཞི། དང་པོ་ལ། དམིགས་ཡུལ་ངེས་པ་ཅན་གྱི་ཉོན་མོངས་རང་མཚན་པ་དང་། དེ་ངེས་མེད་ཀྱི་ཉོན་མོངས་སྤྱི་མཚན་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། འདས་པ་དང་། ཉེར་གནས་དང་། ད་ལྟར་བའི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དག་གིས་ནི་རྒྱུད་གང་ལ་དེ་སྐྱེས་ནས་མ་སྤངས་ཀྱི་བར་དུ་དངོས་པོ་དེ་དག་དང་ལྡན་པ་ཡིན་ཏེ། དེ་རྣམས་ཉོན་མོངས་རང་གི་མཚན་ཉིད་པའི་ས་པ་ཡིན་པའི་ཕྱིར། ཡིད་ཤེས་འཁོར་གྱི་དུག་གསུམ་པོ་དེ་དག་མ་འོངས་པས་དུས་གསུམ་ཀུན་དང་ལྡན་ཏེ། ཡིད་ནི་དུས་གསུམ་གྱི་ཡུལ་ཅན་ཡིན་པའི་ཕྱིར། གཞན་དབང་ཤེས་འཁོར་གྱི་ཉོན་མོངས་དེ་དག་རང་དུས་ད་ལྟར་བ་དང་ལྡན་ཏེ། དབང་ཤེས་ད་ལྟར་བའི་ཡུལ་ཡིན་པའི་ཕྱིར། དབང་ཤེས་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་དུས་གསུམ་པོ་ཐམས་ཅད་དང་ལྡན་ཏེ། དེ་ཡུལ་དུས་གསུམ་ལ་དམིགས་པ་སྲིད་པའི་ཕྱིར། གཉིས་པ་ནི། ལྷག་མ་ལྟ་བ་དང་། ཐེ་ཚོམ་མ་རིག་པ་ཀུན་གྱི་ཡུལ་དུས་གསུམ་པོ་ཀུན་དང་ལྡན་ཏེ། དེ་གསུམ་ཡུལ་དུས་གསུམ་ག་ལ་དམིགས་པའི་ཕྱིར། གཉིས་པ་དུས་གསུམ་


GLG014_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ཚུལ་དཔྱད་པ་ལ། དུས་གསུམ་རྫས་ཡོད་དུ་གྲུབ་པ། དུས་གསུམ་གྱི་འཇོག་ཚུལ། དེ་ལ་མདོ་སྡེ་བའི་གནོད་བྱེད་བརྗོད་པ། བྱེ་བྲག་སྨྲ་བ་རང་གིས་ལན་བཏབ་པ་དང་བཞི། དང་པོ་ལ། ལུང་དང་། རིགས་པའི་སྒྲུབ་བྱེད་གཉིས་ལས། དང་པོ་ནི། དུས་གསུམ་པོ་རྣམ་པ་ཀུན་དུ་རྫས་སུ་ཡོད་དེ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག །གལ་ཏེ་འདས་པའི་གཟུགས་ཤིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་འདས་པའི་གཟུགས་ཡོད་པའི་ཕྱིར། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ། འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །ཞེས་དེ་བཞིན་དུ་མ་འོངས་པ་ལའང་སྦྱར་ནས་གསུངས་པའི་ཕྱིར། གཉིས་པ་ནི། འདས་མ་འོངས་རྫས་སུ་ཡོད་དེ། དེ་གཉིས་ལ་དམིགས་པའི་རྣམ་ཤེས་ཀྱི་ཡུལ་ཡོད་པའི་ཕྱིར་དང་། ལས་འགགས་ནས་ཡུན་རིང་དུ་ལོན་པ་ལས་འབྲས་བུ་འབྱུང་བ་ཡོད་པའི་ཕྱིར། གཞི་ཐམས་ཅད་ཡོད་པར་སྨྲ་བ་དུས་གསུམ་རྫས་ཡོད་དུ་འདོད་དེ། དེ་རྫས་ཡོད་དུ་ཁ་ཆེ་བ་སྨྲ་བའི་ཕྱིར། གཉིས་པ་ནི། ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ཀྱང་རྣམ་པ་བཞི་སྟེ། དངོས་པོ་དང་། མཚན་ཉིད་དང་། གནས་སྐབས་དང་། སྔ་ཕྱི་གཞན་དང་གཞན་དུ་འགྱུར་བར་སྨྲ་བ་སྟེ་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། བཙུན་པ་ཆོས་སྐྱོབ་ན་རེ། དུས་གསུམ་དངོས་པོ་གཞན་འགྱུར་ཡིན་གྱི། རྫས་གཞན་འགྱུར་མ་ཡིན་ཏེ། མ་འོངས་པ་ན་ད་ལྟར་བ། དེ་ནས་འདས་པར་འགྱུར་བའི་ཚེ། མ་འོངས་པའི་དངོས་པོ་དོར་ནས་ད་ལྟར་བའི་དངོས་པོར་འགྱུར། དེ་དོར་ནས་འདས་པའི་དངོས་པོར་འགྱུར་གྱི་རྫས་ལ་འགྱུར་བ་མེད་པའི་ཕྱིར། དཔེར་ན། འོ་མ་ཞོ། ཞོ་མར་དུ་འགྱུར་བའི་ཚེ། རོ་ནུས་གཞན་དུ་འགྱུར་གྱི། ཁ་དོག་མི་འགྱུར་བ་ལྟར་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བཙུན་པ་དབྱངས་སྒྲོག་ན་རེ། མཚན་ཉིད་གཞན་འགྱུར་ཡིན་གྱི། རྫས་གཞན་འགྱུར་མ་ཡིན་ཏེ། མ་འོངས་པ་ད་ལྟར་བ་སོགས་སུ་འགྱུར་བའི་ཚེ། དུས་གསུམ་རེ་རེ་བཞིན་དུས་གསུམ་གའི་མཚན་ཉིད་དང་ལྡན་ཡང་།


GLG014_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཆེ་བའི་དབང་དུ་བྱས་ནས་དེ་དང་དེར་འཇོག་པའི་ཕྱིར། དཔེར་ན། སྲིད་སྒྲུབ་ནག་མོ་སྙན་སྒྲོག་མ་ལ་ལྷག་པར་ཆགས་པས། ཆགས་ཞེས་བརྗོད་ཀྱི། བུད་མེད་གཞན་ལ་ཆགས་པ་དང་བྲལ་བ་མ་ཡིན་པ་བཞིན་ནོ། །གསུམ་པ་ཡོད་དེ། བཙུན་པ་དབྱིག་བཤེས་ན་རེ། དུས་གསུམ་གནས་སྐབས་གཞན་འགྱུར་ཡིན་གྱི། རྫས་གཞན་འགྱུར་མ་ཡིན་ཏེ། མ་འོངས་པ་ནས་ད་ལྟར་བ་སོགས་སུ་འཇུག་པའི་ཚེ། ཆོས་ཅིག་བྱ་བ་མི་བྱེད་པའི་གནས་སྐབས་ལ་མ་འོངས་པ། བྱ་བ་བྱེད་པའི་གནས་སྐབས་ལ་ད་ལྟར་བ། བྱ་བ་བྱས་ཟིན་པའི་གནས་སྐབས་ལ་འདས་པར་འཇོག་པའི་ཕྱིར། དཔེར་ན། རྩིས་མཁན་གྱི་ཡི་གེ་གཅིག་པ་གཅིག་གི་གོ་སར་བཞག་ན་གཅིག་དང་། བཅུའི་གོ་སར་བཞག་ན་བཅུ། སྟོང་གི་གོ་སར་བཞག་ན་སྟོང་འབྱུང་བ་བཞིན་ནོ། །བཞི་པ་ཡོད་དེ། བཙུན་པ་སངས་རྒྱས་ལྷ་ན་རེ། དུས་གསུམ་སྔ་ཕྱི་གཞན་དང་གཞན་དུ་འགྱུར་བ་ཡིན་གྱི། རྫས་གཞན་དུ་མི་འགྱུར་ཏེ། དངོས་པོ་རྣམས་རེ་རེ་ལ་ཡང་སྔ་ཕྱིར་བར་མ་གསུམ་གསུམ་དང་ལྡན་ཞིང་། སྔ་མའི་ཆ་ལ་འདས་པ། ཕྱི་མའི་ཆ་ལ་མ་འོངས་པ། བར་གྱི་ཆ་ལ་ད་ལྟར་བར་འཇོག་པའི་ཕྱིར། དཔེར་ན། དངུལ་སྲང་གང་། གསེར་སྲང་གང་ལ་ལྟོས་ཏེ་ངན་པ་དང་། ཟངས་སྲང་གང་ལ་ལྟོས་ཏེ་བཟང་བ་བཞིན་ནོ། །ཤེས་བྱ་ཆོས་ཅན། ལུགས་དེ་རྣམས་ལས་བཙུན་པ་དབྱིག་བཤེས་ཀྱི་ལུགས་དེ་ཅུང་ཟད་བཟང་སྟེ། བྱ་བ་མི་བྱེད་པས་དང་། བྱེད་པ་ཡིས་དུས་གསུམ་པོ་རྣམས་ཀྱི་རྣམ་གཞག་མཛད་པའི་ཕྱིར་རོ། །གསུམ་པ་ནི། འདས་མ་འོངས་ཀྱིས་འབྲས་བུ་སྐྱེད་པའི་བྱ་བ་བྱེད་པར་ཐལ། དེ་གཉིས་ཀྱིས་འབྲས་བུ་སྐྱེས་པ་ལ་གེགས་སུ་བྱེད་པ་ཅི་ཡང་མེད་པའི་ཕྱིར། བྱ་བ་བྱས་ཟིན་འདས་པའི་དུས་དང་། བྱེད་འགྱུར་མ་འོངས་པའི་དུས་སུ་མི་རུང་བར་ཐལ། བྱ་བ་མི་བྱེད་པ་ལ་སོགས་པ་དེ་ཡང་རྒྱུ་མཚན་ཇི་ལྟར་ན་དུས་གསུམ་ལས་གཞན་མ་ཡིན་སྙམ་པ་ཡིན་པའི་ཕྱིར། མ་འོངས་པ་ཅིའི་ཕྱིར་མ་སྐྱེས་ཤིག་སྟེ་སྐྱེས་པར་ཐལ། དེ་ད་ལྟར་བ་བཞིན་དུ་རྫས་སུ་ཡོད་པའི་ཕྱིར། བཞི་པ་ནི། བྱེ་བྲག་སྨྲ་བ་ན་རེ། མདོ་སྡེ་པས་བརྗོད་པའི་སྐྱོན་
དེ་ནི་མི་འཇུག་སྟེ། འདས་མ་འོངས་རྫས་སུ་ཡོད་ཀྱང་ཞིག་པ་ལ་འདས་པ་དང་། མ་སྐྱེས་པ་ལ་མ་འོངས་པར་འཇོག་པའི་རྟེན་འབྲེལ་གྱི་ཆོས་ཉིད་དག་ནི་ཟབ་པ་ཡིན་པའི་ཕྱིར།

དུས་གསུམ་རྣམ་བཞག་ལྡན་ཚུལ།


GLG014_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དུས་གསུམ་གྱི་རྣམ་གཞག་སྤངས་ཀྱང་ལྡན་པའི་ཚུལ་ནི། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མཐའ་དག་སྤངས་ཀྱང་ལྡན་པ་ཡོད་དེ། ཀུན་འགྲོ་ལྷག་མ་ཀུན་འབྱུང་མཐོང་སྤང་རྣམས་ཀྱི་དམིགས་པར་ལྡན་པ་ཡོད་པའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་ཚེ་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་དང་པོའི་རྣམ་པ་སྟེ། ཆེན་པོ་སྤངས་ཀྱང་ལྡན་པ་ཡོད་དེ། སྒོམ་སྤང་ཆེན་པོ་དེའི་ཡུལ་ཅན་གྱི་དྲི་མ་ལྷག་མ་རྣམས་ཀྱིས་དམིགས་པར་ལྡན་པ་ཡོད་པའི་ཕྱིར། བཞི་པ་སེམས་ཀྱི་དམིགས་པ་བྱེ་བྲག་ཏུ་བཤད་པ་ནི། འདོད་ཁམས་ལས་སྐྱེས་པའི་སྡུག་བསྔལ་མཐོང་སྤང་དང་དེའི་རྒྱུ་ཀུན་འབྱུང་མཐོང་སྤང་དང་གོམས་པས་སྤང་བར་བྱ་བ་རྣམས་ཆོས་ཅན། སེམས་ལྔའི་དམིགས་པ་ཡིན་ཏེ། རང་གི་སར་གཏོགས་པའི་གསུམ་དང་། གཟུགས་སུ་གཏོགས་པའི་སྒོམ་སྤང་གཅིག་དང་། དྲི་མེད་ཟག་མེད་ཀྱི་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། གཟུགས་ཁམས་ལས་སྐྱེས་པའི་སྤང་བྱ་གསུམ་པོ་ཆོས་ཅན། སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། རང་གི་སའི་གསུམ་དང་། འོག་སའི་འདོད་ཁམས་ཀྱི་གསུམ། གོང་ས་གཟུགས་མེད་ཁམས་ཀྱི་སྒོམ་སྤང་གཅིག་དང་དྲི་མེད་ཀྱི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། གཟུགས་མེད་ཁམས་ལས་སྐྱེས་པའི་སྤང་བྱ་གསུམ་པོ་ཆོས་ཅན། ཆོས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་དུ་གཏོགས་པའི་སྡུག་བསྔལ་མཐོང་སྤང་། ཀུན་འབྱུང་མཐོང་སྤང་། བསྒོམས་སྤང་གསུམ་གསུམ་དང་། ཟག་མེད་ཀྱི་སྤྱོད་ཡུལ་ཡོད་པའི་ཕྱིར། འགོག་པ་མཐོང་སྤང་དང་། ལམ་མཐོང་བས་སྤང་བར་བྱ་བ་ཀུན་ཆོས་ཅན། ཆོས་དུ་མའི་དམིགས་པ་ཡིན་ཏེ། སྔར་བསྟན་པའི་སྟེང་དུ་རང་གིས་གླགས་པ་སྟེ་བསྣན་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། ཟག་མེད་ཆོས་ཅན། ས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་གྱི་སྤང་བྱའི་མཐའ་འགོག་པ་དང་། ལམ་མཐོང་སྤང་དང་།
བསྒོམས་སྤང་གསུམ་གསུམ་དང་། ཟག་པ་མེད་པའི་སེམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། གསུམ་པ་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་ནི། ཉོན་མོངས་ཅན་གྱི་ཕྲ་རྒྱས་ཆོས་ཅན། རྒྱས་ཚུལ་རྣམ་པ་གཉིས་ཡོད་དེ། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར། སེམས་ཉོན་མོངས་ཅན་མ་ཡིན་པའི་ཕྲ་རྒྱས་ཆོས་ཅན། རྒྱས་ཚུལ་གཅིག་ཡོད་དེ། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར། གཉིས་པ་སྐྱེ་ཚུལ་ལ། སྐྱེ་བའི་གོ་རིམ་དང་། སྐྱེ་བའི་རྒྱུ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཕྲ་རྒྱས་རྣམས་ཀྱི་འཇུག་པའི་རིམ་པ་ཡོད་དེ། དང་པོར་བདེན་པ་རྣམས་ལ་རྨོངས་པས་འཇུག །དེ་ནས་བདེན་པ་རྣམས་ལ་ཐེ་ཚོམ་སྐྱེ། དེ་ནས་བདེན་པ་རྣམས་མེད་པའི་ལོག་ལྟ། དེ་ནས་ཕུང་པོ་ལ་བདག་ཏུ་ལྟ་བའི་འཇིག་ཚོགས་ལ་ལྟ་བ། དེ་ནས་དེ་ལ་རྟག་ཆད་དུ་ལྟ་བའི་མཐར་འཛིན། དེ་ནས་ནི་དེ་ཉིད་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། དེ་ནས་ལྟ་ངན་དེ་མཆོག་ཏུ་འཛིན་པའི་ལྟ་བ་མཆོག་འཛིན། དེ་ལས་རང་གི་ལྟ་བ་ལ་ང་རྒྱལ་དང་འདོད་ཆགས། གཞན་གྱི་ལྟ་བ་ལ་ཞེ་སྡང་། དེ་ལྟར་རིམ་པ་བཞིན་དུ་སྐྱེ་བའི་ཕྱིར། གཉིས་པ་ནི། ཕྲ་རྒྱས་ཉོན་མོངས་ཆོས་ཅན། རྒྱུ་གསུམ་ལས་སྐྱེ་སྟེ། ཕྲ་རྒྱས་ཉོན་མོངས་སྤངས་པ་མ་ཡིན་པ་དང་། གཟུགས་མཛེས་པ་ལ་སོགས་པའི་ཡུལ་ནི་ཉེ་བར་གནས་པ་དང་། གཙང་བདེ་ལ་སོགས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་ཁྱོད་སྐྱེད་པའི་རྒྱུ་ནི་ཚང་བའི་ཕྱིར།

ཕྲ་རྒྱས་ཀྱི་རྣམ་གྲངས་སོགས་བཤད་པ།


GLG014_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྣམ་གྲངས་ལ། མདོ་ནས་གསུངས་པའི་རྣམ་གྲངས། བསྟན་བཅོས་ལས་བཤད་པའི་རྣམ་གྲངས། ཞར་བྱུང་མཚུངས་ལྡན་བཤད་པ། སྤང་བྱ་སྒྲིབ་པ་ལྔ་བཤད་པ་དང་བཞི། དང་པོ་ལ། སོ་སོར་བཤད་པ། ངེས་ཚིག་བསྡུས་ཏེ་བསྟན་པ་དང་གཉིས། དང་པོ་ལ། ཟག་པ་བཤད། ཆུ་སྦྱོར་བཤད། ཉེར་ལེན་བཤད་པའོ། །དང་པོ་ལ། འདོད་པའི་ཟག་པ། སྲིད་པའི་ཟག་པ། མ་རིག་པའི་ཟག་པ་དང་གསུམ། དང་པོ་ནི། འདོད་པ་ན་གཏི་མུག་མ་གཏོགས་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པ་དང་བཅས་པ་ཆོས་ཅན། ཟག་པ་ཡིན་ཏེ།


GLG014_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་ཟག་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། གཟུགས་ཁམས་དང་གཟུགས་མེད་པའི་ཁམས་ན་མ་རིག་པ་མ་གཏོགས་པའི་ཕྲ་རྒྱས་ཁོ་ན་ལ་སྲིད་པའི་ཟག་པ་ཞེས་བྱ་སྟེ། དེ་དེ་རྣམས་ཁམས་གོང་མར་ཟག་བྱེད་ཡིན་པའི་ཕྱིར། ཁམས་གོང་མའི་མ་རིག་པ་མ་གཏོགས་པའི་ཉོན་མོངས་དེ་རྣམས་ཆོས་ཅན། སྲིད་པའི་ཟག་པ་ཞེས་གཅིག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། ལུང་དུ་མ་བསྟན་པ་དང་། ཁ་ནང་དུ་བལྟས་པ་དང་། མཉམ་གཞག་གི་ས་པ་ཡིན་པས་དེ་ལྟར་བཤད་པའི་ཕྱིར།གསུམ་པ་ནི། མ་རིག་པ་ལོགས་ཤིག་ཏུ་ནི་ཟག་པར་བསྟན་པ་ལ་རྒྱུ་མཚན་ཡོད་དེ། མ་རིག་པ་དེ་ཉོན་མོངས་པའི་རྩ་བ་ཡིན་པས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཆུ་བོ་དང་། སྦྱོར་བ་ལའང་དུ་མ་ཡོད་དེ། ཟག་པ་དེ་བཞིན་དུ་འདོད་པའི་ཆུ་བོ། འདོད་པའི་སྦྱོར་བ། སྲིད་པའི་ཆུ་བོ། སྲིད་པའི་སྦྱོར་བ། མ་རིག་པའི་ཆུ་བོ། མ་རིག་པའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། ལྟ་བ་རྣམས་ལྟ་བའི་ཆུ་བོ་ཞེས་ལོགས་ཤིག་ཏུ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། ལྟ་བ་རྣམས་དམིགས་རྣམ་གསལ་བས་དེ་ལྟར་བཤད་པའི་ཕྱིར། ལྟ་བ་རྣམས་ཟག་པར་བཤད་པ་མ་ཡིན་པ་ལ་རྒྱུ་མཚན་ཡོད་དེ། དེ་རྣམས་མ་རིག་པའི་གྲོགས་མེད་པར་འཁོར་བར་འཇོག་པའི་རྗེས་སུ་མི་མཐུན་པའི་ཕྱིར་རོ། །གསུམ་པ་ཉེར་ལེན་བཤད་པ་ནི། གོང་དུ་ཇི་སྐད་བཤད་པ་ཉིད་ཀྱི་ཕྲ་རྒྱས་མ་རིག་པ་དང་བཅས་པ་ཆོས་ཅན། ཉེར་ལེན་ཡིན་ཏེ། འཁོར་བར་ཉེ་བར་འཛིན་བྱེད་ཡིན་པའི་ཕྱིར། ལྟ་བ་ལ་ཉེར་ལེན་རྣམ་པ་གཉིས་ཡོད་དེ། དེ་ལ་ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་ཉེ་བར་ལེན་པ་གཉིས་ཀྱིས་ཕྱེ་བའི་ཕྱིར། མ་རིག་པ་ཉོན་མོངས་པ་དང་བསྲེས་ནས་ཉེར་ལེན་དུ་བཤད་པ་ལ་རྒྱུ་མཚན་ཡོད་དེ། མ་རིག་པ་རྐྱང་པས་འཁོར་བར་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར། གཉིས་པ་ངེས་ཚིག་ནི། ཤེས་བྱ་ཆོས་ཅན། རྩ་ཉོན་ལྔ་སོགས་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ཏེ། གང་གི་ཕྱིར་དེ་དག་ཕྲ་ཞིང་རྟོགས་པར་དཀའ་བ་དང་། ཐོབ་པ་རྗེས་སུ་འབྲེལ་པ་དང་། དམིགས་པ་དང་


GLG014_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ལྡན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་། བཟློག་ཀྱང་ཡང་དང་ཡང་དུ་རྗེས་སུ་འབྲང་བས་དེ་ལྟར་བཤད་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། ཟག་པ་སོགས་ཀྱི་སྒྲ་དོན་ཡོད་དེ། ཕྲ་རྒྱས་དེ་དག་འཁོར་བར་འཇོག་པར་བྱེད་པ་དང་། ཟག་པར་བྱེད་པ་དང་། འཁོར་བར་འཁྱེར་བར་བྱེད་པ་དང་། འཁོར་བ་ལ་འབྱར་བར་བྱེད་པ་དང་། འཁོར་བ་ཉེ་བར་འཛིན་པའི་ཕྱིར་ན། ཟག་པ་ལ་སོགས་པ་ཆུ་བོ་དང་། སྦྱོར་བ་དང་། ཉེ་བར་ལེན་པ་དེ་དག་གི་ནི་ངེས་ཚིག་དེ་ལྟར་ཡིན་པའི་ཕྱིར། །གཉིས་པ་བསྟན་བཅོས་ལས་བཤད་པའི་རྣམ་གྲངས་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཕྲ་རྒྱས་དེ་དག་ཆོས་ཅན། ཡང་རྣམ་པ་ལྔར་བཤད་དེ། ཀུན་དུ་སྦྱོར་བ་དང་། སོགས་པས་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་དང་། ཀུན་དཀྲིས་ཀྱི་དབྱེ་བས་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་ལ། ཀུན་སྦྱོར། འཆིང་བ། ཉེ་ཉོན། ཀུན་དཀྲིས་དང་བཞི། དང་པོ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། ལྟ་བ་མཆོག་འཛིན་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ཕྲག་དོག་དང་སེར་སྣ་དེ་དག་ལས་ལོགས་ཤིག་ཏུ་ཀུན་སྦྱོར་གཉིས་སུ་བཤད་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་དེ་གཉིས་ཀ་གཅིག་ཏུ་ནི་མི་དགེ་བ་ཡིན་པ་དང་། ཉེ་ཉོན་རང་དབང་ཅན་ཡིན་པ་དེའི་ཕྱིར། གཉིས་པ་ཞར་བྱུང་ལ། མཐའ་མའི་ཆ་མཐུན་ལྔ་བཤད། ཀུན་སྦྱོར་གསུམ་བཤད། གོང་མའི་ཆ་མཐུན་ལྔ་བཤད་པའོ། །དང་པོ་ནི། ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་རྣམ་པ་ལྔ་ཡོད་དེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། འཇིག་ལྟ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་རྣམས་སུ་ཡོད་པའི་ཕྱིར། མཐའ་མའི་ཆ་མཐུན་ལྔའི་


GLG014_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལས་ཡོད་དེ། དང་པོ་གཉིས་ཀྱིས་ཁམས་མཐའ་མ་འདོད་པ་ལས་མི་འདའ་བར་བྱེད་ལ། ཕྱི་མ་གསུམ་པོ་ཡིས་ནི་ཁམས་གོང་མར་སྐྱེས་ཀྱང་། ཕྱིར་ཟློག་པར་བྱེད་པའི་ཕྱིར། གཉིས་པ་ནི། རྒྱུན་དུ་ཞུགས་པས་ཀུན་སྦྱོར་མཐའ་མ་གསུམ་སྤངས་ཞེས་བཤད་པ་ལ་རྒྱུ་མཚན་ཡོད་དེ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་གསུམ་གྱིས་ཉོན་མོངས་པའི་སྒོ་བསྡུས་པ་དང་། རྩ་བ་བསྡུས་པས་དེ་ལྟར་བཤད་པའི་ཕྱིར། ཡང་གོང་གི་དེ་ཡིན་ཏེ། ཐར་པ་བགྲོད་པའི་གེགས་བྱེད་པའི་གཙོ་བོ་ལ་གསུམ་པོ་དེ་སྙེད་གཅིག་དུ་ངེས་པའི་ཕྱིར་ན་ཀུན་སྦྱོར་གསུམ་བསྟན་པའི་ཕྱིར། དེ་ཡང་འཇིག་ལྟས་ཐར་པར་འགྲོ་མི་འདོད་པར་བྱེད་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་ལམ་ནོར་བར་བྱེད་པ་དང་། ཐེ་ཚོམ་གིས་ཐར་པའི་ལམ་ལ་ཐེ་ཚོམ་ཟ་བར་བྱེད་པའི་ཕྱིར། གསུམ་པ་ནི། ཀུན་ཏུ་སྦྱོར་བ་གོང་མའི་ཆ་དང་མཐུན་པ་ཆོས་ཅན། ལྔ་ཉིད་ཡོད་དེ། གཟུགས་ཁམས་དང་གཟུགས་མེད་ཁམས་ལས་སྐྱེས་པའི་འདོད་ཆགས་གཉིས་དང་། རྒོད་པ་དང་། ང་རྒྱལ་དང་། རྨོངས་པ་སྟེ་མ་རིག་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་འཆིང་བ་བཤད་པ་ནི། ཤེས་བྱ་ཆོས་ཅན། འཆིང་བ་གསུམ་ཡོད་དེ། ཚོར་བ་བདེ་བའི་དབང་གིས་འདོད་ཆགས་ཀྱི་འཆིང་བ། སྡུག་བསྔལ་གྱི་དབང་གིས་ཞེ་སྡང་གི་འཆིང་བ། བཏང་སྙོམས་ཀྱི་དབང་གིས་གཏི་མུག་གི་འཆིང་བ་གསུམ་ཡོད་པའི་ཕྱིར། གསུམ་པ་ཉེ་ཉོན་ནི། རྩ་བའི་ཉོན་མོངས་པ་ལས་གཞན་ཉོན་མོངས་ཅན་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོ་ཞེས་པ་དེ་དག་གང་ཡིན་པ་དེ་ཡང་ཆོས་ཅན། ཉེ་བའི་ཉོན་མོངས་པ་ཡིན་ཏེ། ཉོན་མོངས་གང་ཞིག །རྩ་བའི་ཉོན་མོངས་ཞེས་མི་བྱ་བའི་ཕྱིར། བཞི་པ་ཀུན་དཀྲིས་བཤད་པ་ལ། དངོས་དང་། ཞར་བྱུང་ཉོན་མོངས་ཀྱི་དྲི་མ་དྲུག་བཤད། ཁྱད་ཆོས་དང་གསུམ། དང་པོ་ལ། དབྱེ་བ། རྒྱུ་གང་ལས་འབྱུང་བ་གཉིས། དང་པོ་ལ། བསྟན་བཅོས་རབ་ཏུ་བྱེད་པ་ནས་བཤད་པའི་ཚུལ་དང་། བྱེ་སྨྲ་སྤྱིའི་ལུགས་གཉིས། དང་པོ་ནི། ཀུན་དཀྲིས་རྣམ་པ་བརྒྱད་ཡོད་དེ། ངོ་ཚ་མེད་པ་དང་།


GLG014_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲེལ་མེད་པ་དང་། ཕྲག་དོག །སེར་སྣ། རྒོད་པ་དང་། འགྱོད་པ་དང་། རྨུགས་པ་དང་། གཉིད་དང་བརྒྱད་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བཅུ་ཡོད་དེ། སྔར་བཤད་པའི་སྟེང་དུ་ཁྲོ་བ་དང་། འཆབ་པ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ངོ་ཚ་མེད་པ་དང་། རྒོད་པ་དང་། སེར་སྣ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། འདོད་ཆགས་ཀྱིས་བསླད་པ་ཡིན་པའི་ཕྱིར། འཆབ་པའི་རྒྱུ་ལ་རྩོད་པར་བྱེད་དོ། ཁ་ཅིག་ནི་རྩོད་པའི་རྒྱུ་ལས་བྱུང་ཞེས་ཟེར་ཞིང་། གཞན་དག་ནི་མ་རིག་པའི་རྒྱུ་ལས་བྱུང་ཞེས་ཟེར། རྨུགས་པ་དང་། གཉིད་དང་ཁྲེལ་མེད་ཆོས་ཅན། རྒྱུ་ཡོད་དེ། མ་རིག་པ་ལས་བྱུང་བའི་ཕྱིར། འགྱོད་པ་ཆོས་ཅན། རྒྱུ་ཡོད་དེ། ཐེ་ཚོམ་ལས་བྱུང་བའི་ཕྱིར། ཁྲོ་བ་དང་ཕྲག་དོག་ཆོས་ཅན། རྒྱུ་ཡོད་དེ། ཁོང་ཁྲོའི་རྒྱུ་ལས་བྱུང་བའི་ཕྱིར། གཉིས་པ་ལ། དབྱེ་བ་དང་། རྒྱུ་གང་ལས་བྱུང་བ་གཉིས། དང་པོ་ནི། གཞན་ཡང་ཉོན་མོངས་པའི་དྲི་མ་ཆོས་ཅན། དྲུག་ཡོད་དེ། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། དེ་བཞིན་དུ། འཚིག་པ་དང་། འཁོན་དུ་འཛིན་པ་དང་། རྣམ་འཚེ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སྒྱུ་དང་རྒྱགས་པ་ནི་ཆོས་ཅན། རྒྱུ་ཡོད་དེ། འདོད་ཆགས་ལས་སྐྱེས་པའི་ཕྱིར། འཁོན་འཛིན་དང་། རྣམ་འཚེ་ཆོས་ཅན། རྒྱུ་ཡོད་དེ། ཁོང་ཁྲོ་ལས་སྐྱེས་པའི་ཕྱིར། འཚིག་པ་ཆོས་ཅན། རྒྱུ་ཡོད་དེ། ལྟ་བ་མཆོག་འཛིན་ལས་སྐྱེས་པའི་ཕྱིར། གཡོ་ཆོས་ཅན། རྒྱུ་ཡོད་དེ། ལྟ་བ་ངན་པས་ཀུན་ནས་བསླང་བའི་ཕྱིར། གསུམ་པ་ཁྱད་ཆོས་ལ། མཐོང་སྤང་དང་སྒོམ་སྤང་གི་ཁྱད་པར། དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར་དང་གསུམ། དང་པོ་ནི། ཀུན་དཀྲིས་དེ་ལས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ། རྨུགས་པ། གཉིད། རྒོད་པ་རྣམས་ཆོས་ཅན། མཐོང་སྤང་དང་སྒོམ་སྤང་རྣམ་པ་གཉིས་ཡོད་དེ། མཐོང་སྤང་དང་མཚུངས་པར་ལྡན་པ་རྣམས་མཐོང་སྤང་། དེ་ལས་གཞན་དུ་གྱུར་པ་རྣམས་སྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར། དེ་ལས་གཞན་ཕྲག་དོག །སེར་སྣ། ཁྲོ་འཆབ། འགྱོད་པ་རྣམས་ནི་ཆོས་ཅན། སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། བདེན་པ་མཐོང་ཟིན་སྒོམ་པས་སྤོང་དགོས་པའི་


GLG014_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ཆོས་ཅན། ཉོན་མོངས་རང་དབང་ཅན་ཡིན་ཏེ། མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར། དེ་བཞིན་དུ་ཉོན་མོངས་པའི་དྲི་མ་དྲུག་པོ་རྣམས་ཆོས་ཅན། སྒོམ་སྤང་ཡིན་ཏེ། རྟགས་སྔར་བཞིན་ཡིན་པའི་ཕྱིར། གཉིས་པ་ནི། ཉེ་བའི་ཉོན་མོངས་པ་བཅུ་དྲུག་པོ་དེ་རྣམས་ཕལ་ཆེར། མི་དགེ་བ་ཡིན་ཏེ། དེར་དེ་རྣམས་རྣམ་སྨིན་ཡིད་མི་འོང་འབྱིན་བྱེད་ཡིན་པའི་ཕྱིར། རྨུགས་རྒོད་གཉིད་གསུམ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། མི་དགེ་བ་དང་། ལུང་མ་བསྟན་གཉིས་ཡོད་པའི་ཕྱིར། ཁམས་དེ་ཡན་ཆད་ནི་ཆོས་ཅན། ཁྱོད་ཀྱི་ཉོན་མོངས་ཡོད་དེ། དེ་ལུང་མ་བསྟན་ཁོ་ན་ཡིན་པའི་ཕྱིར། །གསུམ་པ་ནི། གཡོ་རྒྱུ་ཆོས་ཅན། ཁམས་གཉིས་ན་ཡོད་དེ། འདོད་ཁམས་དང་། བསམ་གཏན་དང་པོ་ན་ཡོད་པའི་ཕྱིར། བསམ་གཏན་དང་པོ་ན་གཡོ་སྒྱུ་ཡོད་དེ། ཚངས་པས་གཞན་འདྲིད་ཅིང་བསླུ་བར་བྱེད་པ་ཡོད་པའི་ཕྱིར། རྨུགས་པ་དང་། རྒོད་པ་དང་། རྒྱགས་པ་རྣམས་ཆོས་ཅན། ཡོད་དེ། ཁམས་གསུམ་ན་ཡོད་པའི་ཕྱིར། ཉེ་ཉོན་བཅུ་དྲུག་ལས་བཤད་མ་ཐག་པ་ལྔ་ལས་གཞན་པ་བཅུ་གཅིག་ནི་ཆོས་ཅན། ཁམས་གོང་མ་གཉིས་ན་མེད་དེ། འདོད་ཁམས་ཁོ་ན་ལས་སྐྱེས་པའི་ཕྱིར། གསུམ་པ་ཞར་བྱུང་མཚུངས་ལྡན་བཤད་པ་ལ། གཙོ་བོ་སེམས་གང་དུ་མཚུངས་པར་ལྡན་པ་དང་། ཚོར་བ་གང་དང་མཚུངས་པར་ལྡན་པ་གཉིས། དང་པོ་ནི། མཐོང་བས་སྤང་བར་བྱ་བ་དང་། གཉིད་དང་ང་རྒྱལ་དང་བཅས་པ་ཆོས་ཅན། ཡིད་ཀྱི་རྣམ་པར་ཤེས་པའི་ས་པ་ཡིན་ཏེ། ཡིད་ཤེས་ཁོ་ནའི་འཁོར་དུ་འབྱུང་བའི་ཕྱིར། ཕྲག་དོག་སོགས་ཉེ་བའི་ཉོན་མོངས་རང་དབང་ཅན་ཡང་ཆོས་ཅན། རྟགས་གསལ་སྔར་བཞིན་ནོ། །འདོད་ཆགས་དང་ཁོང་ཁྲོ་སོགས་རྩ་ཉོན་དང་། ཉེ་ཉོན་གཞན་ནི་ཆོས་ཅན། རྣམ་པར་ཤེས་པ་ཚོགས་དྲུག་གི་རྟེན་ཅན་ཡིན་ཏེ། དེའི་འཁོར་དུ་འབྱུང་བའི་ཕྱིར། གཉིས་པ་ལ་རྩ་ཉོན་ཚོར་བ་གང་དང་མཚུངས་པར་ལྡན་པ། ཉེ་ཉོན་ཚོར་བ་གང་དང་མཚུངས་པར་ལྡན་པ་གཉིས། དང་པོ་ནི། འདོད་ཆགས་ནི་བདེ་བ་དང་། ཡིད་བདེ་བ་དང་མཚུངས་ལྡན་ཡིན་ཏེ། དག་པའི་རྣམ་པས་འཇུག་


GLG014_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཞེ་སྡང་ཆོས་ཅན། བདེ་བ་ལས་བཟློག་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་དང་མཚུངས་པར་ལྡན་ཏེ། སྐྱོ་བའི་རྣམ་པས་འཇུག་པའི་ཕྱིར། མ་རིག་པ་ཆོས་ཅན། ཁྱོད་ཚོར་སོགས་དབང་པོ་ཐམས་ཅད་དང་མཚུངས་པར་ལྡན་ཏེ། ཉོན་མོངས་ཀུན་དང་མཚུངས་པར་ལྡན་པའི་ཕྱིར། མེད་ལྟ་ཆོས་ཅན། ཡིད་བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་གང་རུང་དང་མཚུངས་པར་ལྡན་ཏེ། དགའ་སྐྱོ་སྣ་ཚོགས་འབྱུང་བའི་ཕྱིར། ཐེ་ཚོམ་ཆོས་ཅན། ཡིད་མི་བདེ་དང་མཚུངས་པར་ལྡན་ཏེ། སྐྱོ་བའི་རྣམ་པས་འཇུག་པའི་བློ་ཡིན་པའི་ཕྱིར། གཞན་ལྟ་བ་ལྷག་མ་བཞི་དང་། ང་རྒྱལ་ཆོས་ཅན། ཡིད་བདེ་དང་མཚུངས་པར་ལྡན་ཏེ། དག་པའི་རྣམ་པས་འཇུག་པའི་བློ་ཡིན་པའི་ཕྱིར། ཉོན་མོངས་དེ་དག་ཆོས་ཅན། དེ་དག་འདོད་པ་ལས་སྐྱེས་པ་ཁོ་ནའི་དབང་དུ་བྱས་སོ། །ཚོར་བ་བཏང་སྙོམས་དང་ཕྲ་རྒྱས་ཀུན་མཚུངས་པར་ལྡན་པ་ཡོད་དེ། ས་གོང་མའི་ཕྲ་རྒྱས་རྣམས་ནི་ས་གང་ལ་ཚོར་བ་གང་ཡོད་པ་ཇི་ལྟ་བ་བཞིན་དུ་རང་རང་གི་ཚོར་བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཉིས་པ་ནི་འགྱོད་པ་དང་། ཕྲག་དོག་དང་། ཁྲོ་བ་དང་། རྣམ་འཚེ་དང་། འཁོན་དུ་འཛིན་པ་དང་། འཚིག་པ་རྣམས་ཆོས་ཅན། ཡིད་མི་བདེ་བ་དང་མཚུངས་པར་ལྡན་ཏེ། སྐྱོ་བའི་རྣམ་པས་འཇུག་པའི་བློ་ཡིན་པའི་ཕྱིར། སེར་སྣ་དག་ནི་ཆོས་ཅན། དེ་ལས་བཟློག་སྟེ། ཆགས་པའི་རྒྱུ་ལས་བྱུང་ཤིང་དགའ་བས་འཇུག་པའི་བློ་ཡིན་པའི་ཕྱིར། གཡོ་དང་། སྒྱུ་དང་། འཆབ་པ་དང་། གཉིད་རྣམས་ཆོས་ཅན། ཡིད་བདེ་བ་དང་མི་བདེ་བ་གཉིས་ཀ་དང་མཚུངས་པར་ལྡན་ཏེ། རེས་འགའ་དགའ་ཞིང་རེས་སྐྱོ་བའི་རྣམ་པས་འཇུག་པའི་བློ་ཡིན་པའི་ཕྱིར། བདེ་བ་དང་ཡིད་བདེ་དག་དང་རྒྱགས་པ་མཚུངས་པར་ལྡན་ཏེ། བསམ་གཏན་གསུམ་པ་མན་ཆད་ན་ཡིད་བདེ་དང་བསམ་གཏན་གསུམ་པར་སེམས་བདེ་བ་དང་། བསམ་གཏན་བཞི་པ་ཡན་ཆད་ན་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར། བཏང་སྙོམས་ནི་ཉེ་ཉོན་ཐམས་ཅད་ཀྱི་མཚུངས་ལྡན་ཀུན་ཏུ་འགྲོ་སྟེ། དེ་མ་རིག་པ་བཞིན་དུ་དེ་ཀུན་ལ་མཚུངས་པར་
ལྡན་པ་དགག་ཏུ་མེད་པའི་ཕྱིར། གཞན་ངོ་ཚ་ཁྲེལ་མེད་རྨུགས་རྒོད་བཞི་ནི་ཆོས་ཅན། ཚོར་བའི་དབང་པོ་ལྔ་དག་དང་མཚུངས་པར་ལྡན་ཏེ། མི་དགེ་བ་དང་ཉོན་མོངས་པའི་ས་མང་པོ་ཡིན་པའི་ཕྱིར། །བཞི་པ་སྒྲིབ་པ་ལྔ་བཤད་པ་ནི། འདོད་པ་ན་སྒྲིབ་པ་ལྔ་ཉིད་ཡོད་དེ། འདོད་ལ་འདུན་པ། གནོད་སེམས། རྨུགས་གཉིད། རྒོད་འགྱོད། ཐེ་ཚོམ་དང་ལྔ་ཡོད་པའི་ཕྱིར། རྨུགས་གཉིད་གཉིས་ཆོས་ཅན། སྒྲིབ་པ་རིགས་གཅིག་ཏུ་འཇོག་པའི་རྒྱུ་མཚན་ཡོད་དེ། མི་མཐུན་པའི་ཕྱོགས་དང་། ཟས་དང་བྱ་བ་གཅིག་པའི་ཕྱིར། རྒོད་འགྱོད་གཉིས་ཆོས་ཅན། གཅིག་ཏུ་བགྲངས་པ་ལ་རྒྱུ་མཚན་ཡོད་དེ། རྟགས་སྔར་བཞིན་ཡོད་པའི་ཕྱིར། སྒྲིབ་པ་དེ་ལ་ལྔར་བཞག་པ་ལ་རྒྱུ་མཚན་ཡོད་དེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད་བྱེད་འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་བཞག །ཤེས་རབ་ལ་རྨུགས་གཉིད་གཉིས་བཞག །ཏིང་ངེ་འཛིན་ལ་རྒོད་འགྱོད་གཉིས་བཞག །གསུམ་ཀ་ལ་གནོད་པའི་དབང་དུ་བྱས་ནས་ཐེ་ཚོམ་བཞག་པའི་ཕྱིར། སྨྲས་པ། སྣ་ཚོགས་ཐབས་ཀྱིས་གྲངས་མེད་བསྐལ་པ་ནས། །ཆེས་ཆེར་བསྐྲུན་པའི་རྩ་ཉོན་སྡོང་པོ་ལ། །ཉེ་ཉོན་ལོ་མའི་ཁུར་གྱིས་རབ་ལྕི་བས། །ཕན་དང་བདེ་བའི་ཉི་འོད་ཅི་ཡང་བསྒྲིབས། །ཆོས་ཀུན་འབྱེད་པའི་ཤེས་རབ་མཚོན་ཆ་ཡིས། །དུག་གསུམ་ལྗོན་པའི་ཕུང་པོ་རྩད་བཅད་ན། །བདེ་བའི་རྟ་ལྗང་འོད་ཀྱི་ཕང་པ་རུ། །དུས་ཀུན་སྐྱིད་པའི་དགའ་སྟོན་ཅི་ཡང་འཕེལ། །སྔར་བཤད་ཉོན་མོངས་མ་ལུས་གཞོམ་བྱེད་ལ། །ཚད་པའི་ནད་ལ་ག་བུར་ཐིགས་པ་ལྟར། །དམིགས་དང་ཡོངས་སུ་ཤེས་སོགས་ལ་བརྟེན་ནས། །སྤོང་བའི་ཐབས་ཀྱི་ལེགས་བཤད་འདི་ནའོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

སྤོང་བྱེད་ཀྱི་གཉེན་པོ་བཤད་པ།


GLG014_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྤོང་བྱེད་གཉེན་པོ་བཤད་པ་ལ། གཉེན་པོ་གང་གིས་སྤང་བྱ་གང་སྤོང་བའི་ཚུལ། གཉེན་པོའི་དབྱེ་བ། ཐག་སྲིང་པའི་གཉེན་པོ་བྱེ་བྲག་ཏུ་བཤད་པ། རྟེན་གྱི་གཉན་པོ་བྱེ་བྲག་ཏུ་བཤད་པ་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། ཕྲ་རྒྱས་སྤོང་ཚུལ་ཡོད་དེ། དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་དང་། ཀུན་
འགྲོ་དེ་ལ་དམིགས་པས་བྱེད་པ་ཡང་དག་པར་ཟད་པས་སྤོང་བ་དང་། དམིགས་པར་བྱ་བ་སྤངས་པས་སྤོང་བ་དང་། གཉེན་པོ་སྐྱེས་པས་ཟད་པར་འགྱུར་བ་རྣམས་ཡོད་པའི་ཕྱིར། གཉིས་པ་ནི། ཕྲ་རྒྱས་སྤོང་བའི་གཉེན་པོ་ཆོས་ཅན། རྣམ་པ་བཞི་ཡོད་དེ། སྤོང་བའི་གཉེན་པོ་དང་། གཞིའི་གཉེན་པོ་དང་། ཐག་སྲིང་བའི་གཉེན་པོ་ཉིད་དང་། རྣམ་པར་སུན་འབྱིན་པའི་གཉེན་པོ་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཕྲ་རྒྱས་སྤོང་ཚུལ་ཡོད་དེ། དམིགས་པ་ལས་ཉོན་མོངས་པ་ནི་སྤང་བར་བྱ་བར་འདོད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཐག་སྲིང་བའི་གཉེན་པོ་བཞི་ཡོད་དེ། མཚན་ཉིད་མི་མཐུན་པས་རིང་བ། མི་མཐུན་ཕྱོགས་ཀྱིས་རིང་བ། ཡུལ་རྣམ་པར་ཆད་པས་རིང་བ་དང་། དུས་ཀྱི་རིང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འབྱུང་བ་བཞི་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཚུལ་འཆལ་དང་ཚུལ་ཁྲིམས་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཤར་ཕྱོགས་ཀྱི་རྒྱ་མཚོ་དང་། ནུབ་ཕྱོགས་ཀྱི་རྒྱ་མཚོ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། འདས་མ་འོངས་ཀྱི་དུས་གཉིས་རིང་བ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ནི། ཉོན་མོངས་ལན་གཅིག་ཏུ་ཟད་པ་དེ་དག་གི་བྲལ་བའི་ཐོབ་པ་ཆོས་ཅན། ཡང་དང་ཡང་དུ་ཐོབ་པ་ཡོད་དེ། ངོ་སྐལ་གྱི་གཉེན་པོ་སྐྱེས་པ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པ་དང་། དབང་པོ་རྟུལ་པོ་རྣོན་པོར་རྣམ་པར་འཕེལ་བའི་སྐབས་རྣམས་ཐོབ་པའི་ཕྱིར།

སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ།


GLG014_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སྤངས་པའི་འབྲས་བུ་ཡོངས་ཤེས་ཞེས་བྱ་བ་ལ། ཡོངས་ཤེས་ཀྱི་དབྱེ་བ། ས་ལམ་གང་ལས་སྐྱེ་བའི་ཚུལ། ཡོངས་ཤེས་སུ་འཇོག་པའི་རྒྱུ་མཚན། གང་ཟག་གང་ལ་ལྡན་པ། བྲལ་ཐོབ་ཀྱི་ཁྱད་པར་དང་ལྔ་ལས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཡོངས་ཤེས་དགུ་ཡོད་དེ། འདོད་པའི་ཁམས་ན་དང་པོ་སྡུག་ཀུན་མཐོང་སྤང་རྣམ་གཉིས་ཟད་པ་ལ་ཡོངས་ཤེས་གཅིག །འགོག་ལམ་མཐོང་སྤང་གཉིས་ཟད་པ་ལ་ནི་ཡོངས་ཤེས་དེ་གཉིས། དེ་བཞིན་དུ་ཁམས་གོང་མའི་མཐོང་སྤང་སྤངས་པའི་ཡོངས་


GLG014_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དེ་གསུམ་ཉིད་དང་། མཐོང་སྤང་ལས་གཞན་སྒོམ་སྤང་སྤངས་པའི་ཡོངས་སུ་ཤེས་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡོད་དེ། ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པའི་ཡོངས་ཤེས། གཟུགས་ཁམས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས། ཁམས་གསུམ་གྱི་ཟག་པ་ཀུན་ཟད་པའི་ཡོངས་ཤེས་རྣམས་སུ་ཡོད་པའི་ཕྱིར། །གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ཡོངས་ཤེས་ལ་དབྱེ་ན་དགུ་ཡོད་དེ། མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག །སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་སྟེ་དགུ་ཡོད་པའི་ཕྱིར། དང་པོ་དྲུག་ཡོད་དེ། འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་སྤངས་པ་ཡོངས་ཤེས། དེའི་སས་བསྡུས་ཀྱི་འགོག་པ་མཐོང་སྤང་སྤངས་པའི་སྤངས་པ་ཡོངས་ཤེས། དེའི་སས་བསྡུས་ཀྱི་ལམ་མཐོང་སྤང་སྤངས་པའི་སྤངས་པ་ཡོངས་ཤེས་དང་གསུམ། ཁམས་གོང་གི་དེ་གསུམ། ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས། ཟག་པ་ཀུན་ཟད་པའི་ཡོངས་ཤེས་ཏེ་དགུ་རྣམས་སུ་ཡོད་པའི་ཕྱིར། ཞེས་ཟེར་ན། འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་ཡིན་ན། མཐོང་སྤང་སྤངས་པའི་ཡོངས་ཤེས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྤངས་པའི་གང་ཟག་ཡིན་ན། ཅིག་ཤོས་སྤངས་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་ཤིང་། ཅིག་ཤོས་ཀྱི་དེ་མ་སྤངས་པའི་གང་ཟག་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མ་ཡིན་པར་ཐལ། དེ་སྤོང་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཁམས་གོང་གི་སས་བསྡུས་ཀྱི་མཐོང་སྤང་སྤོང་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། དེའི་སྡུག་ཀུན་མཐོང་སྤང་སྤོང་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག །སྲིད་པའི་རྩ་བ་ཞེས་སོགས་ཀྱི་སྐབས་སུ་ཕྲ་རྒྱས་དངོས་སུ་བསྟན་ནས། དེ་


GLG014_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པའི་ཡོངས་ཤེས་ལ་འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་མཐོང་སྤང་སྤངས་པའི་ཡོངས་ཤེས་སོགས་དགུ་ཡོད་པ་དེ་གཞུང་འདིས་བསྟན་ཟེར་ན། སྤང་བྱ་ཕྲ་རྒྱས་སྤངས་པའི་ཡོངས་ཤེས་དེ་ལ་དེ་ལྟར་དབྱེ་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་སོགས་དགུ་པོ་གང་རུང་ཡིན་ན། སྤང་བྱ་ཕྲ་རྒྱས་སྤངས་པའི་ཡོངས་ཤེས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་སྤངས་པའི་གང་ཟག་ལ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཁམས་གསུམ་གའི་སས་བསྡུས་ཀྱི་དེ་སྤངས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཕྲ་རྒྱས་སྤངས་པའི་གང་ཟག་མ་ཡིན་པར་ཐལ། ཉོན་སྒྲིབ་སྤངས་པའི་གང་ཟག་མ་ཡིན་པའི་ཕྱིར། དེའི་དངོས་གཉེན་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག །ཡོངས་སུ་ཤེས་དགུ་ཞེས་པའི་སྐབས་ནས་བསྟན་པའི་ཡོངས་ཤེས་ཡིན་ན། འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་སོགས་དགུ་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། དགྲ་བཅོམ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེའི་སྐབས་ནས་དངོས་སུ་བསྟན་པའི་སྤངས་པ་ཡོངས་ཤེས་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཡོངས་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡེ་ཤེས་ཡོངས་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སྤངས་པ་ཡོངས་ཤེས་དེ་ཡོངས་ཤེས་ཀྱི་སྒྲས་བཏགས་པ་ཙམ་ཡིན་པའི་ཕྱིར། ཁ་ཅིག །འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པ་གང་ཞིག །ཡོངས་ཤེས་ཡིན་ན། འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་ཡིན་པས་ཁྱབ་ཟེར་ན། འདོད་པའི་སས་བསྡུས་ཀྱི་འགོག་པ་མཐོང་སྤང་སྤངས་པ་གང་ཞིག །ཡོངས་ཤེས་ཡིན་ན། དེའི་སས་


GLG014_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཀྱི་འགོག་པ་མཐོང་སྤང་སྤངས་པའི་ཡོངས་ཤེས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་སས་བསྡུས་ཀྱི་ལམ་མཐོང་སྤང་ལ་ཡང་དེ་ལྟར་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁམས་གོང་གི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་ལ་ཡང་དེ་ལྟར་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ལ་ཡོངས་ཤེས་དང་པོ་བདུན་ག་ཡོད་པར་ཐལ། དེའི་རྒྱུད་ཀྱི་ཡོངས་ཤེས་དེ། དེ་བདུན་ག་ཡིན་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག་ཕྱི་མ་རྣམས་རེ་རེ་ནས་ཡིན་པའི་ཕྱིར། དང་པོ་དེར་ཐལ། དེའི་རྒྱུད་ཀྱི་ཡོངས་ཤེས་དེ་འདོད་པའི་སས་བསྡུས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་ཡིན་པའི་ཕྱིར་ཏེ། དེ་སྤངས་པ་གང་ཞིག །ཡོངས་ཤེས་ཡིན་པའི་ཕྱིར། དེས་རྟགས་ལྷག་མ་ལྔ་ལ་རིགས་འགྲེ །བདུན་པ་མ་གྲུབ་ན། དེའི་རྒྱུད་ལ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་ཡིན་པར་ཐལ། དེའི་རྒྱུད་ཀྱི་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་དེ་དེ་ཡོད་པའི་ཕྱིར། དེར་ཐལ། ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་རྒྱུད་ལ་ལྡན་པའི་ཕྱིར་མི་འོང་ཡོད་པའི་ཕྱིར། རྩ་བར་འདོད་ན། དེའི་རྒྱུད་ལ་ཡོངས་ཤེས་བདུན་ག་མེད་པར་ཐལ། དང་པོ་དྲུག་མེད་ཅིང་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་ཡོད་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། ཁམས་ལས་འདོད་ཆགས་བྲལ་བ་དང་། །འབྲས་བུ་ཐོབ་ཕྱིར་དེ་དག་སྡོམ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཁམས་གསུམ་གྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་ཆོས་ཅན། ཆོས་བཟོད་ཀྱི་འབྲས་བུ་ཞེས་བྱ་སྟེ། དེའི་བྲལ་འབྲས་ཡིན་པའི་ཕྱིར། ལྷག་མ་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་རྣམས་ནི་ཆོས་ཅན། ཆོས་ཤེས་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་ཞེས་བཏགས་པ་ཡིན་ཏེ། དེའི་བྲལ་འབྲས་ཡིན་པའི་ཕྱིར། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ཆོས་ཅན། ཁྱོད་ཀྱི་འབྲས་བུ་དུ་མ་ཡོད་དེ། ཡོངས་ཤེས་དགུ་པོ་ཐམས་ཅད་ཁྱོད་ལ་བརྟེན་ནས་ཐོབ་པ་ཡོད་པའི་ཕྱིར། བསམ་གཏན་གྱི་དངོས་གཞི་རྣམས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོངས་


GLG014_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་ལྔ་ཡོད་དེ། ཁམས་གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས། ཟག་པ་ཀུན་ཟད་པའི་ཡོངས་ཤེས་རྣམས་སུ་ཡོད་པའི་ཕྱིར། བཙུན་པ་དབྱངས་སྒྲོག་གི་ལུགས་ལ་བརྒྱད་ཡོད་དེ། གོང་མ་ལྔའི་སྟེང་དུ་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་འབྲས་བུ་གསུམ་རྣམས་སུ་ཡོད་པའི་ཕྱིར། གཟུགས་མེད་ནམ་མཁའི་ཉེར་བསྡོགས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་ཡོངས་ཤེས་གཅིག་ཡོད་པ་ཡིན་ཏེ། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་དེ་ཡིན་པའི་ཕྱིར། གཟུགས་མེད་ཀྱི་དངོས་གཞི་དང་པོ་གསུམ་ཆོས་ཅན། ཁྱོད་ལ་ཡང་ཡོངས་ཤེས་གཅིག་ཡོད་དེ། ཟག་པ་ཀུན་ཟད་པའི་ཡོངས་ཤེས་ཡོད་པའི་ཕྱིར། འཕགས་པའི་ལམ་ཆོས་ཅན། ཁྱོད་ལ་ཡོངས་ཤེས་དུ་མ་ཡོད་དེ། ཡོངས་ཤེས་དགུ་པོ་ཐམས་ཅད་ཁྱོད་ལ་བརྟེན་ནས་འཐོབ་པའི་ཕྱིར། འཇིག་རྟེན་པའི་ལམ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་གཉིས་ཡོད་དེ། ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་དང་། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་གཉིས་སུ་ཡོད་པའི་ཕྱིར། རྗེས་ཤེས་ཆོས་ཅན། ཁྱོད་ལ་འབྲས་བུ་ཡོངས་ཤེས་གཉིས་ཡོད་དེ། ཁྱོད་ཀྱི་འབྲས་བུ་སྒོམ་སྤང་སྤངས་པའི་ཡོངས་ཤེས་ཐ་མ་གཉིས་ཡོད་པའི་ཕྱིར། ཆོས་ཤེས་དེ་ཆོས་ཅན། གསུམ་ཡོད་དེ། སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡོད་པའི་ཕྱིར། ཆོས་ཤེས་དེའི་ཕྱོགས་མཐུན་ཆོས་ཅན། དྲུག་ཡོད་དེ། འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་དང་། སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡོད་པའི་ཕྱིར། རྗེས་ཤེས་དེའི་ཕྱོགས་མཐུན་ཆོས་ཅན། ལྔ་ཡོད་དེ། ཁམས་གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ། སྒོམ་སྤང་སྤངས་པའི་ཡོངས་ཤེས་ཐ་མ་གཉིས་རྣམས་སུ་ཡོད་པའི་ཕྱིར། །གསུམ་པ་ནི། ཤེས་བྱ་ཆོས་ཅན། ཡོངས་ཤེས་ལ་དགུར་བཞག་ཏུ་ཡོད་དེ། བྲལ་བའི་ཐོབ་པ། ཟད་ཐོབ་པ། སྲིད་རྩེའི་མཐོང་སྤང་ཉམས་པར་བྱས་པ་དང་། རྒྱུ་ཀུན་འབྱུང་དང་སྡུག་བསྔལ་མཐོང་སྤང་གཉིས་


GLG014_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཅོམ་པ་དང་། ཁམས་ལས་ཡང་དག་པར་འདས་པ་ལས་ཡོངས་ཤེས་ཀྱི་མིང་འཐོབ་པའི་ཕྱིར། །བཞི་པ་ནི། ཤེས་བྱ་ཆོས་ཅན། སོ་སོ་སྐྱེ་བོ་གཅིག་ནི་ཡོངས་ཤེས་དང་མི་ལྡན་ཏེ། དེས་ཟག་མེད་ཀྱི་ལམ་མ་ཐོབ་པའི་ཕྱིར། མཐོང་ལམ་ལ་གནས་པ་ནི་ཡོངས་ཤེས་གཅིག་ནས་ལྔའི་བར་དང་ཡང་དག་པར་ལྡན་ཏེ། ཀུན་འབྱུང་ཆོས་ཤེས་ཀྱི་ཚེ་གཅིག །རྗེས་ཤེས་ཀྱི་ཚེ་གཉིས། འགོག་པ་ཆོས་ཤེས་ཀྱི་ཚེ་གསུམ། རྗེས་ཤེས་ཀྱི་ཚེ་བཞི། ལམ་ཆོས་ཤེས་ཀྱི་ཚེ་ལྔ་ཡོད་པའི་ཕྱིར། སྒོམ་ལམ་ལ་གནས་པ་ནི། ཡོངས་ཤེས་དྲུག་གམ་ཡང་ན་གཅིག་གམ་ཡང་ན་གཉིས་དང་ལྡན་ཏེ། ལམ་རྗེས་ཤེས་ལ་གནས་པ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚེ་དྲུག །ཆགས་བྲལ་སྔོན་སོངལམ་རྗེས་ཤེས་ཀྱི་ཚེ་དང་། རིམ་གྱིས་བ་ཕྱིར་མི་འོང་ཐོབ་པའི་ཚེ་དང་། དགྲ་བཅོམ་ཐོབ་པའི་ཚེ་ཡང་ཡོངས་ཤེས་གཅིག །གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཚེ། ཐ་མའི་ཆ་མཐུན་དང་གོང་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཉིས་དང་ལྡན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཕྱིར་མི་འོང་ཐོབ་པའི་ཚེ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་དང་། དགྲ་བཅོམ་ཐོབ་པའི་ཚེ་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་སྡོམ་པ་ལ་རྒྱུ་མཚན་ཡོད་དེ། ཁམས་གོང་མ་ལས་འདོད་ཆགས་དང་བྲལ་བ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་གསར་དུ་ཐོབ་པ་ན་སྤངས་པ་དེ་དག་བསྡོམས་ནས་བཞག་པའི་ཕྱིར། །ལྔ་པ་ནི། འབྲས་བུ་ཡོངས་ཤེས་དེ་དག་ལ། ལ་ལ་ནི་འབྲས་བུ་ཡོངས་ཤེས་གཅིག་བཏང་ནས་གཉིས་དང་ལྡན་པ་ཡོད་དེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ནས་ཕྱིར་མི་འོང་དུ་གྱུར་པའི་ཚེ་ཟག་པ་ཀུན་ཟད་ཀྱི་འབྲས་བུ་བཏང་ནས་འདོད་གཟུགས་ཀྱི་སྒོམ་སྤང་སྤངས་པའི་འབྲས་བུ་གཉིས་དང་ལྡན་པའི་ཕྱིར། གཉིས་བཏང་ནས་གཅིག་དང་ལྡན་པ་ཡོད་དེ། དགྲ་བཅོམ་ཞུགས་པས་འབྲས་གནས་ཀྱི་རྟོགས་པ་ཐོབ་པའི་ཚེ་འདོད་གཟུགས་ཀྱི་སྒོམ་སྤང་སྤངས་པའི་འབྲས་བུ་གཉིས་བཏང་ནས། ཟག་པ་ཀུན་ཟད་ཀྱི་འབྲས་བུ་གཅིག་དང་ལྡན་པའི་ཕྱིར། ལྔ་བཏང་ནས་གཅིག་དང་ལྡན་པ་


GLG014_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། ལམ་རྗེས་བཟོད་ལ་གནས་པའི་ཕྱིར་མི་འོང་ཞུགས་པས་དེ་རྗེས་ཤེས་ཀྱི་རྟོགས་པ་ཐོབ་པའི་ཚེ། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་སྤངས་པའི་འབྲས་བུ་གསུམ། ཁམས་གོང་མའི་སས་བསྡུས་ཀྱི་མཐོང་སྤང་སྤངས་པའི་འབྲས་བུ་གཉིས་ཏེ་ལྔ་བཏང་ནས། ཁམས་གོང་གི་སས་བསྡུས་ཀྱི་ལམ་མཐོང་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་གཅིག་དང་ལྡན་པའི་ཕྱིར། གཅིག་བཏང་ནས་དྲུག་དང་ལྡན་པ་ཡོད་དེ། གཟུགས་ལ་ཆགས་བྲལ་མ་བྱས་པའི་ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་པ་ལས་ཕྱིར་འོང་དུ་གྱུར་པའི་ཚེ་འདོད་པའི་སྒོམ་སྤང་སྤངས་པའི་འབྲས་བུ་བཏང་ནས་མཐོང་སྤང་སྤངས་པའི་འབྲས་བུ་དྲུག་དང་ལྡན་པའི་ཕྱིར། དྲུག་བཏང་ནས་གཅིག་དང་ལྡན་པ་ཡོད་དེ། ཕྱིར་མི་འོང་ཞུགས་པས་རང་གི་འབྲས་གནས་ཀྱི་རྟོགས་པ་ཐོབ་པའི་ཚེ་མཐོང་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་དྲུག་བཏང་ནས་འདོད་པའི་སྒོམ་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་གཅིག་དང་ལྡན་ལ། ལྔ་འཐོབ་པ་ནི་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གནས་ལྔ་པ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ཏེ། ཉོན་མོངས་པའི་ཀུན་འབྱུང་མདོར་བསྟན། རྒྱས་བཤད། སྤོང་ཚུལ་དང་བཅས་པའི་སྒོ་ནས་ལེགས་པར་བཤད་པའི་ཕྱིར།སྨྲས་པ། འདི་ན་ཡོངས་སུ་ཤེས་དགུའི་ཉིན་བྱེད་ཀྱིས། །ཕྲ་རྒྱས་མུན་པའི་སྨག་རུམ་སངས་པ་དང་། །ཐོབ་བྱའི་ལམ་གྱི་པད་ཚལ་རྒྱས་པ་དག །མཉམ་དུ་བྱས་སོ་ཤེས་ལྡན་རྐང་དྲུག་ཚོགས། །ནགས་མེ་རླུང་གིས་བསྐྱོད་པའི་ཞུགས་ཀྱི་དཔུང་། །ཉལ་འགྲོའི་རྒྱུན་གྱི་ལྷག་མར་འཇོམས་པ་ལྟར། །སྙིང་པོ་ལམ་གྱི་བགྲོད་ཚུལ་ཉམས་བླངས་ན། །དུག་གསུམ་ཉོན་མོངས་ཆེ་ཡང་ཅིས་མི་འཇོམས། །རྒྱལ་བའི་བསྟན་ལ་གནས་ཤིང་སྡེ་སྣོད་གསུམ། །ཐོས་དང་བསམ་པའི་གྲུ་རུ་ཞུགས་གྱུར་ཀྱང་། །ཆོས་ཚུལ་ཉོན་མོངས་འཕེལ་བའི་གྲོགས་གྱུར་འདིས། །མནར་མེད་མེ་ཡི་བུད་ཤིང་བྱས་ཀྱི་དོགས། །ཀྱེ་མ་གྲོགས་དག་ཕྲད་དཀའི་བསྟན་དང་མཇལ། །རྒྱ་བོད་མཁས་པའི་ལེགས་བཤད་སྤྱོད་ལ་དབང་། །ཁྱད་པར་བློ་བཟང་རྒྱལ་བའི་རིང་ལུགས་ལ། །ཞུགས་པའི་དུས་འདིར་གཏན་གྱི་བཙན་ས་ཟུངས། །ཆོས་མངོན་པ་མཛོད་གསལ་
བར་བྱེད་པའི་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས། གནས་ལྔ་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ། །


previousགནས་ལྔ་པ་ཕྲ་རྒྱས་བསྟན་པ།next