ལྷ་མོ་དཔལ་ཆེན་མོའི་གཡང་བསང་།
ལྷ་མོ་དཔལ་ཆེན་མོའི་གཡང་བསང་རཱ་ག་ཨ་སྱས་མཛད་པ་བཞུགས།
དེ་ཝི་ཤྲཱི་ཡེ། དེ་ནས་གཡང་བསང་བྱ་བ་ནི། ཐབ་ཀའི་ནང་དུ་ཤིང་སྣ་ཕྱེ་མར་འབྲུ་སྣ་ཚོགས་བསྲེག་ཅིང་བྲན། ཧཱུྃ། སྣ་ཚོགས་ཤིང་གི་མེས་པོ་ལ། །ས་ལ་གློག་རྩི་གྱ་མ་གྱུ། །ཕ་གནམ་ལ་སྤྲིན་ཕུང་ལྷབ་མ་ལྷུབ། །མ་ས་ལ་རྩི་ཐོག་ཕྱར་མ་ཕྱུར། བུ་ནི་གཡུ་ཤུག་སྔོན་པོ་སྲིད། །བལ་བུ་མཁན་དཀར་ཨ་ག་རུ། །ཕྱེ་མར་གསེར་ཕུད་འདོད་ཡོན་ཚོགས། །འབྱུང་བ་མེ་ལ་བསྲེགས་པ་ཡི། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །དཔག་མེད་ནམ་མཁའི་མཐའ་བསྐྱེད་པའི། །མཆོད་སྤྲིན་རབ་འབྱམས་རྒྱ་མཚོ་ཡི། །ཀྱཻ། །བླ་མ་ཡི་དམ་དཀོན་མཆོག་
གསུམ། །མཁའ་འགྲོ་ཆོས་སྐྱོང་གཏེར་བདག་བསང་། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། རྟ་བདག་བརྒྱད་དང་བཅས་པ་བསང། །ལྷ་མོ་ཆེན་མོ་ནོར་རྒྱུན་མ། །ནོར་ལྷ་མོ་རིགས་བརྒྱད་པོ་བསང་། །སྐུ་སྤྲུལ་ཛཾ་དཀར་མཁའ་འགྲོ་བཞི། །ཀུན་འཁྱིལ་ལྷ་མོ་རྣམ་གསུམ་བསང་། །གསུང་སྤྲུལ་ཛོ་དམར་སྦས་ཡུམ་དང་། །ནོར་སྐྱུགས་གནོད་སྦྱིན་གཉིས་བཅས་བསང་། །ཐུགས་སྤྲུལ་ཛ་ནག་ཀླུ་ཡི་ཚོགས། །གནོད་སྦྱིན་ཕག་གདོང་མཆེད་ལྔ་བསང་། །ཡོན་ཏན་ཇི་སེར་ལྷ་མོ་དཔལ། །གྲོགས་མོ་ལྷ་མོ་བརྒྱད་རྣམས་བསང་། །ཕྲིན་ལས་ཛཾ་
ལྷ་ཁྲ་བོ་དང་། །གནོད་སྦྱིན་ཨ་པར་ཙིཏྟ་བསང་། །ནོར་བདག་སྐྱེས་བུ་ཡེ་ཤེས་གྲགས། །གནོད་སྦྱིན་སྡེ་དཔུང་འཁོར་བཅས་བསང་། །ཀྱཻ། །ཡང་གཅིག་བསང་ཞིང་མཆོད་པ་ནི། །གནམ་གྱི་ཕ་གཡང་མ་གཡང་བསང་། །རི་རབ་དྲལ་གཡང་རྒྱ་མཚོ་འཁྱིལ་གཡང་བསང་། །ཉི་ཟླའི་གསལ་གཡང་རྒྱུ་སྐར་བཀྲག་གཡང་བསང་། །ལི་ཡི་ཕྱྭ་གཡང་ཕྱུགས་ཀྱི་རྨ་གཡང་བསང་། །ཕྱུགས་ལྷ་གཉེན་པོ་ནོར་ལྷ་དཀར་མོ་བསང་། །འབྲི་ལྷ་ཤམ་པོ་གཡག་ལྷ་དྲལ་པོ་བསང་། ་།ལུག་ལྷ་སྨན་བུ་ར་ལྷ་ཚེ་རེ་བསང་། །བླ་ལྷ་བོལ་པོ་གནག་ལྷ་ལྟོ་ཡ་བསང་། །ཞིང་ལྷ་ཚངས་པ་འབྲས་དྲུག་ལོ་ལྷ་བསང་། །མ་ལྷ་བུ་རྫི་ཐབ་ལྷ་ཕྱུག་མོ་བསང་། །ཁྱིམ་ལྷ་གེལ་ཐུང་སྒོ་ལྷ་སྟག་ཡག་བསང་། །ཕྲག་ལྷ་གཉེན་པོ་ཕོ་ལྷ་དགྲ་ལྷ་བསང་། །ཀྱཻ། །ཡང་གཅིག་བསང་ཞིང་མཆོད་པ་ནི། །ཁྱིམ་ལྷ་གེལ་ཐུང་བྱ་བ་ནི། །ཚེ་བཙན་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ཤིག །ཁྱིམ་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། །མ་ལྷ་བུ་རྫི་
བྱ་བ་ནི། །འཕན་དར་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ལྕགས་ཀྱི་བྱ་ཁྲ་འགྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ལ། །མ་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། །ནོར་ལྷ་རྨ་གཡང་བྱ་བ་དེ། །བཙན་ཕྱུག་འཛོམ་པའི་དགྲ་བླ་ཡིན། །སྐུ་མདོག་སྨུག་ལ་འོད་ཟེར་འབར། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ལ། །ནོར་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། །ཐབ་ལྷ་རོག་པོ་བྱ་བ་ནི། །གྲགས་འཛངས་བྱེད་པའི་དགྲ་བླ་ཡིན་། །སྐུ་མདོག་སྣ་ཚོགས་ཅིར་ཡང་འཕྲོ། །ཕྱག་ན་བདུད་རྩི་བུམ་པ་བསྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ལ། །ཟས་གཡང་དངོས་གྲུབ་བཅུད་བསྡུས་ལ། །ཐབ་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། །སྒོ་ལྷ་སྟག་ཡག་བྱ་བ་ནི། །དཔའ་དར་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་ནག་ལ་འོད་ཟེར་འབར། །ཕྱག་ན་ལྕགས་ཀྱི་ཐུ་ལུམ་བསྣམས། །དགྲ་འདྲེའི་ཀླད་པ་འགེམ་པར་
བྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ལ། །གསེར་གྱི་འདན་བུར་བརྟན་ཆོས་ལ། །སྒོ་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །གདོང་ལྷ་འོད་འཕྲོ་ལ་སོགས་པའི། །གདོང་རིགས་སྲིད་པའི་དགྲ་ལྷ་བསང་། །འགྲུ་མོ་ཕྲོམ་ཕྲོམ་ལ་སོགས་པའི། །འབྲུ་རིགས་སྲིད་པའི་དགྲ་བླ་བསང་། །དབྲ་མོ་དབྲ་དཀར་ལ་སོགས་པའི། །དབྲ་རིགས་སྲིད་པའི་དགྲ་བླ་བསང་། །སྒྲ་མོ་ལེགས་ཕྲོམ་ལ་སོགས་པའི། །སྒོ་རིགས་སྲིད་པའི་དགྲ་བླ་བསང། །དགུ་རྒྱུད་དགུ་སྤྲུལ་ལ་སོགས་པའི། །དགུ་རིགས་སྲིད་པའི་དགྲ་བླ་བསང་། །མཚལ་སྟག་དམར་པོ་ལ་སོགས་པའི། །དབལ་ཟླ་གཉིས་ཀྱི་དགྲ་བླ་བསང་། །སྨོན་མི་དབུ་ནག་ལ་སོགས་པའི། །ཕ་མྱེས་མཚུན་རྒན་ཐམས་ཅད་བསང་། །རྒྱལ་བུ་མཐིང་གེ་ལ་སོགས་པའི། །ཕ་མཚུན་གཉེན་པོ་ཐམས་ཅད་བསང་། །དེ་མོ་གངས་དཀར་ལ་སོགས་པའི། །མ་ཕྱི་སྨན་བཙུན་ཐམས་ཅད་བསང་། །དེ་རྣམས་བསང་བའི་ཡོན་ཏན་གྱིས། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་རབས་སྔོན་ནས་ད་ལྟའི་བར། །
མི་དགེ་བཙོག་མནལ་གཡོས་པ་དང་། །ཐབ་གཞོབ་མནའ་དང་ངན་རྫས་ཀྱི། །ལྷ་དང་སྲུང་མ་མནོལ་བ་རྣམས། །རབ་ཏུ་བསང་ངོ་དག་གྱུར་ཅིག །རྨུགས་འཐིབ་གྲིབ་ཀྱི་ཕོག་པ་བསང་། །དམེ་གྲིབ་ཡུགས་གྲིབ་དམ་ཉམས་གྲིབ། །མི་གཙང་ཟས་གོས་གྲིབ་རྣམས་བསང་། །བསང་གི་མི་བསང་གང་ཡང་མེད། །ཁྲུས་ཀྱི་མི་དག་གང་ཡང་མེད། །མི་གཙང་དྲི་ཡི་ཚོགས་ཀུན་བསང་། །ནམ་མཁའ་བཞིན་དུ་དག་གྱུར་ཅིག །ཉི་ཟླ་བཞིན་དུ་གསལ་གྱུར་ཅིག །རྒྱུ་སྐར་བཞིན་དུ་བཀྲག་གྱུར་ཅིག །ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག །དེ་ལྟར་ཚོགས་གཉིས་ལེགས་བྱས་ཀྱི། །དེང་འདིར་ལྷ་ཁྱིམ་དཔལ་ཁང་འདིར། །རིན་ཆེན་སྣ་ལྔས་རབ་བཀྲས་ཤིང་། །གཞལ་མེད་ཁང་པ་མཚན་ཉིད་ལྡན། །འཇའ་ཚོན་དྲྭ་བས་བརྒྱན་གྱུར་ཅིག །ནང་མི་ཡོན་མཆོད་འཁོར་བཅས་རྣམས། །ཚངས་སྲས་ཕོ་མོ་ཇི་བཞིན་དུ། །འཇོ་སྒེག་ལང་ཚོའི་དཔལ་ཡོན་གྱུར། །དངོས་འབྱོར་མཆོད་པའི་ཡོ་བྱད་ཀུན། །ཀུན་བཟང་སྤྲིན་ཕུང་འབྱམས་ཀླས་པའི། །རབ་འབྱམས་ཞིང་ཀུན་འགེངས་བར་ཤོག །སྲིད་ཞིའི་དགེ་ལེགས་དཔལ་ཡོན་ཀུན། །དེ་
རིང་ཁུ་ཡེ་ཕྱུ་གཡང་སྐྱོབས། །ལོངས་སྤྱོད་འཛད་མེད་ནམ་མཁའི་མཛོད། །ཇི་སྲིད་བར་དུ་སྤྱོད་གྱུར་ཅིག །ཅེས་བསང་གི་དུད་སྤྲིན་གྱིས་ཡོ་བྱད་གནས་ཁང་ཀུན་འགེང་བར་བྱའོ། །སྐབས་འདིར་གཡང་སྐྱབས་གང་ཡིན་གྱི་གཞུང་བསང་ནས་ལྔ་བདུན་སོགས་བསྒྲུབ་ཅིང་གཞུང་མཐུན་རྟགས་མཚན་རྨིས་ལྟས་ལེགས་པར་འབྱུང་ངོ་། །ཞེས་རཱ་ག་ཨ་སྱས་སྦྱར་བའོ། །དགེ་བས་འགྲོ་བ་སེམས་ཅན་རྣམས། །བདེ་གཤེགས་རིན་ཆེན་མང་གི་སྐུ་འགྲུབ་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།