Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
འཁོར་ལོའི་ཕན་ཡོན།
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousའཁོར་ལོའི་ཕན་ཡོན།next

འཁོར་ལོའི་ཕན་ཡོན།


JSD004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་ཕན་ཡོན་བཞུགས་སོ།།


JSD004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གང་ཞིག་ཚད་མེད་ཐུགས་རྗེའི་སྤྲིན་ཆེན་ལས། །འདུལ་བ་རྣམ་བཞིའི་གྲུ་ཆར་ལེགས་ཕབ་པས། །འགྲོ་ལ་ཕན་བདེའི་ལོ་ཏོག་བསྐྲུན་མཛད་པ། །མཉམ་མེད་སྟོན་པ་ཤཱཀྱའི་དབང་པོར་འདུད། །རྒྱལ་ཀུན་གསུང་གི་རྡོ་རྗེ་འོད་དཔག་མེད། །སིནྡྷུའི་དྭངས་མཚོར་བརྫུས་འཁྲུངས་གཞོམ་བྲལ་སྐུ། །སངས་རྒྱས་གཉིས་པའི་གྲགས་འབར་དོན་གྱིས་ལྗིད། །པདྨ་འབྱུང་གནས་བདེ་ཆེན་རྒྱན་དུ་མཆོད། །སྲིད་མཐར་རྒྱལ་བའི་ཕྲིན་ལས་འགོགས་མེད་པ། །འཁོར་བ་


JSD004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དོང་སྤྲུགས་གྲོལ་བཞིའི་དཔལ་དང་ལྡན། །གདུལ་བྱའི་ཡུལ་ལ་འཁོར་ལོའི་གཟུགས་བྱོན་པ། །འདི་ཡང་དད་བརྒྱའི་གཙུག་གིས་བསྟེན་པའི་འོས། ཞེས་མཆོད་པ་བརྗོད་པའི་ཚིག་གིས་ལམ་ཡངས་པོར་ཕྱེས་ཏེ་འདིར་གང་ཞིག་གླེང་བར་བྱ་བ་ནི། རྒྱལ་བ་བདེན་པར་སྨྲ་བས་གདུལ་བྱ་འདུལ་བའི་ཐབས་མཁས་ཐུགས་རྗེའི་འཇུག་པ་བསམ་གྱིས་མི་ཁྱབ་པ་ལས་འདིར་ལྷ་སྔགས་དབྱེར་མེད་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་ཡིག་དྲུག་གཙོ་བོར་


JSD004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་གཟུངས་སྔགས་དུང་ཕྱུར་ལྔས་ལེགས་པར་དཀྲིས་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེའི་བྱུང་བ་བརྗོད་པ་སྐབས་སུ་བབ་པ་སྟེ། འཁོར་ལོའི་འབྱུང་ཁུངས་དང་ཕན་ཡོན་བསྟན་པ། ཇི་ལྟར་དུང་འཁོར་འདུ་བྱས་པའི་ཚུལ་བཤད་པ། དགེ་རྩ་བླ་མེད་རྫོགས་བྱང་དུ་བསྔོ་སྨོན་གྱིས་མཐའ་རྟེན་པའོ། །དང་པོ་ནི། སྤྱིར་གསར་རྙིང་མདོ་རྒྱུད་མན་ངག་བཀའ་གཏེར་དུ་མ་ནས། ས་ཆུ་མེ་རླུང་དང། འདུ་བྱེད་ལག་པའི་འཁོར་ལོའི་མན་ངག་ཤིན་ཏུ་མང་པོ་བསྟན་པར་མ་ཟད་རྒྱ་བོད་གསར་རྙིང་མཁས་གྲུབ་མང་པོ་ཕྱག་བཞེས་སུ་བཏབ་པའི་མཛད་སྲོལ་རྒྱ་བལ་དང་བྷོ་ཊའི་ལྗོངས་རྣམས་སུ་དར་ཁྱབ་བྱུང་ནས་སྐྱེ་འགྲོ་དཔག་ཏུ་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད་པའི་རྨད་བྱུང་ཕྲིན་ལས་རླབས་པོ་ཆེ་བསྙོན་མེད་དུ་གྲུབ་པ་


JSD004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཇི་སྐད་དུ། ནམ་མཁའ་མེད་པར་གྱུར་ན་ཡང། །སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བར་མི་འགྱུར་ན། །འདོད་ཆགས་བྲལ་བས་བྱས་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །སྔགས་དང་རྟེན་འབྲེལ་བསམ་མི་ཁྱབ། །ཅེས་གསུངས་པ་དང། བྱེ་བྲག་ཡིག་དྲུག་འཁོར་ལོའི་འབྱུང་ཁུངས་ལ་མཚོན་ན་ཡིག་རྙིང་ཚད་ཐུབ་ལས་བསྟན་པ་འདི་ལྟར། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལ། །འཕགས་པ་སྤྱན་རས་གཟིགས་དབང་གིས། །འདི་ལྟར་ལུང་བསྟན་མཛད་པ་ནི། །ཀླུ་ཡི་ཡུལ་གྱི་ཕོ་བྲང་ན། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ལ། །ཆོས་ཀྱི་འཁོར་ལོ་མཐོང་ཐོས་དང། །དྲན་ཅིང་རེག་པ་ཙམ་གྱིས་


JSD004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང། །ངན་སོང་གསུམ་གྱི་སྡུག་བསྔལ་ལས། །མྱུར་དུ་སྒྲོལ་བར་བྱེད་པ་ཡི། །ཟབ་མོའི་ཆོས་འཁོར་གཅིག་འདུག་པ། །ཁྱོད་ཀྱིས་ལོངས་དང་སེམས་ཅན་གྱི། །དོན་ནི་རྒྱ་ཆེན་འབྱུང་བར་འགྱུར། །ཞེས་ལུང་དུ་བསྟན། དེ་ནས་སློབ་དཔོན་ཀླུ་སྒྲུབ་རྫུ་འཕྲུལ་གྱིས་ཀླུ་ཡུལ་དུ་ཕེབས་པར་མཛད་ནས། ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ། །ཀླུ་ཡི་རྒྱལ་པོ་བདག་ལ་གསོན། །འཕགས་པ་སྤྱན་རས་གཟིགས་དབང་གིས། །བདག་ལ་ལུང་བསྟན་མཛད་བྱུང་བ། །ཀླུ་ཡི་ཡུལ་དུ་ཁྱོད་སོང་ལ། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ལ། །ཆོས་འཁོར་མཐོང་ཐོས་དྲན་རེག་པས། །ངན་སོང་སྡུག་བསྔལ་ཀུན་གྲོལ་བའི། །ཟབ་མོའི་ཆོས་འཁོར་གཅིག་འདུག་པ། །བདག་ལ་ཞུས་ཤོག་གསུངས་ནས་འོངས། །ཆོས་འཁོར་


JSD004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་གནང་དུ་གསོལ། །ཞེས་ཞུས་པས། ཀླུ་ཡི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཞལ་ནས། ང་ཡི་ཆོས་ཀྱི་འཁོར་ལོ་ཟབ་མོ་མཐོང་ཐོས་དྲན་དང་རེག་པ་ཙམ་གྱིསའགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་མྱུར་དུ་གྲོལ་བར་བྱེད་པའི་འཁོར་ལོ་འདི་སྔོན་སངས་རྒྱས་མར་མེ་མཛད་ཀྱིས་ངེད་ཀླུ་རྣམས་ལ་གནང་ནས། ཀླུ་རྣམས་བདེ་བ་དང་ལྡན་ཅིང་སངས་རྒྱས་ཀྱི་ས་ལམ་བགྲོད་པ་ཡང་མང་པོ་བྱུང་བ་ཡིན་ནོ། །ཆོས་འཁོར་ཟབ་མོ་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་རྣམས་ལ་ཞུས་པའི་གཟུངས་སྔགས་ཀྱི་སྙིང་པོ་ཨཾ་མ་


JSD004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཎི་པདྨེ་ཧཱུྃ་ཞེས་པ་འདི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་གཟུངས་སྔགས་ཀྱི་འཁོར་ལོ་ཡིན་པས་ཁྱེད་ལ་སྟེར་རོ། ཁྱེད་ཀྱིས་ཀྱང་འཁོར་ལོ་ཟབ་མོ་འདི་ས་ཆུ་མེ་རླུང་ལའང་ཚུགས་ལ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་གྱིས་ཤིག་གསུངས་ནས་ཕྱག་ལེན་དང་བཅས་པ་གནང་ངོ་། །དེ་འཕགས་པ་ཀླུ་སྒྲུབ་ཀྱིས་མི་ཡུལ་དུ་གདན་དྲངས་ནས་མཁའ་འགྲོ་མ་སེང་གེའི་གདོང་ཅན་ལ་གནང་། དེས་གྲུབ་ཆེན་ཏེ་ལོ་པ་ལ། དེས་པཎ་ཆེན་ནཱ་རོ་པ་ལ། དེས་མར་པ་ལོ་ཙཱ། དེས་མི་ལ་རས་པ། དེས་དྭགས་པོ་ལྷ་རྗེ། དེས་ཁམས་པ་དབུ་སེ་ལ་གནང་ནས་རིམ་པར་བརྒྱུད་དེ། གྲུབ་ཐོབ་ཀརྨ་པཀྵི་ལ་བཀའ་བབ་པ་ཡིན་ཅིང་འདིའི་བཀའ་འབུམ་ནང་ན་འཁོར་ལོའི་ཕན་ཡོན་མང་པོ་བཞུགས་པས་


JSD004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་དང་བ་འདྲེན་སླད་འདིར་མདོ་ཙམ་སྨྲོས་པ་སྟེ། གཞན་ཡང་འཁོར་ལོའི་མན་ངག་རྒྱས་བསྡུས་མང་པོ་རྒྱ་གཞུང་དང་། གུ་རུ་པདྨའི་གཏེར་ཆོས་ཁུངས་ཐུབ་མང་པོ་ནས་ལག་ཏུ་ལེན་ཚུལ་ཕན་ཡོན་དང་བཅས་པ་གསལ་བར་གསུངས་འདུག་པ་རྣམས་ལ་ལེགས་པར་གཟིགས་ནས་ལོག་རྟོག་ངན་པ་རྒྱང་དུ་དོར་ནས་བློ་གྲོས་ཀྱི་མིག་བསྒྲུབ་ཅིང་ཐེ་ཚོམ་གྱི་སྒྲོག་ཏུ་མ་ཚུད་པ་གཅེས་སོ། །ད་ནི་དེ་དང་རྗེས་སུ་འབྲེལ་བར་འཁོར་ལོའི་ཕན་ཡོན་ལུང་གིས་རྒྱབ་སྐྱོར་ནས་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། སྙིགས་མའི་སེམས་ཅན་དོན་ཕྱིར་དུ། །ཡི་གེ་དྲུག་པའི་ཕན་ཡོན་བཤད། །ཡིག་དྲུག་འདྲེན་དང་ཆོས་འཁོར་བསྐོལ། །དུས་གཅིག་ཉམས་སུ་ལེན་


JSD004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །སངས་རྒྱས་སྟོང་དང་སྐལ་པ་མཉམ། །ཞེས་དང་། རྒྱལ་བ་བདེན་པར་སྨྲ་བའི་མགུལ་གྱི་བུམ་བཟང་ལས་འདི་ལྟར། སྒྲིབ་པ་རྣམ་སེལ་ལེགས་པར་ཉོན། །སྙིང་པོ་དོན་བསྒོམ་མཆོག་རྣམས་ཀྱིས། །སྒྲུབ་པ་ལོ་གཅིག་བྱས་པ་བས། །དབྱུག་རྡོ་ལན་གཅིག་བསྐོར་བ་མཆོག །སྙིང་པོ་དོན་བསྒོམ་འབྲིང་གིས་ཀྱང། །སྒྲུབ་པ་ལོ་བདུན་བྱས་པ་བས། །ཆོས་འཁོར་ལན་གཅིག་བསྐོར་བ་མཆོག །སྙིང་པོ་དོན་བསྒོམ་ཐ་མས་ཀྱང། སྒྲུབ་པ་ལོ་དགུ་བྱས་པ་བས། །ཆོས་འཁོར་ལན་གཅིག་བསྐོར་བ་མཆོག །ཐོས་བསམ་སྒོམ་གསུམ་བསྐལ་པ་བས། །ཆོས་འཁོར་ལན་གཅིག་བསྐོར་བ་མཆོག །སངས་རྒྱས་སྒྲིབ་པ་རྣམ་སེལ་གྱིས། །ཕ་རོལ་ཕྱིན་པ་བཅུ་པོ་ལ། །བསྐལ་པ་སྟོང་དུ་འབད་པ་བས། །ཆོས་འཁོར་ལན་གཅིག་བསྐོར་


JSD004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོག །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །བསྐལ་པའི་བར་དུ་འཆད་ཉན་བས། །ཆོས་འཁོར་ལན་གཅིག་བསྐོར་བ་མཆོག །ཅེས་དང། འཕགས་པ་སྤྱན་རས་གཟིགས་ཀྱིས། གཟུངས་སྔགས་འཁོར་ལོ་ཆེན་པོ་འདི། །འཁོར་ལོ་གཞན་བས་ཁྱད་པར་འཕགས། །སྐལ་བ་ལྡན་པའི་འགྲོ་བ་རྣམས། །ཆོས་འཁོར་འདི་ལ་བློ་གཏད་ནས། །བསྐོར་ཞིང་གསོལ་བ་བཏབ་པ་ནི། །འདི་ཕྱིའི་སྐྱབས་མགོན་མཆོག་ཡིན་ནོ། །ཞེས་དང། བླ་མེད་ཡིད་བཞིན་ནོར་བུའི་རྒྱུད་ལས། ཨོཾ་མ་ཎི་པདྨེ་ཧཱྃ་ཞེས་པའི་འཁོར་ལོ་འདི་ཉིད་གང་གིས་བསྐོར་བ་དེ་ལ། བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །ཡི་དམ་རྣམས་ཀྱིས་དངོས་གྲུབ་སྩོལ། །བདེ་གཤེགས་རྣམས་ཀྱིས་དགོངས་པར་འགྱུར། །ཆོས་སྐྱོང་རྣམས་ཀྱིས་


JSD004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་སེལ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་ཆེམས་ལས། ཡི་གེ་དྲུག་པའི་འཁོར་ལོ་འདི། །ཙཀྲ་བསྐོར་བ་རེ་རེས་ཀྱང། །བསྙེན་པ་གྲངས་ཚད་ཉིད་དུ་འགྱུར། །གཅིག་ལ་གཅིག་འགྱུར་བཅུ་ལ་བཅུ། །བརྒྱ་བྲིས་པས་ནི་བརྒྱ་རུ་འགྱུར། །འཁོར་ལོ་བཅུ་བསྐོར་སྟོང་དུ་འགྱུར། །འབུམ་སོགས་དག་ལ་དེ་འགྱུར་ཕྱིར། །དེ་ལས་འཁོར་ལོའི་མན་ངག་གཅེས། །འཁོར་ལོའི་མན་ངག་མི་ཤེས་པར། །མན་ངག་གཞན་ལ་བློ་གཏོད་པ། །ལོང་བ་བྱ་ར་བྱེད་པ་འདྲ། །དོན་དེ་འགྲུབ་པར་ག་ལ་འགྱུར། །ཤེས་རབ་ཆུང་ལ་ལས་ཆེ་བ། །བོང་རྒན་འདམ་དུ་བྱིང་བ་འདྲ། །དེ་ཕྱིར་འཁོར་ལོའི་མན་ངག་གཅེས། །ཞེས་གསུངས་པ་དང། སྤྱན་རས་གཟིགས་གསང་བ་འདུས་པའི་རྒྱུད་ལས། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་


JSD004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོའི་དམིགས་པ་ནི། ཆོས་ཀྱི་འཁོར་ལོ་ཆེན་པོ་ལས། །འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་དུཿཁ་མ་ལུས་དང། །རིགས་དྲུག་ས་བོན་བག་ཆགས་རྣམས། །རབ་འདུས་ཡིག་དྲུག་འཁོར་ལོར་ཐིམ། །ཉོན་མོངས་ལས་དང་ས་བོན་དང། །རིགས་དྲུག་བག་ཆགས་ས་བོན་རྣམས། །བསྲེགས་དང་བཅོམ་དང་དག་པར་བསམ། །མན་ངག་དེ་དང་ལྡན་གྱུར་ན། །འཁོར་བའི་རྒྱུ་རྐྱེན་འབྲས་བུ་དང། །ཉོན་མོངས་ལས་དང་སྡིག་སྒྲིབ་ཀུན། །མ་ལུས་པ་ནི་གྲོལ་བར་འགྱུར། །འཁོར་བའི་རྩ་གཅོད་འཁོར་ལོ་ཡིན། །ཤིན་ཏུ་གསང་ལ་ཉམས་ལེན་གཅེས། །ལས་སྦྱོར་འཁོར་ལོ་རིན་ཆེན་གྱི། །སྔགས་ལས་འོད་ཟེར་འཕྲོས་གྱུར་པ། །འགྲོ་བ་རྣམས་ལ་ཕོག་པ་ཡིས། །བྱམས་དང་སྙིང་རྗེ་


JSD004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང། །བཏང་སྙོམས་དང་ནི་ཚད་མེད་བཞི། །རྒྱུད་ལ་ལྷུན་གྱིས་འགྲུབ་པར་འགྱུར། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང། །བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །ཕ་རོལ་ཕྱིན་དྲུག་རྫོགས་པར་འགྱུར། །ཞེས་དང། དཔལ་རྡོ་རྗེ་སེམས་དཔས། འབད་པས་འཁོར་ལོ་བསྐོར་བ་ན། །དང་པོ་རབ་ཏུ་དགའ་བ་ནས། །བཅུ་པ་ཆོས་ཀྱི་སྤྲིན་གྱི་བར། །ས་བཅུ་པོ་ནི་རྫོགས་པར་འགྱུར། །དང་པོ་ཚོགས་ཀྱི་ལམ་ནས་ནི། །མི་སློབ་པ་ཡི་ལམ་ལ་སོགས། །ལམ་ལྔ་ཡོངས་སུ་རྫོགས་ནས་ནི། །འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ། །ལྷུན་གྲུབ་སངས་རྒྱས་ཐོབ་པར་འགྱུར། ཞེས་གསུངས་པ་དང། སློབ་དཔོན་འཕགས་པས་མཛད་པའི་རླུང་འཁོར་ལས། འཁོར་ལོའི་རླུང་རྒྱུན་ཕོག་པའི་སེམས་ཅན་རྣམས། །དེ་དང་དེ་དག་གྲོལ་བར་


JSD004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་དང། གཞན་ཡང་སློབ་དཔོན་པདྨས་མཛད་པའི་རླུང་འཁོར་ལས། ཙཀྲ་འདི་ཡི་དགོས་པ་ནི། །མན་ངག་བརྩོན་འགྲུས་མི་ལྡན་པར། །ཅི་བདེར་གནས་པའི་གང་ཟག་གིས། །སིདྡྷི་ཐོབ་པར་བྱ་བ་དང། །བརྩོན་འགྲུས་ལྡན་པའི་གང་ཟག་གིས། །བཟླས་བརྗོད་དག་གི་གྲོགས་སུ་འགྱུར། །སྡིག་པ་དཔག་ཏུ་མེད་པ་ཡང། །འབད་པ་མེད་པར་བྱང་བར་འགྱུར། །ཡི་དམ་འདོད་ལྷ་མང་པོ་ཡང། ཅིག་ཅར་ཉིད་དུ་འགྲུབ་པར་འགྱུར། །གང་གི་མིང་སྤེལ་བྲིས་པ་ན། །རང་ལ་འདུན་པ་མེད་པར་ཡང། །སྐྱོན་དག་ཡོན་ཏན་རྫོགས་པར་འགྱུར་མི་ཁོམ་བརྒྱད་ཀྱི་འགྲོ་རྣམས་ལ། །ཙཀྲའི་གྲིབ་མ་ཕོག་པས་གྲོལ། །ཙཀྲས་ཕོག་པའི་འབྱུང་བ་བཞི། །ཕོག་པ་ཙམ་གྱིས་ངན་སོང་ལས། །གྲོལ་


JSD004_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཞེས་རྒྱལ་བས་གསུངས། །མདོར་ན་ཉེས་སྐྱོན་མང་པོ་ཡང། །འབད་པ་མེད་པར་བྱང་བར་འགྱུར། །ཙཀྲར་ལན་གཅིག་རེག་པ་ན། །རེག་པ་ཙམ་གྱིས་གྲོལ་བ་དང། །བདེ་ལེགས་ཡོན་ཏན་མང་པོ་ཡང། །འབད་པ་མེད་པར་ཐོབ་པར་འགྱུར། །ཞེས་གསུངས། ཡང་འཁོར་ལོ་ས་ཆུ་མེ་རླུང་ལ་བཙུགས་པའི་ཕན་ཡོན་ཀྱང། ཡིག་དྲུག་འཁོར་ལོ་ཆེན་པོ་འདི། །སྟེང་དུ་རླུང་ལ་བཙུགས་པ་ན། །རླུང་ཟེར་ཕོག་པའི་སེམས་ཅན་དང། །རླུང་ཕྱོགས་གནས་པའི་འགྲོ་བ་རྣམས། །ངན་སོང་སྡུག་བསྔལ་ལས་གྲོལ་ལོ། །འོག་ཏུ་མེ་ལ་བཙུགས་པ་ན། །དུད་དྲི་ཚོར་ཚད་སེམས་ཅན་དང། །མེ་འོད་ཕོག་པའི་འགྲོ་བ་རྣམས། །ངན་སོང་སྡུག་བསྔལ་ལས་གྲོལ་ལོ། །ཆུ་ལ་འཁོར་ལོ་བཙུགས་པ་ན། །ཆུ་ནང་གནས་པའི་སེམས་


JSD004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང། །ཆུ་དེ་འཐུང་བའི་འགྲོ་བ་རྣམས། །ངན་སོང་སྡུག་བསྔལ་ལས་གྲོལ་ལོ། །ཞེས་དང། ཡིག་དྲུག་ཆོས་ཀྱི་འཁོར་ལོ་འདི། །ཁྱིམ་དུ་བཙུགས་ཤིང་བསྐོར་གྱུར་ན། །ཁྱིམ་དེར་གནས་པའི་འགྲོ་བ་རྣམས། །ངན་སོང་སྡུག་བསྔལ་ལས་གྲོལ་ཞིང། །ཁྱིམ་དེ་པོ་ཏ་ལ་དང་མཚུངས། །ཞེས་དང། ཡིག་དྲུག་ཆོས་ཀྱི་འཁོར་ལོ་འདི། །འཆི་ཁར་སྔས་མགོར་བཞུགས་པ་ལ། །གདུང་བས་གསོལ་བ་བཏབ་བྱས་ན། །འཕོ་བ་འདེབས་པ་མི་དགོས་པར། །རིག་པ་སྐད་ཅིག་ཉིད་ལ་ནི། །སྤྱན་རས་གཟིགས་ཀྱི་ཐུགས་ཀར་འཕོ། །དེ་ཕྱིར་ཆོས་འཁོར་ཟབ་མོ་ལ། །ཐེ་ཚོམ་ཡིད་གཉིས་མ་བྱེད་པར། །འབད་པས་ཆོས་འཁོར་བཞེངས་པ་དང། །འདུན་པ་དྲག་པོས་བསྐོར་བ་དང། །བརྩོན་འགྲུས་ཆེན་པོས་


JSD004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འཛུག་པ་གཅེས། །ཞེས་གསུངས། ད་ནི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་ཡང། འདི་སྐད་ཅེས། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་ཆོས་ཀྱི་འཁོར་ལོ་ནི་གདུགས་ལྟར་བསྐོར་ན་གཟུགས་བཟང་ཞིང། །སྐྱེ་མཆེད་ཚང་ཞིང་ལེགས་པར་འགྱུར། །ཏབ་ཏབ་ཏུ་ནི་བསྐོར་བ་ན། ྋ།དམན་པའི་ལུས་སུ་སྐྱེ་བར་འགྱུར། །འཁོར་ལོ་འཕྲེད་ལ་བསྐོར་བ་ན། །དུད་འགྲོ་སྒུར་པོའི་ལུས་སུ་སྐྱེ། །མགོ་མཇུག་ལྡོག་ནས་གང་བསྐོར་བ། །སེམས་ཅན་ཞ་བོའི་ལུས་སུ་སྐྱེ། །འཁོར་ལོ་གསལ་བར་མ་བཞེངས་ན། །དམུས་ལོང་ཅན་གྱི་ལུས་ལེན་འགྱུར། །འཁོར་ལོའི་སྒྲ་སྐད་ལོག་བལྟས་ན། །རྣ་བ་འོན་པའི་ལུས་སུ་སྐྱེས། །འཁོར་ལོར་སྐུར་པ་བཏབ་གྱུར་ན། །གླེན་ལྐུགས་ལུས་སུ་སྐྱེ་བར་འགྱུར། །དེ་བས་སྐལ་ལྡན་སྐྱེས་བུ་ཡིས། །ཆོས་ཀྱི་འཁོར་ལོ་ཆེན་པོ་


JSD004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །ཐད་ཀར་དྲང་པོར་བསྐོར་བ་ན། །དབང་པོ་ཡང་རབ་སངས་རྒྱས་ཐོབ། །འགྲོ་བ་སེམས་ཅན་དོན་བྱེད་འགྱུར། བང་པོ་འབྲིང་རྣམས་མི་ལུས་ཐོབ། །དམ་ཆོས་ལོངས་སུ་སྤྱོད་པར་འགྱུར། །དབང་པོ་ཐ་མའང་མི་ལུས་ཐོབ། །སྡིག་སྤོང་དགེ་ལ་བརྩོན་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ལོ་རྒྱུས་དང་ཕན་ཡོན་དེ་ལྡན་གྱི་དུང་འཁོར་ཆེན་པོ་ཇི་ལྟར་བཞེངས་པའི་ཚུལ་ནི། དེ་ཡང་བོད་ཆེན་པོའི་ལྗོངས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ནང་གསེས་འབྲི་ཟླ་ཟལ་མོ་སྒང་ཞེས་ཆུ་བོ་གསེར་ལྡན་བབས་པའི་ལྷོ་རྒྱུད་ཡུལ་སྐྱོང་པདྨའི་དགེ་བསྙེན་ཆེན་པོ་ཡོན་ཏན་རི་བཀྲའམ་རྡོ་རྗེ་བྲག་བཙན་བསྟི་བའི་ཡུལ་རེ་ཁེ་ཞེས་པར་སྔོན་གྱི་དུས་སུ་བྱོན་པའི་མཁས་གྲུབ་ཆེན་པོ་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་ཀ༔


JSD004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུ་དང་རུས་གཅིག་པར་སྐྱེས་པ་ཆོས་མདོ་བུ་བསམ་གཏན་ཞེས་རང་བཞིན་གྱིས་ཆོས་ལ་དཀར་ཞིང་གཏོང་ལ་དགའ་བ་དེ་ཉིད་ཀྱིས་སྔོན་འདས་པའི་སངས་རྒྱས་དུ་མས་བྱིན་གྱིས་བརླབས་ཤིང་གདོད་ནས་གྲུབ་པའི་གནས་ཆེན་ཉེ་བའི་ཚན་དྷོ་ཧ་ནེ་པཱ་ལའི་ཡུལ་གྱི་ལྟེ་བ། རྒྱལ་བས་ལུང་བསྟན་པའི་མཆོད་རྟེན་ཆེན་པོ་གོ་མ་སཱ་ལ་གནྡྷ་བཞུགས་པའི་རི་བོ་འཕགས་པ་ཤིང་ཀུན་གྱི་དབང་ཕྱོགས་ལམ་གྱི་བཞི་མདོར་འཁོར་ཆེན་ཞིག་བཞེངས་ཐུབ་ཚེ་འགྲོ་ཕན་རྒྱ་ཆེན་པོ་འབྱུང་བར་བསམ་ནས་ཁོ་བོ་པདྨའི་རྗེས་འཇུག་སངས་རྒྱས་རྡོ་རྗེ་ལ་འཕྲོས་མོལ་བྱུང་བ་ལྟར། ཁོ་བོས་ཀྱང་བགྱི་བ་དོན་ལྡན་དུ་རིག་ནས། ཡེ་རང་གི་རང་བཞིན་གྱི་རྣལ་འབྱོར་མ་ཨ་ཀ་སུ་དྷེ་ཝི་ལ་འཁོར་ཁང་བཞེངས་ཡུལ་ས་ཆ་ཐོབ་ཐབས་མཐུན་རྐྱེན་རོགས་ལྡན་གྱི་བསྐུལ་


JSD004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མ་བགྱིས་པ་ན། མོས་ཀྱང་རྣམ་དཀར་གྱི་བྱ་བར་ཤེས་ནས་འབད་པ་ཆེན་པོས་བལ་པོའི་རྒྱལ་པོ་ཆེན་པོ་ཤྲཱི་༥སར་ཀར་བཱི་རེནྡྲ་བིར་བིཀྲམ་ཤཱ་ཧ་དེ་བ་མཆོག་ལ་སྙན་ཞུ་ཕུལ་བ་དོན་སྨིན་ཐོག །བློན་ཆེན་ཤྲཱི་གུརྗེཤྭ་རི་པྲ་སད་སིདྷ་མཆོག་ས་ཆ་འདིར་ཆེད་གཏད་ཕེབས་ཏེ་ཐོག་མའི་རྟེན་འབྲེལ་མཛད། དེ་ནས་ཁོ་བོས་ཀྱང་ས་ཡི་ཆོ་ག་གཞུང་བཞིན་གྲུབ་པར་བྱས་ཏེ་རབ་བྱུང་བཅུ་དྲུག་པའི་ཤིང་མོ་ཡོས་ཟླ་༡༠ འཚམས་ཀྱི་འགྲུབ་སྦྱོར་བཟང་པོར་དབུ་བཙུགས་ཏེ་མེ་འབྲུག་ཐ་སྐར་ཟླ་བའི་ལྷ་བབས་དུས་ཆེན་ཉིན་རབ་གནས་བཅས་གྲུབ་བོ། །གསུམ་པ་དགེ་རྩ་བླ་མེད་རྫོགས་བྱང་ཆེན་པོར་ཡོངས་སུ་བསྔོ་བ་དང་སྨོན་ལམ་གྱིས་མཐའ་རྟེན་པ་ནི། འདིར་སྨྲས་པ། འདི་ལྟར་བགྱིས་པའི་ལེགས་བྱས་དགེ་ཚོགས་རྒྱན།


JSD004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་དཀར་བས་མར་གྱུར་མཁའ་མཉམ་འགྲོ། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་སྟོངས་གྱུར་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །གནས་སྐབས་སུ་ཡང་དཀར་པོ་དགེ་འདིའི་མཐུས། །འཇིག་རྟེན་ཁམས་སུ་ནད་མུག་འཁྲུག་རྩོད་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །མཐོ་རིས་ཡོན་ཏན་དཔལ་གྱིས་འབྱོར་གྱུར་ཅིག །གཟུངས་མཆོག་ཆོས་འཁོར་གང་གིས་མཐོང་བ་དང། །ཐོས་དང་དྲན་དང་ལག་གིས་སྐོར་བྱེད་ཅིང། །ཕྱག་མཆོད་བཀུར་སྟི་བགྱིས་དང་རླུང་ཙམ་ཕོག །དེ་དག་ཀུན་ཀྱང་ཚོགས་རྫོགས་སྒྲིབ་བྱང་ཤོག །འདི་ཉིད་བཞེངས་ཚེ་རྒྱུ་ཟས་ཁ་ལག་གི། །འབྲེལ་བ་ཐོགས་པའི་སྐྱེ་བོ་ཇི་སྙེད་དང་། །ཞོར་ལ་ཤི་བའི་སྲོག་ཆགས་ཕྲ་མོ་ཡན། །ཐར་པའི་ས་བོན་བཟང་པོ་ཐེབས་གྱུར་ཅིག །སྲས་


JSD004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྒྱལ་བས་བསྔགས་པའི་འཁོར་ལོ་ཡི། །མཛད་སྲོལ་དྲི་མེད་ཕྱོགས་བཅུར་དར་ཁྱབ་པ། །དཀོན་མཆོག་ཕྲིན་ལས་རྒྱུན་མི་ཆད་པ་ཡིས། །མཁའ་མཉམ་སེམས་ཅན་བདེ་ལ་འགོད་པར་ཤོག །བསྟན་ལ་དད་ཀུན་འགལ་རྐྱེན་བར་ཆད་ཞི། །དལ་འབྱོར་རྟེན་མཆོག་ལེགས་པར་འཚོ་ནུས་པའི། །མཐའ་གཉིས་སྤངས་པའི་ཟས་གོས་གནས་མལ་ལ། །བརྟེན་ནས་ཐར་ལམ་བྱང་ཆུབ་བསྒྲུབ་གྱུར་ཅིག །ཕྱོགས་བཅུའི་དགེ་འདུན་ཐོས་བསམ་སྒོམ་གསུམ་གྱི། །མཛད་བཟང་ཡར་ངོའི་ཟླ་ལྟར་གོང་འཕེལ་ནས། །རྒྱལ་བ་དགྱེས་པའི་ལམ་མཆོག་སྲིད་མཐར་ཡང། །མི་ཉམས་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །བསྟན་ལ་དགའ་བའི་དཀར་ཕྱོགས་ལྷ་ཀུན་དང། །མཐུ་རྩལ་ཆེ་བའི་དམ་ཅན་སྲུང་མ་


JSD004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །རྟག་ཏུ་གཡེལ་མེད་མེལ་ཚེས་ལེགས་བསྲུང་ཞིང། །ཕུན་སུམ་ཚོགས་པའི་དཔལ་ཀུན་སྡུད་གྱུར་ཅིག །བསྟན་ལ་སྡང་དང་བསྟན་འཛིན་ལ་།རྟེན་དང་བརྟེན་པ་དཀོར་ཆ་ལོངས་སྤྱོད་ལ། །རྐུ་དང་འཕྲོག་བཅོམ་མ་རུང་བསམ་སྦྱོར་མཁན། །མངོན་སྤྱོད་དམོད་པའི་མཚན་མས་ཚར་ཆོད་ཅིག །མཐར་ཐུག་དཀར་ནག་ལས་ཀྱིས་འབྲེལ་ཚད་ཀུན། །ཡང་དག་ཐར་པའི་ལམ་གྱི་སྣོད་གྱུར་ནས། །ཀུན་ཀྱང་ཐེག་གསུམ་ལམ་གྱི་ངེས་འབྱུང་ལ། །བརྟེན་ནས་འཁོར་བ་དོང་སྤྲུགས་བཀྲ་ཤིས་ཤོག །ཅེས་པའང་རྣམ་དཀར་འདུ་བྱེད་དད་གཏོང་གི་ནོར་ལྡན་སྦྱིན་བདག་དམ་པ་བསམ གཏན་གྱིས་བསྐུལ་ངོར་བྱ་བྲལ་སངས་རྒྱས་རྡོ་རྗེས་མེ་མོ་འབྲུག་ལོ་དབྱུག་གུ་ཟླ་ཚེས་དགེ་བ་ལ་སྦྱར་བ་དགེ །སརྦ་དཱ་ཀལྱཱ་ཎཾ་བྷ་ཝནྟུ།། །།


previousའཁོར་ལོའི་ཕན་ཡོན།next