Nitartha Digital Library
Tibetan
གསུང་འབུམ་པོད་དང་པོ། རྣམ་ཐར་དང་དབུ་མ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་ལྡན་ལུགས་ལ་དེ་ལས་ཁྱད་འཕགས་ཡོད་པར་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ལྡན་ལུགས་ལ་དེ་ལས་ཁྱད་འཕགས་ཡོད་པར་བསྟན་པ། next

རྫོགས་ལྡན་ལུགས་ལ་དེ་ལས་ཁྱད་འཕགས་ཡོད་པར་བསྟན་པ།

བཅུ་བ་རྫོགས་ལྡན་ལུགས་ལ་དེ་ལས་ཁྱད་འཕགས་ཡོད་པར་བསྟན་པ་ནི། རྩ་བར། རྫོགས་ལྡན་ལ་ནི་དེ་དང་དེ་དག་ལས། །བཟློག་པའི་ཆོས་ལུགས་ཁྱད་པར་འཕགས་པ་ཡོད། །ཅེས་རྐང་བ་གཉིས་བྱུང༌། དེའི་ཚིག་དོན་ནི། སྤྱིར་རྫོགས་ལྡན་ཞེས་པ་བཀའ་འཁོར་ལོ་ཐ་མའི་མདོ་རྣམས་ནས་དོན་དམ་ཆོས་དབྱིངས་ཀྱི་གནས་ལུགས་རྫོགས་པར་སྟོན་པའི་ཕྱིར་རྫོགས་ལྡན་གྱི་ཆོས་དང༌། གཞན་རྣམས་ནས་ཆོས་དབྱིངས་ཀྱི་ཆ་ཤས་རེ་རེ་ཙམ་སྟོན་པ་ལ་རིམ་བཞིན་གསུམ་ལྡན་གཉིས་ལྡན་ཞེས་འཇོགཡང་ན་བསྟན་པ་ལ་ལྟོས་པའི་དབང་དུ་བྱས་ནས་སངས་རྒྱས་ཞལ་བཞུགས་པའི་གནས་སྐབས་སུ་ནི་རྫོགས་ལྡན་ཡིན་ལ་དེའི་དུས་སུ་ངེས་དོན་གྱི་ཆོས་འདི་ལ་གཙོ་བོར་སྤྱོད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་ལ། དེ་འདྲའི་རྫོག༵ས་ལྡན༵་གྱི་ཆོས་ལ༵་ནི༵། གསུམ་ལྡན་སོགས་དེ༵་དང༵་དེ༵་དག༵་ལས༵་བཟློག༵་པའི༵་ཆོས༵་ལུག༵ས་ཁྱད༵་པར༵་འཕག༵ས་པ༵་ཡོད༵་དེ། འདི་ཉིད་ཀྱི་རང་འགྲེལ་ལས། རྒྱུ་དེ་ལ་སྐྱེད་བྱེད་ཀྱི་རྒྱུ་དང༌། བྲལ་བྱེད་ཀྱི་རྒྱུའི་རྒྱལ་ཁམས་གཉིས་དང༌། འབྲས་བུ་ལ་བསྐྱེད་པའི་འབྲས་བུ་དང༌། བྲལ་བའི་འབྲས་བུའི་རྒྱལ་ཁམས་གཉིས་སུ་གནས་ཡོད་ཅིང་འདུས་མ་བྱས་ཀྱི་རྒྱུ་འབྲས་ཟབ་མོ་དང༌། རྟག་ཅིང་བརྟན་པའི་རྒྱུ་འབྲས་ཟབ་མོ་དང༌། རྒྱུ་འབྲས་ངོ་བོ་གཅིག་པ་དང༌། གཞི་འབྲས་ངོ་བོ་གཅིག་པ་དང༌། རྒྱུ་འབྲས་གཞན་མཆོག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུ་འབྲས་ཀྱང་ཡོད་དོ། །དེ་ལ་འདུས་མ་བྱས་སུ་གཏོགས་པའི་རྒྱུ་འབྲས་ནི། །རྒྱུ་འབྲས་གཞན་དོན་དམ་ཆོས་ཉིད་ཀྱི་རྒྱུ་འབྲས་ཏེ། ཞེས་པ་ནས། རང་སྟོང་དང་རྟེན་འབྲེལ་གྱི་ཆོས་ནི་འགའ་ཙམ་ཡང་འདྲེས་པ་མེད་ལ། ཀུན་བཏགས་ཐམས་ཅད་དང་བྲལ་བའི་གཞི་འགྱུར་མེད་ཡོངས་གྲུབ་བཅོས་མ་གློ་བུར་བ་ཐམས་ཅད་དང་བྲལ་བའི་གཞི་རང་བཞིན་གཉུག་མ་མཐའ་ཐམས་ཅད་དང་བྲལ་བའི་གཞི་དབུས་མ་བར་མ་ཕུང་བོ་གསུམ་པ་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་ཤིང། དཔེར་བྱ་ཀུན་ལས་འདས་པ་བསམ་གྱི་མི་ཁྱབ་པའི་དབྱིངས་རིག་དབྱེར་མེད་པའི་ཁྱབ་བདག་དུ་མ་རོ་གཅིག་ནི་རྒྱུ་འབྲས་དབྱེར་མེད་ཀྱང་ཡིན་པར་རྫོགས་ལྡན་གྱི་ཆོས་དང་གང་ཟག་ལ་གྲགས་ཀྱང༌། གསུམ་ལྡན་མར་བཅད་ཀྱི་བློར་ཤོང་བ་དཀའ་འོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་འདུས་མ་བྱས་པའི་རྒྱུ་འབྲས་སུ་གསུངས་པ་ནི། དོན་དམ་པའི་འགལ་འདུས་སྐྱོན་མེད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་བྱས་ཀྱི། འདུས་མ་བྱས་དོན་དམ་ལ་རྒྱུ་འབྲས་མཚན་ཉིད་པ་མེད་དེ། དེ་ལ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པའི་འབྲས་བུ་ནི་མེད་པའི་ཕྱིར་ཏེ། ཚོགས་ཆོས་བདེན་བཞི་གསལ་བ་ལས། དོན་དམ་པ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དེ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པའི་འབྲས་བུར་ནི་ཡོད་པ་མ་ཡིན་ཏེ། ནམ་ཡང་གཞན་དུ་མི་འགྱུར་ཞིང་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར། ཞེས་དང༌། གཞན་སྟོང་སྙིང་པོ་ལས། ལམ་ཡང་དེའི་བྲལ་རྒྱུ་ཞེས་རྒྱུ་འབྲས་བཏགས་པ་ཡིན་གྱི་དངོས་མ་ཡིན་ནོ། །ཞེས་དང༌། ཆོས་རྣམ་འབྱེད་ལས། ཡང་ཁ་ཅིག་དོན་དམ་གཞན་སྟོང་རྟེན་འབྲེལ་ལས་འདས་ན་ལས་རྒྱུ་འབྲས་དོན་ལ་མི་བདེན་པར་འགྱུར་ཏེ། དེ་ཡང་ལེགས་པར་ཕྱེ་སྟེ་བཤད་པར་བྱའོ། །དེ་ལ་ལས་རྒྱུ་འབྲས་དོན་དམ་གྱི་དོན་ལ་མི་བདེན་པར་འགྱུར་རོ་ཞེ་ན་འདོད་པ་ཁོ་ན་སྟེ། དོན་དམ་ནི་འདུས་མ་བྱས་ཡིན་པས་རྒྱུ་འབྲས་ལས་འདས་པར་ཡང་གསུངས་པའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། དོན་དམ་ལ་ནི་རྟེན་འབྲེལ་ནམ་ཡང་མེད། །དེ་ལ་རྒྱུ་འབྲས་དང་ནི་རྣམ་བཞག་བྲལ། །ཞེས་དང༌། དེའི་ཟིན་བྲིས་ལས། རང་བཞིན་འོད་གསལ་དེ་ལ་ནི། རྒྱུ་འབྲས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་དང༌། རྣམ་པར་བཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་དང་བྲལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ཡང་ཀུན་རྫོབ་ཀྱི་རྒྱུ་འབྲས་ནི། ནམ་ཡང་རྟག་པར་མི་རུང་བ་དཔལ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་སོགས་ལས་ལེགས་པར་བཤད་པ་ལྟར་རོ། །བཅུ་གཅིག་པ་ཀུན་གཞིའི་རྣམ་བཞག་བསྟན་པ་ལ། རྫོགས་ལྡན་གྱི་ལུགས་བསྟན་པ། སྐྱོན་ཅན་གྱི་འདོད་པ་བསྟན་པ། ཀུན་གཞིའི་ཡེ་ཤེས་མདོ་སྔགས་ཀྱི་ངེས་དོན་མཐར་ཐུག་ཡིན་པར་བསྟན་པ། དེ་ལྟར་མ་རྟོགས་པའི་སྐྱོན་བསྟན་པ། ཀུན་གཞི་གཉིས་ཀྱི་ཁྱད་པར་མི་འདྲ་བས་ལེགས་པར་འབྱེད་དགོས་པར་བསྟན་པ། དེ་གཉིས་གཅིག་ཏུ་བསྲེས་པའི་ཉེས་དམིགས་བསྟན་པ། སྦྱང་གཞི་སོགས་ཆོས་དཔེ་དང་བཅས་ཏེ་བསྟན་པ། སྦྱང་བྱ་སྦྱང་གཞི་གཅིག་ཡིན་ན་ཧ་ཅང་ཐལ་ཆེས་པའི་སྐྱོན་བསྟན་པ་དང་བརྒྱད། དང་པོ་རྫོགས་ལྡན་གྱི་ལུགས་བསྟན་པ་ནི། རྫོགས་ལྡན་ལ་ནི་དེ་དང་དེ་དག་ལས། །བཟློག་པའི་ཆོས་ལུགས་ཁྱད་པར་འཕགས་པ་ཡོད། །ཀུན་གཞི་ལ་ཡང་རྣམ་ཤེས་ཡེ་ཤེས་དང༌། །ཀུན་རྫོབ་དོན་དམ་ཆོས་དང་ཆོས་ཉིད་དང༌། །འདུས་བྱས་འདུས་མ་བྱས་སུ་འབྱེད་པ་དང༌། །སྦྱོང་བྱ་དང་ནི་སྦྱང་གཞིར་འབྱེད་པ་དང། །གློ་བུར་བ་དང་གཉུག་མར་འབྱེད་པ་དང༌། །བཅོས་མ་རང་བཞིན་འཁྲུལ་ལུགས་གཤིས་ལུགས་དང༌། །ཤུན་པ་སྙིང་པོ་མི་རྟག་རྟག་པ་དང༌། །མཐའ་དང་དབུས་སུ་འབྱེད་པ་ལ་སོགས་པའི། །རྣམ་བཞག་ལེགས་པ་རྫོགས་ལྡན་ལུགས་ལ་ཡོད། །རྩ་བར། ཀུན་གཞི་ལའང་རྣམ་ཤེས་ཡེ་ཤེས་དང༌། །ཞེས་པ་ནས། ལུགས་ལ་ཡོད། ཅེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། ཀུན༵་གཞི༵་དེ་ལ༵་ཡང༵་དབྱེ་བའི་ཚུལ་དུ་མ་ཡོད་དེ། ཀུན་གཞིའི་རྣམ༵་ཤེས༵་དང་ཡེ༵་ཤེས༵་གཉིས་སུ་འབྱེད་པ་དང༷༌། ཀུན༵་རྫོ༵བ་ཀྱི་ཀུན་གཞི་དང༵༌། དོ༵ན་ད༵མ་གྱི་ཀུན་གཞི་གཉིས་དང༌། ཆོ༵ས་ཅན་རྣམ་ཤེས་ཀྱི་ཀུན་གཞི་དང༵༌། ཆོས༵་ཉིད༵་ཡེ་ཤེས་ཀྱི་ཀུན་གཞི་གཉིས་དང༵༌། འདུས༵་བྱས༵་དང༌། འདུས༵་མ་༵བྱ༵ས་གཉིས་སུ༵་འབྱེད༵་པ༵་དང༵༌། སྦྱང༵་བྱ༵་ཀུན་གཞིའི་རྣམ་ཤེས་དང༵་ནི༵་སྦྱང༵་གཞིར༵་ཀུན་གཞིའི་ཡེ་ཤེས་འབྱེད༵་པ༵་དང༵༌། གློ༵་བུར༵་བ༵་དང༵༌། གཉུག༵་མར༵་འབྱེད༵་པ༵་དང༵༌། བཅོས༵་མ༵་དང་རང༵་བཞིན༵་གཉིས་སུ་འབྱེད་པ་དང༌། འཁྲུལ༵་ལུག༵ས་གཤི༵ས་ལུགས༵་གཉིས་སུ་འབྱེད་པ་དང༵༌། ཤུན༵་པ༵་སྙིང༵་པོ༵་གཉིས་སུ་འབྱེད་པ་དང༌། མི་༵རྟག༵་པ་དང་རྟག༵་པ༵་གཉིས་སུ་འབྱེད་པ་དང༵༌། མཐའ༵་དང༵་དབུས༵་སུ༵་འབྱེད༵་པ༵་ལ༵་སོག༵ས་པའི༷་ཀུན་གཞིའི་རྣམ༵་དབྱེ་བཞག༵་ཚུལ་ལེགས༵་པ༵་ནི་རྫོག༵ས་ལྡན༵་གྱི་ལུག༵ས་ལ༵་ཡོད༵་དེ། རྒྱུད་བླ་ཐོགས་འགྲེལ་དུ་མདོ་དྲངས་པ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དང༌། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་དང༌། ཀུན་གཞི་སྙིང་པོ་བསྒྲགས་པ་ནི། །རྟོག་པའི་སེམས་ཀྱི་ཡུལ་མ་ཡིན། །རང་བཞིན་རྣམ་པར་བརྟགས་པ་ན། །བརྟག་པར་ནུས་པ་མ་ཡིན་དང༌། །ཡོངས་སུ་གྲུབ་པའི་རང་བཞིན་ཡང༌། །རྣལ་འབྱོར་ཐུབ་ཅན་རྟག་ཏུ་མཐོང༌། །ཞེས་དང༌། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པའི་ཕྱིར། ཆོས་མངོན་པའི་མདོའི་ལུང་དེ་ཐེག་བསྡུས་སུ་ཀུན་གཞི་རྣམ་ཤེས་སྒྲུབ་བྱེད་དུ་བཀོད་པ་དང༌། རྒྱུད་བླ་ཐོགས་འགྲེལ་དུ་ཆོས་དབྱིངས་སམ་ཀུན་གཞི་ཡེ་ཤེས་སྒྲུབ་བྱེད་དུ་བཀོད་པ་གཉིས་ཀ་མི་འགལ་ཏེ།

གསུང་གཅིག་ཉིད་དུ་གསུང་ན་ཡང༌། །དུ་མ་ཉིད་དུ་སོ་སོར་གོ །ཞེས་པ་ལྟར་དེས་གཉིས་ཀ་སྟོན་པར་ས་བཟང་གི་ཀུན་བཏུས་འགྲེལ་བར་གསུངས་སོ། །འདིར་ཀུན་གཞི་རྣམ་ཤེས་དང་ཡེ་ཤེས་གཉིས་ཡོད་པའི་སྔ་མའི་མཚན་ཉིད་སོགས་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པ་ལས་གསུངས་པ་འདི་ལྟ་སྟེ། ཇི་སྐད་དུ། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་པ། །རིག་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་སྒྲིབ་ལུང་མ་བསྟན། །རེག་ལ་སོགས་པ་དེ་བཞིན་ནོ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ནི་དེ་བཟློག་གོ །ཞེས་གསུངས་ཤིང༌། དེའི་ཚིག་དོན་དང་ཀུན་གཞིའི་རྣམ་ཤེས་ཀྱི་རྣམ་བཞག་རྒྱས་པར་ཐེག་མཆོག་དབུ་མའི་རབ་བྱེད་བཞི་བའི་ཟིན་བྲིས་དང༌། ས་བཟང་མ་ཏི་པཎ་ཆེན་གྱི་ཀུན་བཏུས་འགྲེལ་བ་ལས་ཤེས་པར་བྱའོ། །ཀུན་གཞི་ཡེ་ཤེས་ནི། གཞི་འབྲས་དབྱེར་མེད་དུ་བཞུགས་པའི་གཞི་དབྱིངས་དོན་དམ་པའི་ཡེ་ཤེས་དེ་ཡིན་ལ། དེ་ལ་ཀུན་གཞི་གསུངས་བའི་རྒྱུ་མཚན་ནི། ཐེག་མཆོག་དབུ་མ་ལས། འཁོར་འདས་ཀུན་གྱི་གཞི་ཡིན་དོན་དམ་ཕྱིར། །ཀུན་གཞི་ཡེ་ཤེས་ཉིད་དུ་དམ་པའི་དགོངས། །ཞེས་དང༌། དེའི་ཟིན་བྲིས་ལས། མདོ་སྡེ་མང་པོ་ལས་ཀུན་གཞི་ཡེ་ཤེས་གསུངས་པ་དེ་ཅི་ཡིན་སྙམ་ན། དེ་ནི་དོན་དམ་དབྱིངས་ཉིད་ཡིན་ཏེ་ཀུན་གཞི་ཡེ་ཤེས་ཀྱི་དོན་ཚང་བའི་ཕྱིར། དེ་ཡང་དོན་དམ་དབྱིངས་དེ་ཀུན་གཞི་ཡིན་ཏེ། འཁོར་འདས་ཀུན་གྱི་གཞི་ཡིན་པའི་ཕྱིར། ཡེ་ཤེས་ཡིན་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར། དེས་ན་དབྱིངས་ཉིད་ཀུན་གཞི་ཡེ་ཤེས་སུ་སྐྱེས་བུ་དམ་པ་རྣམས་ཀྱི་དགོངས་སོ། །ཞེས་དང༌། འོ་ན་དོན་དམ་དབྱིངས་དེ་འཁོར་འདས་ཀུན་གྱི་གཞི་ཡིན་ན། མྱ་ངན་ལས་འདས་པའི་གཞི་ཡིན་ཚུལ་ཅི་ལྟ་བུ་ཞེ་ན། ཆོས་དབྱིངས་རང་གི་ངོ་བོ་དོན་དམ་པའི་མྱ་ངན་ལས་འདས་པ་ཡིན་ཞིང༌། དེ་ལ་དམིགས་ཏེ། ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཡིན་པས་ན། མྱ་ངན་ལས་འདས་པའི་གཞི་ཡིན་ཚུལ་དེ་ལྟར་ཡིན་ནོ། །འཁོར་བའི་གཞི་ཡིན་ཚུལ་ནི། དོན་དམ་དབྱིངས་དེ་འཁོར་བའི་རྒྱུ་དངོས་མ་ཡིན་ཡང༌། དཔེར་ན་གསེར་ཡོད་ན་གཡའ་ཡང་འབྱུང་བ་དང་སྐྱེས་བུ་ལུས་ཀྱིས་དངོས་སུ་བསྐྱེད་པ་མ་ཡིན་ཡང་ལུས་ཡོད་པའི་རྟེན་འབྲེལ་ལས་ལུས་དེའི་གྲིབ་མ་འབྱུང་བ་ལྟར་ཐོག་མ་དང་ཐ་མ་མེད་པའི་འཁོར་བ་ཡང་དབྱིངས་དེ་ཡོད་པའི་མཐུ་ལས་ཤར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཀུན་གཞི་ཡེ་ཤེས་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ལས། གཉུག་སེམས་ཕྲ་མོའམ་གཉུག་མའི་ཡེ་ཤེས་གསུངས་པ་འདི་གཉིས་འདྲ་བ་ཡིན་ལ། སྔ་འགྱུར་རྙིང་མའི་བཞེད་པའི་གཉུག་སེམས་དང་འདི་གཉིས་ཁྱད་པར་ཅུང་ཟད་ཀྱང་མེད་སྙམ། འོན་ཀྱང་ཕྱིས་སུ་རྙིང་མའི་མཁས་དབང་གི་ཁྲོད་ན་གཉུག་སེམས་འདུས་བྱས་སུ་ཁས་ལེན་མཁན་བྱུང་བ་འདྲའོ། །ཡང་དགེ་ལུགས་ཀྱི་མཁས་དབང་རྣམས་ཀྱིས་དགོངས་འགྲེལ་གྱི་མདོ་སོགས་ལས་ཀུན་གཞི་གསུངས་པ་སྒྲ་ཇི་བཞིན་མིན་པར་སྟོང་ཉིད་ལ་དགོངས། ཞེས་པ་དང༌། རྒྱུད་སྡེ་རྣམས་སུ་ཀུན་གཞི་གསུངས་པ་རླུང་ལ་ཀུན་གཞི་ཞེས་བཏགས་པར་བཞེད། འོན་ཀྱང་གསང་འདུས་སྐབས་སུ་རྒྱུ་ལུས་གཉུག་སེམས་ཀྱི་སྟེང་ནས་སྒྲུབ་པར་གསུངས་པས་གཉུག་སེམས་འདུས་བྱས་ཞིག་བཞེད་དོ། །གཉིས་པ་སྐྱོན་ཅན་གྱི་འདོད་པ་བསྟན་པ་ནི། གསུམ་ལྡན་མར་བཅད་དེ་འདྲའི་ཆོས་སྐད་ནུབ། །ཀུན་གཞི་གང་ཡིན་མ་སྒྲིབས་ལུང་མ་བསྟན། །ལེན་པའི་རྣམ་ཤེས་ཉིད་ལ་འདོད་པ་བྱུང༌། །དེས་ཀྱང་ལྟ་བའི་སྙིགས་མ་བདོ་བར་བྱས། །རྩ་བར། གསུམ་ལྡན་མར་བཅད། ཅེས་པ་ནས་སྙིགས་མ་བདོ་བར་བྱས། ཞེས་པའི་བར་ཤོ་ལོ་ཀ་གཅིག་བྱུང༌། དེའི་ཚིག་དོན་ནི། གསུ༵མ་ལྡ༵ན་མར༵་བཅད༵་ཀྱི་ལུགས་ལ་དེ༵་འདྲའི༵་རྫོགས་ལྡན་གྱི་ཆོས༵་སྐད༵་ནུབ༵་ནས་ཀུན་གཞི་ཡེ་ཤེས་ཁས་མི་ལེན་པར་ཀུན༵་གཞི༵་གང༵་ཡི༵ན་པ་དེ་ནི་མ༵་སྒྲིབ༵་ལུང༵་མ༵་བསྟ༵ན་གྱི་ལེན༵་པའི༵་རྣམ༵་པར་ཤེས༵་པ་ཉིད༵་ལ༵་འདོད༵་པ༵་བྱུང༵་བ་དེས༵་ཀྱང༵་ལྟ༵་བའི༵་སྙིག༵ས་མ༵་བདོ༵་བར༵་བྱ༵ས་པ་ཡིན་ནོ། །ཡང་ཁ་ཅིག་ཀུན་བཏུས་སོགས་ཀུན་གཞི་སྟོན་པའི་རྒྱུ་མཚན་གྱིས་སེམས་ཙམ་པའི་རང་གཞུང་ཡིན་ཟེར་ན་དེ་ཡང་མི་འཐད་དེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པར་ཀུན་གཞི་རྣམ་ཤེས་སྟོན་པའི་རྒྱུ་མཚན་ཀྱིས་སེམས་ཙམ་གྱི་རང་གཞུང་དུ་འདོད་པ་ཡང་འཁྲུལ་ཏེ། རྒྱུད་སྡེ་ཟབ་མོ་རྣམས་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་དབུ་མའི་གཞུང་ལུགས་མཐར་ཐུག་པ་རྣམས་སུ་ཡང་ཀུན་གཞི་རྣམ་ཤེས་ཡང་ནས་ཡང་དུ་བསྟན་པའི་ཕྱིར་རོ། །ཞེས་གསུངས་བའི་ཕྱིར་རོ། །གསུམ་པ་ཀུན་གཞི་ཡེ་ཤེས་དེ་མདོ་སྔགས་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་ཡིན་པར་བསྟན་པ་ནི། བདེ་གཤེགས་སྙིང་པོར་གསུངས་བའི་ཀུན་གཞི་དང༌། །ཟག་མེད་དགེ་བར་གསུངས་པའི་ཀུན་གཞི་དང༌། །ས་རྣམས་སྣ་ཚོགས་ཡིན་པའི་ཀུན་གཞི་དང༌། །རང་བཞིན་འོད་གསལ་ཡིན་པའི་ཀུན་གཞི་ནི། །འགྱུར་མེད་ཡོངས་གྲུབ་དབུ་མ་ཆེན་པོ་དང༌། །མྱང་འདས་ཆེན་པོ་ཕྱག་རྒྱ་ཆེན་པོ་དང༌། །བྱང་ཆུབ་ཆེན་པོ་ཨེ་ཝཾ་མཐར་ཐུག་དང། །དུས་འཁོར་མཐར་ཐུག་བདེ་དགྱེས་མཐར་ཐུག་དང༌། །གསང་འདུས་ལ་སོགས་ལྷ་སྔགས་རྒྱུད་ཀུན་དང༌། །དཀྱིལ་འཁོར་མཐར་ཐུག་ལ་སོགས་མཐར་ཐུག་ཀུན། །ཀུན་ནས་འདུས་པ་དུ་མ་རོ་གཅིག་དབྱིངས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ལ་དགོངས། །དེ་ཉིད་དང་པོའི་སངས་རྒྱས་རིས་མེད་དང༌། །གདོད་ནས་གྲོལ་བའི་དེ་བཞིན་གཤེགས་པ་དང༌། །གཙང་བདག་བདེ་དང་རྟག་པའི་འགོག་བདེན་དང༌། །བདེན་དོན་བཅུ་གཉིས་དེ་ཉིད་བཅུ་དྲུག་དང༌། །རྡོ་རྗེ་སེམས་དཔའ་དོན་དམ་བྱང་ཆུབ་སེམས། །འདུས་མ་བྱས་ཀྱི་སྟོང་ཉིད་སྙིང་རྗེ་དང༌། །རྟག་ཅིང་བརྟན་པའི་ཐབས་ཤེས་དབྱེར་མེད་དང༌། །སངས་རྒྱས་ཀུན་བས་སྔར་སངས་རྒྱས་ཀྱང་ཡིན། །རྩ་བར། བདེ་གཤེགས་སྙིང་པོར་གསུངས་པའི་ཀུན་གཞི་དང༌། །ཞེས་པ་ནས། སངས་རྒྱས་ཀྱང་ཡིན་ཞེས་པའི་བར་ཤོ་ལོ་ཀ་ལྔ་བྱུང། དེའི་ཚིག་དོན་ནི། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོའི་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །ཅེས་དང༌། མདོ་སྡེ་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་དང༌། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོའི་དགེ །ཞེས་དང༌། དབུ་མ་བ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དེ་ཞེས་པ་ལ་སོགས་པ་རྣམས་སུ། བདེ༵་གཤེག༵ས་སྙིང༵་པོར༵་གསུ༵ངས་པའི༵་ཀུ༵ན་གཞི༵་དང༵༌། དོན་དམ་པའི་ཟག༵་མེད༵་དགེ༵་བར༵་གསུང༵ས་པའི༵་ཀུན༵་གཞི༵་དང༵༌། ས༵་རྣམ༵ས་སྣ༵་ཚོག༵ས་ཡི༵ན་པར་གསུངས་པའི༵་ཀུན༵་གཞི༵་དང༵༌། རང༵་བཞིན༵་འོད༵་གསལ༵་ཡིན༵་པར་གསུངས་པའི༵་ཀུན༷་གཞི༵་ནི༵། ལེན་པའི་རྣམ་ཤེས་རྣམས་དང་ས་བོན་ཐམས་ཅད་པའི་རྣམ་ཤེས་དང་རྩ་བའི་རྣམ་ཤེས་ལ་སོགས་པ་དང་མི་གཅིག་ཅིང༌། དེ་ནི་ནམ་ཡང་འགྱུར༵་བ་མེད༵་པའི་ཡོང༵ས་གྲུབ༵་དབུ༵་མ༵་ཆེན༵་པོ༵་དང༵༌། དྲི་མ་གདོད་ནས་ཟད་པའི་དོན་དམ་པའི་མྱང༵་འདས༵་ཆེན༵་པོ༵་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་ཕྱག༵་རྒྱ༵་ཆེན༵་པོ༵་དང༵༌། མཐར་ཐུག་པའི་དོན་དམ་པའི་བྱང༵་ཆུབ༵་ཆེ༵ན་པོ༵་དང༌། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཨེ་ཝཾ་ཞེས་བྱའི་ཡི་གེ་གཉིས། །ཨེ་ནི་སྟོང་བ་ཉིད་དུ་གསུངས། །དེ་བཞིན་ཝཾ་ནི་ཐུགས་རྗེ་ཐབས། །ཞེས་གསུངས་པ་ལྟར་གྱི་བདེ་སྟོང་ངམ་ཨེ༵་ཝཾ༷་མཐར༵་ཐུག༵་པ་དང༵༌། རིགས་ལྡན་པད་དཀར་གྱི་དང་པོའི་རྒྱུད་འགྲེལ་ལས། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དོ། །ཞཻས་གསུངས་པ་ལྟར་གྱི་དུས༵་འཁོར༵་མཐར༵་ཐུག༵་དང༌། བདེ༵་དགྱེས༵་རྡོ་རྗེ་མཐར༵་ཐུག༵་དང༵༌། གས༵ང་འདུ༵ས་མཐར་ཐུག་ལ༵་སོགས༵་པའི་ལྷ༵་སྔག༵ས་རྒྱུད༵་ཀུན༵་དང༵༌། དཀྱིལ༵་འཁོ༵ར་མཐར༵་ཐུག༵་ལ༵་སོག༵ས་པ་མཐ༵ར་ཐུག༵་ཀུན༵། ཀུན༵་ནས༵་འདུ༵ས་པ༵་དོན་དམ་པའི་རྣམ་པ་དུ༵་མ༵་ངོ་བོ་དབྱེར་མེད་རོ༵་གཅི༵ག་པའི་དབྱིང༵ས་ཤེས༵་རབ༵་ཀྱི་ཕ༵་རོལ༵་ཏུ་ཕྱིན༵་པའི༵་མཐའ༵་ལ༵་དགོང༵ས་ནས་གསུངས་པ་དང༌། དེ་འདྲའི་དགོངས་པ་མཐར་ཐུག་པ་དེ༵་ཉི༵ད་ནི། དང༵་པོའི༵་སངས༵་རྒྱས༵་རིས༵་མེད༵་ཡིན་པ་དང༵༌། གདོད༵་ནས༵་སྒྲིབ་པ་ལས་གྲོལ༵་བའི༵་དེ༵་བཞིན༵་གཤེགས༵་པ༷་ཡིན་པ་དང༷༌། གཙང༵་བ་དང་དམ་པའི་བདག༵་དང་བདེ༵་ཆེན་དང༵་འགྱུར་མེད་རྟག༵་པའི༵་འགོ༵ག་བདེ༵ན་ཡིན་པ་དང༵༌། བདེ༵ན་དོན༵་བཅུ༵་གཉི༵ས་ཡིན་པ་དང༌། དེ༵་ཉི༵ད་བཅུ༵་དྲུག༵་ཡིན་པ་དང༵༌། རྡོ༵་རྗེ༵་སེམ༵ས་དཔའ༵་ཡིན་པ་དང༌། དོན༵་དམ༵་པའི་བྱ༵ང་ཆུ༵བ་གྱི་སེམ༵ས་ཡིན་པ་དང་འདུ༵ས་མ༵་བྱས༵་ཀྱི༵་སྟོང༵་ཉིད༵་སྙི༵ང་རྗེ༵་ཡིན་པ་དང༵༌། རྟག༵་ཅིང༵་བརྟན༵་པའི༵་ཐབ༵ས་ཤེས༵་དབྱེར༵་མེད༵་ཡིན་པ་དང༵༌། སངས༵་རྒྱ༵ས་ཀུན༵་བས༵་སྔར༵་སང༵ས་རྒྱས༵་ཀྱ༵ང་ཡིན༵་ཏེ། དེ་སྟོང་གཞི་དོན་དམ་པའི་རྣམ་པ་དུ་མ་དབྱེར་མེད་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །


previousརྫོགས་ལྡན་ལུགས་ལ་དེ་ལས་ཁྱད་འཕགས་ཡོད་པར་བསྟན་པ། next