Nitartha Digital Library
Tibetan
 
previousགསུང་ངག་ལམ་གྱི་རིམ་པའི་སྨོན་ལམ་དངོས་གྲུབ་ཉིན་བྱེད་འདྲེན་པའི་ཤིང་རྟ།no next

གསུང་ངག་ལམ་གྱི་རིམ་པའི་སྨོན་ལམ་དངོས་གྲུབ་ཉིན་བྱེད་འདྲེན་པའི་ཤིང་རྟ།

ན་མོ་གུ་རུ་བྷྱཿའགྲོ་བ་ཀུན་གྱི་འདྲེན་མཆོག་བླ་ན་མེད། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །སྐྱབས་གནས་ཀུན་འདུས་བླ་མའི་ཞབས་ལ་འདུད། །མཚུངས་མེད་བརྒྱུད་པའི་བཀའ་སྲོལ་ལས་འོངས་པའི། །སྨིན་གྲོལ་གདམས་པའི་བདུད་རྩིའི་རྒྱུན་བཟང་གིས། །སྐལ་ལྡན་གདུལ་བྱའི་རེ་བ་སྐོང་མཛད་པ། །བློ་གྲོས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །གསང་བདག་རྡོ་རྗེ་སྙིང་པོའི་སྤྲུལ་པའི་གར། །ངུར་སྨྲིག་བླ་གོས་འཆང་བའི་བརྟུལ་ཞུགས་ཅན། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་འཇམ་པའི་དབྱངས། །བློ་གཏེར་དབང་པོའི་ཞབས་ལ་གསོལ་བ་འདེབས། །གདོད་ནས་རྫོགས་པའི་སངས་རྒྱས་བརྙེས་ན་ཡང་། །བདག་སོགས་དུས་མཐའི་གདུལ་བྱའི་དོན་སླད་དུ། །སུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ། །ངག་དབང་ལེགས་པའི་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་བླ་མའི་རྣམ་འཕྲུལ་ཆོས་ཀྱི་རྗེ། །མ་ལུས་ཤེས་བྱ་ཀུན་མཁྱེན་པཎྜི་ཏ། །ཡོངས་རྫོགས་བསྟན་པའི་བདག་པོ་རྒྱལ་བའི་སྲས། །གཞན་ཕན་སྣང་བའི་ཞབས་ལ་གསོལ་བ་འདེབས། །རིག་འཛིན་ཆེན་པོ་པདྨའི་རྒྱལ་ཚབ་མཆོག །སྣང་བཞིའི་ཡེ་ཤེས་མཐར་སོན་གྲུབ་པའི་རྗེ། །སྣ་ཚོགས་རང་སར་གྲོལ་བའི་རྣལ་འབྱོར་པ། །དཔའ་བོ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །མ་ཉམས་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས། །གཞན་ཕན་བྱང་ཆུབ་སེམས་ཀྱི་ནོར་གྱིས་ཕྱུག །ཡུན་རིང་དྲིན་གྱིས་སྐྱོང་མཛད་དགེ་བའི་བཤེས། །བསྟན་འཛིན་དབང་གྲུབ་ཞབས་ལ་གསོལ་བ་འདེབས། །ཆོས་བརྒྱད་ཚེ་འདིའི་ཞེན་པ་རིང་དུ་སྤངས། །ཟབ་མོ་དབུ་མའི་དེ་ཉིད་ཐུགས་སུ་ཆུད། །རླབས་ཆེན་གཞན་ཕན་སྤྱོད་པས་དུས་འདའ་བ། །འཇམ་དབྱངས་སྙན་གྲགས་ཞབས་ལ་གསོལ་བ་འདེབས། །འཇམ་དཔལ་དཔའ་བོའི་བྱིན་རླབས་སྙིང་ལ་ཞུགས། །རྣམ་མང་རྒྱུད་སྡེའི་བསྙེན་སྒྲུབ་མཐའ་རུ་ཕྱིན། །སྨིན་གྲོལ་གདམས་པའི་གཏེར་མཛོད་ཆོས་ཀྱི་རྗེ། །མཁས་གྲུབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་ཡེ་ཤེས་འཇམ་པའི་དབྱངས། །ངུར་སྨྲིག་གར་གྱིས་རོལ་པ་མཁྱེན་བརྩེའི་རྗེའི། །གསང་གསུམ་ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་བ། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །མདོར་ན་འདྲེན་མཆོག་མ་ཏིའི་མཚན་ཅན་སོགས། །ཟབ་མོའི་ཆོས་ཀྱི་བཀའ་དྲིན་ཐོབ་པ་ཡི། །བཅུ་ཕྲག་གཉིས་ཀྱི་ཡོངས་འཛིན་དམ་པ་ལ། །སྙིང་ནས་དད་པའི་ཡིད་ཀྱིས་གསོལ་བ་འདེབས། །སྣ་ཚོགས་ཆབ་ཀྱི་རྐྱེན་ལས་ཟླ་གཟུགས་བཞིན། །གདུལ་བྱའི་དབང་གིས་རྣམ་འགྱུར་ཐ་དད་ཀྱང་། །ངོ་བོ་སངས་རྒྱས་ཉིད་དུ་གཅིག་པ་ཡི། །རྗེ་བཙུན་བླ་མ་རྣམས་ལ་གསོལ་བ་འདེབས། །མཁས་གྲུབ་བརྒྱུད་པའི་བྱིན་རླབས་བདུད་རྩིའི་རྒྱུན། །མ་ཉམས་གང་ཐུགས་རྒྱ་མཚོར་གནས་བཅས་པའི། །འདྲེན་པ་ཀུན་འདུས་དཔལ་མགོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མ་ལུས་རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །རབ་འབྱམས་ཡི་དམ་དཀྱིལ་འཁོར་ཀུན་གྱི་གཙོ། །དངོས་གྲུབ་འབྱུང་གནས་དཔལ་མགོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རང་དོན་ཆོས་སྐུའི་དགོངས་པ་མངོན་དུ་གྱུར། །གཞན་དོན་གཟུགས་སྐུའི་སྣང་བ་འགྲོ་ལ་སྟོན། །སངས་རྒྱས་ཀུན་དངོས་དཔལ་མགོན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཐའ་ཡས་ཤེས་བྱའི་དེ་ཉིད་ཐུགས་སུ་ཆུད། །ཟབ་རྒྱས་ཆོས་ཕུང་རྒྱ་མཚོ་འབྱུང་བའི་གནས། །ལུང་རྟོགས་ཡོན་ཏན་དབང་ཕྱུག་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་མོངས་དགྲ་བཏུལ་སྲིད་ལ་རྒྱབ་ཀྱིས་ཕྱོགས། །གཞན་ཕན་སེམས་འབྱོངས་འགྲོ་ལ་བུ་ལྟར་བརྩེ། །གདན་གསུམ་ཚང་བའི་དཀྱིལ་འཁོར་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདུད་སྡེའི་མུན་འཇོམས་ཐུབ་བསྟན་པདྨོའི་ཚལ། །སྐྱོང་མཁས་ཕྲིན་ལས་རྣམ་བཞིའི་ཚ་ཟེར་ཅན། །དམ་ཅན་རྒྱ་མཚོའི་ངོ་བོ་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཡོ་མེད་དད་པའི་རྒྱལ་མཚན་རྩེར་མཆོད་ན། །ཕུན་ཚོགས་འདོད་རྒུའི་ནོར་བུའི་གྲུ་ཆར་གྱིས། །སྲིད་ཞིའི་ཕོངས་པ་སེལ་མཛད་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁའ་ཁྱབ་སྐྱབས་གནས་རྒྱ་མཚོ་སྤྲོ་བའི་བདག །སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། །བརྟན་གཡོ་ཀུན་ཁྱབ་འཁོར་ལོའི་མགོན་པོ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདུད་དང་ཉོན་མོངས་སྡུག་བསྔལ་ལ་སོགས་པ། །བཙལ་ན་རང་ལས་གཞན་དུ་མི་རྙེད་པས། །སེམས་སྣང་འཁྲུལ་པའི་འཇིགས་པ་འདི་མཐོང་ནས། །རྗེ་བཙུན་བླ་མ་འབོད་དོ་ཐུགས་རྗེས་གཟིགས། །ཀུན་རྟོག་ཉོན་མོངས་རགས་ཤིང་དྲན་ཤེས་མེད། །རང་སྐྱོན་སྤོང་བར་འདོད་ཀྱང་གཉེན་པོ་ཆུང་། །ལས་ངན་རང་གི་སྡུག་བསྔལ་མ་བཟོད་ནས། །རྗེ་བཙུན་བླ་མར་སྙིང་ནས་གསོལ་བ་འདེབས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །བླ་མ་མཆོག་ལས་སྐྱབས་གཞན་མ་མཆིས་པས། །རྟག་ཏུ་མི་བརྗེད་དྲན་པའི་གདུང་ཤུགས་ཀྱིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔོན་ཆད་རང་གིས་ཉེས་པར་སྤྱད་པ་ཡི། །རྒྱལ་བའི་ཕྲིན་ལས་སྣོད་དུ་མ་གྱུར་པའི། །ལས་ངན་བདག་གི་བློ་སྣ་བསྟུང་ནས་ནི། །སྒོ་གསུམ་ཆོས་ལ་འཇུག་པར་བྱིན་གྱིས་རློབས། །སྔོན་གྱི་ལས་དང་རྐྱེན་ལས་བྱུང་བ་ཡི། །མི་དང་མི་མིན་འབྱུང་པོའི་གནོད་པ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །ཉེར་འཚེ་ཐམས་ཅད་ཞི་བར་བྱིན་གྱིས་རློབས། །ལུང་རྟོགས་ཡོན་ཏན་རྒྱུད་ལ་སྐྱེ་བའི་གེགས། །གནས་གྲོགས་ལོངས་སྤྱོད་ངན་པའི་རྐྱེན་དབང་སོགས། །ཕྱི་ནང་གསང་བའི་བདུད་ལས་མ་ལུས་པ། །ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས། །ལུས་སེམས་ཟུག་རྔུའི་རྒྱུ་རུ་གྱུར་པ་ཡི། །གནས་གོས་ཟས་དང་གནོད་བྱེད་གདོན་བགེགས་དང་། །དམ་ཚིག་ཉམས་པའི་དྲི་མ་ལ་སོགས་པས། །ནམ་ཡང་གོས་པ་མེད་པར་བྱིན་གྱིས་རློབས། །འཁྲུལ་སྣང་སྡུག་བསྔལ་ཀུན་གྱིས་མི་བརྫི་བའི། །འཇིགས་མེད་དགོངས་པའི་བཙན་ས་མ་ཟིན་བར། །དུས་མིན་འཆི་བའི་འཇིགས་པ་ཀུན་བསལ་ནས། །ཚེ་སྲོག་རིང་དུ་འཚོ་བར་བྱིན་གྱིས་རློབས། །རྨོངས་པས་བསླུས་པའི་ཉོན་མོངས་ཡན་པ་ཤོར། །བག་མེད་དབང་གིས་སྒོ་གསུམ་མ་བསྡམས་པས། །ཐོག་མེད་དུས་ནས་བདག་གིས་བསགས་པ་ཡི། །ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །གཞི་མེད་བདག་ཏུ་བཟུང་བའི་མ་རིག་ལས། །གཉིས་འཛིན་ཆགས་སྡང་འཁྲུལ་པའི་བློ་བྱུང་བ། །མི་ཟད་སྲིད་པའི་ཕུང་ཁྲོལ་ཀུན་གྱི་རྒྱུ། །ཉོན་མོངས་རང་མཚང་རིག་པར་བྱིན་གྱིས་རློབས། །མེད་སྣང་སྨིག་སྒྱུའི་ཆུ་བོའི་རྗེས་བསྙེགས་པའི། །ཀུན་རྟོག་འཁྲུལ་པའི་ངལ་ཁུར་མི་ལེན་པར། །འགྲུབ་མེད་བསམ་པའི་མཐའ་རྒྱ་བསྐྱུངས་ནས་ནི། །སེམས་ཉིད་ལས་སུ་རུང་བར་བྱིན་གྱིས་རློབས། །འཛེམ་མེད་མུ་ཅོར་སྨྲ་བའི་ངང་ཚུལ་འདི། །རྣམ་གཡེང་ཉོན་མོངས་བསྐྱེད་པའི་རྒྱུར་ཤེས་ནས། །རང་དང་གཞན་ལ་ཕན་ངེས་མ་གཏོགས་པའི། །འབྲས་མེད་སྨྲ་བརྗོད་ཉུང་བར་བྱིན་གྱིས་རློབས། །བག་མེད་ལང་ལ་ཤོར་བའི་སྒོ་གསུམ་པོ། །རྒྱུན་དུ་ཡང་དག་ལམ་ལ་སྐུལ་བྱེད་པའི། །དྲན་ཤེས་བཟང་པོའི་སེམས་ཀྱི་སྲུང་མ་དང་། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །རྐྱེན་ངན་བདུད་ཀྱིས་ཁྱེར་རམ་གཡེང་བས་བསླུས། །ཆོས་མིན་རྟོག་པ་སྐྱེས་ཚེ་དེ་མ་ཐག །བླ་མའི་སྣང་བ་ཤར་ནས་བདག་གི་བློ། །ཡང་དག་ལམ་ལ་གནས་པར་བྱིན་གྱིས་རློབས། །འདོད་ཡོན་སྒྱུ་མའི་ནོར་ལ་མི་ཆགས་ཤིང་། །ཆོག་ཤེས་འཕགས་པའི་འབྱོར་པ་དང་ལྡན་པས། །ཐུབ་པ་དགྱེས་པའི་སྤྱོད་པ་ལ་གནས་ཏེ། །ཚེ་འདིའི་བྱ་བ་སྤོང་བར་བྱིན་གྱིས་རློབས། །རང་བཞིན་མགུ་དཀའ་བྱས་ལ་དྲིན་མི་གཟོ། །བརྟེན་ན་བསླུ་བ་སྲིན་མོའི་ངང་ཚུལ་ཅན། །བློ་གཏད་མེད་པའི་སྙིགས་མའི་གྲོགས་སྤངས་ནས། །བསེ་རུའི་རྣམ་ཐར་འཛིན་པར་བྱིན་གྱིས་རློབས། །གཞན་དབང་འདུ་འཛིའི་འཆིང་བ་ལས་ཐར་ནས། །ཆགས་དང་སྡང་བའི་གཏམ་ཡང་མི་ཐོས་ཤིང་། །རང་བཞིན་ཉམས་དགའ་རྒྱལ་བས་བསྔགས་པ་ཡི། །དབེན་པའི་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཕྱི་དང་ནང་གི་དགེ་བའི་བཤེས་ཀྱིས་ཟིན། །མཐའ་གཉིས་སྤངས་པའི་ཟས་གོས་ཡོ་བྱད་དང་། །དགེ་ལེགས་ཡོན་ཏན་སྐྱེད་པའི་གནས་གྲོགས་སོགས། །མཐུན་རྐྱེན་འབད་མེད་རྙེད་པར་བྱིན་གྱིས་རློབས། །སྐྱིད་འདོད་ཚེ་འདིར་ཞེན་པའི་བློ་ངན་དང་། །ལྟར་སྣང་གཞན་དོན་བསྒྲུབ་པའི་རྣམ་གཡེང་སོགས། །ཆོས་བརྒྱད་ལམ་ཁའི་རོ་བཞིན་སྤངས་ནས་ནི། །སྒྲུབ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །སྐྱབས་གསུམ་ངོ་བོ་དཔལ་མགོན་བླ་མ་ལ། །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས། །ཁྱེད་ཤེས་བློ་གཏད་ནམ་ཡང་མི་འགྱུར་བས། །སྙིང་ནས་སྐྱབས་སུ་འགྲོ་བར་བྱིན་གྱིས་རློབས། །རྨོངས་པའི་བློ་ལ་རབ་དགའ་སྐྱེད་བྱེད་པའི། །སྲིད་པའི་ཕུན་ཚོགས་གཤེད་མ་ལྟར་མཐོང་ནས། །སྡུག་བསྔལ་རང་བཞིན་འཁོར་བའི་གྲོང་ཁྱེར་ལ། །ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །སྲིད་མཚོ་སྒྲོལ་བྱེད་དལ་འབྱོར་ལུས་ཀྱི་གྲུ། །མི་རྟག་གཡོ་བའི་རང་བཞིན་དེ་ཤེས་ནས། །སྐད་ཅིག་ཙམ་ཡང་དལ་བར་མི་སྡོད་པར། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །སྟོང་པའི་དབྱིངས་སུ་སྤྲོས་པ་ཀུན་ཞི་ཡང་། །སྣང་བ་རྟེན་འབྱུང་བསླུ་བ་མེད་པའི་ཕྱིར། །ཀུན་རྫོབ་དགེ་སྡིག་རྒྱུ་འབྲས་ཆོས་རྣམས་ལ། །བླང་དོར་ཚུལ་བཞིན་ནུས་པར་བྱིན་གྱིས་རློབས། །ཚ་གྲང་བཀྲེས་སྐོམ་སྐྱོ་འཇིགས་ལ་སོགས་པ། །ལུས་དང་སེམས་ཀྱི་སྡུག་བསྔལ་གང་བྱུང་ཀུན། །ལས་ངན་སྒྲིབ་སྦྱོང་རྟོགས་པའི་བོགས་འདོན་དུ། །རྐྱེན་ངན་ལམ་སློང་ནུས་པར་བྱིན་གྱིས་རློབས། །ཕུལ་བྱུང་སྙིང་སྟོབས་མཆོག་གི་གོ་བགོས་ནས། །རྒྱལ་སྲས་སྤྱོད་པའི་ཁུར་ཆེན་འཁྱེར་བ་ལ། །བྱེ་བ་ཕྲག་བརྒྱའི་བདུད་སྡེ་དགྲར་ལངས་ཀྱང་། །མི་ལྡོག་བརྩོན་འགྲུས་བརྟན་པར་བྱིན་གྱིས་རློབས། །འགྲོ་ཀུན་རང་གི་ཕ་མར་མཐོང་ནས་ནི། །ཚད་མེད་བྱམས་དང་སྙིང་རྗེས་རྒྱུད་བསྐུལ་ཏེ། །གཞན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་མཆོག །ཐོབ་འདོད་ལྷག་བསམ་སྐྱེ་བར་བྱིན་གྱིས་རློབས། །ཕྲག་དོག་འགྲན་སེམས་ང་རྒྱལ་ཀུན་གྱི་རྒྱུ། །རང་ཉིད་གཅེས་འཛིན་འགོང་པོ་བཏུལ་ནས་ནི། །བདག་གཞན་མཉམ་བརྗེའི་སེམས་མཆོག་ལེགས་གོམས་པས། །རང་དོན་ཡིད་བྱེད་ཟད་པར་བྱིན་གྱིས་རློབས། །ལུས་སྲོག་ལོངས་སྤྱོད་གང་ལའང་མི་ཆགས་པར། །ཐམས་ཅད་སྒྲོལ་དང་བྱམས་པའི་སྟོབས་བཞིན་དུ། །ཉམས་ཐག་མ་རྒན་འགྲོ་བའི་ཚོགས་རྣམས་ལ། །རྟག་ཏུ་ཕན་བདེ་སྒྲུབ་པར་བྱིན་གྱིས་རློབས། །རྙེད་དཀའི་ལུས་རྟེན་བྱིན་པའི་ཕ་མ་དང་། །བརྩེ་གདུང་བྱམས་པས་སྐྱོང་བའི་བཤེས་གཉེན་སོགས། །འཇིགས་རུང་སྲིད་པའི་སྡུག་བསྔལ་ཐམས་ཅད་ལས། །མྱུར་དུ་བདག་གིས་སྐྱོབ་པར་བྱིན་གྱིས་རློབས། །ཕངས་པའི་སྲོག་ལ་རྒོལ་བའི་དགྲ་བོ་ཡང་། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་མཐོང་ནས་ནི། །དེ་ཡི་རྐྱེན་གྱིས་འཁྲུག་པར་མི་འགྱུར་བར། །དགེ་ཚོགས་ལྷག་པར་འཕེལ་བར་བྱིན་གྱིས་རློབས། །རྨོངས་པས་བསླུས་པ་བྱིས་པའི་སྐྱེ་བོ་ཡིས། །ཉོན་མོངས་དབང་གིས་ལོག་སྒྲུབ་བྱེད་ན་ཡང་། །སྨྱོ་བའི་བུ་ལ་བྱམས་པའི་མ་བཞིན་དུ། །སླར་ཡང་བརྩེ་བས་སྐྱོང་བར་བྱིན་གྱིས་རློབས། །བདག་ལ་བརྟེན་ནས་གཞན་གྱིས་སེམས་རྒྱུད་ལ། །མི་དགེའི་རྟོག་པ་ནམ་ཡང་མི་སྐྱེ་ཞིང་། །མཐོང་ཐོས་ཙམ་གྱིས་འབྲེལ་པ་ཚུན་ཆད་ཀྱང་། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །གནོད་པའི་བསམ་སྦྱོར་རབ་ཏུ་གོམས་པ་ཡི། །ཤིན་ཏུ་གདུག་ཅིང་གཏུམ་པའི་འགྲོ་བ་ཡང་། །བདག་ཉིད་མཐོང་ཐོས་དྲན་པའི་སྐད་ཅིག་ལ། །བྱམས་པའི་སེམས་དང་ལྡན་པར་བྱིན་གྱིས་རློབས། །མདོར་ན་གང་དུ་སུ་དང་འགྲོགས་ཀྱང་རུང་། །ཆགས་སྡང་ཉོན་མོངས་ནམ་ཡང་མི་འཕེལ་ཞིང་། །འཕྲལ་དང་ཡུན་གྱི་ཕན་བདེའི་རྒྱུ་འགྱུར་བའི། །རྣམ་དཀར་དགེ་བ་རྒྱས་པར་བྱིན་གྱིས་རློབས། །དགག་སྒྲུབ་གནང་བའི་བཅས་མཚམས་མ་ནོར་བར། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཤིང་། །རྨི་ལམ་ན་ཡང་ཉམས་པའི་དྲི་མ་ཡིས། །ནམ་ཡང་གོས་པ་མེད་པར་བྱིན་གྱིས་རློབས། །ཕྱི་དང་ནང་གི་དབེན་པ་ལ་བརྟེན་ནས། །གཅིག་ཏུ་ཞི་བའི་ཡིད་ལ་མཉམ་བཞག་པས། །གཡེང་བའི་རྐྱེན་གྱིས་བརྫི་བར་མི་ནུས་པའི། །གཡོ་མེད་ཏིང་འཛིན་བརྟན་པར་བྱིན་གྱིས་རློབས། །ཇི་སྙེད་ཤེས་བྱའི་གནས་ལ་མ་རྨོངས་པའི། །མཚུངས་པ་མེད་པའི་བློ་གྲོས་ཐོབ་ནས་ནི། །ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་ཡིས། །བསྟན་ལ་བྱ་བ་བྱེད་པར་བྱིན་གྱིས་རློབས། །མཐའ་བྲལ་ལྟ་བའི་ངང་ལས་མ་གཡོས་བཞིན། །རིས་མེད་བརྩེ་བའི་གསལ་སྣང་མ་འགགས་པའི། །ཆོས་ཀྱི་སྙིང་པོ་དོན་དམ་བྱང་ཆུབ་སེམས། །ཚུལ་བཞིན་རྒྱུད་ལ་འབྱོར་པར་བྱིན་གྱིས་རློབས། །ཆགས་པ་བདུན་སྤང་ཁྱད་ཆོས་བཞི་ལྡན་པའི། །རྒྱ་ཆེན་སྤྱོད་པའི་ཉམས་ལེན་ཕར་ཕྱིན་དྲུག །ཆོས་སྤྱོད་གཅིག་ལའང་ཚང་བར་བསྒྲུབ་ནུས་པའི། །བློ་ཡི་ནུས་པ་རྙེད་པར་བྱིན་གྱིས་རློབས། །སྤྱོད་པ་རྨད་བྱུང་བསྡུ་བའི་དངོས་པོ་བཞིས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་ཐུལ་བའི། །ཤིན་ཏུ་གདུལ་དཀའ་སྙིགས་མའི་འགྲོ་བ་ལ། །ཆོས་ཀྱི་སྣང་བ་བསྐྱེད་པར་བྱིན་གྱིས་རློབས། །ཚིག་དོན་མཐའ་དག་མི་བརྗེད་གཟུངས་ཀྱི་སྒོ། །འཆད་རྩོད་རྩོམ་ལ་ཐོགས་མེད་སྤོབས་པའི་གཏེར། །ངོ་མཚར་ཡོན་ཏན་འབྱུང་གནས་ཏིང་ངེ་འཛིན། །མ་ལུས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཐབས་ཤེས་ཟུང་འཇུག་སྨོན་པའི་མཐུ་ཆེན་གྱིས། །སྐད་ཅིག་རེར་ཡང་བསྐལ་པའི་ཚོགས་འདུམ་ཞིང་། །ལྷན་ཅིག་རྫོགས་སྨིན་སྦྱང་བ་མཐར་ཕྱིན་པའི། །ཀུན་བཟང་རྣམ་ཐར་སྐྱོང་བར་བྱིན་གྱིས་རློབས། །སྣ་ཚོགས་རྒྱུ་ཡི་རྟེན་འབྲེལ་ལས་བྱུང་བའི། །བཟང་ངན་ཉམས་ཀྱི་སྣང་བ་མ་ལུས་པ། །ཞེན་མེད་རྩིས་གདབ་སྤངས་པའི་ལམ་ཁྱེར་གྱིས། །གང་ཡང་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །གསང་གསུམ་ཡོན་ཏན་གཏེར་གྱིས་རབ་གང་བའི། །རྒྱལ་བའི་མཛད་པ་རྒྱ་མཚོ་ལྟ་བུ་ལ། །ཞུམ་མེད་སྤྲོ་བའི་ཡིད་ཀྱིས་ཞུགས་ནས་ནི། །ཕྲིན་ལས་རོ་གཅིག་འགྱུར་བར་བྱིན་གྱིས་རློབས། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་མཆོག །རྩེ་གཅིག་དད་པས་ཚུལ་བཞིན་ལེགས་བརྟེན་ནས། །མ་ནོར་བརྒྱུད་པའི་བཀའ་སྲོལ་ལས་འོངས་པའི། །རྣམ་དག་དབང་གིས་སྨིན་པར་བྱིན་གྱིས་རློབས། །དབང་ལས་སྐྱེས་པའི་ཉམས་མྱོང་ཡེ་ཤེས་མཆོག །མི་ཉམས་སྤེལ་བའི་ཐབས་ཚུལ་བཞི་ལྡན་གྱིས། །མཉམ་བཞག་རྗེས་སྤྱོད་བཟའ་བསྲུང་མི་འབྲལ་བའི། །དམ་ཚིག་སྲོག་བཞིན་སྲུང་བར་བྱིན་གྱིས་རློབས། །ཕྱི་ནང་དོན་གྱི་སྔགས་ཀྱི་ངོ་བོ་ཤེས། །སྤྲོ་བསྡུ་ལ་སོགས་མན་ངག་གནས་ཀྱིས་ཟིན། །ངག་ཡིད་རླུང་གི་ལམ་ལ་བརྟེན་པ་ཡི། །བཟླས་བརྗོད་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དངོས་གྲུབ་འགུགས་པའི་ཡོ་བྱད་དམ་རྫས་ཚང་། །སྦྱང་རྟོགས་སྦར་བའི་དམིགས་པ་རང་བྱན་ཚུད། །འཁོར་གསུམ་ཡོངས་དག་གཏོར་མའི་རྣལ་འབྱོར་གྱིས། །མཁའ་འགྲོ་དམ་ཅན་མཉེས་པར་བྱིན་གྱིས་རློབས། །སྡང་མིག་ཙམ་གྱིས་བདུད་ཚོགས་མཐར་བྱེད་པའི། །མྱུར་མགྱོགས་ཕྲིན་ལས་དབང་ཕྱུག་སྲུང་མའི་ཚོགས། །རྣལ་འབྱོར་བདག་གི་ལུས་དང་གྲིབ་མ་བཞིན། །མི་འབྲལ་རྒྱུན་དུ་འགྲོགས་པར་བྱིན་གྱིས་རློབས། །ཏིང་འཛིན་སྔགས་དང་རྫས་ཀྱི་ནུས་པ་ཡིས། །ཡེ་ཤེས་མེ་ལྷ་མཉེས་པའི་བརྟུལ་ཞུགས་ཀྱིས། །གྲུབ་གཉིས་རིན་ཆེན་གཏེར་གྱི་སྒོ་ཕྱེས་ནས། །སྒྲུབ་འབྲས་མྱུར་དུ་འབྱིན་པར་བྱིན་གྱིས་རློབས། །དངོས་གྲུབ་རྩ་བ་བླ་མ་ལྷ་རུ་མཐོང་། །བྱིན་རླབས་རྩ་བ་མོས་གུས་ལམ་དུ་ལོངས། །ཆོས་ཀུན་རྩ་བ་སེམས་ཀྱི་དེ་ཉིད་རིག །ལམ་གྱི་སྲོག་རྩ་ཟིན་པར་བྱིན་གྱིས་རློབས། །སྣོད་བཅུད་འཁོར་འདས་སྣང་བ་མ་ལུས་པ། །ནང་གི་རྟེན་འབྲེལ་ཉིད་ལས་བྱུང་བའི་ཚུལ། །རྟོགས་ནས་སྣ་ཚོགས་ཕྱི་ཡི་སྤྲོས་པ་ཡི། །སྒྲོ་འདོགས་ནང་ནས་ཆོད་པར་བྱིན་གྱིས་རློབས། །བློ་ངན་རྟོག་གེས་སྒྲོ་སྐུར་མ་ཡིན་པར། །ནང་གི་དེ་ཉིད་རྟོགས་པའི་ཉམས་མྱོང་གིས། །གཞི་ལམ་འབྲས་བུའི་རྒྱུད་དོན་འཆད་ནུས་པའི། །སྦས་དོན་སྙིང་ལ་འཆར་བར་བྱིན་གྱིས་རློབས། །ཚིག་ལ་བརྟེན་ནས་རྣམ་མང་ཆོས་ཚུལ་གྱི། །ཕ་མཐའ་ཚོལ་བའི་ངལ་བ་མ་དགོས་པར། །བདེ་བླག་ཉིད་དུ་ཀུན་མཁྱེན་སྒྲུབ་པ་ཡི། །རྟེན་འབྲེལ་ནང་དུ་གྲིགས་པར་བྱིན་གྱིས་རློབས། །སྣ་ཚོགས་འགྲོ་བའི་ཁམས་དབང་མོས་པ་བཞིན། །བགྲང་ཡས་ཆོས་ཚུལ་རྒྱ་མཚོ་སྤྲོ་མཁས་ཤིང་། །ཀུན་ཀྱང་རྒྱལ་བའི་ལམ་དུ་སྡུད་བཟོད་པའི། །བདེ་གཤེགས་ཆོས་ཛོད་ལོན་པར་བྱིན་གྱིས་རློབས། །རྟེན་འབྲེལ་ལྔ་ལྡན་གཞི་ལམ་འབྲས་བུའི་ཆོས། །ཚད་མ་བཞི་ཡིས་གཏན་ལ་ལེགས་བསྟན་ནས། །སྙན་བརྒྱུད་བཞི་ཡི་རྟེན་འབྲེལ་རང་རྒྱུད་ལ། །ཚུལ་བཞིན་མྱུར་དུ་འགྲིགས་པར་བྱིན་གྱིས་རློབས། །བོགས་འབྱིན་གདམས་པའི་བདུད་རྩི་རྐྱེན་དུ་འཚམས། །གེགས་སེལ་སྲུང་བའི་མན་ངག་དུས་དང་འབྱོར། །འདུས་པ་གསུམ་གྱི་ལམ་འཕྲང་ཚུལ་བཞིན་བརྒལ། །དྲོད་རྟགས་ཡོན་ཏན་སྐྱེ་བར་བྱིན་གྱིས་རློབས། །རླུང་སེམས་ཐིག་ལེའི་ཁྲིད་ཚུལ་རྒྱུད་ལ་འབྱོར། །ལས་འཕྲོ་མོས་གུས་བརྩོན་པས་བྱང་སེམས་བསྐུལ། །གསལ་སྟོང་ཟུང་འཇུག་ཉམས་ཀྱི་སྣང་བ་འབར། །ལམ་མཆོག་མྱུར་དུ་བགྲོད་པར་བྱིན་གྱིས་རློབས། །སུམ་ཅུ་རྩ་བདུན་བྱང་ཆུབ་ཕྱོགས་མཐུན་ཆོས། །ལུས་དང་སེམས་ཀྱི་སྟེང་དུ་བགྲོད་པའི་ཚུལ། །རྟོགས་ནས་རྒྱུ་འབྲས་ཐེག་པའི་བརྗོད་བྱའི་གནད། །མི་འགལ་གཅིག་ཏུ་མཐོང་བར་བྱིན་གྱིས་རློབས། །རྒྱུ་ལམ་དབང་གི་ཡེ་ཤེས་ཆུ་བོའི་རྒྱུན། །མ་ནུབ་ཐུན་བཞིའི་འཇུག་ངོགས་ལ་བརྟེན་ནས། །མཐར་ཐུག་རྣམ་མཁྱེན་ཡེ་ཤེས་རྒྱ་མཚོ་རུ། ་། གེགས་མེད་མྱུར་དུ་སྙོགས་པར་བྱིན་གྱིས་རློབས། །རྒྱུད་གསུམ་ལྷན་སྐྱེས་དབྱེ་བ་མ་ལུས་པ། །ལྷུན་གྲུབ་སེམས་ཀྱི་ཆོས་ཉིད་འདི་ཉིད་ལས། །ནམ་ཡང་གཡོ་བ་མེད་པའི་ཚུལ་ཤེས་ནས། །མ་རིག་འཁྲུལ་པ་སངས་པར་བྱིན་གྱིས་རློབས། །ཅིར་ཡང་སྣང་བ་རང་སེམས་གསལ་བའི་གདངས། །གང་དུའང་མ་གྲུབ་སྒྱུ་མའི་ངང་ཚུལ་ཅན། །རྟེན་འབྱུང་སྣང་བ་སྤྲོས་པས་མ་བསླད་པར། །བརྗོད་བྲལ་རང་ཞལ་མཇལ་བར་བྱིན་གྱིས་རློབས། །ཀུན་ཉོན་རྒྱུ་འབྲས་མ་སྤངས་ལམ་དུ་ཁྱེར། །སྐུ་དང་ཡེ་ཤེས་མ་བསྒྲུབས་ལྷུན་གྱིས་གྲུབ། །རེ་དོགས་དགག་སྒྲུབ་སྤྲོས་པ་དབྱིངས་སུ་ཞི། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱོན་ཉིད་ཡོན་ཏན་མཆོག་གི་རྒྱུར་མཐོང་ཞིང་། །བར་ཆད་བདུད་ལས་དངོས་གྲུབ་ལེན་ནུས་པའི། །ཅིར་སྣང་དགེ་བའི་བཤེས་སུ་འཆར་བ་ཡི། །འཇིགས་མེད་གདེང་དྲོད་རྙེད་པར་བྱིན་གྱིས་རློབས། །རྣམ་མང་རྟོགས་པའི་རྦ་རླབས་ཆེར་གཡོ་བས། །བདེ་ཆེན་སེམས་ཀྱི་གནས་ཆ་མི་བསྒྲིབས་ཤིང་། །ཀུན་རྟོག་ཉོན་མོངས་འཁྲུགས་པས་ཡེ་ཤེས་ཀྱི། །གསལ་སྣང་མཆོག་ཏུ་འདྲེན་པར་བྱིན་གྱིས་རློབས། །འཁྲུལ་ངོར་སྣང་བའི་སྲིད་པའི་སྡུག་བསྔལ་འདི། །འཁྲུལ་པར་ཤེས་ན་བདེ་ཆེན་ཡེ་ཤེས་ཏེ། །སྣང་སྲིད་བདེ་བ་རོལ་པའི་ཏིང་འཛིན་གྱིས། །སྡུག་བསྔལ་དབྱིངས་སུ་སངས་པར་བྱིན་གྱིས་རློབས། །བྱིང་རྒོད་ཉོན་མོངས་དུག་ལྔའི་རྟོག་པ་དང་། །སྐྱོན་མེད་ཟུང་འཇུག་ཉམས་ཀྱི་ཏིང་འཛིན་གཉིས། །བཟང་ངན་མེད་པར་ལམ་དུ་བསྲེལ་ནུས་པའི། །གདམས་པ་ཉམས་སུ་ལོན་པར་བྱིན་གྱིས་རློབས། །སྤངས་ཐོབ་དབྱེར་མེད་རྒྱུ་འབྲས་ལྷུན་གྲུབ་ཏུ། །ཡང་དག་ཤེས་ནས་གཉིས་འཛིན་རེ་དོགས་ཀྱི། །རྟོགས་པའི་དྲ་བ་ནམ་ཡང་མི་སྤེལ་བར། །འབྲས་བུའི་མཆོག་འཛིན་ཞིག་པར་བྱིན་གྱིས་རློབས། །གཞི་སྣང་སྐྱེ་གནས་འཆི་བ་བར་དོ་བཞི། །རིམ་དང་གཅིག་ཆར་སྦྱོང་བའི་ལམ་འཁྱེར་གྱིས། །མྱུར་དུ་སྐུ་བཞིའི་ངོ་བོར་དག་བྱེད་པའི། །བསྐྱེད་རིམ་ལམ་བཟང་གོམས་པར་བྱིན་གྱིས་རློབས། །གདོས་བཅས་གཟུགས་ཀྱི་སྣང་བ་ལྷ་རུ་མཐོང་། །གྲགས་པ་སྒྲ་ཡི་རང་གདངས་སྔགས་སུ་ཤེས། །དྲན་རྟོག་ཡིད་ཀྱི་འགྱུ་བ་ཆོས་སྐུར་དག །རྡོ་རྗེ་གསུམ་མཆོག་འགྲུབ་པར་བྱིན་གྱིས་རློབས། །རང་སེམས་ལྷ་བརྒྱའི་ངོ་བོ་རྡོ་རྗེ་སེམས། །ཀུན་ཁྱབ་རིགས་ཀྱི་བདག་པོར་མཐོང་བའི་མོད། །ཡི་དམ་རྒྱ་མཚོ་མཉེས་པའི་འཛུམ་ཞལ་མཆོག །དུས་གཅིག་ཉིད་ལ་མཐོང་བར་བྱིན་གྱིས་རློབས། །ཟབ་མོའི་ལམ་གྱིས་ལུས་ལ་གནད་དུ་བསྣུན། །བྱིན་རླབས་སྟོབས་ཀྱིས་རྟོགས་པ་སེམས་ལ་ཤར། །སྣང་སེམས་རོ་གཅིག་ཡེ་ཤེས་མངོན་དུ་གྱུར། །རྫོགས་རིམ་ཕ་མཐར་སོན་པར་བྱིན་གྱིས་རློབས། །ད་ལྟའི་རང་གི་སྣང་བ་འདི་ཉིད་ལས། །ལམ་དང་འབྲས་བུ་ལོགས་ནས་མི་ཚོལ་བར། །རྒྱུ་འབྲས་རྒྱས་གདབ་མན་ངག་ལ་བརྟེན་ནས། །སྤྲོས་པའི་དྲ་བ་ཆོད་པར་བྱིན་གྱིས་རློབས། །མཚན་རྟོག་འཆལ་བའི་དྲི་མས་མ་གོས་པའི། །བདེ་ཆེན་ཡེ་ཤེས་སྡོམ་པའི་ངོ་བོ་རུ། །སྨིན་གྲོལ་ལམ་གྱི་ཟབ་གནད་ཀུན་དྲིལ་ནས། །དུས་གཅིག་ཉམས་སུ་ལོན་པར་བྱིན་གྱིས་རློབས། །འཁོར་འདས་བསྲེ་བའི་གསང་གནད་ལ་བརྟེན་ནས། །རྗེས་སྤྱོད་ལམ་གྱི་ཡན་ལག་གཅིག་ལ་ཡང་། །གཞི་ལམ་འབྲས་གསུམ་ཚང་བའི་ལམ་ཁྱེར་གྱིས། །གྲུབ་གཉིས་མགྲོན་དུ་ཁུག་པར་བྱིན་གྱིས་རློབས། །ཚོགས་དྲུག་ཡུལ་གྱི་སྣང་བ་མ་ལུས་པ། །ཟག་མེད་བདེ་བའི་ཉེར་རྒྱུ་མཐོང་ནས་ནི། །གང་ཤར་བདེ་སྟོང་རོལ་པའི་རྣལ་འབྱོར་གྱིས། །འདོད་ཡོན་རྒྱན་དུ་འཆར་བར་བྱིན་གྱིས་རློབས། །གཙང་སྨེ་གཉིས་རྟོག་འཇོམས་པའི་དམ་རྫས་ལ། །མཉམ་ཉིད་བརྟུལ་ཞུགས་སྤྱོད་པའི་རོལ་པ་ཡིས། །མཁའ་འགྲོ་མཉེས་པའི་ཐབས་ཀྱི་དགའ་སྟོན་གྱིས། །བདེ་སྟོང་ཡེ་ཤེས་འབར་བར་བྱིན་གྱིས་རློབས། །རྨི་ལམ་ཉིང་འཁྲུལ་སྣང་བ་རང་ངོ་ཟིན། །སྤྲུལ་བསྒྱུར་བརྟན་པ་ཐོབ་པའི་རྫུ་འཕྲུལ་གྱིས། །རྒྱལ་བ་ཀུན་ལས་དམ་ཆོས་ཉན་པ་དང་། །ཉམས་རྟོགས་བོགས་འདོན་བྱེད་པར་བྱིན་གྱིས་རློབས། །ཉིན་སྣང་འཁྲུལ་པ་སྒྱུ་མའི་རོལ་པར་ཤེས། །མཚན་སྣང་མ་རིག་འོད་གསལ་དབྱིངས་སུ་དེངས། །ཉིན་མཚན་བར་མེད་སྒྲིབ་བྲལ་ཡེ་ཤེས་ཀྱི། །སྣང་བ་འགགས་པ་མེད་པར་བྱིན་གྱིས་རློབས། །མདོར་ན་འཁྲུལ་སྣང་བློ་ཡི་རི་མོ་ཀུན། །སྤྲོས་བྲལ་འོད་གསལ་དོན་དམ་ཆོས་ཀྱི་སྐུ། །མངོན་སུམ་མཚོན་བྱེད་དཔེ་ཡི་ཡེ་ཤེས་སུ། །རྩོལ་མེད་ངང་གིས་འཆར་བར་བྱིན་གྱིས་རློབས། །མཐར་འཛིན་རྟོག་པའི་རྡུལ་གྱིས་མ་བསླད་ཅིང་། །གཟུང་འཛིན་སྣང་བའི་སྤྲིན་གྱིས་མ་བསྒྲིབས་པར། །ལྷན་སྐྱེས་བདེ་ཆེན་རིག་སྟོང་གཉུག་མའི་གཤིས། །རང་བྱུང་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །སྲོག་རྩོལ་རླུང་གི་རྒྱུ་བ་དབང་དུ་འདུས། །གཉེན་ལྕུག་བཞི་ཡི་ཡོན་ཏན་ལུས་ལ་ཤར། །སྐྱེ་མཆེད་དྲུག་ཏུ་དྭངས་མའི་ནུས་པ་འཕེལ། །ཏིང་འཛིན་མཐུ་ཆེན་རྙེད་པར་བྱིན་གྱིས་རློབས། །ཐ་དད་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །ངོ་མཚར་རྫུ་འཕྲུལ་བཀོད་པའི་ལས་ལ་དབང་། །ཞི་སོགས་དངོས་གྲུབ་བདུད་རྩིའི་དགའ་སྟོན་གྱིས། །འགྲོ་བའི་ཕན་བདེ་སྤེལ་བར་བྱིན་གྱིས་རློབས། །ཕྱི་ནང་རྟེན་འབྲེལ་མཐུན་པའི་སྤྱོད་མཆོག་གིས། །སོ་གཉིས་ཡུལ་གྱི་མཁའ་འགྲོ་དབང་དུ་བསྡུས། །སུམ་ཕྲག་བཅུ་གཉིས་རྟགས་ཀྱི་ཡོན་ཏན་རྣམས། །མ་ལུས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །འགྲོས་བཞི་དབྱིངས་སུ་བསྡུ་བའི་རྒྱལ་ཐབས་ཀྱིས། །གཟུང་འཛིན་འཁྲུལ་པའི་གཡུལ་ངོ་རབ་བཅོམ་ནས། །ཆེ་བ་གསུམ་ལྡན་ཆོས་སྐུའི་རྒྱལ་སྲིད་ལ། །དབང་བསྐུར་ཚེ་འདིར་ཐོབ་པར་བྱིན་གྱིས་རློབས། །རྟེན་འབྲེལ་མཐར་ཐུག་སྐུ་ལྔའི་པད་ཚལ་དུ། །དབང་ཕྱུག་བརྒྱད་ཀྱི་བུང་བའི་ཚོགས་འདུ་ཞིང་། །ལྷུན་གྲུབ་ཕྲིན་ལས་སྦྲང་རྩིའི་རོ་བཅུད་ཀྱིས། །སྐལ་ལྡན་གདུལ་བྱ་ཚིམ་པར་བྱིན་གྱིས་རློབས། །ཐོག་མར་ལྟ་སྒོམ་སྤྱོད་ལ་རིམ་གྱིས་ཞུགས། །བར་དུ་གསུམ་པོ་གནད་ཐོག་གཅིག་ཏུ་དྲིལ། །ཐ་མར་བསམ་བརྗོད་བྲལ་བའི་ཡེ་ཤེས་སུ། །ཐམས་ཅད་རོ་མཉམ་རྟོགས་པར་བྱིན་གྱིས་རློབས། །བགྲང་ཡས་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན། །རིག་འཛིན་མཁའ་འགྲོ་བྱེ་བའི་ཐུགས་ཀྱི་བཅུད། །ལམ་དུས་ཐུན་བཞིའི་ཉམས་ལེན་ལ་བརྟེན་ནས། །ཉམས་རྟོགས་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །ཐ་མལ་སྣང་ཞེན་སྐྱབས་ཀྱི་ངོ་བོར་དག །བསམ་ངན་སྦྱོར་རྩུབ་བྱང་ཆུབ་ལམ་དུ་བསྒྱུར། །སྡིག་ལྟུང་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །རང་རྒྱུད་ཤིན་ཏུ་དག་པར་བྱིན་གྱིས་རློབས། །འཁྲུལ་སྣང་ལས་ཉོན་རྣམ་དག་ཚོགས་སུ་བསྒྱུར། །བདུད་རིགས་བར་ཆད་སྲུང་བའི་འཁོར་ལོར་ཤར། །ཐ་མལ་སྣོད་བཅུད་རྟེན་དང་བརྟེན་པ་ཡི། །ལྷག་པའི་ལྷ་རུ་འཆར་བར་བྱིན་གྱིས་རློབས། །ལུས་ལ་སྐུ་བཞི་ལྷུན་གྱིས་གྲུབ་པར་རྟོགས། །སེམས་ལས་ལོགས་ན་ཡེ་ཤེས་མེད་པར་རིག །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་མཐོང་། །ཟུང་འཇུག་ཏིང་འཛིན་སྐྱེ་བར་བྱིན་གྱིས་རློབས། །ཕུང་པོ་སངས་རྒྱས་ཉོན་མོངས་ཡེ་ཤེས་དང་། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོ་རུ། །ཤེས་ནས་གོམས་པའི་རྒྱུ་འབྲས་ལྷུན་གྲུབ་ཀྱི། །སངས་རྒྱས་རང་ལས་རྙེད་པར་བྱིན་གྱིས་རློབས། །རྩ་ཡིག་རླུང་སེམས་རྒྱལ་བའི་དཀྱིལ་འཁོར་རྣམས། །སྨིན་གྲོལ་ཐབས་ཀྱི་མཆོད་པས་མཉེས་བྱས་ནས། །རང་བྱུང་གཉིས་མེད་ཡེ་ཤེས་དོན་གྱི་ལྷའི། །རང་ཞལ་མྱུར་དུ་མཇལ་བར་བྱིན་གྱིས་རློབས། །དབང་དང་རིམ་གཉིས་ལས་བྱུང་ཡེ་ཤེས་ཀྱིས། །རྗེས་ཐོབ་སྣང་བའི་ཆོས་ལ་རྒྱས་འདེབས་ཤིང་། །ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བརྟེན་ནས། །མཚན་རྟོག་འཁྲུལ་འཁོར་འཇིག་པར་བྱིན་གྱིས་རློབས། །སྣང་སྲིད་དག་པ་ལྷ་ཡི་འཁོར་ལོར་རྫོགས། །རྩ་ཐིག་རླུང་གི་དྭངས་མ་ཆོས་སྐུར་སྨིན། །འཁོར་འདས་ཡེ་ཤེས་གཅིག་གི་ངོ་བོར་ཟླུམ། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །སྐུ་དྲིན་མཚུངས་མེད་ཡོན་ཏན་རྒྱ་མཚོའི་གཏེར། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་ལ། །སྙིང་ནས་ཡིད་ཆེས་བཅོས་མ་མ་ཡིན་པའི། །མོས་གུས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྒོ་གསུམ་ལོངས་སྤྱོད་དགེ་ཚོགས་རྒྱུར་བྱས་པའི། །ཕྱི་ནང་གསང་བ་དེ་ཉིད་བཅས་པ་ཡི། །ཀུན་བཟང་རྣམ་འཕྲུལ་ལྟ་བུའི་མཆོད་སྤྲིན་གྱིས། །དཔལ་ལྡན་བླ་མ་མཆོད་པར་བྱིན་གྱིས་རློབས། །སྐྱབས་གནས་ཀུན་འདུས་ཕྱི་ཡི་བླ་མ་མཆོག །ཉིན་མོ་སྤྱི་བོར་མཚན་མོ་སྙིང་དབུས་སུ། །རྟག་ཏུ་བསྒོམས་ཤིང་གསོལ་བ་བཏབ་པའི་མཐུས། །འབྲལ་མེད་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །ཤིན་ཏུ་གསང་བ་ནང་གི་རྟེན་འབྲེལ་ལས། །སྐུ་བཞིའི་བླ་མ་འབྱུང་བའི་ཚུལ་ཤེས་ནས། །ནང་གི་བླ་མ་མཉེས་པའི་ཐབས་མཁས་ཀྱིས། །བྱིན་རླབས་སེམས་ལ་འཆར་བར་བྱིན་གྱིས་རློབས། །རང་བཞིན་འོད་གསལ་སེམས་ཀྱི་གནས་ལུགས་མཆོག །དོན་གྱི་བླ་མའི་རང་ཞལ་མཇལ་བའི་མོད། །གཉིས་སྣང་མཚན་མའི་འཁྲུལ་འཁོར་ཞིག་ནས་ནི། །འཁོར་བའི་རྫུན་རིས་དག་པར་བྱིན་གྱིས་རློབས། །སྐྱབས་གནས་ཐམས་ཅད་བླ་མའི་ངོ་བོར་མཐོང་། །དགེ་སྦྱོར་ཐམས་ཅད་བླ་མའི་ལམ་དུ་ཤར། །འཁོར་འདས་ཐམས་ཅད་བླ་མའི་རོལ་པར་ཤེས། །སྣང་སྲིད་བླ་མར་འཆར་བར་བྱིན་གྱིས་རློབས། །སྐུ་བཞིའི་དབང་ཕྱུག་དཔལ་མགོན་བླ་མ་ལས། །བྱིན་རླབས་དབང་བཞིའི་དངོས་གྲུབ་ལེགས་ཐོབ་ནས། །ད་ལྟའི་འདུག་ས་སྟན་ཐོག་འདི་ཉིད་དུ། །དགོངས་པ་དབྱེར་མེད་འགྱུར་བར་བྱིན་གྱིས་རློབས། །རྒྱུ་རིགས་ཐབས་ཀྱི་རིམ་པས་ལེགས་སྦྱངས་ནས། །འབད་པས་འབྲས་བུ་སྒྲུབ་ལ་མི་ལྟོས་པར། །བླ་མའི་བྱིན་རླབས་ཞུགས་པའི་སྐད་ཅིག་ལ། །རྟོགས་གྲོལ་དུས་མཉམ་འགྱུར་བར་བྱིན་གྱིས་རློབས། །དབང་བཞིའི་ཆུ་བོ་དུས་གཅིག་ཉིད་ལ་ཐོབ། །ལམ་བཞིའི་ངོ་བོ་རིག་ཐོག་གཅིག་ཏུ་རྫོགས། །སྐུ་བཞི་གཉིས་མེད་རང་རིག་བདེ་བ་ཆེའི། །ཡེ་ཤེས་གཅིག་ཏུ་མཐོང་བར་བྱིན་གྱིས་རློབས། །དྲི་མེད་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས། །བློ་དང་ཚིག་གིས་མ་བཅོས་གདོད་མའི་གཤིས། །སྟོང་གསལ་ཕྱོགས་རིས་བྲལ་བའི་བླ་མ་ལས། །ནམ་ཡང་གཡོ་བ་མེད་པར་བྱིན་གྱིས་རློབས། །སེམས་ཅན་སངས་རྒྱས་དགོངས་པ་གཅིག་ཏུ་མཐོང་། །ལམ་དང་འབྲས་བུའི་ཐ་སྙད་དབྱིངས་སུ་ནུབ། །གཉིས་ཆོས་ཐམས་ཅད་གཉིས་མེད་ཀློང་དུ་དག །ཀུན་ཀྱང་ཚུལ་གཅིག་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་གནས་འགྱུར་འགལ་མེད་དོན་རྟོགས་ནས། །གཞི་འབྲས་དབྱེར་མེད་སྐྱོན་ཡོན་རོ་མཉམ་པའི། །ཟུང་འཇུག་བླ་མ་རྡོ་རྗེ་འཛིན་པའི་ས། །ལུས་རྟེན་འདི་ལ་ཐོབ་པར་བྱིན་གྱིས་རློབས། །བདེ་ཆེན་དབྱིངས་ལས་གཡོ་བ་མེད་བཞིན་དུ། །སྣ་ཚོགས་གཟུགས་སྐུའི་རོལ་པ་བསམ་ཡས་ཀྱིས། །མཁའ་མཉམ་འཁོར་བ་མ་སྟོང་དེ་སྲིད་དུ། །བླ་མའི་ཕྲིན་ལས་སྐྱོང་བར་བྱིན་གྱིས་རློབས། །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ། །སྐྱིད་སྡུག་ལེགས་ཉེས་སྣང་བ་ཅི་ཤར་ཡང་། །དཔལ་མགོན་བླ་མ་དྲན་པའི་མོས་གུས་དང་། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །གཡོ་མེད་དོན་ཡོད་རྣམ་བཞིའི་སྤྱོད་པ་ཡིས། །འཁོར་ལོའི་མགོན་པོ་ལེགས་པར་མཉེས་བྱས་ནས། །མྱུར་དུ་དྲིན་ཆེན་རྩ་བའི་བླ་མ་དང་། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སྐུ་བཞིའི་ས་བོན་སྨིན་གྲོལ་ཐབས་ཀྱིས་སྦྱངས། །ལྟ་བའི་ཉམས་མྱོང་གྲུབ་མཐའི་ངོ་བོར་ཤར། །ཉེ་རྒྱུ་ལ་བརྟེན་འབྲས་བུའི་དབུགས་དབྱུང་ཐོབ། །རྡོ་རྗེ་འཆང་དབང་འགྲུབ་པར་བྱིན་གྱིས་རློབས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པ་ན། །ལུས་དང་སེམས་ལ་སྡུག་བསྔལ་མི་འབྱུང་ཞིང་། །ཟབ་ལམ་རྟོགས་པའི་གདེང་དྲོད་དང་ལྡན་པས། །མི་འཇིགས་རབ་དགའ་རྒྱས་པར་བྱིན་གྱིས་རློབས། །དེ་ཚེ་དྲིན་ཆེན་བླ་མ་རྡོ་རྗེ་འཆང་། །རིག་འཛིན་མཁའ་འགྲོའི་འཁོར་ཚོགས་དང་བཅས་པས། །ཡིད་འཕྲོག་མཆོད་པའི་སྤྲིན་གྱིས་དུན་བསུས་ཏེ། །དག་པའི་ཞིང་དུ་ཁྲིད་པར་བྱིན་གྱིས་རློབས། །དེར་ནི་ཚེ་ལ་དབང་བའི་རིག་པ་འཛིན། །མཁའ་ལ་སྤྱོད་པའི་འོད་ལུས་གྲུབ་ནས་ནི། །རྟེན་དེས་ས་ལམ་ལྷག་མ་ཀུན་གྲོད་དེ། །ཁ་སྦྱོར་བདུན་ལྡན་འགྲུབ་པར་བྱིན་གྱིས་རློབས། །ཡོན་ཏན་རྒྱ་མཚོ་བདག་གིས་ཐོབ་ནས་ནི། །འཁོར་བའི་རྒྱ་མཚོར་འཁྱམས་པའི་འགྲོ་ཁམས་ལ། །དངོས་གྲུབ་རྒྱ་མཚོའི་གཏེར་གྱི་སྒོ་ཕྱེས་ནས། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་བྱིན་གྱིས་རློབས། །མ་འོངས་སླད་མའི་སྐྱེ་བ་ཐམས་ཅད་དུ། །རིགས་བཟང་བློ་གསལ་ཉོན་མོངས་ཆུང་བ་དང་། །མཆོག་ལ་གུས་ཤིང་དམན་ལ་ཤིན་ཏུ་བྱམས། །རྟག་ཏུ་ཚེ་རབས་དྲན་པར་བྱིན་གྱིས་རློབས། །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །བསྟན་ལ་རབ་བྱུང་ཚུལ་ཁྲིམས་རྣམ་པར་དག །ལུང་དང་རྟོགས་པའི་ཆོས་ཀྱི་མཛོད་བཟུང་ནས། །འགྲོ་བའི་མགོན་སྐྱབས་བྱེད་པར་བྱིན་གྱིས་རློབས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བླ་མ་མཆོག་དང་ནམ་ཡང་མི་འབྲལ་ཞིང་། །སྲས་བཅས་རྒྱལ་བའི་ཕྲིན་ལས་སྐྱོང་བ་ལ། །འགལ་རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །གཡོ་མེད་སྙིང་ནས་གསོལ་བ་བཏབ་པའི་དོན། །བསླུ་མེད་རྟེན་འབྲེལ་ཟབ་མོའི་བདེན་པ་དང་། །མཚུངས་མེད་དྲིན་ཆེན་བླ་མའི་ཐུགས་རྗེ་ཡིས། །གེགས་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།། །།སླར་སྨྲས་པ། རྡོ་རྗེ་འཆང་དབང་ཐུགས་ཀྱི་གསང་བའི་མཛོད། །ཤེས་རབ་བདག་མེད་མཁའ་འགྲོའི་ཞལ་གྱི་ཆབ། །རྣལ་འབྱོར་དབང་ཕྱུག་མཆོག་གི་བཞེད་པའི་གཞུང་། །འཕགས་བོད་གྲུབ་པའི་དབང་ཕྱུག་མཆོག་རྣམས་ཀྱི། །སྙན་ནས་སྙན་དུ་བརྒྱུད་པའི་ཟབ་པའི་ཆོས། །ཡོངས་རྫོགས་བསྟན་པའི་ཉམས་ལེན་ཀུན་ཚང་བ། །རྒྱུད་དང་གྲུབ་པའི་མན་ངག་ལས་འོངས་པའི། །དཔལ་ལྡན་དགེས་པ་རྡོ་རྗེའི་ལམ་གྱི་སྲོལ། །རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི། །དྲི་མེད་རིང་ལུགས་ཟབ་མོའི་ཆོས་འདི་ལ། །ལམ་གྱི་ཁྲིད་ཚུལ་མང་དུ་བཞུགས་པ་ལས། །ཟབ་འབྲིང་ཐ་གསུམ་ལམ་གྱི་རིམ་པ་ཡི། །ཉམས་ལེན་སྙིང་པོ་ཕལ་ཆེར་བསྡུས་ནས་ནི། །ཚུལ་བཞིན་རང་གི་རྒྱུད་ལ་འབྱོར་བའི་ཕྱིར། །རྗེ་བཙུན་བླ་མའི་ཐུགས་རྗེ་བསྐུལ་བའི་ངག །དངོས་གྲུབ་ཉིན་བྱེད་འདྲེན་པའི་ཤིང་རྟ་འདི། །ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས། །མི་མེད་ལུང་སྟོང་ཉུལ་བའི་དུས་ཀྱི་ཚེ། །བླུན་པོ་རང་གི་སྡུག་བསྔལ་མ་བཟོད་ནས། །རྗེ་བཙུན་བླ་མར་གསོལ་བ་འདེབས་ཕྱིར་བྲིས། །སྐྱེས་དང་སྦྱངས་པའི་བློ་གྲོས་ཤིན་ཏུ་དམན། །ཟབ་མོའི་ལམ་ལ་འདྲིས་གོམས་མ་བགྱིས་ཤིང་། །ལས་ངན་ཁུར་གྱིས་ནོན་པའི་བྱིས་པ་བདག །ཟབ་དོན་འཆད་ལ་དབང་བ་མ་ཡིན་པས། །བདག་བློ་འཁྲུལ་པའི་དྲི་མས་སྦགས་པ་དང་། །སྦས་དོན་གསལ་བར་བཤད་པ་ལ་སོགས་པ། །གལ་ཏེ་འདི་ལ་ནོངས་པའི་ཚོགས་མཆིས་ན། །རྗེ་བཙུན་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །ཟབ་མོའི་ལམ་འདིའི་ཉམས་རྟོགས་མཐར་ཕྱིན་པའི། །བརྒྱུད་འཛིན་དམ་པ་གོང་མས་མཛད་པ་ཡི། །ཁྲིད་གཞུང་རྣམས་སུ་གསལ་བར་མ་གསུངས་པ། །འགའ་ཞིག་འདི་ན་ཡོད་མོད་རང་བཟོ་མིན། །དང་པོའི་ལས་ཅན་རིམ་གྱིས་བཀྲི་ཚུལ་དང་། །གདམས་པ་ཡོངས་རྫོགས་ཐོབ་པའི་རྣལ་འབྱོར་པས། །སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་གྱི། །རྣམ་དབྱེ་ལེགས་པར་ཁོང་དུ་ཆུད་པ་དང་། །དབང་བཞིའི་ལམ་གྱིས་སོ་སོར་བཀྲི་བ་དང་། །ལམ་བཞིའི་རྣལ་འབྱོར་རིམ་བཞིན་བསྒོམས་པ་དང་། །གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་སོགས། །ལམ་གྱི་འཇུག་ལྡོག་ཚུལ་ལ་མ་རྨོངས་ཤིང་། །འཁོར་འདས་ཐུན་མོང་ཆོས་བདུན་སོ་སོ་དང་། །གཅིག་ཏུ་བསྲེས་ནས་ཉམས་སུ་ལེན་ཚུལ་ལ། །རྨོངས་པ་མེད་པའི་བློ་གྲོས་ཐོབ་པ་ན། །ཟབ་མོའི་དོན་ལ་ཡིད་ཆེས་སྐྱེ་བར་འགྱུར། །དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུན་ས་སྐྱ་པ། །བརྩེ་ཆེན་ཡབ་སྲས་བརྒྱུད་པར་བཅས་པ་ལ། །སྒོ་གསུམ་གུས་པས་སླར་ཡང་ཕྱག་བགྱིའོ། །ལེགས་གསུང་མདོ་རྒྱུད་ཀུན་གྱི་སྙིང་པོའི་བཅུད། །ཡེ་ཤེས་མཁའ་འགྲོའི་ཞལ་འོངས་བདུད་རྩིའི་རྒྱུན། །ཚིག་ཙམ་ཐོས་ནའང་འཆི་མེད་མཆོག་སྦྱིན་པའི། །དེ་ཡི་གསུང་རབ་ལ་ཡང་གུས་ཕྱག་འཚལ། །རྒྱལ་དང་རྒྱལ་བའི་སྲས་པོ་ཐམས་ཅད་ཀྱི། །ཆོས་ཚུལ་རྒྱ་མཚོའི་སྙིང་པོ་ཡོངས་བསྡུས་ནས། །ཕྱི་རབས་གདུལ་བྱའི་སྐལ་པར་བཞག་པ་ཡི། །གོང་མའི་གསུང་རབ་སྟོན་པའི་རྒྱལ་ཚབ་ཡིན། །མཁའ་འགྲོའི་གསང་མཛོད་བདུད་རྩིའི་ཆུ་གཏེར་ལས། །སྔོན་བྱོན་གྲུབ་པའི་དེད་དཔོན་གྱིས་བླངས་པའི། །འདོད་འབྱུང་གཞུང་བཟང་ཡིད་བཞིན་ནོར་བུ་འདི། །ས་སྐྱའི་རྗེས་འཇུག་ཡོངས་ཀྱི་སྤྱི་ནོར་ལགས། །སྲིད་དང་ཞི་བའི་ཕོངས་པ་ཀུན་སེལ་བའི། །གསང་ཆེན་གདམས་པའི་གཏེར་འདི་རྙེད་ནས་ནི། །སྤྱོད་དང་གཞན་ལ་སྦྱིན་པར་མི་བྱེད་པ། །ད་དུང་སློང་མོ་རྒྱུ་ན་སྨྱོའམ་ཅི། །རྟོག་གེའི་བློ་ཡིས་འོལ་ཚོད་མ་ཡིན་པར། །འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན། །ཚད་མ་བཞི་ཡིས་གཏན་ལ་འབེབས་ནུས་པའི། །གཞུང་བཟང་འདི་འདྲ་འཇིག་རྟེན་དག་ན་དཀོན། །སྡེ་སྣོད་གསུམ་གྱི་ཟབ་དོན་འདི་ན་བཞུགས། །རྒྱུད་སྡེ་བཞི་ཡི་ཉམས་ལེན་འདི་ལ་ཚང་། །མན་ངག་ཀུན་གྱི་གཏེར་ཁ་འདི་ན་ཡོད། །གཞུང་བཟང་འདི་ནི་རྒྱལ་བའི་ཆོས་མཛོད་ཡིན། །ཡོན་ཏན་བསྐྱེད་པའི་ཐབས་ཀྱི་རྣམ་གྲངས་མང་། །སྤྲོས་པ་གཅོད་པའི་ཤེས་རབ་རལ་གྲི་རྣོ། །ཟུང་འཇུག་ཉམས་སུ་ལེན་པའི་རིམ་པ་ཟབ། །རྒྱལ་བ་དགྱེས་པའི་ལམ་བཟང་འདི་འདྲ་མེད། །རྟག་ལྟས་མ་གོས་བདེན་མེད་སྒྱུ་མར་སྟོན། །ཆད་ལྟ་མ་ཡིན་རྟེན་འབྲེལ་ལམ་དུ་བྱེད། །རྟོག་གེས་མ་བསླད་མཁའ་འགྲོའི་ཐུགས་བཅུད་འདི། །འདོར་བར་བྱེད་ན་སེམས་ཡོད་ཇི་ལྟར་ཡིན། །ལྟ་བ་ཡངས་པས་གང་ལའང་ཞེན་པ་གཅོད། །སྤྱོད་པ་ཞིབ་པས་བླང་དོར་ཚུལ་བཞིན་སྟོན། །ཐབས་ལ་མཁས་པས་ལྟ་སྤྱོད་ཟུང་དུ་འཇུག །ལམ་བཟང་འདི་ཤེས་སངས་རྒྱས་མི་རིང་ཉེ། །ཐུན་ཚགས་མ་ཡིན་མདོ་རྒྱུད་ཀུན་གྱི་བཅུད། །རང་བཟོས་མ་བསླད་འཁྲུལ་མེད་བརྒྱུད་པའི་སྲོལ། །བྱིན་རླབས་མ་ཉམས་སྙན་བརྒྱུད་བཞི་ལྡན་པའི། །ལམ་འདི་མཁས་གྲུབ་བྱེ་བའི་གཤེགས་ཤུལ་ཡིན། །སྨིན་བྱེད་དབང་གི་ཆོ་ག་མ་འཁྲུགས་ཤིང་། །གྲོལ་བྱེད་ལམ་གྱི་རིམ་པ་ཟབ་ཅིང་རྒྱས། །བོགས་འབྱིན་ལམ་གྱི་ཡན་ལག་ཀུན་ཚང་བའི། །ཆོས་འདི་རིག་འཛིན་ཡོངས་ཀྱི་ཐུགས་དམ་ཡིན། །རང་གི་ཉམས་ལེན་ཕྱོགས་སུ་མ་ལྷུང་ཞིང་། །གཞན་གྱི་ཆོས་ལ་སྒྲོ་སྐུར་མི་དགོས་པར། །དག་སྣང་ངང་ནས་དགེ་སྦྱོར་འཕེལ་བ་ཞིག །གཞུང་འདིར་ཐོས་བསམ་བྱས་པའི་ལག་རྗེས་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གཞུང་ལུགས་ཐམས་ཅད་གདམས་པ་འཆར་བ་ཞིག །ཉམས་མྱོང་ཚད་མས་གཏན་ལ་འབེབས་འདོད་ན། །ཟབ་མོའི་དོན་འདི་སྒོམ་པས་ཉམས་སུ་ལོངས། །ཡིད་འོང་ས་འཛིན་མཐོན་པོའི་རྩེ་མོ་ནས། །དམའ་བའི་ལྗོངས་སུ་ལྟད་མོ་ལྟ་བ་བཞིན། །གྲུབ་མཐའ་ཀུན་གྱི་གནད་གསང་དུས་གཅིག་ཏུ། །མཐོང་བ་འདི་ཡང་ལམ་འདིའི་ཆེ་བ་ལགས། །གང་ཞིག་མཐོང་ན་སྲིད་པའི་མུན་འཇོམས་པ། །ཐུབ་པའི་ཆོས་ཚུལ་རྟེན་འབྱུང་ཟབ་མོའི་དོན། །བསྟན་པ་འདི་ལས་ཕྱི་རོལ་མ་གྱུར་པའི། །གྲུབ་མཐའ་འཛིན་པ་ཀུན་ལ་གྲགས་ན་ཡང་། །ཤིན་ཏུ་གསང་བ་ནང་གི་རྟེན་འབྲེལ་གྱི། །ཟབ་མོའི་དོན་ནི་མན་ངག་འདི་ཉིད་ལས། །བཀའ་སྲོལ་གཞན་གྱིས་གསལ་བར་མ་མཛད་པས། །ལུགས་འདི་གཞན་ལས་ཁྱད་པར་འཕགས་ཞེས་གསུངས། །རྒྱུ་ལས་འབྲས་བུ་ལོགས་ནས་མི་ཚོལ་ཞིང་། །གཞི་འབྲས་དབྱེར་མེད་རྟོགས་པའི་ཉེ་ལམ་གྱིས། །རང་བཞིན་ལྷུན་གྲུབ་སྐུ་བཞི་ངོ་སྤྲོད་པའི། །ཟབ་མོའི་ལམ་འདི་མཚན་དོན་མཐུན་པ་ལགས། །ཐ་སྙད་ཚིག་གི་ལམ་ལ་མ་བརྟེན་པར། །ཟབ་མོ་ནང་གི་རྟེན་འབྲེལ་བསྒོམ་པའི་མཐུས། །ཇི་སྙེད་ཤེས་བྱའི་གནས་ལ་མ་རྨོངས་པའི། །ཤེས་རབ་ཀློང་རྡོལ་ལམ་འདིའི་ཁྱད་ཆོས་ཡིན། །གྲངས་མེད་བསྐལ་པའི་ཡུན་ལ་མི་ལྟོས་པར། །ཚེ་གཅིག་ཉིད་ལ་གདོས་བཅས་སྒྱུ་མའི་ལུས། །འཇའ་ལུས་དྭངས་མའི་སྐུ་རུ་སྒྱུར་བྱེད་པའི། །གདམས་ངག་འདི་ནི་གསེར་འགྱུར་རྩི་དང་འདྲ། །གདུལ་བྱའི་བློ་དང་སྐལ་བའི་རིམ་པ་བཞིན། །ཐབས་མཁས་ལམ་གྱི་བཀྲི་ཚུལ་མང་བའི་ཕྱིར། །སྲིད་དང་ཞི་བའི་ཕུན་ཚོགས་ཀུན་སྟེར་བའི། །གཞུང་བཟང་འདི་ནི་ཡིད་བཞིན་ནོར་བུ་བཞིན། །གཞན་ངོར་སྐྱོན་དང་བར་ཆད་ལྟར་སྣང་ཡང་། །རང་སྣང་བདེ་བ་ཆེན་པོའི་ཡེ་ཤེས་སུ། །མཐོང་ནས་འཁྲུལ་སྣང་གང་གིས་མི་བརྫི་བའི། །རྐྱེན་ངན་ལམ་སློང་གདམས་པ་འདི་འདྲ་མེད། །སྐྱིད་ན་གོང་ནོན་འདོད་ཡོན་ལམ་དུ་བྱེད། །སྡུག་ན་སྐྱོ་གྲོགས་གང་སྣང་གྲོགས་སུ་འཆར། །ཉམས་ལེན་གེགས་སེལ་གདམས་ངག་བོགས་འདོན་པའི། །གཞུང་བཟང་འདི་ནི་དགེ་བའི་བཤེས་གཉེན་ཡིན། །འདི་དོན་ཤེས་ན་ཀུན་ལ་དག་སྣང་སྐྱེ། །ཚུལ་བཞིན་བསྒོམ་ན་སྣང་བ་ལྷ་རུ་འཆར། །མངོན་སུམ་རྟོགས་ན་སངས་རྒྱས་དངོས་ཡིན་པས། །ལམ་བཟང་འདི་འདྲ་མཇལ་རྣམས་སྐལ་བ་བཟང་། །ལས་འཕྲོ་བཟང་ཞིང་མོས་གུས་མཆོག་ལྡན་པ། །སྣ་ཚོགས་ལམ་གྱི་སྤྲོས་པ་མ་བརྟེན་ཀྱང་། །སྐད་ཅིག་ཉིད་ལ་སངས་རྒྱས་བྱེད་པ་ཡི། །དབང་པོ་རབ་ཀྱི་ཆོས་ཀྱང་འདི་ནས་གསུངས། །དབང་ལས་སྐྱེས་པའི་ཡེ་ཤེས་མ་ཉམས་པར། །མན་ངག་ཚུལ་བཞིའི་བསྲུང་བའི་ཐབས་མཁས་ཀྱིས། །མི་རིང་མྱུར་དུ་སངས་རྒྱས་བྱེད་པ་ཡི། །དབང་པོ་འབྲིང་གི་ཉམས་ལེན་འདི་ན་བཞུགས། །རྣམ་ལྔའི་རྟེན་འབྲེལ་ལུས་ལ་བསྒྲིགས་ནས་ནི། །འབད་རྩོལ་དྲག་པོས་རྒྱུན་དུ་གོམས་བྱས་པས། །ཡེ་ཤེས་སྐྱེས་ནས་གྲོལ་བར་འགྱུར་བ་ཡི། །དབང་པོ་ཐ་མའི་ཆོས་ཀྱང་འདི་ནས་གསུངས། །གཞན་ཡང་བློ་དང་སྐལ་བའི་རིམ་པ་བཞིན། །ཐབས་ཤེས་ཕྱོགས་སུ་ཞེན་པའི་དབྱེ་བ་ཡི། །དབང་པོ་རབ་འབྲིང་དྲུག་གི་བཀྲི་ཚུལ་སོགས། །ལམ་གྱི་ཁྲིད་ཚུལ་ཉི་ཤུ་རྩ་བརྒྱད་བཞུགས། །དེ་སླད་གང་དག་གཞུང་འདིར་དད་ན་ཡང་། །ལམ་འདི་ཧ་ཅང་སྤྲོས་པ་རྒྱ་ཆེ་བས། །འདི་འདྲ་ཉམས་སུ་ལེན་པ་མི་ནུས་ཞེས། །སྔངས་སྐྲག་སྐྱེ་བ་ཐུགས་རྒྱུས་ཆུང་བའི་རྟགས། །བརྒྱུད་པ་མཆོག་འདིའི་བཀའ་སྲོལ་ལས་འོངས་པའི། །རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་མན་ངག་སོགས། །རང་གི་ཉམས་ལེན་གང་ལ་བརྩོན་ཀྱང་རུང་། །ལམ་གྱི་སྤྱི་གཞུང་འདི་འདྲས་ཟིན་པ་དགོས། །རྒྱལ་བ་ཀུན་གྱི་དགོངས་པ་འདི་ཡིན་ཞིང་། །གསང་འཛིན་མཁའ་འགྲོའི་ཐུགས་བཅུད་འདི་ལགས་མོད། །འོན་ཀྱང་སྙིགས་མའི་དུས་ཀྱི་ཤུགས་བརྟས་པའི། །བསྟན་པའི་སྣང་བྱེད་འདི་ནི་ནུབ་ལ་ཉེ། །ཐེག་གསུམ་ལམ་གྱི་རྟོགས་རིགས་མ་ལུས་པ། །མཆོག་གསང་སྙིང་པོའི་ཐབས་མཁས་ལ་བརྟེན་ནས། །རིག་ཐོག་གཅིག་ལ་ཉམས་སུ་ལེན་ནུས་པའི། །ལམ་འདི་ཀུན་མཁྱེན་སྒྲུབ་པའི་མྱུར་ལམ་ཡིན། །འདི་འདྲ་མངོན་སུམ་རྟོགས་ན་སྨྲོས་ཅི་དགོས། །གོ་ཡུལ་ཙམ་དུ་ཉམས་སུ་མྱོང་བས་ཀྱང་། །སྲིད་པའི་སྣང་ཤེས་ཧྲུལ་པོར་བགྱིད་ནུས་ན། །འདི་ལ་མི་སྤྲོ་བློ་ལྡན་སུ་ཞིག་ཡོད། །འགལ་འདུ་སྡེབ་པ་རྟོག་གེའི་བློ་གྲོས་ཀྱིས། །ཟབ་མོའི་དོན་འདི་རྟོགས་པར་མི་ནུས་པས། །བླ་མའི་བཀའ་བཞིན་བྱིན་རླབས་བརྒྱུད་པའི་སྲོལ། །མོས་གུས་ཁོ་ནས་ཉམས་སུ་ལེན་པར་རིགས། །མཁས་གྲུབ་བླ་མའི་ཉིན་བྱེད་དཀྱིལ་འཁོར་རྒྱས། །དྲི་མེད་གསུང་གི་འོད་སྣང་འབུམ་གཡོ་བ། །བློ་གྲོས་པད་མོའི་གཉེན་དུ་འཐུང་ཤེས་ན། །ཟབ་དོན་རྟོགས་པའི་པད་ཚལ་བཞད་པར་ངེས། །རྟེན་འབྲེལ་འདི་འདྲ་ཕྱི་ནས་རྙེད་དཀའ་བས། །བློ་གྲོས་ལུས་གྲིམས་མང་ཐོས་རལ་པས་བརྗིད། །སྐལ་བཟང་སྡོམ་བརྩོན་མི་ཡི་སེང་གེ་དག །སྙན་བརྒྱུད་གངས་རི་འཛིན་པའི་དུས་ལ་བབས། །དྲི་མེད་རིང་ལུགས་ཆོས་ཀྱི་སྣང་བ་འདི། །ཆོས་ཀྱི་དབང་ཕྱུག་བླ་མའི་མདུན་ས་རུ། །ཉི་མའི་འོད་བཞིན་ཁྱབ་པར་བརྡལ་ན་ཡང་། །སྐལ་ངན་འུག་པའི་ཚོགས་ཀྱིས་རྣམ་པར་སྤངས། །ངེས་དོན་གསུང་ངག་ཡན་ལག་བརྒྱད་པའི་ཆུས། །ཆོས་འདོད་སྐོམ་པས་གདུང་བའི་རྗེས་བསྙེགས་ཀྱང་། །སྨིག་རྒྱུའི་ཆུ་བོ་ཚོལ་བའི་ངལ་བ་ཡིས། །བློ་གསལ་འགའ་ཞིག་དུབ་པར་མ་གྱུར་ཏམ། །བླ་མའི་ཐུགས་ཟིན་གསུང་ངག་གདམས་པའི་བཅུད། །ལེགས་པར་མྱོང་ནས་དབེན་པའི་རི་ཁྲོད་དུ། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པ། །སྐལ་བཟང་དེ་ལས་སྐྱིད་པ་སུ་ཞིག་ཡོད། །དུག་ལྔ་འཁྲུགས་ཀྱང་ཡེ་ཤེས་སྐྱེ་བའི་རྒྱུ། །བདུད་དཔུང་ལྷག་ཀྱང་དངོས་གྲུབ་རྩོལ་བའི་གྲོགས། །འཁྲུལ་སྣང་ཤར་བ་ལྷ་དང་ཡེ་ཤེས་སུ། །མཐོང་བ་དེ་ཡང་དེ་ལ་རིང་མི་འགྱུར། །སྲིད་རྩ་དྲུང་འབྱིན་དགེ་སློང་དེ་ཡིན་ཏེ། །འབྲེལ་ཚད་དོན་ལྡན་རྒྱལ་བའི་སྲས་པོའང་དེ། །བདེ་ཆེན་བདུད་རྩིའི་ཆང་ལ་རྟག་རོལ་པའི། །རིག་པ་འཛིན་པའི་དེད་དཔོན་དངོས་ཀྱང་དེ། །མདོར་ན་ལྔ་བདོ་སྙིགས་མའི་དུས་སུ་ཡང་། །རྫོགས་པའི་སངས་རྒྱས་ལག་རྩེར་གཏོད་ནུས་པའི། །བསྐལ་མང་རྙེད་དཀའི་ཟབ་ཆོས་རིན་པོ་ཆེའི། །ཡོན་ཏན་མཐའ་དག་སུ་ཞིག་བརྗོད་པར་ནུས། །བསྟན་པའི་བདག་པོ་བླ་ཆེན་ཕལ་མོ་ཆེས། །སྟོབས་འབྱོར་མངའ་ཐང་སྒྲུབ་པ་རྣམ་གཡེང་གིས། །བརྒྱུད་པ་མཆོག་འདིའི་བཀའ་སྲོལ་ལས་འོངས་པའི། །ཟབ་ཆོས་ཚོལ་ལ་ཐུགས་ལས་ཆུང་བར་མཛད། །བསྟན་ལ་གསར་དུ་ཞུགས་པའི་བློ་གསལ་རྣམས། །ལྟོ་ཆོས་ལག་ལེན་སྒྲུབ་པའི་ལྟད་མོ་ལ། །དེ་དག་གིས་ཀྱང་བློ་མིག་གཡེངས་ནས་ནི། །ཟབ་མོའི་ཆོས་འདི་ས་འོག་གཏེར་བཞིན་ལུས། །སྒྲུབ་བརྩོན་དམ་པའི་སྐྱེས་བུ་ཕལ་ཆེར་ཡང་། །བཟླས་གྲངས་ཙམ་ལ་ཐུགས་རྩེ་གཏོད་པ་ལས། །ཟབ་ཆོས་འདི་འདྲ་རང་ལ་ཡོད་པ་ཡང་། །གསན་པ་མེད་ན་ཉམས་སུ་ཇི་ལྟར་བཞེས། །བརྒྱུད་ལྡན་བླ་མ་ཚུལ་བཞིན་མ་བརྟེན་པའི། །སྐྱེས་སྦྱངས་བློ་གྲོས་གསལ་བའི་མཁས་པས་ཀྱང་། །གཞུང་འདི་བཤད་ཡམ་ཙམ་དུ་གཟིགས་ནས་ནི། །སྙིང་པོའི་ཉམས་ལེན་གཞན་དུ་ཚོལ་བར་དགོངས། །ཀྱེ་མ་འཇམ་མགོན་ས་སྐྱའི་བསྟན་པ་ནི། །ལྟག་ཆུ་ཟད་པའི་རྫིང་བུའི་ངང་ཚུལ་བཞིན། །ད་ནི་ཤིན་ཏུ་ཉམས་པར་མཐོང་ན་ཡང་། །སྙིགས་མའི་རང་མདངས་བཅོས་སུ་ཅི་ཞིག་ཡོད། །བཟླས་གྲངས་སོང་བས་མགྲིན་པ་སྐྱ་བ་དང་། །ཟ་ཆོག་ཤེས་པས་ལྟོ་བ་སྐྱ་བ་དང་། །ཕྱོགས་འཛིན་བྱེད་པའི་ཁ་སྐྱ་ཙམ་མིན་པའི། །སྙིང་ནས་ས་སྐྱའི་བསྟན་པ་འཛིན་བཞེད་ན། །ཡིད་ཆེས་རྒྱལ་བའི་བཀའ་དང་ཁྱད་མེད་པའི། །འཁྲུལ་ཟད་གོང་མའི་གསུང་རབ་འདི་དག་ལ། །ཐོས་བསམ་བསྒོམ་པའི་སྒོ་ནས་འཇུག་ནུས་ན། །དལ་འབྱོར་རིན་ཆེན་རྙེད་པ་དོན་བཅས་ཡིན། །རྒྱལ་བའི་དགོངས་པ་གྲུབ་པའི་དབང་ཕྱུག་གིས། །བཀྲལ་བའི་བོད་ཀྱི་གྲུབ་མཐའ་སུ་ལ་ཡང་། །རབ་གུས་དད་པའི་ཡིད་ཆེས་བསྐྱེད་པ་ལས། །མ་གུས་ཕྱོགས་འཛིན་བདག་གི་རྒྱུད་ལ་མེད། །འོན་ཀྱང་ཕ་རྒོད་བླ་མའི་བཀའ་དྲིན་གྱིས། །དཔལ་ལྡན་ས་སྐྱའི་ཆོས་འདིའི་རིགས་སུ་སྐྱེས། །མེ་ཏོག་ཕོག་པའི་ལྷ་སྐལ་འདི་ཉིད་ཡིན། །བརྒྱུད་པ་བཟང་པོའི་ཕ་ཆོས་འདི་ཉིད་ཡིན། །དེ་སླད་བརྩོན་པས་ཉམས་སུ་མ་ལོན་ཀྱང་། །ཟབ་པའི་ཡང་རྩེ་ཆོས་ཚུལ་འདི་ཉིད་ལ། །ཡིད་ཆེས་བསྐྱེད་ནས་མི་མེད་ལུང་སྟོང་དུ། །སྤྲང་པོ་བདག་ནི་འཆི་བ་བསྒུག་སྙིང་འདོད། །ཡང་གསང་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི། །ཆོས་འདི་བསྒོམ་པས་ཉམས་སུ་མ་ལོན་ཀྱང་། །ཕས་རྒོལ་འབུམ་གྱིས་འཕྲོག་པར་མི་ནུས་པའི། །ཡིད་ཆེས་དད་པ་སྙིང་གི་དཀྱིལ་ན་ཡོད། །ཆོས་འདིའི་གླེགས་བམ་སྔས་སུ་བཞག་ནས་ནི། །དཔལ་མགོན་བླ་མ་ཡིད་ལ་དྲན་བཞིན་དུ། །མི་རྟག་ལྔ་པའི་ལམ་དུ་སོང་ན་ཡང་། །འགྱོད་པ་མེད་དོ་ཆོས་མཐུན་གྲོགས་པོ་དག །བླ་མའི་དྲིན་གྱིས་ལས་ངན་བདག་འདྲ་ཡང་། །ཆོས་འདིའི་རིགས་སུ་སྐྱེས་པ་ཁས་འཆེ་ན། །སྐལ་བཟང་བློ་གསལ་དམ་པ་གཞན་དག་གིས། །བརྩོན་པ་མཛད་ན་སྨོས་ཀྱང་ཅི་ཞིག་འཚལ། །བླ་མ་མཇལ་ཡང་ཚུལ་བཞིན་མ་བསྟེན་ལ། །གདམས་ངག་ཐོས་ཀྱང་ཉམས་སུ་མ་ལོན་ཞིང་། །དབེན་པ་བསྟེན་ཀྱང་བརྩོན་འགྲུས་མ་ནུས་པའི། །སྡིག་ལྡན་བདག་གི་སྙིང་ལ་ཅི་ཞིག་ཞུགས། །ལས་ངན་མཚོ་ཆེན་རྡོལ་བའི་རྨོངས་པ་བདག །ལྷ་དང་བཅས་པའི་སྙིང་རྗེའི་ཡུལ་ཡིན་མོད། །ཆོས་འདིའི་བདུད་རྩི་རྣ་བའི་བུ་ག་རུ། །སོན་པ་འདི་ཙམ་ཕྱི་མའི་ལམ་རྒྱགས་ཡིན། །ལས་ངན་ཁུར་ལྕི་གཤིས་ངན་བདག་འདྲ་ཡང་། །ཐུགས་བརྩེའི་ཐུགས་ཀྱིས་རྗེས་སུ་བཟུང་བ་ཡི། །དཔལ་མགོན་བླ་མའི་བཀའ་དྲིན་དྲན་པའི་ཚེ། །མཆི་མའི་རྒྱུན་གྱིས་འདྲེན་བྱེད་བརླན་པར་བྱས། །མ་ལུས་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་མགོན། །ཉམ་ཐག་བདག་གི་བྱང་ཆུབ་བར་གྱི་སྐྱབས། །འཇམ་མགོན་བླ་མའི་བཀའ་ལུང་ཇི་བཞིན་དུ། །བསྔགས་པའི་ཚིག་འདི་གུས་པ་ཡིད་ཀྱིས་སྦྱར། །ཆོས་ཚུལ་འདི་ཡི་ཡོན་ཏན་མཐའ་ཀླས་པ། །ཆོས་མེད་བདག་གི་སྤྱོད་ཡུལ་མ་ཡིན་ཡང་། །ཆོས་རྗེ་བླ་མའི་གསུང་གིས་ཡུན་རིང་དུ། །བསྐྱངས་པའི་གོ་ཡུལ་ཕྱོགས་ཙམ་བཤད་པ་ལགས། །འདི་བགྱིས་པ་ལས་བྱུང་བའི་དགེ་བ་ཡིས། །འདི་ཉིད་གོ་ཡུལ་ཙམ་དུ་མི་འཇོག་པར། །འདི་བཞིན་རང་གི་ཉམས་སུ་བླངས་པའི་མཐུས། །འདི་དོན་རྒྱུད་ལ་འབྱོར་བའི་རྒྱུ་རུ་བསྔོ། །ཚེ་རབས་ཀུན་ཏུ་རྒྱལ་བ་སྲས་བཅས་དང་། །འཇམ་མགོན་བླ་མ་བརྒྱུད་པར་བཅས་པ་ཡི། །འབངས་སུ་གྱུར་ནས་མཁའ་མཐའི་རྗེས་འགྲོ་བའི། །ལྷུན་གྲུབ་ཕྲིན་ལས་བདག་གིས་སྐྱོང་བར་ཤོག །དགེའོ། །དགེའོ། །དགེའོ།


previousགསུང་ངག་ལམ་གྱི་རིམ་པའི་སྨོན་ལམ་དངོས་གྲུབ་ཉིན་བྱེད་འདྲེན་པའི་ཤིང་རྟ།no next