Nitartha Digital Library
Tibetan
 
previousགཉིས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་རྣམ་པར་འགྲེལ་པ། next

གཉིས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་རྣམ་པར་འགྲེལ་པ།


DTG081_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་བར་རྟོགས་པའི་དབང་དུ་མཛད་ནས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །ཞེས་བསྟན་པ་ནི་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་མི་མཐོང༌། རྨི་ལམ་མཐོང་བ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནི་ཆོས་དེ་དག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་གཉིས་མེད་པའི་མཚན་ཉིད་ཀྱིས་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཉིད་དང༌། ཆོས་ཐམས་ཅད་དབྱེར་མེད་མི་དགེ་བའི་ཆོས་བསྟན་བ་མེད་པར་ཐལ་བར་འགྱུར་བ་དང༌། དེ་བརྗོད་པ་དེ་འཇུག་པའི་རྒྱུ་བཙལ་བའི་དོན་དང༌། ཆོས་རྣམས་ཀྱི་ཆོས་ཉིད་བརྗོད་དུ་མེད་


DTG081_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་ཕྱིར་ཏེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པ་ནི་ཆོས་ཀྱི་སྐུར་བརྟགས་པ་འབྱོར་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བྱས་ན་སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་བསྟན་པ། དེ་འདས་པའི་འབྲེལ་པ་ཡིན་པར་བལྟ་བར་བྱའོ། །སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དོན་ནི་འཕགས་པ་ཉན་ཐོས་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་པ་དང༌། ཀུན་འབྱུང་ལ་ཀུན་འབྱུང་ཞེས་བྱ་བ་ནས། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་བར་དུ་ཟག་པ་མེད་པའི་ཡིད་ལ་བྱེད་པ་དང༌། ཡང་དག་པར་ལྡན་པའི་ཆོས་རྣམས་ལ་རྣམ་པར་དཔྱད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་མདོ་དང་འགལ་ལོ་ཞེ་ན། དེ་ནི་འཕགས་པ་ཉན་ཐོས་ཀྱི་ཡིན་པར་ཤེས་པས་ཁོ་བོ་ཅག་དང་འགལ་བ་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་མངོན་བར་རྟོགས་པ་ཡིན་ནོ། །འདིར་མཁས་པ་རྣམས་ཀྱིས་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་སྐད་ཅིག་མ་གཅིག་ལ་མངོན་བར་བྱང་ཆུབ་པའི་མཚན་ཉིད་བདག་གིས་ཉེ་བར་སྦྱར་བའི་རྗེས་སུ་འབྲངས་ཏེ། དེ་ལྟ་བུ་འཁོར་བ་ཐོག་བ་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་པར་གོམས་པས་རབ་ཏུ་ཞེན་ཅི་བསྔགས་པའི་ཉེ་བར་དམིགས་པ་ལ་མངོན་བར་ཞེན་པའི་དུག་གིས་ཟིན་པ་ལས་བཟློག་པ་ལ་འབད་པར་བྱ་བའི་རིགས་སོ། །མངོན་བར་རྟོགས་པའི་དོན་ཅི་ཞིག་ཡིན་ཞེ་ན། མངོན་བར་རྟོགས་པ་ཞེས་བྱ་བ་ནི་མངོན་དུ་འཕགས་པའོ། །སམ་གྱི་སྒྲ་ནི་ངེས་པར་བརྗོད་པའོ། །ཨའི་སྒྲ་ནི་འགྲོ་བའི་དོན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། མངོན་དུ་ཕྱོགས་པས་ཡང་དག་པ་ཇི་ལྟ་བར་ངེས་པར་འགྲོ་བའི་ཡེ་ཤེས་རྟོགས་པ་ནི་མངོན་བར་རྟོགས་པ་ཞེས་བྱའོ། །མངོན་བར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས། སྐད་ཅིག་མ་གཅིག་གིས་མངོན་བར་རྟོགས་པའི་རྣམ་པར་འགྲེལ་པའོ།། །།


previousགཉིས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་རྣམ་པར་འགྲེལ་པ། next