Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  collapse section
   
   
   
   
   
   
   
   
   
   
   
ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཤད་པ།
   
   
   
   
  expand section
  expand section
  expand section
  expand section


 
previousཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཤད་པ།next

ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཤད་པ།


GLG013_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཤད་པ། གཉིས་པ་ལ། དངོས་དང་། མངོན་རྟོགས་དྲུག་གི་གོ་རིམ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་པས། དང་པོ་ནི། ཤེས་བྱ་ཆོས་ཅན། ཚོགས་ལམ་གྱི་རྗེས་སུ་སྦྱོར་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་ཐར་པའི་ཆ་དང་མཐུན་པར་སྐྱེ་བའི་སྤྲོ་བ་ཅན་གྱི་རྒྱུད་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་དྲོ་བ་རྣམས་ཀྱི་དམིགས་པ་འདིར་སེམས་ཅན་ཐམས་ཅད་ཡིན་པར་མདོ་ལས་བསྔགས་ཏེ། སེམས་ཅན་དེ་དག་ཉིད་ལ་སེམས་མཉམ་པར་ལྟ་བ་སོགས་རྣམ་པ་དག་ནི་བཅུར་བཤད་པའི་ཕྱིར། རྩེ་མོར་གྱུར་པ་ཡང་དེ་ལ་དམིགས་ཏེ། རྩེ་མོ་ལ་གནས་པ་དེ་བདག་ཉིད་སྡིག་པ་མི་དགེ་བ་བཅུ་ལས་ལྡོག་ཅིང་སྦྱིན་ལ་སོགས་ལ་གནས་པས་སེམས་ཅན་གཞན་དེ་དག་ལ་ནི་འགོད་པ་དང་། བསྔགས་པ་བརྗོད་པ་དང་མཐུན་པ་ཉིད་ཀྱི་དམིགས་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་བཞིན་དུ་བཟོད་པ་དེ་ལ་དམིགས་ཏེ། བདེན་བཞི་ཤེས་པ་ལ་རང་གནས་ནས། སེམས་ཅན་གཞན་གྱི་རྟེན་ཅན་དེ་ལ་འགོད་པའི་ཕྱིར། ཆོས་མཆོག་ཀྱང་དེ་བཞིན་དམིགས་པ་ཡིན་ཏེ། སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱེད་པ་སོགས་ཀྱི་དམིགས་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །གཙོ་བོར་ཐབས་ཀྱི་ཆས་ཁྱད་པར་དུ་བྱས་པའི་སེམས་དཔའི་དོན་མངོན་རྟོགས་སྐབས་འདིར་དངོས་བསྟན་བསྟན་བྱའི་གཙོ་བོར་གྱུར་པའི་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་


GLG013_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་གང་ཟག་གི་རྒྱུད་ཀྱི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། གཙོ་བོར་ཐབས་ཀྱིས་ཁྱད་པར་དུ་བྱས་པའི་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། གསུམ་པ་འགྲེལ་པ་ལ། སོ་སོར་བཤད་པ་དང་། དོན་བསྡུ་བ་གཉིས་ལས། དང་པོ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་འདི་ལ་དྲོ་བར་གྱུར་པ་ནི་ཆོས་ཅན། སེམས་ཅན་ལ་དམིགས་པ་ནི་ཡིན་པར་བཞེད་དེ། ཆགས་སྡང་གིས་རིས་སུ་བཅད་པ་འགོག་པའི་མཉམ་པའི་སེམས་དང་། ཡིད་འོང་གི་བྱམས་པ་དང་། ཕན་པ་དང་། ཁོང་ཁྲོ་བ་མེད་པ་དང་། རྣམ་པར་འཚེ་བ་མེད་པའི་སེམས་ཀྱི་རྣམ་པ་ལྔས། རྒན་པ་ལ་ཕ་དང་མའི་སེམས་དང་། མཉམ་པ་ལ་སྤུན་དང་སྲིང་མོའི་སེམས་དང་། གཞོན་པ་ལ་བུ་དང་བུ་མོའི་སེམས་དང་། ཡིད་ཕེབས་པ་མཛའ་བཤེས་ཀྱིས་སེམས་དང་། ཡིད་བརྟན་པ་གྲོགས་ཀྱི་སེམས་དང་། རུས་གཅིག་པ་གཉེན་དང་མི་གཅིག་པ་སྣག་གི་གཉེན་མཚམས་གྱི་སེམས་ཀྱི་རྣམ་པ་གཞན་ལྔས་སེམས་ཅན་ལ་དམིགས་པའི་ཕྱིར། ཤེས་བྱ་ཆོས་ཅན། རྩེ་མོར་གྱུར་པ་ཡང་དེ་ལ་དམིགས་ཏེ་མདོར་ན་མི་དགེ་བ་གྲངས་བཞིན་དུ་སྤོང་བའི་སྒོ་ནས་ལྡོག་པ་ལ་རང་ཉིད་གནས་ནས་གཞན་རྣམས་སྡིག་པ་ལས་ལྡོག་པའི་སྦྱོར་བ་དང་། དགེ་བ་ལ་གནས་པ་དག་ལ་སྦྱོར་བའི་རྣམ་པ་གཉིས་དང་། གང་ཟག་གཞན་དེ་བཞིན་ཉིད་དུ་ཞུགས་པ་ལ་བསྔགས་པ་བརྗོད་པ་དང་། མཐུན་པར་བྱེད་


GLG013_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དགའ་བ་སྒོམ་པ་རྣམ་པ་གཉིས་པོ་ལྡོག་པའི་ཆོས་ཀྱི་རབ་ཏུ་དབྱེ་བས་ནི། རྣམ་པ་མཐའ་ཡས་པ་ཞེས་བྱ་བ་དེ་རྣམས་ཀྱིས་སེམས་ཅན་ལ་དམིགས་པའི་ཕྱིར། བཟོད་པ་ཡང་སེམས་ཅན་ལ་དམིགས་པ་ཡིན་ཏེ། རྩེ་མོར་གྱུར་པ་ལ་འགོད་བྱེད་རང་དང་། དགོད་བྱ་གཞན་གྱི་རྟེན་གྱི་དབྱེ་བས་དམིགས་པ་དང་རྣམ་པ་དག་ཇི་ལྟ་བ་དེ་བཞིན་དུ་གཞན་དག་དགེ་བ་ལ་སྦྱོར་བ་སོགས་དང་། མ་བསྐུལ་བར་ཞུགས་པ་ལ་བསྔགས་པ་བརྗོད་པ་དང་། རབ་ཏུ་དགའ་བས་མཐུན་པ་ཉིད་ཀྱི་རྣམ་པ་རྣམས་ཀྱིས་རང་གཞན་གྱི་སྡུག་བསྔལ་བ་ལ་སོགས་པའི་བདེན་པ་བཞི་ཤེས་པ་ལ་གནས་པ་ལས། གཞན་གྱི་རྟེན་གྱི་བདེན་བཞི་ཤེས་པ་ལ་འགོད་པའི་སྒོ་ནས་ཐམས་ཅད་ལ་དམིགས་པ་ནི་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་མཆོག་ཀྱང་སེམས་ཅན་ལ་དམིགས་པ་ཡིན་ཏེ། སྔ་མ་བཞིན་དུ་རང་དང་གཞན་གྱི་རྟེན་ཅན་ཁོ་ན་སྨིན་པར་བྱེད་པ་དང་འགྲོལ་བར་བྱེད་པ་ལ་རང་གནས་ནས་གཞན་དེ་དག་ལ་འགོད་པ་ལ་སོགས་པ་རྣམ་པ་དག་གི་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཤད་ཟིན་ཏེ། བྱུང་མ་ཐག་པ་དེའི་ཕྱིར། སྨྲས་པ། ཀ་ཤི་མཛེས་མའི་ལང་ཚོ་མ་བསྟན་ཅིང་། །འཆི་མེད་བཏུང་བའི་ལོངས་སྤྱོད་མི་ལྡན་པར། །ཡིད་འཕྲོག་སྦས་དོན་གཞུང་གི་ལྕགས་ཀྱུ་འདིས། །དགྲ་བཅོམ་བསམ་གཏན་ཟུག་རྔུ་བྱས་ཀྱི་དྭོགས། །མཁས་རློམ་ཀུན་ལ་རབ་དཀོན་རིགས་པའི་གནད། །ཡིད་བཞིན་ནོར་ལྟར་གཞན་ལས་མཆོག་གྱུར་པ། །རྒྱལ་བའི་ཆོས་ཚུལ་འཕེལ་བའི་སྙིང་པོ་སྟེ། །དྲེགས་ལྡན་གཞན་ལ་སྦྲུལ་དང་གླ་རྩི་བཞིན། །འཁོར་གསུམ་རྣམ་པར་འབྱེད་པའི་མཐུ་མེད་པར། །ལྡབ་ལྡིབ་ཁྲིགས་སུ་བྱས་པའི་དཔེ་ཧྲུལ་འགའ། །རང་དང་རིགས་མཐུན་དབུས་སུ་བརྗོད་པ་ལ། །འཆད་པོར་གྲགས་ཀྱང་ཐུབ་བསྟན་ག་ལ་ཡིན། །


GLG013_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་དེ་འདྲའི་སློབ་དཔོན་ལ། །སློབ་བུས་སྙིང་ནས་ཉན་བྱེད་པ། །ཆེས་ཆེར་རྨོངས་སམ་གདོན་གྱིས་བཏབ། །ཡང་ན་བོད་སྒོམ་རྒན་པོ་འདྲ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་མངོན་པར་རྟོགས་པ་དྲུག་གི་གོ་རིམ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐབས་དང་པོ་གསུམ་དུ་སྦྱོར་ལམ་དང་སྒོམ་ལམ་བསྟན་པ་ལ་དགོས་པ་ཡོད་དེ། རྣམ་མཁྱེན་ཚོགས་སྦྱོར་གྱི་སྐབས་འབའ་ཞིག་དང་། ལམ་ཤེས་ས་དང་པོ་ནས་དྲུག་པའི་བར་དང་། གཞི་ཤེས་བདུན་པ་འབའ་ཞིག་ཏུ་བསྒོམ་པར་བྱ་བ་དགག་པའི་ཆེད་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། རྣམ་མཁྱེན་གྱི་རྣམ་པ་དང་ལམ་ཤེས་ཀྱི་རྣམ་པ་དང་གཞི་ཤེས་ཀྱི་རྣམ་པ་ཐམས་ཅད་རྣམ་པར་སྒོམ་པའི་དབྱེ་བས་གོ་རིམ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལ་སོགས་པ་ལམ་ཤེས་དང་གཞི་ཤེས་ཀྱི་མངོན་པར་རྟོགས་པ་རྣམ་པ་གསུམ་གྱི་སྐབས་ལ། འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་ཤིང་ཐོབ་པ་སྔོན་དུ་འགྲོ་བའི་འཇིག་རྟེན་ལས་འདས་པ་མཐོང་བ་དང་སྒོམ་པའི་ལམ་གསུམ་ག་བསྒོམ་ཞིང་རྟོགས་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན་། སྐབས་བཞི་པ་སོགས་གསུམ་གྱིས་ངེས་པར་འབྱེད་པའི་ཆ་ལ་སོགས་པའི་ཐ་སྙད་དུ་གསུངས་པ་དགོས་པ་དང་བཅས་པ་ཡིན་པར་ཤེས་པར་བྱ་བ་ཡིན་ཏེ། རྣམ་རྫོགས་སྦྱོར་བ་ས་བརྒྱད་པ། རྩེ་སྦྱོར་དགུ་པ་དང་བཅུ་པའི་དཀྱིལ་སྟོད། མཐར་གྱིས་སྦྱོར་བ་དཀྱིལ་སྨད་འབའ་ཞིག་ཏུ་སྐྱེ་བ་དགག་པའི་ཆེད་ཡིན་ཏེ། རྣམ་ཀུན་མངོན་པར་རྫོགས་པ་རྟོགས་པའི་སྦྱོར་བ་ལ་སོགས་པ་གསུམ་ལ་སྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས་རྣམ་པ་ཐམས་ཅད་ཉན་རང་ལས་ཁྱད་ཞུགས་པའི་ཁྱད་པར་གྱི་


GLG013_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱིས་བསྡུས་པའི་ཡེ་ཤེས་འཛིན་སྟངས་ལ་ཉོན་མོངས་པའི་ཟག་པ་མེད་པ་སྟེ། དེ་གསུམ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ། རབ་འབྲིང་ཐ་གསུམ་རིམ་གྱིས་སྐྱེ་བ་སྟེ་འབྱུང་བ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག །སྐབས་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་དང་། སྐབས་བར་པ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་ལ་ཟློས་པའི་སྐྱོན་མེད་དེ། དང་པོ་གསུམ་གྱི་དེ་མཚན་ཉིད་པ་དང་། ཕྱི་མ་གསུམ་གྱི་དེ་བཏགས་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་གསུམ་པོ་དེ་རིམ་བཞིན་ས་བརྒྱད་པའི་ཡེ་ཤེས་ཆུང་འབྲིང་ཆེན་པོ་གསུམ་ཡིན། རྩེ་སྦྱོར་གྱི་སྐབས་ནས་བསྟན་པའི་གསུམ་པོ་རིམ་བཞིན་ས་དགུ་པའི་ཆུང་འབྲིང་ཆེ་གསུམ་ཡིན། མཐར་གྱིས་སྦྱོར་བའི་སྐབས་ནས་བསྟན་པའི་གསུམ་པོ་རིམ་བཞིན་ས་བཅུ་པའི་ཆུང་འབྲིང་ཆེ་གསུམ་ཡིན་པའི་ཕྱིར་ཟེར་ན། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །ཞེས་སོགས་ཀྱི་གཞུང་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་འཆད་བྱེད་མ་ཡིན་པར་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་འཆད་བྱེད་ཡིན་པར་ཐལ། རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་ཆེན་གྱི་སྒོམ་ལམ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་། མཐོང་བའི་ལམ་ལ་བཟོད་པ་དང་། །ཞེས་སོགས་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་འཆད་བྱེད་མ་ཡིན་པར་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་འཆད་བྱེད་ཡིན་པར་ཐལ། རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་མཐོང་ལམ་སྒོམ་ལམ་ཡིན་པའི་ཕྱིར། གཞན་ཡང་། འགྲེལ་ཆེན་ལས། དེ་ལྟར་


GLG013_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་འཆད་པའི་རྩེ་མོའི་མངོན་པར་རྟོགས་པས་བསྡུས་པ་མཐོང་བ་དང་སྒོམ་པའི་ལམ་གྱི་སྤང་བར་བྱ་བའི་རྣམ་པར་རྟོག་པ་བཞི་པོ་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཀུན་ནས་ཉོན་མོངས་པ་དང་ལྡན་པར་བརྗོད་པར་བྱའོ། །ཞེས་བཤད་པ་མི་འཐད་པར་ཐལ། སྐབས་ལྔ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྩེ་སྦྱོར་ཡང་ཡིན། མཐོང་སྤང་རྟོགས་པའི་དངོས་གཉེན་བར་ཆད་མེད་ལམ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྐབས་ལྔ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྩེ་སྦྱོར་ཡང་ཡིན་མཐོང་ལམ་རྩེ་སྦྱོར་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། དེར་ཐལ། སྐབས་ལྔ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་སྦྱོར་མཐོང་སྒོམ་གསུམ་རིམ་པ་བཞིན་དུ་ས་དགུ་པའི་ཡེ་ཤེས་ཆུང་འབྲིང་ཆེན་པོ་གསུམ་ལ་བྱེད་རིགས་པའི་ཕྱིར། གཉིས་པ་རང་ལུགས་ནི། སྐབས་དང་པོ་གསུམ་དང་སྦྱོར་མཐོང་སྒོམ་གསུམ་བསྟན་པ་ཉམས་སུ་བླང་བྱའི་དབང་དུ་བྱས། སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་ཉམས་སུ་ལེན་བྱེད་ཀྱི་དབང་དུ་བྱས་པ་ཡིན་ཏེ། རྣམ་བཤད་ལས། གཞུང་འདི་ལམ་གསུམ་གྱི་ཟློས་སྤང་ལ་ཡང་ཅུང་ཟད་སྦྱར་དུ་རུང་མོད་ཀྱང་། ཞེས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །སོ་སྐྱེའི་རྒྱུད་ལ་སྒྲིབ་པའི་ས་བོན་སྤོང་བའི་དངོས་གཉེན་དང་། མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་ཡོད་པར་ཐལ། བག་ལ་ཉལ་ཀུན་འཇོམས་པ་དང་། །ཞེས་སོགས་དང་། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱིས། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་སྦྱོར་ལམ་སྦྱོར་ལམ་ཡིན་པའི་ཕྱིར། ཟེར་ན། སོ་སྐྱེའི་གནས་སྐབས་ན་སྒོ་གསུམ་དག་པ་དང་། ཞིང་དག་པ་དང་། དཔའ་བར་འགྲོ་བའི་ཏིང་འཛིན་དང་། སངས་རྒྱས་ཀྱིས་མངོན་སུམ་དུ་ལུང་སྟོན་པ་དང་།
བདག་འཛིན་གྱི་རློམ་པ་ཟད་པ་དང་། རྣམ་པར་མི་རྟོག་པའི་ཏིང་འཛིན་ཡོད་པར་ཐལ། དག་དང་དེ་དག་མཚན་མ་མེད། །ཅེས་དང་། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ལུང་སྟོན་པ་དང་རློམ་པ་ཟད། །ཅེས་སོགས་ཀྱི་སྐབས་ནས་བསྟན་པའི་སྦྱོར་ལམ་སྦྱོར་ལམ་ཡིན་པའི་ཕྱིར། ཁྱབ་པ་སྔར་ཁས། དེར་ཐལ། སྐབས་དང་པོ་གསུམ་ནས་བསྟན་པའི་སྦྱོར་ལམ་སྦྱོར་ལམ་ཡིན་པའི་ཕྱིར།


previousཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཤད་པ།next