Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

11 occurrences of གཏེར་སྲུང་
[Clear Hits]


  
  
  
  
 
  
 
  
  
 
  
 
  
 
  
  
  
  
  
  
 
  
  
  
  
  
  
  
  
 
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་གཤིན་རྗེའི་སྲོག་སྒྲུབ་ཆེན་མོ་དགྲ་བོ་གནད་ལ་དབབ་པ།


11 occurrences of གཏེར་སྲུང་
[Clear Hits]

 
previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་གཤིན་རྗེའི་སྲོག་སྒྲུབ་ཆེན་མོ་དགྲ་བོ་གནད་ལ་དབབ་པ།no next

འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་གཤིན་རྗེའི་སྲོག་སྒྲུབ་ཆེན་མོ་དགྲ་བོ་གནད་ལ་དབབ་པ།


CMR012_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་གཤིན་རྗེའི་སྲོག་སྒྲུབ་ཆེན་མོ་དགྲ་བོ་གནད་ལ་དབབ་པ་བཞུགས་སོ།།


CMR012_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་ལ་ཕྱག་འཚལ་ལོ། །འདི་ནི་སྲོག་སྒྲུབ་ཆེན་མོ་ལ་དོན་གསུམ་སྟེ། སྦྱོར་བ་དང་དངོས་གཞི་རྗེས་གསུམ་མོ། །དང་པོ་དམིགས་ཡུལ་ནི་ཚེ་སྟོད་བསྟན་པ་ལ་གནོད་ཅིང་ཚེ་སྨད་དུ་བསྟན་པ་ལ་ཕན་ཡང་སྲིད་པས། མངོན་ཤེས་མི་ལྡན་པས་སྲོག་ལ་གཅོད་མི་རུང་ཞེས་དུས་འཁོར་ནས་གསུངས་ཤིང་དགེ་བའི་བཤེས་གཉེན་འགའ་ཡིས་བཞེད་དོ། །འོན་ཀྱང་གནང་བ་བརྟག་སྟེ། བླ་མ་ཡི་དམ་ཆོས་སྐྱོང་ལ་མཆོད་པ་ཆེན་པོ་ཕུལ། བསྟན་དགྲ་རྗེ་འདི་ལ་སྲོག་སྒྲུབ་ཙམ་རུང་ངམ་མི་རུང་བཟང་ངན་བལྟ་བར་བསྟན་དུ་གསོལ། ཞེས་དམོད་བོར།


CMR012_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་སྦྲ་དང་ལྡན་པར་བྱས། ཤ་ཆང་སྒོག་ཙོང་སྤངས་ལ་ཁྲུས་བྱས་སྤོས་བདུག །སྔས་མགོར་མཆོད་པ་རྣམ་ལྔ་དང་དཀར་གསུམ་གྱི་གཏོར་མ་བཟང་པོ་བཤམས། འཇམ་དབྱངས་སྤྱན་རས་གཟིགས་ཕྱག་རྡོར་གསུམ་བསྒོམ། སྤྱན་དྲངས་མཆོད་གཏོར་འབུལ་བསྟོད་པ་བྱས་ནས། །འདི་ཡི་ལས་ཙམ་རུང་ངམ་མི་རུང་བསྟན་དུ་གསོལ། ཞེས་གསོལ་བ་གདབ། ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀྱི་སྭཱ་ཧཱ། ཞེས་རིན་པོ་ཆེའི་སྣོད་དུ་ཆུ་གཙང་ཁྱོར་བ་གང་ལ་སྔགས་སྟོང་བཟླས་ལ་བཏུང་ངོ་། །སེངྒེ་ཉལ་སྟབས་ཀྱིས་ལྷ་གསུམ་ལ་སེམས་གཏད་ལ་ལུང་སྟོན་པར་བསམས་ལ་གཞན་དུ་མ་ཡེངས་པར་


CMR012_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་ལོ། །མི་གསལ་ནི་མཆོད་པ་བཟང་དུ་བྱེད་ནས་བསྐྱལ་ལོ། །ལུང་སྟོན་པའམ་བརྡའ་སྟོན་པར་འགྱུར་རོ། །འདིས་ནི་དོན་གཞན་གང་བརྟག་ཀྱང་གསལ་ལོ། །དེ་ཡང་བསྒྲལ་ཞིང་བསྟན་པ་སྤྱི་དང་བྱེ་བྲག་ལ་ངེས་པར་གནོད་ཅིང་བཤིག་པ། བླ་མའི་སྐུ་དགྲ་དགེ་འདུན་གྱི་སྡེ་བཤིག་པའམ་དཀྲུག་པ་གསང་སྔགས་ལ་སྨོད་ཅིང་སྡང་བ། དམ་ཚིག་ཉམ་ཞིང་བསྟན་པ་ལ་རྐང་འདྲེན་བྱེད་པ། ཉེས་མེད་རྣལ་འབྱོར་རང་གི་སྲོག་ལ་བསྡོ་བ། དགེ་བ་ཆེན་པོ་སྡིག་རྩར་བསྒྱུར་བ། བཤད་སྒྲུབ་ཀྱི་སྡེ་ཆེན་པོར་འཚེ་བ་འཕྲོག་པའམ་བཀག་པ། མི་དགེ་བཅུ་ལ་བར་མེད་སྤྱོད་ཅིང་། མཚམས་མེད་ལྔ་ཡང་བསམ་འཛིན་བྱེད་པ། དཀོན་མཆོག་གསུམ་དང་ལས་རྒྱུ་འབྲས་མི་བདེན་བསམས་ནས་ཆོས་བྱེད་རྣམས་ལ་བརྙས་པ། བླ་མ་དམ་པ་དང་སངས་རྒྱས་བསྟན་པའི་མགོ་དམའ་ཅི་ཐུབ་དང་། བཅོལ་ཅི་ཐུབ་བྱེད་པ་དེ་དག་ཐམས་ཅད་འཛོམས་ན་སྨོས་མ་དགོས། རེ་རེ་འཛོམས་ནའང་བསྒྲལ་བའི་ཞིང་ཡིན་པས། རྨི་ལམ་བརྟག་ཀྱང་མ་བརྟག་ན་ལས་བྱ་རུང་། དེ་ལ་གཙོ་ཆེར་རང་དོན་ཡིན་ཀྱང་སེམས་བསྐྱེད་བསྟན་པ་དང་སེམས་ཅན་བསམ་དགོས་ཏེ། འདི་བསྒྲལ་ན་སེར་མོ་བའི་མགོ་འདོན་དུ་


CMR012_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། ཕྱིན་ཆད་བསྟན་པ་གཉན་པར་མཐོང་ནས་གཞན་གྱིས་མི་འཚེ་བར་འགྱུར་བ་དང་། བླ་མ་དམ་པ་རྣམས་དང་དགེ་འདུན་རྣམས་ལ་བརྙས་མི་ཕོད་པར་འགྱུར་བ་དང་། རྟེན་གསུམ་དང་དཀར་པོ་རྣམས་གཉན་པར་མཐོང་ནས་མི་བཤིག་མི་འཕྲོག་པར་འགྱུར་བ་དང་། དགྲ་བོ་ཁོ་རང་ཚེ་འདིར་སྡིག་འཕྲོ་གཅོད་པ་དང་། ལུས་ལྷ་བསྲུང་མཆོད་ན་ཁོ་རང་ཚོགས་རྫོགས་པ་དང་། བདག་དང་ལྷ་ལ་འབྲེལ་པ་ཐོགས་པས་མ་འོངས་པ་ན་བྱང་ཆུབ་ཀྱི་ས་ལ་བཀོད་ཅི་ནུས་ཀྱང་བྱ་ཞིང་སྨོན་ལམ་འདིས། དེའི་ཆེད་དུ་ལས་བསྒྲུབ་སྙམ་པ་ཁ་ཞེ་མེད་པར་བྱ། དེ་ནས་རབ་རི་གཉན་རྩེའམ། མཚོ་གཉན་འགྲམ་ལྟ་བུ་གཉན་ས་ཡང་ན་གང་རུང་སར་བརྔན་བསང་བྱ་ལ། གསེར་སྐྱེམས་གཏོར་ལ། ཧོ་སྣང་སྲིད་ཀྱི་ལྷ་འདྲེ་ཡིད་ཀྱི་མངོན་ཤེས་ཅན་ཐམས་ཅད་དགོངས་སུ་གསོལ། དགྲ་བོ་ཆེ་འདིས་སྡིག་པ་མི་དགེ་བ་འདི་དང་འདི་བྱས། བསྟན་པ་འདི་དང་འདི་བཤིག །འཇིག་རྟེན་མི་ཡི་ཁྲིམས་མནའ་ཆད་འདི་དང་འདིར་འགལ། དམ་པ་ལྷའི་ཆོས་སྡོམ་པ་དམ་ཚིག་འདི་དང་འདིར་འགལ། སེམས་ཅན་ཉེས་མེད་འདི་ལ་གནོད་པ་འདི་དང་འདི་བྱས། རྣལ་འབྱོར་པ་


CMR012_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉེས་མེད་པར་བདག་ལ་ཉེས་མེད་པར་འདི་དང་འདི་བྱས། ཞེས་ཡུས་སམ་མཆི་མ་ཕྱུང་། བྲང་བརྡུངས་ནས། འོ་སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལེགས་ཉེས་ཀྱི་ཤན་འབྱེད། །དམ་ཚིག་གི་རྗེས་གཅོད། འཇིག་རྟེན་སྲིད་པའི་བྱ་ར་བ་ཡེ་ཤེས་པས་བདེན་རྫུན་གཉིས་མགོ་མ་སྙོམས་ལ་བདག་གི་སྡོང་གྲོགས་མཛོད། དགྲ་འདི་ལ་མགོན་སྐྱབས་མ་མཛད། དགྲ་འདི་ལ་བཀའ་ཡི་ཆད་པ་དྲག་པོ་ད་ལྟ་ཉིད་དུ་ཆོད་ཅིག །ཅེས་ཐལ་མོ་དང་གོས་བརྡབ། ཡོད་ན་དྲང་མཁན་དཀར་པོ་ཡང་འདོན་ནོ། །དེ་ནས་སྒྲུབ་པའི་གནས་ནི། རི་གཉན་པོ་རྩེ་གསུམ་པའི་རྩེའམ་མགུལ། ལུང་གསུམ་འདུས་པའི་མདོའམ། དུར་ཁྲོད་ཆེན་པོ་མི་མང་པོ་ཤི་བའི་སའམ། གཡུལ་ཆེན་པོ་འགྱེད་པའི་ཤུལ་ལམ། མི་ཁ་ཕུང་དུ་སོང་བའི་ཤུལ་ལམ། བཙོན་ཁང་ནང་། མཁར་ཆེན་པོའི་ནང་ངམ། ཤིང་གཅིག་གཉན་པོའི་དྲུང་ངམ། བཙན་བདུད་ལྷ་འདྲེ་དྲག་པོ་གནས་པའམ། གནས་དེ་དག་མ་འཛོམས་ན་དེ་དག་གི་ས་བླང་ནས་བྲུབ་ཁུང་དུ་མཎྜལ་བྱའོ། །ཕུང་སྒྲའི་ནང་ངམ། དེ་དག་མ་འཛོམས་ན་དབེན་པའི་གནས་སུ་བྱའོ། །རང་གི་ཁྱིམ་དུ་མི་རུང་བར་གསུངས་པས་ལོགས་སུ་བྱའོ། །དེ་ཡང་བྱང་


CMR012_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྒྲུབ་པ་དང་། སྒྲུབ་ཆེན་ཚེ་སྒྲུབ་སྟོང་ཉིད་བསྒོམས་པ། སེམས་བསྐྱེད་བསྒོམས་པ། གསུང་རབ་བཀླག་པ། མདོར་ན་དགེ་བ་རྒྱ་ཆེན་པོ་བསྒྲུབས་ཤིང་བྱིན་གྱིས་བརླབས་པའི་ཤུལ་དུ་མི་རུང་ངོ་། །དུས་ནི་གཟའ་ཕུར་བུ་དང་། སྐར་མ་མགོ་འཛོམ་པའོ། །ཉི་མ་སྨིན་དྲུག་རྣམས་གང་འཛོམས་པ། ཟླ་བ་དང་། མིག་དམར་དང་། །མཆུ་། ལག་པ་དང་ཆུ་སྟོད། པ་སངས་དང་། རྒྱལ་དང་། སྤེན་པ་དང་སྒྲོག །དེ་རྣམས་འཛོམ་ན་རབ་མ་འཛོམས་ན་གཟའ་ཀླུ་དབང་ཕྱུག་སོགས་མི་ལྡོག་ཅིང་ཐེབས་པ། ཉི་ཤུ་དགུའམ། བཅུ་དགུའམ། ཉི་མ་ནག་ཆེ་ཆུང་ངམ་མེ་དུད་སོགས་འཛོམ་པ། གང་ལྟར་ཡང་གཟའ་སྐར་ངན་ཅིང་རྩུབ་པའི་མར་ངོ་ལ་བྱའོ། །གནས་དེར་ས་ཆོག་གམ་དཀར་གཏོར་ཕུལ་ལ། སྟེགས་བུ་རྒྱ་མདའ་གང་པ། དཔངས་སུ་གྲུ་གང་པ་བརྩེག །དེའི་སྟེང་དུ་གཡུལ་ཆེན་པོ་འགྱེད་པའི་ས། དུར་ཁྲོད་ཕུང་ཤུལ་རོ་བསྲེགས། གྲོག་མཁར་ས། གྲོག་མ་དམར་ནག་འཐབ་པའི་ས་ལེགས། ཡུལ་འདྲེ་གནས་པའི་ས། མི་གྲིར་ཤི་བའི་ཤུལ་གྱི་ས། ཁང་པ་གཏིབས་ཏེ་མི་མང་པོ་ཤི་བའི་ས། ཤཱ་སྦྱར་གྱི་ཆུ་ཤག་རྒྱབ་མལ། ཐོག་བརྒྱབ་


CMR012_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སེར་བས་བརྡུངས་བའི་ས། རབས་ཆེད་ཀྱི་ཁང་ས། ལྷ་འདྲེ་བཙན་བདུད་དྲག་པོ་གནས་པའི་ས། རི་གཉན་དྲག་པོ་གསུམ་གྱི་ས། ལུང་གསུམ་མདོ་ཡི་ས། མདོར་ན་བཀྲ་མི་ཤེས་པའི་ས་སྣ་ཚོགས་ཚད། རེ་ལྕག་ཤོག་འདམ། མཚོ་གཉན་ཆུ་དང་སྦྱར་ཏེ། བྲུབ་ཁུང་ཡང་ལོགས་ཚད་ཁྲུ་རེ་དཔངས་སུ་ཡང་ཁྲུ་གང་། བང་རིམ་བཞི་ཐེམ་སྐས་ཐུར་དུ་ལྟ་བ། ཁ་ཅུང་ཟད་དོག་ཅིང་ཁའི་ཞིང་མཐུག་པ་ལ་རིམ་པ་ཕྱི་ནང་གཉིས་ཡོད་པ། མཐིལ་ཡང་ཞིང་ཕྱིར་སྟེགས་བུ་ལ་ཡང་བྲུས་པས། ཤིན་ཏུ་ཡང་རྩིང་གཙེགས། གྲིས་བསད་པའི་ཁྲག །ཡུགས་སའི་ཁྲག །ཁྱི་ཁྲག་རྣམས་དང་བཙན་དུག་གུ་གུལ་ནག་པོ། བོང་ང་རེ་ལྕག་སོགས་དུག་སྣ་བསྲེས་པའི་དུག་ཁྲག་སྟེ། བཙག་དང་བསྲེས་ལ་བྲུབ་ཁུང་ནང་དང་རྩང་ཐམས་ཅད་དམར་པོར་བྱ། དུག་ཁྲག་དང་རོ་སོལ་བསྲེས་པས། བྲུབ་ཁུང་ཕྱི་དང་སྟེགས་བུ་ཐམས་ཅད་ནག་པོར་བྱ། ལྕགས་ཀྱི་ཁ་ཆོད་དམ་དུ་འགྲིག་ཅིང་བ་སྤུ་མི་ཐར་ཞིང་རླུང་ཡང་མི་ཐར་བར་ཚག་འགྲིགས་པར་གཟབ། དེའི་འོག་ནག་པོ་སྟེང་ནག་པོ་ཐུན་ལམ་ནང་ཕུར་པའི་དབལ་སོ་ཐར་ནས་དམ་དུ་འགྲིགས་པ་གྲུ་གསུམ་བང་རིམ་གསུམ་པ། རི་རབ་ཀྱི་བང་རིམ་


CMR012_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པར་བྱ། བྲུབ་ཁུང་ཁ་ལ་རྩང་ཉེར་གཅིག །སྟེགས་བུ་མཐའ་རྩང་རབ་བརྒྱ་རྩ་བརྒྱད། འབྲིང་བརྒྱད་ཅུ། ཐ་མ་ཉི་ཤུ་རྩ་བརྒྱད་རྩང་དམར་པོ་རེ་དང་ནག་པོ་གཉིས་རེ་རྒྱ་གྲམ་དུ་བཙུགས། གཉིས་རེ་ཟུང་དུ་རྩང་སླས་བྱས་ནའང་ལེགས། ཤ་དང་ལིངྒས་བརྒྱན། དེ་ནས་བྲུབ་ཁུང་དུ་རབས་ཆད་ནག་པོའི་ཐོད་པ་མ་མགལ་དང་བཅས་པ། འབྲིང་གྲིར་ཤི་བའི་ཐོད་པ། ཐ་མ་ནི་མེ་ཐང་སོ་ཏི་ཤན་པ་སྡིག་ཅན་གྱི་ཐོད་པའམ། མི་སྡིག་ཅན་ནད་ངན་པའམ་ལྕེབས་པའམ། གཡང་གྲི་ལྟ་བུ་མ་རུངས་ཤིང་ཤི་ལུགས་ངན་པའི་ཐོད་པ། དེ་ཚང་མར་རྙེད་ན་ཁོའི་ནང་དུ་ཐོད་པ་བཅུག །མ་རྙེད་ན་ཐོད་པ་དྲས་ནས། བྷན་ཕོ་མོ་གཉིས་ཁ་སྦྱར་བའམ། ཡང་མ་རྙེད་ན། ཀ་པཱ་ལ་ཡ་གབ་དང་མགོ་རུས་མ་གབ་གཉིས་ཁ་སྦྱར་ནང་དུ་ལིངྒ་བཞག །དུག་ཁྲག་རོ་ཐལ་ཁྲག་བཙག་གིས་མ་གབ་དང་ཁ་མིག་དམར་པོ་བྱ། དུག་ཁྲག་རོ་སོལ་རོ་ཐལ་གྱིས་ཡ་གབ་ནག་པོ་བྱ་༔ དེ་ནས་གྲོ་ཤོག་གཙང་མ་ལ་དུག་ཁྲག་བསྲེས་པའི་སྣག་ཚས་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་བཅས་པ་གཉིས་བྲིས། རྩིབས་བརྒྱད་ལ་རལ་གྲི་བདུན་ལྷོ་ནུབ་ཏུ་ཕུར་པ་གཅིག་དང་


CMR012_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་བརྒྱད་རྩེ་ཕྱིར་བསྟན། རྩིབས་རེའི་ཕྱིའི་རྩེར་ནི་རེ་དང་། ལྟེ་བ་གྲུ་གསུམ་འོག་མ་ལ་ཡ་སྟེང་མར་ཁུང་གྲུ་གསུམ་གཅིག་བཅུག་གོ །རྩིབས་ཀྱི་ཕྱི་མུ་ཁྱུད་བཞིའི་ནང་མ་ལ། ཐུན་སྔགས་། དེའི་ཕྱི་བསད་སྔགས་དང་དམོད་མོ། དེའི་ཕྱི་མ་ལ་བཟློག་སྔགས། དེའི་ཕྱི་མ་ལ་འབོད་སྔགས་བྲིས། ཡ་གབ་ཐམས་ཅད་ལ་སྔགས་མགོ་ནང་དུ་བསྟན། མ་གབ་སྔགས་མགོ་ཕྱིར་བསྟན། ཕྱི་ནས་དབུ་བཙུགས་སྔགས་མཇུག་ནང་དུ་ཡོད་པར་བྱ། ཡ་གབ་ཐོད་པའི་ཡ་ཁའམ་ཕོ་ཐོད་དམ་སྤྱི་བོར་སྦྱར། མ་གབ་མ་ནེའམ་མོ་ཐོད་དམ་མ་མཆུ་ལ་སྦྱར་རོ། །ཐོད་པ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིང་། དེ་གཉིས་ཀྱི་བར་དུ་ཤོག་ལིང་སྙིང་གར་བཅུག་པའི་ལིངྒ་བཞག །དེ་ལ་ཁོའི་དྲི་ཆེན་ནམ། དྲི་ཆུའམ། མཆིལ་མའམ་ལུད་པའམ། སྐུའམ་སེན་མོ། སྔགས་དྲེག་ཅེས་པ་ཕྲེང་བའི་དྲེག་པའམ། གོས་ཀྱི་དྲི་མ། འབྲིང་གོས་དུམ། ཆུ་ཤུལ་གྱི་ས། རྗེས་ས་ལག་རྗེན་མ་རེག་པ། ཐ་མ་ཁོའི་ལུད་པ་ཡུལ་ཕྱོགས་དེའི་ས་གཙང་མའམ། དེ་མ་རྙེད་ན། དགྲའི་ཕྱོགས་ནས་ས་ཆུ་གཙང་མ་བླངས་ནས་ཁོའི་དྲི་མ་དྲུག་ཏུ་བསམ། ཁ་ནུབ་ཏུ་བསྟན་ལ་གྲི་ཁྲག་གིས་སྦྲུས། བག་ཟན་དང་


CMR012_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་ཤིན་ཏུ་གཙང་ཞིང་རང་འཁོར་བཅས་ཀྱི་དྲི་མ་མ་སོང་བར་བྱ། ལག་པ་དག་པར་བཀྲུས་སླེས་གེ་གཙང་མའི་མཛུབ་ཤུབས་གྱོན་ནས། ལིངྒ་སོར་བཅུ་གཉིས་གཅིག་བྱ་སྟེ། ལྟོ་བ་ཆེ་ཞིང་། ཡན་ལག་ཕྲ་བ་བུ་ག་དང་དབང་པོ་ཡན་ལག་སྙིང་ལག་ཚང་བར་བྲིས། དེའི་སྙིང་ཁར་མི་བསད་པའི་གྲི་ལྕགས་ཀྱི་མཚོན་གྱིས་གྲུ་གསུམ་བྲུས་ལ་ཤོག་ལིང་བཅུག །ཡུགས་སའི་ཁབ་བམ་གྲི་ལྕགས་ཀྱིས་ཤོག་ཚིན་དེ་ཙག་ཕུག་ལ་ཚོན་སྐུད་བཏགས། ཟན་ཚིང་གི་སྙིང་ཁ་ནས་དྲངས་ལ། འཁོར་ལོ་ཡ་མགལ་གྱི་དཀྱིལ་ནས་དྲངས། ཡ་ཐོད་ཀྱི་སྣ་བུག་ནས་སམ་ཐོད་པ་ཡིན་ན་སྤྱི་བོ་ནས་ཐུན་ལམ་གྲུ་གསུམ་ཕུག་པ་ནས་དྲང་ངོ་། །ཁ་ཆོད་ཀྱི་ཐུན་ལམ་ནས་དྲང་། རང་གིས་བཟུང་བའི་རྟེན་འབྲེལ་ས་འདུ་རང་ངོས་ཀྱི་སྟེགས་བུ་ཁར་ཕུར་པ་ལ་བཏོད་ནས་བཞག་གོ་།གཞན་ཡང་བྲུབ་ཁུང་དུ་ཟན་ལིང་སྤར་མ་ཁྲག་བྱུག་པ་བརྒྱ་བཞག །གྲི་ལྕགས་ཀྱི་ཕུར་པ་མཐོ་གང་བ་གཅིག་གིས་ཐུན་ལམ་བཅད་དོ། །རྩེ་མོའི་ཐོད་པའི་ཐུན་ལམ་ནོན་ནན་པར་བྱ། རབ་ཐོད་ངན། འབྲིང་དམེ་ཐོད། ཆོས་བྱེད་མིན་པའི་ཐོད་པ། ཐ་མ་ཐོད་པ་ལ་དུག་ཁྲག་བྱུག་པ་གསུམ་གྱི། གཅིག་ཏུ་ཡུངས་ཀར།


CMR012_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ནག །ཀེ་ཚེ། ཤང་ཚེ། ལྕགས་ཕྱེ། ཟངས་ཕྱེ། གྲི་རྡོའི་ཕྱེ། བཙན་དུག་དང་ར་དུག་སོགས་དུག་སྣ་ཚོགས་ཀྱི་ཕྱེ་མས་བཀང་སྟེ། སྟེགས་བུའི་གཡས་སུ་བཞག ། ཁྲག་སྣ་ཚོགས་ལ་དུག་སྣ་བཏབ་པ་གཡོན་དུ་བཞག །གཅིག་ཏུ་ཟན་ལིང་དང་ཤོག་ལིང་ཅི་ལྕོགས་བྲིས། ལིངྒ་དེ་ལ་དེ་འང་གཟུངས་ཐག་བཏགས་ནས་སྟེང་དུ་དྲང་པ་ལ་ས་གྲུ་གསུམ་ལ་ཕུར་པ་བཙུགས་པ་ལ་བརྟོད། རོ་གཡམ་མམ། ར་འཕར་བས་བསད་པའི་ཞབས་ཀྱི་རྡོ་ལ་རི་རབ་གླིང་བཞི་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ལ་བྲུབ་ཁུང་གི་གཡོན་དུ་བཞག །བྲུབ་ཁུང་སྟེང་གི་ནམ་མཁར་ལིངྒ་ཁྲི་མི་འགུལ་བར་བྱས་ལ་ཟངས་ལྕགས་སམ་བྷནྡྷར། མི་རྟ་ཁྱི་བྱ་སྟག་གཟིག་ལ་སོགས་པའི་ཤ་སྣ་ཅི་རྙེད་དང་། དེ་བཞིན་དུ་ཁྲག་སྣ་དང་བཙན་དུག་དང་ར་དུག་ཐང་ཕྲོམ་འབྲུ་སོགས་དུག་སྣ་དང་། བྲ་སྲན་རམ་འབྲུ་སོགས་འབྲུ་ནག་གི་ཕྱེ་མ་བསྲེས་ལ། གཏོར་མ་གྲུ་གང་པ་ཁྲམ་རིས་གསུམ་པ་ཟུར་གསུམ་རབ་ཏུ་རྣོ་ཞིང་དབྱིབས་ཐོག་མདིལ་འདྲ་བ་ལ་གྲི་ཁྲག་བྱུག་པའི་རྩང་ཉེར་གཅིག །ཤ་ཁྲག་གི་རྒྱན་བཟང་པོ་བྱ། གཏོར་མ་ནག་པོ་ཁྲམ་རིས་སེར་པོ་བྱ། དི་ལ་དར་ནག་གི་སྐུ་གཟུགས་དར་གདུགས་ནག་པོ་ཕུབ། སྤམ་


CMR012_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གི་བྱང་བུ་སོར་དྲུག་པ་ཞིག་ལ་དགྲའི་ལིངྒ་བྲིས་ལ་གཏོར་མའི་ནང་དུ་བཞག་།དེའི་གཡས་སུ་རྟག་གཏོར་ཤ་ཁྲག་གཙང་མས་བརྒྱན་པ་གཙོ་འཁོར་བདུན། །གཡོན་དུ་བསྐང་གཏོར་རི་རབ་སྟེང་དུ་བཤོས་བུ་ཟུར་གསུམ་ལ་བསྐང་འབྲས་སྣ་ཚོགས་བཙུགས་པ་བཤམས། ཡར་མཆོད་གཞི་གཞན་དུ་རྩ་བ་གསུམ་གྱི་གོང་གཏོར་དང་ཚོགས་གཏོར་འབུལ༔ དམར་གཏོར་ཆུང་ངུ་མང་པོ། རྒྱུན་གཏོར་མཐེབ་སྐྱུ་མང་པོ། ལིང་ཆུང་སྤར་བཏབ་ཤ་དུམ། སྨན་རཀ་གཏོར་གསུམ། མཆོད་པ་རྣམ་ལྔ་བྱ་རོག་འུག་པའི་སྒོ་སོགས་ཡོ་བྱད་ཚང་བར་བྱ། གནས་བདག་ལ་དཀར་གཏོར་བཏང་ལ་སྡོང་གྲོགས་མཛོད་བརྗོད། བགེགས་གཏོར་བཏང་ནས་བགེགས་བསྐྲད། དེ་ནས་མཚམས་སྡོམ། མཚམས་ཐོ་བརྩིག་གོ །དེ་ནས་རང་གི་མལ་ས་ལ་གདན་ཡིན་ན་དོང་ཁྲུ་གསུམ་པ་བྲུས། ཁྲི་ཡིན་ན་ཛ་ཁུང་གཅིག་མལ་འོག་ཏུ་བཞག །དེའི་ནང་དུ་གྲོ་ཤོག་གཙང་མ་ལ་ལིངྒ་ལྕེས་བྲང་ཁྱབ་པ་ལ་རྡོ་རྗེ་རྒྱ་གྲམ་དཀྱིལ་དུ་ཡང་། དེའི་ཕྱིའི་མུ་ཁྱུད་ལ་ཐུན་སྔགས། དེའི་ཕྱིར་འཁོར་ལོའི་རྩིབས་ལྟ་བུའི་རལ་གྲི་དྲུག །རལ་གྲི་རེའི་རྩེར་ཚྭ་རེ་བྲིས། ལྕེ་དང་ལྟེ་བའམ་བར་དུ་དམིགས་བྱ་དེ་ཁོ་


CMR012_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ནུས་ཅན་ཡིན་ན་དེའི་མིང་། དགྲ་ཡིན་ན་དེའི་མིང་དང་དགྲ་ལྷེའི་སྲུང་ཟློག་མཁན་གྱི་ལུས་ངག་ཡིད་གསུམ་ཁུག །ཅེས་བླ་འགུགས་སྔགས་བྲི། དེའི་ཕྱི་རོལ་སྤྱི་བོ་ནས་བརྩམས་ཏེ་ཡིག་མགོ་ནང་དུ་བསྟན་ལ་བསྙེན་སྔགས་བཟློག་སྔགས་བསད་སྔགས་དམོད་བཅོལ་དང་བཅས་པ་བྲི། སྤྱི་བོར་ནན་རྡོ་རྗེ་རྒྱ་གྲམ། རྐང་ཞབས་སུ་ཡཾ་ཡཾ། ཡན་ལག་བཞི་ལ་ཛཧཱུཾ་བཾ་ཧོ་དེའི་ཕྱི་རོལ་ཛ་ཁྲམ་གྱིས་བསྐོར་ཏེ་བྲུབ་ཁུང་གན་རྐྱལ་དུ་བཞག །ཡུགས་སྐུས་རྒྱ་གྲམ་དུ་བཅིངས། སེང་ལྡེང་ངམ་སྐྱེར་ཕུར་མགོ་བོ་རྒྱ་མདུད་ཅན་སོར་བཞི། གཅིག་གི་ནང་དུ་བཅུག་པའམ། ཕྱི་ནས་ཤོག་དྲིལ་ལ་དཀྲིས་ཀྱང་རུང་སྟེ། དུ་ཏྲི་ཡ་མ་ར་ཙ་བྱད་མའི་ཀཱ་ཡ་སྟམྦྷ་ཡ་ནན། ཡ་མ་ར་ཙ་ཀྲོ་དྷ་པ་ཙ་ལ་བྱད་མའི་ཝཱཀྐ་སྟམྦྷ་ཡ་ནན། སརྦ་དུཝཾ་བྱད་མི་ཙིཏྟ་སྣུམྦྷ་ཡ་ནན། གནོད་བྱེད་བྱད་མ་ཨ་ཛ་བྷྱོ་ཤ་ཁྲག་དུ་དུ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པའི་ཤོག་དྲིལ་བཅུག །ཕུར་པ་དེ་ཐུན་ལམ་ནས་ལིངྒའི་ལྕེའི་དཀྱིལ་དུ་བཙུགས་ལ་བཞག་གོ །ལིངྒ་དེ་ལ་བྱེད་མ་དང་དེའི་སྲུང་ཟློག་མཁན་བཀུག་གཞུག་བརྒྱ་རྩ་བྱས་ལ། དེ་ནས་བྱ་རོག་གམ་མ་རྙེད་ན་སྒྲོ་ལ། ཨོཾ་ཏྲག་ཏྲཀ་དེ་བ་སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། དྷེ་ཝ་ཤག་ཕྱེ། དྷེ་ཝ་ཧཱུྃ་མཱ་


CMR012_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡ་ཤག་ཕྱེས། དེ་བ་ཙིཏྟ་ཤག་ཕྱེས། ཙིཏྟ་མ་ལེ་ཤག་ཕྱེས། ས་མ་ཡ་གནེ་ཤག་ཕྱེས། མ་མ་ཀ་པུ་ན་ཡེ་ཤག་ཕྱེས། ར་བ་ཏི་ཏ་ཤག་ཕྱེས། ནཱ་ག་པུཥྛ་ཤག་ཕྱེས༔ སརྦ་ཅད་ཀ་ཤི་ཆད། དགྲ་བོ་སྐྱོབ་བྱེད་ཀྱི་ལྷ་བཅུ་ཐམས་ཅད་དང་ཕྱེས་ཤིག །ཅེས་པས་མཐའ་བསྐོར་བའི་ལྷའི་ལིངྒའི་སྙིང་གར་དགྲ་ལ་འཐབ་ཚུལ་བྱེད་པ་དགྲ་ལ་ཕུར་པ་ཆད་པའི་སྙིང་གར། དགྲ་བོ་འདི་ཡི་ཕ་ལྷ་མ་ལྷ་འཕྲོག་ལྷ་དགྲ་ལྷ་ཞང་ལྷ་ཡུལ་ལྷ། སྲོག་ལྷ་ཚེ་ལྷ་མཁར་ལྷ་ལྷན་ཅིག་སྐྱེས་པའི་ལྷ་ཐམས་ཅད་ལིངྒ་འདི་ལ་ཁུག་ཅིག །ཛཧཱུཾ་བཾ་ཧོབྲི། རྐང་ཞབས་སུ་ཡཾ་ཡཾ་བྲི། དེ་ཕོ་རོག་གི་སྒྲོ་ལ་ཁྱི་སྤུས་བཅིངས་ཏེ། རཾ་དང་གླ་རྩི་བྱུགས། སེ་བའི་སྙིང་གར་བཞག །དགྲའི་ལིངྒ་ལྷ་ལ་ཕུར་པ་ཚད་པ་ལ་སྐག་དང་སྒོག་པ་བྱུག །འུག་པའི་དང་རུའམ་སྒྲོ་ལ་ར་སྤུས་བཅིངས། སྤྲམ་ནག་གི་སྐམ་ཁར་བཞག །བྲུབ་ཁུང་གཅིག་གི་ནང་དུ་གཡས་གཡོན་དུ་དགྲ་མགོ་ཐུར་དང་། ལྷ་མགོ་གྱེན་དུ་བསྟན་པར་བཅུག་ཡུགས་སྐུས་བཅིངས། དེ་ནས་རང་ཁ་ལྷོའམ་མ་འགྲིགས་ན་ལྷོ་ནུབ་བམ་དགྲའི་ཕྱོགས་སུ་ཁ་གྱུས། དཀྱིལ་འཁོར་ལ་མདུན་ཕྱོགས་པས་འདུག་པའི་སྟབས་བྱ། མེ་ཉི་སྤང་ཞིང་


CMR012_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བཅད་དམ་པ་དང་། བཅས་རྣམས་ཁྱི་བུད་མེད་ཀྱིས་མ་མཐོང་བར་གཅེས། སྟན་དྲོད་མ་ཡལ་ཞིང་ཁ་མི་བཤལ་བ་སོགས་དམ་དུ་བྱས། རང་གི་གདོང་དུ་དུག་ཁྲག་བྱུག །དར་ནག་གི་གོས་དང་དབུ་རྒྱན་ནམ་ཞྭ་ནག་སོགས་དང་པོ་སྔགས་ཆས་ལ་ཞུགས་ནས་བསྟན་དགྲ་ལ་སྙིང་རྗེ་དུང་ངེ་བ་ཞིག་བསྒོམ། དེ་ནས་ཉེས་པ་བྱས་པ་རྣམས་ངག་ནས་བརྗོད་ཅིང་ཞེ་སྡང་རང་རྒྱུད་དམར་ལམ་མེ་བ་བྱ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནས་ལས་བྱང་བསྟོད་པའི་བར་འདོན། ༈ བཞི་པ་འབོད་རྦད་བསད་གསུམ་ལ། དངོས་གཞི་གཞུང་ལྟར་བདག་བསྐྱེད་དང་མདུན་བསྐྱེད་གསལ་བར་བསྒོམས་ནས། རང་གི་ཐུགས་ཀའི་ཧཱུཾ་དང་ཡར་སྔགས་ཕྲེང་གཡས་སུ་བར་མེད་དུ་འཁོར་བ་དང་། མདུན་བསྐྱེད་ལ་དེ་ལྟར་བསྒོམས་ནས་ཐུགས་ཀའི་ཧཱུཾ་མཐར་སོགས་ཀྱི་བཟླས་དམིགས་དང་། ཁྱད་པར་འོད་ཟེར་འཕྲོས་པ་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས། ལས་ཀྱི་གཤིན་རྗེའི་ཞིང་ཁམས། འབྱུང་བ་ཚ་གྲང་འཁྲུགས་པའི་ཕོ་བྲང་ནས། ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་བཞུགས་པའི་ཐུགས་རྒྱུད་བསྐུལ། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་འཁོར་ལས་གཤིན་བྱེ་བ་བཅོ་བརྒྱད་ཀྱི་དམག་དཔུང་དང་


CMR012_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་ས་དང་བར་སྣང་གཡོ་བའི་ཆོ་འཕྲུལ་དང་བཅས་ནས་སྐད་ཅིག་ཉིད་ལ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕག་ནས་བྱ་ཁྱུ་འགྲོགས་པ་ལྟར་འདི་ཉིད་དུ་བྱོན་ནས་ཆུ་ལ་ཆུ་ཐིམ་པ་ལྟར་བདག་མདུན་གཙོ་འཁོར་ལ་ཐིམ་པར་བྷྱོ། ཡང་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ལས། ལས་ཀྱི་གཤིན་རྗེའི་དམག་དཔུང་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་དམིགས་ཡུལ་བྱད་མ་ལྷ་སྲུང་དང་བཅས་པའི་གུར་ཁང་བཤིགས། བསད་པའི་མཚོན་ཆ་བཅག །ཁོའི་སྲུང་འཁོར་ཐམས་ཅད་བཅོམ་ནས་རྡུལ་དུ་བརླག །ཁོའི་སྲུང་བའི་གུར་སྲ་མཁྲེགས་ཀྱི་ནུས་པ་ཐམས་ཅད་བསྡུས་ནས་རང་གི་གུར་ལ་བསྟིམ། ཁོའི་སྲུང་བའི་གུར་ཁང་ཐམས་ཅད་བྱེ་མའི་ཁང་པ་ལ་ཆུ་ཕོག་པའམ། མར་སར་ཉི་མ་ལ་བཞུས་པ་ལྟར་འཇིག་་ཡང་རང་འདྲ་བའི་ཁྲོ་ཆུང་གྲངས་མེད་འཕྲོས་ནས་དམིགས་བྱ་དེ་མཐུ་ནུས་བསོད་ནམས་སྟོབས་ཁ་རྗེ་དབང་ཐང་ཐམས་ཅད་ནི་ལྗང་གུ་དང་། འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པར་བསམ། ཡང་རང་གི་ཐུགས་ཀའི་ཧཱུཾ་གི་རྩེ་ནས་སྔགས་ཕྲེང་འཕྲོས།། ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་ནས་ཞུགས། ཐུགས་ཀར་ཐིམ་པས་


CMR012_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཞབས་བཅུ་སྔོན་དུ་ཐོགས་ནས་ཞབས་བཅུ་ནས། མཐུ་སྟོབས་ནུས་པའི་དངོས་གྲུབ་ཀྱི་ངོ་བོར་ཐོན། ཐུགས་ཀར་བྱུང་། རང་གི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་མཐུ་རྩལ་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པར་བྷྱོ། དམིགས་པ་མ་ཡེངས་བར་འབོད་པའི་སྔགས་འདི་ཞག་བདུན་བཟླས། སྔོན་དུ་བསྙེན་པ་མང་དུ་སོང་བའམ། རྟགས་གསལ་པོ་བྱུང་ན་ཞག་གསུམ་མམ་ལྔས་ཀྱང་ཆོག ༼མ༽ བསྙེན་སྔགས་ཞེས་བཟླས་ཐུན་མཚམས་སུ་བསྐང་གཏོར་གསོ་ལ་བསྐང་བ་བྱ། གཏོར་ཆུང་ཉའུ་ཅན་ལ་བཀུག་གཞུག་བྱས། ཨེ། དྲག་པོ་ཆོས་དབྱིངས་སོགས་ནས། ཤན་པ་རུ་ཊ་སྡེ་བཞི་གཤེགས་སུ་གསོལ། དམ་རྫ་ས་ཕྱི་ནང་སོགས་འབོད་པའི་བསྐུལ་རིང་དེ་བྱ། གཏོར་ཆུང་རྟེན་གཏོར་རྩ་བར་ཕུལ། ཐུན་མཚམས་སུ་བསྐྱེད་རིམ་མི་བསྡུ་ཞིང་། སླར་ཡང་ལས་བྱང་འདྲ་བ་སོགས་ཐུན་ལ་འཇུག །གཞུང་བསྲང་དུས་གཡས་ཀྱི་རྟག་གཏོར་གསོ། དེ་ལྟར་རྟགས་གསལ་པོ་མ་བྱུང་བར་དུ་བྱའོ། །རྟགས་ནི་གོ་གྱོན་མཚོན་ཐོགས་པ་དམག་འདུ་བ་གཡུལ་འགྱེད་པ་དམག་དཔོན་ཇག་དཔོན་བྱེད་པ། བྲག་བཤིགས་པ། ཤིང་གཅོད་པ། །དགྲ་ལ་ཆས་པ། སྐྱོགས་དང་


CMR012_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིབ་གཏོང་བ། མདའ་འཕང་བ། དམག་གཏོང་བ། ཇག་ལ་ཆས་པ། ཟོར་འཕང་བ། རི་དྭགས་བསད་པ། ལིང་བྱེད་པ། རྒྱ་བྲེ་བ་རྙི་བཙུགས་པ་སོགས་དང་། སློབ་དཔོན་བནྡེ་སྔགས་པ་མི་ནག་ཞང་བློན་སྐྱེས་ཕྲན་མི་ཆེན་བུད་མེད་དཔའ་ཆས་བཟང་བ། ཕ་ཁུ་མ་སྲིང་ཆུང་མ་གྲོགས་པོ་མཛའ་མོ། སྟག་གཟིག་གླང་གཡག་ཁྱི་སྤྱང་སོགས་དང་། གཟུགས་མང་པོ་མཐོང་བ་འཇིགས་ཞུམ་པ་དང་། མདོར་ན་ལྷ་འདྲེ་ལས་གཤིན་ཚོགས་པའི་རྟགས་དང་ཆོ་འཕྲུལ་འབྱུང་བས། དེ་ལ་འཇིགས་སྐྲག་མི་རུང་། འདོད་ཐོག་ཡིན་པས་སྡོད་དྲོད་བསྐྱེད་ཅིང་ཚོགས་གཏོར་བསྐྱེད་དོ། །དེ་ནས་ཐུན་མཚམས་སུ་ནོར་སྒྲུབ་ཀྱི་ཚུལ་དུ་རླུང་ཐུན་སྒྲུབ་པ་སྟེ། ཐུན་ཁང་སྟེང་ཐོད་པའི་ཕོར་བའི་ཐད་ཀྱི་ལིངྒ་དེ་ཕོར་བར་རྒྱག །དུག་ཁྲག་གི་རྒྱ་མཚོ་དམར་ནག་འཁྲུགས་ཤིང་། ཁོལ་ལྷོག་ལྷོག་བྱེད་ཅིང་དུག་གི་མེ་སྟག་འཕྲོ་བའི་ནང་དུ། ལས་གཤིན་མཐིང་ནག་རབ་ཏུ་རྔམས་ཤིང་ཁྲོས་པ་བ་སྤུ་ཐམས་ཅད་མཚོན་ཆར་སྐྱེས་ཤིང་གཏན་དུག་གི་རླངས་པ་འཕྲོ་བ་གཅིག་གན་རྐྱལ་དུ་གནས་པའི་ཞལ་དུ་དམིགས་བྱ་སྟེ། ཉམ་ཐག་ཅིང་སྐྱེམ་པ་ལིངྒ་དང་དབྱེར་མེད་པར་བསམ། སྐམ་ཐུན་དུག་


CMR012_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཚོན་ཆ་སྣ་ཚོགས་པ་དུག་གི་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བར་བསྒོམ། ལྷོ་ཕྱོགས་གཤིན་རྗེའི་ཡུལ་ནས་གཤིན་རྗེ་ཚེ་བདག་ནག་པོ་དབུ་དགུ་ཕྱག་བཅོ་བརྒྱད་མཚོན་ཆ་སྣ་ཚོགས་བསྣམས་པ། འཆི་བདག་ནག་པོ་སྤུ་གྲི་དང་ཕུར་པ་བསྣམས་པ། སྲོག་བདག་ནག་པོ་བསེའི་མདུང་དང་ཕུར་པ་བསྣམས་པ། བྷེ་བ་ས་ཏ་ཁམ་ནག་འཁོར་ལོ་བསྣམས་པ། ཡ་མ་རཱ་ཛ་སྡེ་བརྒྱད་དྲེགས་པ་བཅོ་བརྒྱད་ཆར་ལྟར་འབེབས་པ་རྣམས་སྐམ་ཐུན་རྣམས་ལ་ཐིམ་པའམ། དུག་གི་སྤུ་གྲི་ཆུ་གྲི་རལ་གྲི་བསམ་ཆོད་འབར་བ་ཤ་སྟག་ཏུ་གྱུར། རློན་ཐུན་དེ་ནང་ཁྲག་རྒྱུ་གཟེར་ཡམས་ནད་རིམས་ནད་གླང་ཐབས་ལ་སོགས་ནད་སྣ་ཚོགས་ཀྱི་ནད་རླངས་སྤྲིན་ལྟར་གཏིབ་པ། ཚེ་བདག་གི་ཡུམ་རཀྵ་སྲིན་མོ། འཆི་བདག་གི་ཡུམ་དུས་མཚན་མ། སྲོག་བདག་གི་ཡུམ་རེ་མ་ཏི་གསུམ་ལའང་དམར་པོ་སྤུ་གྲི་དང་ཐོད་ཁྲག་ཐོགས་པ་གཞན་ཡང་མ་མོ་རྣམས་སྲིན་མོ་བྱེ་བ་དུང་ཕྱུར་ཆར་བབ་པ་ལྟར་བྱོན་ནས། ཁྲིག་ཐུན་ལ་ཐིམ་པས་གསོར་མི་རུང་བའི་ནད་སྣ་ཚོགས་སུ་གྱུར་པར་བསམ། རྩ་སྔགས་ཤམ་དུ། ༼ཙ༽ ཞེས་ཁ་སྐོང་བསྙེན་པ་བརྒྱའམ་ཉེར་གཅིག་དྲག་ཏུ་བཟླས་ལ་མཆིལ་མ་དང་ཁ་རླངས་མ་ཤོར་བར་ཐུན་ལ་ཕུ་


CMR012_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་གདབ་ལ་བཏབ། དེ་ནས་ཐུན་གྱི་ཕུ་ཅུང་ཟད་ཕོར་པ་ནང་གི་ལིངྒ་ལ་བཏབ་པས་རྡུལ་དུ་བརླགས་པར་བསམ། ཐུན་སྣོད་གསུམ་ཀ་ཁ་ཆོད་ཀྱིས་བཀབ་གཞུང་གི་ཐུན་འདོན་རྒྱུ་དེ་འདོན། དེའི་དམིགས་པའམ་འགྲེས་མི་བཤང་འདོན་དུས་འགྲིགས་ཡོད། རྫ་རྫ་མགོ་སོགས་ཐུན་རྒྱབ་བྱེད་པ་ཡིན། དུག་འཁོར་ནང་གི་གཤིན་རྗེའི་ཞལ་བཙུམ་མཆེ་བ་བསྡམས་པས་དགྲ་འདུལ་དབང་མེད་པར་བསམ། ཐུན་སྣོད་ཀྱི་ཁ་ལེབ་གསུམ་གྱི་སྟེང་དུ་ཐུན་སྲུང་གི་གཤིན་རྗེ་དམར་ནག་གཡས་རལ་གྲི་གཡོན་ཁ་ལེབ་གཟུངས་ཐག་བཞག་པར་རྐོས་ཞབས་མཆོང་ཐབས་སུ་བཞུགས་ནས་སྲུང་བར་བསམ། འདི་ལྟར་ཐུན་མཚམས་སུ་ཐུན་སྒྲུབ་དུས་ལིངྒ་ཅན་གྱི་ཐུན་སྣོད་ནས་སྒྲ་སྒྲོགས་ནས་ཕྱི་རྟགས་ཟླ་བ་དགུ་ནས་འོང་། གླུ་རྩིའི་དྲི་བྲོ་བ་ཟླ་བ་བཅུ་གཉིས་ནས་འོང་། ལྕེ་སྤྱང་གི་སྐད་བྱུང་ན་ཟླ་བ་བདུན། ལིངྒ་འཕར་ན་ཟླ་བ་བཅུ་གསུམ། དགྲ་བོ་དངོས་སུ་མཐོང་ན་ཟླ་བ་གཅིག་ནས་འོང་། དེ་དག་དངོས་སམ་ཉམས་སྣང་གསུམ་གྱིས་འོང་ངོ་། །དེ་ལྟར་ཞག་བདུན་ནམ་རྟགས་དང་བསྟུན་ནས་འབོད་པ་དང་། ཐུན་འདི་སྒྲུབ་ཚར་ནས་གཉིས་པ་རྦད་པ་ནི། བདག་བསྐྱེད་ལུས་དཀྱིལ་དང་


CMR012_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་བཟློག་པའི་སྐབས་ལྟར་བྱ། མདུན་བསྐྱེད་སྤྱན་འདྲེན་མཆོད་པ་བསྟོད་པ་བར་བྱས་ནས། དེ་ནས་བྲུབ་ཁུང་ཆེན་པོའི་ཁ་ཕྱེས་ལ། ལིངྒ་དུག་ཁྲག་གིས་བྲན་ལ་རང་ཉིད་སྔགས་ཆས་སུ་ཞུགས་ནས། བདག་མདུན་བར་དུ་བྲུབ་ཁུང་སོགས་ནས་ཀྲྀ་ལྗང་གུས་མཚན་པར་གྱུར། བདེན་བརྡར་བཀུག་གཞུག་ལན་གསུམ་བྱ། དམར་གཏོར་ཆུང་ངུ་ཞིག་ལ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་བཤམ་ནས། བློ་འཆི་བདག་ནག་པོའི་དུས་ལ་བབ། སོགས་ནས། བླ་འཁྱམས་དམ་ཉམས་ཁྱེར་ལ་ཤོག་།སོགས་ནས། ལྕགས་ཀྱུ་འབར་བས་སྙིང་ནས་ཟུངས་སོགས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའི་བར་གྱི་བླ་སྲོག་འགུགས་པའི་རྦད་བསྐུལ་རོལ་མོ་དང་བཅས་པ་ང་རོ་དྲག་པོས་བྱའོ། །དམིགས་པ་ནི་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་རང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པས་བཀུག་ནས་ལིངྒ་ལ་བསྟིམ། ཡང་ཉི་མ་རྩེ་ཤར་དུ་རང་གཤིན་རྗེར་གསལ་བའི་ཕྱག་གཡས་སྡིགས་མཛུབ་དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གསལ། དེ་ལས་འོད་ཟེར་དཔག་མེད་འཕྲོས་པས་བྱད་མ་གནོད་བྱེད་ཐམས་ཅད་བཀུག་ནས་ལིངྒ་ལ་བསྟིམ་མོ། །ཉི་མ་ཐལ་དུས་གཡོན་པའི་སྡིགས་མཛུབ་དེ་ལྟར་བསྒོམ། །


CMR012_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རང་ཉིད་གཤིན་རྗེའི་སྣ་བུག་གཡས་ནས་རླུང་དང་འགྲོགས་ནས་ཁྲོ་ཆུང་ཚོན་གང་པ་དང་། ཡུངས་ཀར་ཙམ་པ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་སྤུ་གྲི་དང་། གཡོན་ལྕགས་ཀྱུའི་རྩེར་ཛ་དམར་ཡོད་པ་རྣམ་པར་འཕྲོས་ནས་དམིགས་བྱའི་སྣ་བུག་གཡོན་དུ་ཞུགས་ནས་ཁོའི་སྙིང་དཀོར་ནག་མཚམས་སུ་སྤུ་གྲིས་བཅད་ནས་སྙིང་གི་ནང་དུ་ཀྲྀ་ལྗང་གུ་ཞིག་ཡོད་པ་དེ་ལྕགས་ཀྱུའི་རྩེར་ཛ་དམར་པོ་ཡོད་པ་དེས་བླངས་ནས་སྣ་བུག་གཡས་ནས་ཚུར་བྱུང་ནས་རྨི་ཡིག་ལིངྒ་ལ་བསྟིམ་མོ། །ཡང་ཁྲོ་ཆུང་དང་ཕོ་ཉ་ལས་མཁན་རྣམས་རླུང་ནག་འཚུབ་མའི་རྟ་ལ་ཞོན་ནས་དགྲ་བོ་དེ་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་སྐེ་ནས་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམ། འཁོར་ལོ་རླུང་གི་ཤུགས་ཅན་གྱིས་འོག་ནས་བཏེག །བེ་ཅོན་གྱིས་སྤྱི་བོ་ནས་བརྡུང་། མུན་པ་ནག་པོས་མདུན་ནས་བསུས། ལས་ཀྱི་རླུང་ནག་འབར་བས་རང་དབང་མེད་པར་ཁྱེར་ནས་བྲུབ་ཁུང་དུ་ལིང་ངེ་འཕང་བར་བསྒོམ། ཡང་ལས་གཤིན་འཆི་བདག་ཚེ་བདག་སྲོག་བདག་གསུམ་གྱི་ངོ་བོ་ལ། རྣམ་པ་ལྕགས་ཀྱུ་དམར་ནག་དཔག་ཏུ་མེད་པར་གྱུར་ནས་སྟོང་གསུམ་ཐམས་ཅད་གང་བར་ཕར་རྒྱུག་


CMR012_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དམིགས་བྱའི་བླ་སྲོག་རྣམ་ཤེས་དེ་ཁོའི་སྙིང་གར་ཧཱུྃ་གི་རྣམ་པར་གནས་པ་དེ་ལྕགས་ཀྱུས་དྲངས་ལ་ལིངྒ་ལ་བསྟིམ། ཡང་ལྕགས་ཀྱུ་འཕྲོས་ནས་ཁོའི་བླ་སྲོག་རྣམ་ཤེས་ཨ་ཡིག་གི་ངོ་བོར་གནས་པ་ཚུར་དྲངས་ནས་ལིངྒ་ལ་བསྟིམ། ཡང་ལྕགས་ཀྱུ་འཕྲོས་པས་ཁོའི་རྣམ་ཤེས་ན་ཡིག་ཏུ་གནས་པ་བཀུག་ནས་ལིང་ལ་བསྟིམ་མོ། །དེ་ནས་འབོད་སྔགས་ལ་ཟད་སྔགས། བླ་འགུགས་སྔགས་འདི་བཏགས་ལ་དམིགས་པ་རྣམས་མ་ཡེངས་པར་བཟླས། ༼ཚ༽ བླ་འགུགས་སྔགས། དུ་ཏྲི་ཡི་སྔགས་བླ་འགུགས་གཉིས་གཅིག་།ཞྭ་ཛ་ཏིལ་པཾ་ཞེས་ཡིན་ཅེས་བཟླས་པས་རབ་ཞག་གསུམ་ཐ་མས་བདུན་ནས་རྟ་གླང་ཤ་བ་ལུག་ཁྱི་ཕག་སྟེ་བླ་ཆེན་དྲུག །བོང་བུ་དྲེལ་གཡག་བྱ་རི་དྭགས་རྣ་བ་སྤྱང་ཀི་སྤྲུལ་པ་དྲུག་གང་རིགས་འབྱུང་ངོ་། །བ་གླང་བྱུང་ན་རབ་ཡིན། བྱ་དང་རི་དྭགས་བྱུང་ན་ཤིན་ཏུ་མྱུར། གཡག་ལུག་བྱུང་ན་འབྲིང་ཙམ། རྟ་རྐྱང་དང་བོང་བུ་བྱུང་ན་འགྱང་པས་ད་རུང་དམིགས་པ་དང་སྔགས་ལ་འབད། རབ་དགྲ་བོ་དངོས་སམ་བླ་རྟགས་ཀྱི་སེམས་ཅན་དེ་དག་ལྕགས་ཀྱུས་བཟུང་བ་ཞགས་པས་བཏབ་པ་བཀྱིག་པ་ཁྲིད་དེ་བཙོན་རར་བཟུང་བ་ལ་སོགས་ཉམས་སྣང་རྨི་ལམ་དུ་འབྱུང་། དེ་བྱུང་མ་ཐག་ནས་


CMR012_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་ལ་ཐུན་བྲབ་ཁ་ཆོད་བཀབ་ལ་མི་ཕྱེ། ཐུན་ལམ་ཕུར་པས་བཅད། ཁུག་རྟགས་ལན་གསུམ་མམ་གསལ་པོ་མ་བྱུང་བར་དུ་རུང་། ཐུན་རྒྱབ་ཅིང་བཀུག་གཞུག་བསྐུལ་པ་བླ་འགུག་ལ་འབད་དོ། །དེ་ནས་ཟད་པ་བླ་སྲོག་འགུགས་པའི་ཐུན་མཚམས་ཐམས་ཅད་དུ་ལྷ་དང་དབྱེ་སྟེ། གཏོར་ཆུང་ཆུ་གཙང་གིས་བྲན་ལ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ། དགྲ་བོ་ལ་སྲུང་ཞིང་སྐྱོབ་པའི་ལྷ་སྲུང་རྣམས་ཀྱི་ཞལ་དུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཁྱེད་རྣམས་ཀྱིས་གཏོར་མ་འདི་བཞེས་ལ་དགྲ་བོ་འདི་ཡི་མགོན་བསྐྱབ་མ་མཛད་པར། དགྲ་བོ་འདི་གསོད་པའི་ཤན་པ་གྱིས་ཤིག །དམ་ཉམས་འདིས་སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། སྡོམ་པ་གསུམ་གྱི་དམ་ཚིག་ཉམས་མི་དགེ་མཚམས་མེད་སྤྱད། རྒྱུ་འབྲས་ལ་ལོག་པར་ལྟ་བ་ཆེ་འདི་ལ་ཡེ་ཤེས་པ་དང་འཇིག་རྟེན་གྱི་ལྷ་ཡིན་ཡང་མགོན་སྐྱབས་མ་བྱེད་ཅིག །གལ་ཏེ་བྱེད་ན་རྡུལ་ཕྲན་བཞིན་དུ་བརླག་ཏ་རེ། ཞེས་བརྗོད་ལ་གཏོར་མ་ཕྱིར་དོར། བདག་གི་ཐུགས་ཀ་ནས་རང་འདྲ་བའི་ཁྲོ་ཆུང་གྲངས་མེད་པ་སྤྲོས་ནས། ཁོའི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་བཞིན་དུ་ཕྱི་ལྕགས་རི་དང་རྒྱ་མཚོའི་


CMR012_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་མཐར་བསྐྲད་པར་བསམ། ཡང་བདག་མདུན་གཉིས་ལས་དུག་གི་འོད་ཟེར་མི་བཟད་པ་ཚ་ཞིང་རྩུབ་པ་འཕྲོས་པས་ལྷ་སྲུང་ཐམས་ཅད་བརྒྱལ་བར་བསམ། ཡང་དུག་གི་འོད་ཟེར་འཕྲོས་པས་བྱད་མ་ལྷ་སྲུང་དང་བཅས་པའི་སྙིང་གར་ཕོག །དུག་གི་འོད་ཟེར་གྱི་རང་བཞིན་གྱིས་ཁོའི་ལྷ་སྲུང་འཁོར་དང་བཅས་པ་མ་རྙེད་པས་ཁོའི་ལྷ་སྲུང་ཐམས་ཅད་བྲོས་པར་བསམ། ཁོའི་ལྷ་སྲུང་གི་མལ་དུ་གཤིན་རྗེ་ཐམས་ཅད་བསྡད་པས་དགྲ་བོའི་ཤ་ཁྲག་ཟ་བར་བྷེ། རང་ཉིད་གཤིན་རྗེའི་སྣ་བུག་གཡས་གཡོན་རླུང་སྦྱད་པ་དང་མཉམ་དུ་རང་འདྲའི་ཁྲོ་ཆུང་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པས་དགྲ་བོ་བྱེད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་གྲོག་ཚང་ལ་ཐོག་བརྒྱབ་པ་ལྟར་ནག་ཆོམས་སེ་བཏང་། ཁོང་རྣམས་ཀྱི་ཚེ་སྲོག་གི་དྭངས་མ་ཐམས་ཅད་འོད་ཟེར་གྱིས་རང་ལ་བསྟིམ། ཡང་རང་གི་རླུང་ལ་ཚེ་ཐོག་མ་མེད་པ་ནས་བསགས་པའི་དུག་ལྔ་པོ་དེ་གཟུངས་ཐག་གི་བརྒྱུད་ནས་ཕར་འོད་ཟེར་གྱི་རྣམ་པར་སོང་སྟེ་སྣལ་མ་དཀར་པོའི་བརྒྱུད་ནས་གཏི་མུག །ནག་པོ་ལ་ཞེ་སྡང་། སེར་པོ་ལ་ང་རྒྱལ། དམར་པོ་འདོད་ཆགས། ལྗང་གུའི་བརྒྱུད་ནས་ཕྲག་དོག་རྣམས་སོང་ནས་ཁོའི་དུག་ལྔ་དང་འདྲེས་པས་ཁོ་དུག་ལྔ་


CMR012_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ནས་བསྒྲལ་བའི་ཞིང་དུ་གྱུར་ནས། ཡང་ཁོས་ཚེ་ཐོག་མ་མེད་པ་ནས་བསགས་པའི་བསོད་ནམས་དང་ཡེ་ཤེས་ལྔ་པོའི་འོད་ཟེར་གྱི་རྣམ་པར་གཟུངས་ཐག་གི་རྒྱུད་ནས་ཚུར་བྱུང་། རང་གི་ཐུགས་ཀར་ཐིམ་པས་བསོད་ནམས་ཡེ་ཤེས་རྒྱས་པར་བྱེད། ཡང་ཁོའི་གནས་སུ་ལུས་ངག་ཡིད་གསུམ་གྱི་བྱིན་བརླབས་ནུས་མཐུ་ཐམས་ཅད་ཨོཾ་ཨཱཿཧཱུྃ་གི་རྣམ་པར་འདུས་པ་འོད་ཟེར་གྱིས་ཐག་ཐག་བླངས་ནས་རང་གི་གནས་གསུམ་དུ་ཐིམ། ཁོའི་བསོད་ནམས་ཡེ་ཤེས་ལྷ་དང་སྲུང་མ་ཐམས་ཅད་བྲལ་ཏེ། མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བསམས་ལ། དམིགས་པ་དེ་རྣམས་བཅས། འབོད་སྔགས་འདི་བཏགས་ལྷ་དབྱེའི་སྔགས་སོ། །ཞེས་ཐུན་མཚམས་ཐམས་ཅད་དུ་རྒྱབ་སྟེ་རྫོགས་པ་དང་། བྱ་རོག་འུག་པའི་སྒྲོ་གཉིས་ལག་གཡས་གཡོན་དུ་ཐོགས་ལ་ཡུངས་ཀར་སྔགས་ནས་ལག་པ་གཡས་ཀྱིས་བརྡེག །ཕྱག་གཡས་སོར་མོ་གནམ་ལྕགས་ཀྱི་སོར་མོ་ལྔ། གཡོན་སོར་མོ་དུག་གི་མཆོད་རྟེན་ལྔ་བསམ། རྣམ་ས་གཉིས་ལག་པའི་བར་དུ་དྲིལ། ཞེས་ལྷ་ལ་ཕུར་པ་བཏབ་པས་ལྷ་ཁྲོས་ནས་བདུད་དུ་བབ་པར་ལྷ་དང་དབྱེ་བར་བསམ། དེ་ནས་ལག་གཡས་སུ་ཕོ་རོག་དང་། གཡོན་དུ་འུག་པའི་སྒོ་


CMR012_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལིངྒ་དང་བཅས་པ་ཐོགས་ནས་སྔགས་དྲག་ཏུ་བཟླས་ནས་འཐབ་པའི་ཚུལ་དུ་ལན་གསུམ་རྡེབ་ལ། སྔར་ལྟར་བྲུབ་ཁུང་གི་གཡས་གཡོན་དུ་ཁ་ཕྱིར་བསྟན་ལ་བཙུགས་སོ། །རྟགས་ནི་ཤིང་གསེས་པ་དང་། བྲག་གསེས་པ་གས་པ། ཆུ་དུམ་བུར་བྱས་པ། ཆུ་དང་འོ་མ་ཕྱེས་པ། རྩྭ་དང་སྡུམ་བུ་ཕྱེས་པ་དང་། ནས་དང་འབྲུ་སོགས་འབྲུ་དང་སྙིགས་ཕྱེས་པ། བལ་དཀར་ནག་ཕྱེ་བ། ཤིང་གི་ཤུན་པ་བཤུས་པ། བཀབ་པའི་ཁེབ་མ་བཤུས་པ། གོ་ཆ་བཤུས་པ། རྒྱན་ཆ་བཏོག་པ་སོགས་འབྱུང་སྟེ། ལྷ་དབྱེ་དང་ལས་མྱུར་བར་གལ་ཆེ། དེ་ལྟར་རྗོད་པས་ཁུག་རྟགས་ལྷ་དང་ཕྱེས་རྟགས་གསལ་པོ་བྱུང་ནས། གསུམ་པ་བསད་པ་ནི། བདག་མདུན་དུ་བསྐྱེད་རིམ་ལུས་དཀྱིལ་དང་བཅས་པ་གསལ་བཏབ། བླ་འགུགས་དང་ལྷ་དབྱེ་ལན་བདུན་རེ་བཟླས། དེ་ནས་བྲུབ་ཁུང་ནང་ལྕགས་ཀྱི་སྡིག་པའི་ཁ་ནང་དུ་དགྲ་བོ་ཡོད་པ་ཕྱིར་སྡིག་པ་ཁ་བསྡམས་ནས་མགུལ་དབང་མེད་པ་ཁོའི་སྙིང་ནང་དུ་རལ་གྲིའི་འཁོར་ལོ་རྩིབས་དྲུག་པ་གཅིག་གཡོན་དུ་དྲག་ཏུ་འཁོར་བས་སྲོག་རྩ་དང་ནང་རོལ་གློ་སྙིང་ཐམས་ཅད་དམར་ཉིལ་ཉིལ་བཏང་བར་བྷེ། ཡང་རེས་འགའ་སྡིག་པའི་སྙིང་ནང་དུ་དམིགས་བྱ་བསམས་


CMR012_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོང་ལྟར་བྷྱོ། ཡང་ཁོའི་སྙིང་གར་ལྕགས་ཀྱི་འཁོར་ལོ་མུ་ཁྱུད་མེད་པ་རྩིབས་བཅུ་དྲུག་པ་གཡོན་དུ་འཁོར་ནས་ཕྱི་ནས་རྩིབས་ནང་དུ་བསྟན་པ་སྡུག་བུ་ལྟ་བུ་ཞིག་གཡས་སུ་སྒ་ར་ར་འཁོར་བས་ཤ་ཁྲག་སྙིང་སྲོག་ཐམས་ཅད་དམར་ཐ་ར་ར་བཅད་ཅིང་འཐོར་བར་བྷེ། འབོད་སྔགས་ལ་བསད་སྔགས་བཏགས་པ་བཟླས། ༼ཛི༽ བསད་སྔགས། ཞེས་བཟླས་པའི་གཞུང་དང་། དམིགས་པའི་གཞུང་དེ་ལ་བྱ། དེ་ནས་ཕུར་པ་བཏབ་སྟེ། རང་ཁྲོ་ཆུང་གསལ་གྲི་ལྕགས་ཕུར་པ་དེ་ལ་རང་འདྲ་བའི་གཤིན་རྗེར་གསལ་བས་དགྲ་བོ་མགོ་མཇུག་ལྡོག་སྟེ་གནས་པ་ལ་རྩ་དབུ་རྐྱང་རོ་གསུམ་སྦུ་གུ་རུག་གེ་ཡོད་པ་ལ་ཟུར་གསུམ་གྱིས་རྩ་གསུམ་གཤགས་ཏེ། ཕུར་པས་འོག་སྒོ་ནས་སྤྱི་བོར་འཛེར་ཏེ་གནས་པ་ལ་ཕུར་པའི་དབལ་གྱིས་དགྲ་བོའི་ལུས་ཀྱི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དྲག་ཏུ་འཁོར་བས། ཁོའི་ལུས་ངག་ཡིད་གསུམ་ལ་དམྱལ་དམྱལ་གཏོང་། ཤ་ཁྲག་དམར་སྤུང་ངེ་སོང་བ་རང་གི་དུག་གསུམ་གྱི་ངོ་བོ། གཤིན་རྗེ་ཨ་བ་གླང་གི་མགོ་དང་སྟག་མགོ་དང་ལུག་མགོ་སོགས་དང་། ཁོ་རང་གི་ལྷ་རྣམས་ཀྱང་གཤིན་རྗེའི་དམག་ཚོགས་སུ་གྱུར་ནས། ཁོ་རང་གི་ཤ་


CMR012_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གཏུབས་ནས་ཟོས་འཐུང་། ཀླད་ཁྲག་ལྡག་གཤིན་རྗེའི་ལས་མཁན་དེ་དག་ལ་སོགས་པ་མཚོན་ཆ་སྣ་ཚོགས་ཐོགས་པས་ལུས་ངག་ཡིད་གསུམ་གཤགས་གཏུབ་བརྡུང་། དལ་ཡམས་ནད་ཡམས་སྣ་ཚོགས་ཀྱི་ཆར་ཕབ། ཤ་ཟོས་ཁྲག་འཐུང་རུས་པ་མུར་ཀླད་པ་དང་རྐང་འཇིབ་ཅིང་རྡུལ་དུ་བརླག་པར་བསམ། ཁོའི་ཤ་ཁྲག་དང་བཅུད་ནུས་པས་གཟི་མདངས་ཐམས་ཅད་ཡར་དྲངས་ནས་ཕུར་པའི་སྐུ་ལ་ཐིམ་པས་སྐུ་ལུས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར། ༈ སྤྱི་བོར་མཚོན་ཆའི་འཁོར་ལོ་ཐམས་ཅད་ལ་མུ་ཁྱུད་མེད། །མུ་ཁྱུད་ནི་མི་མཁོ་དུས་རྩིས་ཀྱི་ཤུབ་རེ། དེ་བཞིན་དུ་སྤྱི་བོ་ནས་ཕུར་པ་བཏབ་སྟེ། སྙིང་ཁར་ཕུགས་ལ་སྔ་མ་བཞིན་དུ་དམིགས་སོ། །ཡང་སྐབས་སུ་རྣམ་ཤེས་ཀྲྀ་ལྗང་གུ་ལ་སོགས་ཞུ་ཨ་དཀར་པོར་གྱུར་ནས་ཕུར་པའི་ཁོང་སེང་ནས་ཡར་རིགས་གསུམ་མགོན་པོའི་ཐུགས་ཀར་ཐིམ་ནས་སངས་རྒྱས་པར་བསམ། དེ་ནས་སྐམ་ཐུན་རལ་གྲི་དང་སྤུ་གྲི་ཆུ་གྲི་མདའ་མདུང་དགྲ་སྟ་ཁཊཾ་སོགས་མཚོན་ཆ་སྣ་ཚོགས་དང་མེ་རླུང་འཚུབ་མ་རློན་ཐུན་ནད་དང་དུག་གི་ཆར་དུ་བསམ་ལ་བསྙེན་སྔགས་ལ་ཐུན་སྔགས་འདི་བཏགས་ལ་ཞེས་ཉེར་གཅིག་རེ་བཟླས་ཤིང་། རང་གཅེར་བུ་ཐལ་


CMR012_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བྱུག་དར་ནག་གི་ཐོད་བཅིངས། དཀྱིལ་འཁོར་ལ་གཡོན་བསྐོར་ལྔ་བཅུ་ང་གཅིག་གམ་ཡང་ན་ཉེར་གཅིག་བདུན་སོགས་ཐུན་སྔགས་དུ་བཟླས་ཀྱི་གྲངས་བྱས་ལ་ཁ་ཕྱིར་བལྟས་ལ་ཐུན་དུ་བརྡེག་ཅིང་སྲོག་ནིའམ་ཏྲི་མར་མེ་ལྟ་བུའི་དེ་ནག་ཐུ་ཐུ་སོང་བར་བསམ། སྲིད་པ་གསུམ་གྱི་གཤིན་རྗེའི་སོགས་ནས་མྱུར་དུ་ཁུག་ཅིག་བར་ཅེས་ཐུན་བརྡེག་དུས་དྲག་ཏུ་བརྗོད༔ དེ་ནས་ཐུན་ལམ་ཕུར་པས་བཅད་དོ། །དེ་ནས་གཏོར་ཆུང་བཤམས་ལ་སྤམ་ནག་གི་ལིང་ཡིག་གྲི་ལྕགས་ཀྱི་མཚོན་གྱིས་ཁར་བཞག་ལ། གཏོར་ཐུན་གཏོར་མར་བླུག ། ཡང་ལིངྒ་བྲིས་དེ་འདྲ་ལན་གསུམ་བྱ། དགྲ་བོའི་ཤ་ཁྲག་ཏུ་དམིགས་ནས། ཧཱུྃ་ཕྱོགས་ཕྱོགས་དག་ཀྱང་༴ ཞེས་སོགས་བསྐུལ་ཆེན་རྔ་བརྡུང་རོལ་མོ་དང་བཅས་དགྲ་བོའི་ཕྱོགས་སུ་འབུལ་ལམ་ཐུན་ཁུང་ཟུར་དུ་འབུལ་ལོ། །གཤིན་རྗེ་ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་ལྷ་སྲིན་སྡེ་བརྒྱད་སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་གཤིན་རྗེ་བྱེ་བ་དགུ་ཁྲི་དགུ་འབུམ་དང་བཅས་པ་རྣམས་ཀྱིས་གཏོར་མ་དང་དབྱེར་མེད་པའི་དགྲ་བོ་བྱད་མའི་ཤ་ཟོས། ཁྲག་འཐུང་། རྐང་ཀླད་འཇིབ་སླ་བ་མུར་ཏིལ་འབྲུ་ཙམ་ཡང་མ་ལུས་པར་བསམ། འདིར་རང་གི་རྡོ་རྗེ་སློབ་


CMR012_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བྲུབ་ན་མཚམས་མེད་ཀྱི་ལས་ཡིན་པས་གཏན་ནས་མི་རུང་གལ་ཏེ་ལས་དབང་གིས་དགྲ་རུ་ལང་ན་ལན་དགུས་བར་དུ་བཤགས་པ་བྱ་ཞིང་ཞབས་ལ་གཏུགས། ད་རུང་མ་གནང་ཞིང་ཚུར་བྲུབ་ན། རང་ཉིད་སྲུང་འཁོར་བརྩོན་པར་བྱ། བསད་ལས་ལྟ་ཅི་སྨོས་བཟློག་ཀྱང་མི་རུང་ངོ་། །རང་གི་རྡོ་རྗེ་སློབ་དཔོན་ལྟ་བ་ལ་སོགས་ཏེ་མུ་སྟེགས་ཆད་ལྟར་སོང་ཡང་བྲུབ་མི་རུང་། གལ་ཏེ་བྲུབ་ན་གསང་སྔགས་གི་དམ་ཚིག་ཐམས་ཅད་ཉམས་ནས་ལས་མི་འགྲུབ་པའི་སྟེང་དུ་རང་ཉིད་བསྒྲལ་བའི་ཞིང་དུ་གྱུར་ནས་གཤིན་རྗེ་རིང་ལ་བཟློག་གོ །རང་ཉིད་བླ་མ་ལ་བསམ་པ་མ་ལོག་པར་སངས་རྒྱས་ཀྱི་འདུ་ཤེས་བྱ་བ་གཞན་གྱིས་དཀྲུག་པ་སོགས་ཀྱིས་རྐྱེན་ངན་ལས་ཀྱི་དབང་གིས་བླ་མའི་འཕྲོད་པ་དང་བསྐྱོན་པར་བྱས་ཀྱང་སྐྱོན་མེད་དོ། །ཏི་ལོས་ནཱ་རོ་ལ་རྔན་ཆེན་བྱེད་པ་ལྟར་སྣང་བ་མར་པ་དང་མི་ལ་ཕག་གྲུའི་ཐུགས་ལ་སྐྱོ་བ་མི་འཕྲོད་པ་ལྟར་སྣང་ཡང་། བརྒྱུད་པ་དེ་དག་ཟིན་པ་དང་དབྱིབས་འདྲ། འདིར་རྡོ་རྗེ་སློབ་དཔོན་ཟེར་བ་ནི་རང་གི་རྡོ་རྗེ་སློབ་དཔོན་ཡིན། །རང་ལ་ཆོས་འབྲེལ་མེད་ཅིང་རྡོ་རྗེ་སློབ་དཔོན་གྱི་གོ་སར་གནས་པས་རང་ལ་ཉེས་མེད་པར་དགྲ་རུ་ལང་ན་ཁོའི་སྙིང་ནང་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་ཁ་


CMR012_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་བ་རྭ་རྣམས་རྣོ་ངར་དང་ལྡན་པ་གཡོན་དུ་འཁོར་བས་ལུས་སྲོག་རྡུལ་དུ་བརླགས་པར་བྷེ། བསད་སྔགས་བཟླས་ཤིང་ཐུན་གྱིས་བྲབ། ༈ བཙན་པོ་དང་འགྲས་ན་ཁོའི་སྙིང་ནང་རུས་སྦལ་ནག་པོ་ཞིག་གིས་ཟོས་ནས་སྲོག་ཐམས་ཅད་རལ་གྲིས་བཅད་པ་ལྟར་བསམ་ཞིང་། རཱ་ཛ་ནི་ཇ་ཐུ་རིལ་མཱ་ར་ཡ་རྦད། ༈ སློབ་མ་དམ་ཚིག་ཅན་གཞན་གྱི་ཕྲ་མའམ། རྣམ་འགྱུར་ཅུང་ཟད་རེ་ལ་ལས་བརྩམ་ན་རང་ཉིད་དམྱལ་བར་ལྟུང་བར་འགྱུར་ཏེ། བླ་སློབ་གཉིས་ཀས་དམ་ཚིག་སྲུང་དགོས་པའོ། །སློབ་མ་དམ་ཉམས་ངོ་ཤེས་པས་རང་ལ་ཤིན་ཏུ་དགྲར་ལང་ན་སྔར་སློབ་དཔོན་གྱིས་ཕོག་པའི་དམ་ཚིག་སེམས་དཔའ་དེ་ལྕག་སྡིག་མགོ་དགུ་པར་གྱུར་ནས་སྲོག་རྩ་རྣམས་བཅད་ནས་ཟོས་པར་བསམས་ལ། རྡོ་རྗེ་སློབ་དཔོན་དཔང་དུ་ཡང་བཙུགས་ནས་ཕུར་པ་ཡང་གདབ། སྲོག་ལ་ཧུར་ཐུ་མཱ་ར་ཡ་ཟད། ༈ དམ་ཚིག་གཅིག་པའི་གྲོགས་པོ་དང་འགྲས་ན་ལན་གསུམ་བཤགས་པ་བྱེད་དེ། མ་བྱས་ན་རང་དམ་ཚིག་ཉམས་ཆག་ཐམས་ཅད་དཀྲུག་ཅིང་ཕྲ་མ་བྱུང་ན་དག་འདོན་བྱ། དེས་མ་ཆོག་ན་རང་ལ་དགྲ་རུ་ལང་ཁོའི་སྙིང་དེ་བསེའི་སྦལ་པ་དམར་པོ་གཅིག་གིས་གཏུབ་ནས་ཟ་བར་


CMR012_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ། སྲོག་ལ་ཧུར་ཐུ་ཡཾ་ཐུན་རྨུག་མཱ་ར་ཡ་རྦད། ཅེས་དམེ་ཁྲག་དང་དུག་ཁྲག་གི་ཐུན་བྲབ། ༈ སྔགས་པ་ནག་པོ་དང་འགྲས་ན། ཁོའི་སྙིང་དེ་ཕག་རྒོད་ཀྱིས་ཟོས་པར་བསམས་ལ། སྲོག་ལ་རྦ་ཛ་ཐུན་སྨུག་མཱ་ར་ཡ་རྦད། དེ་ལྟར་སྔགས་དེ་དྲུག་པོ་བསད་སྔགས་ལ་བཏགས་ནས་བཟླས་ཐུན་གྱིས་བྲབ། དེ་ནས་གཏོར་ཆུང་བྲན་ལ་དགྲ་བོའི་ཤ་ཁྲག་ཏུ་བསམས་ལ། ༼ཞ༽ ཨེ་ཡ་བྷྱོ༔ དགྲ་བགེགས་བསྒྲལ་བའི་ལས་འདི་སོགས། ཞེས་སོགས་བསྐུལ་པ་དེ་འདོན། བསྐུལ་དང་དམིགས་པ་གོང་མ་དེས་འགྲེས་བཤང་། འདི་ཐུན་རེ་རེའམ། གསུམ་མམ་བྱེད་ཕ་རོལ་ནུས་པ་དང་བསྟུན་ནོ། །ཡང་ཐུན་ཆུང་ཞིག་ལ་འདི་བྱའོ། །བྲུབ་ཁུང་ནང་གི་དགྲ་བོའི་སྙིང་ཁའི་ཁྲག་གི་སྦལ་པ་བྱེའུ་ལེབ་མའི་མགོ་ཙམ་གྱི་དབུས་ཀྲྀ་ལྗང་གུ་དང་བཅས་པ་གསལ་བཏབ། ལས་ཀྱི་གཤིན་རྗེས་དེ་ལྟ་བུ་དངོས་སུ་ཁྲིད་བྱུང་ནས་ལིངྒ་ལ་བསྟིམ། དེ་ནས་སྔགས་བཟླས་པའི་འུར་སྒྲ་ཚག་སྒྲ་འབྲུག་ལྟར། བདག་མདུན་ཐམས་ཅད་ཀྱི་བཟླས་པའི་སྒྲ་དང་སྔགས་ཀྱི་འོད་ཟེར་ཚ་ལ་རྩུབ་པ་འཕྲོས་ནས་དགྲ་བོ་ལ་ཕོག་པས་སྤྱི་བོ་ནས་ལྷའི་བདུད། འབྱུང་བ་ས་ཡི་རང་བཞིན་ཁ་དོག་སེར་པོ་བུང་བས་མེ་ཏོག་


CMR012_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འཇིབ་པ་ལྟ་བུ་དེ་ལ་ཕོག་པས། བདུད་དེ་སྐག་ནས་ཞེ་སྡང་ལང་ནས་ཚངས་བུག་གི་རྩ་འཁོར་ཐམས་ཅད་ཧྲག་ཧྲག་བཅད་པའི་དྭངས་མ་བསྡུས། མགྲིན་པའི་ཆུ་ལ་བསྟིམ༔ ཡང་སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས། མགྲིན་པར་ཉོན་མོངས་པའི་ཆུའི་རང་བཞིན་ཁ་དོག་དམར་པོ་སྡིག་པ་བྲག་ལ་འགྲད་པ་འདྲ་བ་དེ་ལ་ཕོག །བདུད་དེ་སྐྲག་ནས་དྲན་པ་ལང་ནས་རྩེའུ་ཆུང་གིས་རྩ་རྣམས་རྦད་རྦད་བཅད་པས་ཁོ་ཁྲག་ཏུ་སྐྱུག་པར་བསམ། ཆུའི་དྭངས་མ་བསྡུས་ཏེ་ལྟེ་བའི་མེ་ལ་བསྟིམ་ཡང་སྔགས་སྒྲ་དང་འོད་ཟེར་འཕྲོས་པས་ཁོའི་ལྟེ་བར་ཕུང་པོའི་བདུད་མེའི་རང་བཞིན་ལ་ཁ་དོག་དུད་ཁ་སྡོམ་སྦ་ར་འདྲ་བ་དེ་ལ་ཕོག་པས་བདུད་དེ་སྐུག་ནས་ཚིག་པ་ཤིན་ཏུ་ཟ་ནས་ལྟེ་བའི་རྩ་མདུད་ཧྲག་ཧྲག་བཅད་པས་ལུས་ཀྱི་དྲན་པ་གཏོར། །མེའི་དྭངས་མ་བསྡུས་ཏེ་སྙིང་གའི་རླུང་ལ་བསྟིམ་ཡང་སྔགས་སྒྲ་དང་འོད་ཟེར་སྙིང་གར་ཕོག་པས། འཆི་བདག་གི་བདུད་འབྱུང་བ་རླུང་གི་རང་བཞིན་ཁ་དོག་ནག་པོ། གྱད་སྟོབས་ཆེན་འདོམས་བསྒྲད་པའི་ཚུལ་ཅན་ལ་ཕོག་པས། ཁོ་སྐུག་ནས་ཁྲོས་ཏེ་ལག་པས་རོ་རྐྱང་གཉིས་ནས་བཟུང་ནས་སྲོག་གི་རྩ་མདུད་ཐམས་ཅད་ཧྲག་ཧྲག་བཅད་པས། ཁྲག་གི་སྦལ་པ་ཞུ་བས་


CMR012_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རྣམ་པར་ཤེས་པ་ལ་ཐིམ་སྟེ། ཐུན་རྒྱབ་པས་ནི་ལྗང་གུ་འོད་དང་བཅས་པ་དེ་མར་མེ་བསད་པ་ལྟར་ནག་ཤྲཱི་ཐུ་སོང་བར་བསམས་ལ་བསད་སྔགས་མཇུག་ཏུ། ཡ་མ་དགྲ་བོའི་སྲོག་ལ་རྦད་རྦད། ནག་པོ་ཙིཏྟ་རྦད། དུ་ཏྲི་རྭ་ཙ་རྦད། ཡ་མ་ཛ་ཛ། སྲོག་ལ་བྲེང་བྲེང་། རྩ་ཐིག་སྲོག་ཐིག་རྦད། སྙིང་ཐིག་ལཾ་ལཾ། ཁཾ་ཁཾ། རཾ་རཾ། ཡཾ་ཡཾ། དགྲ་བོ་བྱད་མའི་སྲོག་སྙིང་དུ་སོད། ཡང་ན། ཨེ་ཨེ། ཡཾ་ཡཾ། རཾ་རཾ། ཐཾ་ཐཾ། ལཾ་ལཾ། སུཾ་སུཾ། དགྲ་བགེགས་སརྦ་ཤ་ཏུན་མཱ་ར་ཡ་རྦད་རྦད། ཅེས་ཕྱི་འབྱུང་བ་རང་ལུགས་སུ་བཤིག་པ་དང་། སུཾ་སུཾ། ལཾ་ལཾ། ཐཾ་ཐཾ། རཾ་རཾ། ཡཾ་ཡཾ། ཨེ་ཨེ། དགྲ་བོ་སརྦ་ཤ་ཏན་ཏྲིག་ནན་མཱ་ར་ཡ་རྦད་རྦད་སྤྱད་སྤྱད། ཅེས་པ་ནང་འབྱུང་བ་གོ་ལོག་དང་། སུཾ་སུཾ། ཨེ་ཨེ། ལཾ་ལཾ། རཾ་རཾ། ཐཾ་ཐཾ། ཨེ་ཨེ། ཡཾ། ཡཾ། ཡ་ཡ། མ་མ། ར་ར་སྲོག་ནན་སརྦ་ཤ་ཏུན་མཱ་ར་ཡ་རྦད་རྦད་སྦུད་སྦྱད། ཅེས་གསང་བ་དཀྲུག་པ་རྣམས་གང་ཡང་རུང་། །འབོད་སྔགས་ལ་བཏགས་ཏེ། གོང་གི་དམིགས་པ་དང་བསྟུན་ནོ། །།དེ་ནས་ཐུན་མཚམས་སུ་གཏོར་མ་ཡོད་དམ་མེད་ཀྱང་རུང་སྟེ། ཨེ་ཡ་བྷྱོ༔ ཞེ་སྡང་མེ་ལྟར་འབར་བའི་སོགས་


CMR012_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། དེ་དྲག་ཏུ་བྱའོ། །ཡང་ན། ཨེ་ཨེ་དགྲ་བགེགས་ཧུར་ཐུ་ཛ། ཨོཾ་ཏྲིག་ནན་སརྦ་ཤ་ཏུན་ཨ་མཱ་ར་ཡ་སྦྱད་སྦྱད་ཡ། དེ་བཞིན་དུ་ཡཾ་ཡཾ། རཾ་རཾ་དང་། བཻ་བོ་དང་། ལོ་ལཾ་དང་། སུཾ་སུ་དང་། དེ་རྣམས་ཨེའི་མལ་དུ་བཅུག་ལ་བསད་སྔགས་ཤཾ་བུར་བཏགས་ནས་གོང་གི་འབྱུང་བའི་དམིགས་པས་བསྟུན་ཤིང་རེས་མོས་སུ་བཟླས་པས་ནི་འབྱུང་བ་སྒོས་སུ་བཤིགས་པའོ། །དེ་ནས་དགོང་མོའི་ཐུན་ལ་མདུན་གྱི་ཧོམ་ཁུང་གྲུ་གསུམ་འོག་གཞི་ནི་དམྱལ་ཁམས་རྡོ་རྗེ་གདན་ལ་ཐུག་པའི་འོག་རྒྱ་མཚོ་ཆེན་པོའི་ནང་ནས་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཛ། དུག་གསུམ་ཁྲོས་པའི་དབུ་གསུམ། གཡས་སེང་གེ །གཡོན་ཕག །དབུས་ཆུ་སྲིན། ཞལ་ཡ་ཁ་གནམ། མ་ཁ་ས། མཆེ་བ་སྤུ་གྲི་ལྟར་རྣོ་བ་ཡར་ཁ་གདངས་ནས་ཡོད་པར་བསྒོམ། དེའི་བྲུབ་ཁུང་གི་ནང་དུ་དགྲ་བོ་གན་རྐྱལ་མགོ་ཆུ་སྲིན་གྲེ་བར་ཚུད་པ། རྐང་མཐིལ་ཕྱིར་བསྟན་ཡོད་པའི་ཀླད་པའི་ནང་དུ་འཆི་བདག་གི་བདུད་ནག་པོས་འཁོར་ལོ་རྣོ་བའི་ངར་ལྡན་སྤུ་གྲི་གཡས་སུ་བསྐོར་བས་ཁོའི་ལུས་ཀྱི་ནུས་པ་དང་ཚེ་སྲོག་བཅད་པས་མགོ་བཅད་ནས་ཆུ་སྲིན་གྱིས་མིད་པར་བྱས། མགྲིན་པར་ཉོན་མོངས་པའི་བདུད་དམར་


CMR012_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པོས་མེ་ཡི་འཁོར་ལོ་བསྐོར་བས་ཁོའི་ངག་གི་ནུས་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་བཞིན་དུ་སོང་། མགྲིན་པ་ཆད་ནས་མིད་པར་བསམ། སྙིང་གར་ལྷའི་བུའི་བདུད་དཀར་པོས་གསེར་གྱི་འཁོར་ལོ་བསྐོར་བས་ཡིད་ཀྱི་ནུས་པ་ཐམས་ཅད་སྙིང་ག་ཡན་ཆད་ནས་མིད་པར་བསམ། ལྟེ་བར་ཕུང་བདུད་སེར་པོས་རླུང་གི་འཁོར་ལོ་བསྐོར་བས་ལུས་ངག་ཡིད་གསུམ་གྱི་ནུས་པ་ཐམས་ཅད་བཅོམ། །སྲོག་རྩ་ཁྲག་རྩ་སྙིང་རྩ་ཐམས་ཅད་དམར་ཉི་ལི་ལི་བཏང་། ལྟེ་བ་མན་ཆད་སྐྱིད་པར་བསམས་ནས་བསད་སྔགས་ཤམ་བུ། ༼འ༽ དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀྟ༔ དགྲ་བོ་བྱད་མའི་སྲོག་རྩ་ཁྲག་ཐིག་སྙིང་བྱུང་། ཡ་མ་དགྲ་བོའི་སྲོག་ལ་ཤག་རྦད། ཤི་ན་རཀཱ་ཁ་ཐཾ། དགྲ་བོའི་སྲོག་ལ་ཛ་ཛ༔ ཡ་མ་དགྲ་བོའི་རྩ་ཁྲག་ཙིཏྟ་ཕྱུང་། དགྲ་བོའི་སྲོག་ལ་ཐུ་རིལ་ཛ། དགྲ་བོའི་སྲོག་ལ་ཐུ་རིལ་རྦད། དགྲ་བོའི་སྲོག་ལ་ཏྲི་ཤག་ཛ༔ དགྲ་བོའི་སྲོག་ལ་བི་རིལ་རྦད་རྦད། ཡ་མ་དགྲ་བོའི་སྲོག་ལ་ཛ་ཛ་རྦད་རྦད། ཅེས་བཏགས་ལ་བཟླས། ཐུན་བྲབ། སྤྲོ་ན་གཏོར་ཆུང་བྲན་ལ་ཟོར་ལས་འགབ་ཀྱིས་བསྐུལ། ས་རིམ་པ་དགུ་ནས་སོང་ནས་ཞལ་དུ་བསྟབས་སོ་གྱུར་སྐྱིད་ཐོངས། རྗེས་སོགས་བསྐུལ་པ་


CMR012_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བྱ་ཞིང་ཡང་སྔར་ལྟར་བསྒོམས་ནས། ཁོའི་སྤྱི་བོ་དང་མགྲིན་པའི་འཁོར་ལོ་གཡས་སུ་འཁོར། སྙིང་ག་དང་ལྟེ་བའི་འཁོར་ལོ་གཡོན་དུ་འཁོར་བས་ཤ་ཁྲག་ཐམས་ཅད་གཏུབས་ནས་ཆུ་སྲིན་གྱི་ཞལ་དུ་གྱུར་མིད་དུ་སོང་། ཆུ་སྲིན་གདོང་ཅན་དེ་ས་རིམ་པ་དགུའི་མར་ཞབས་སུ་མནར་མེད་གཤིན་རྗེའི་ཡུལ་དུ་སོང་བར་བསམ། ༈ ཡང་ཐུན་མཚམས་སུ་བྱད་མ་དང་། དགྲ་བོའི་སྲུང་ཟློག་མཁན་ཐམས་ཅད་རང་གི་མལ་འོག་གི་ལིང་ལ་བཀུག་གཞུག་བྱས། ཁོ་གན་རྐྱལ་ལྕེའི་བྲང་ཁྱབ་པའི་ལྕེ་རྩར་རྡོ་རྗེ་རྒྱ་གྲམ་གྱིས་མནན་ནས་ཀྱང་འགུལ་དབང་མེད་པར་བསམ། རང་གི་སྐུ་སྨད་གནམ་ལྕགས་འབར་བའི་ཕུར་པ་ལྕེའི་དཀྱིལ་ནས་སྙིང་གར་ཕུགས་ཏེ་དབང་ཆེན་གསེར་གྱི་ས་གཞི་ལ་འཛེར་ཞིང་། ཕུར་པའི་དབལ་གྱི་ཕྱི། ལྕེའི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྣོ་ངར་དང་ལྡན་པ་ཅིག་དྲག་ཏུ་འཁོར་ནས་ཁོའི་ངག་གི་ནུས་པ་དང་ལྕེ་དང་བཅས་པ་དམར་ཉི་ལི་ལི་གཏུབས་པར་བསམས་ལ། རྩ་སྔགས་ཤམ་དུ། དུ་ཏྲི་ཡ་མ་རཱ་ཛ༔ ཀཱ་ཡ་སྟམྦྷ་ཡ་ནན། ཡ་མ་རཀྲུ་ཀྲོ་དྷ་པ་ཙ་བྱད་མའི་ཝཱཀྐ་སྟམྦྷ་ཡ་ནན། སརྦ་དུཏྟཾ་བྱད་མའི་དྲག་པོ་སྟམྦྷ་ཡ་ནན། གནོད་བྱེད་བྱེད་མ་ཨེ་ཛ་བྷྱོ༔ ཤ་


CMR012_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྒྱའམ་ཉེར་གཅིག་སོགས་བྱད་མའམ་ཁོའི་སྲུང་ཟློག་མཁན་གྱི་ནུས་པ་དང་བསྟུན་ནས་མང་ཉུང་བཟླ་ལུགས་བྱེད། དེ་ལྟར་ཐུན་དུ་གཅོད་ཅིང་དམིགས་པ་གསལ་བས། ཞེ་སྡང་དང་བཅས་ནས་སྔགས་དྲག་ཏུ་བཟླས་པས་རྟགས་ནི། མགོ་ཆད་པ་དང་། སྙིང་ཟོས་པ་དང་། རུས་པ་འཆའ་བ། ཤ་དྲོན་མོ་ཟོས་ནས། ཁྲག་དྲོན་མོ་བཏུང་། མགོ་དང་པགས་པ་རྣམས་སྐམ་པོར་ཁྱེར་བྱུང་ནས་སྟེར་བ། ཤ་ཁུར་པ་བཙོ་བསྲེགས་བྱས་པ། དགྲ་བོ་དངོས་སུ་བསད་པ། དགྲ་བོ་དངོས་ཀྱི་གློ་སྙིང་ཕྱུང་བ། རི་དྭགས་ལ་སོགས་བླ་རྟགས་ཐམས་ཅད་བསད་པ། ཤ་ཁྲག་ཟ་འཐུང་བྱས་པ་ཁྱད་པར་དགྲ་བོ་དངོས་ཀྱི་ཤན་པ་མི་དམར་གཤིན་རྗེ་རང་འདྲ་བ་མང་པོ་མང་པོ་ཟ་བ། ཤའི་རིགས་མང་པོ་ཁྱེར་ནས་བྱུང་བ། བྲུབ་ཁུང་དུ་སྐད་ངན་ཆེན་པོ་འདོན་པ་སོགས། སོད་རྟགས་ཞག་བདུན་ཚུན་ལ་ཡོང་ཞིང་། སོད་རྟགས་གསལ་ཞིང་བརྟན་པོ་མ་བྱུང་བར་དུ་སྒྲུབ་ཚད་ནི་དགྲ་མང་དུ་ཡོད་ན། དགྲ་དུ་ཡོད་ཀྱི་མགོ་ལྤགས་གློ་སྙིང་ཁྱེར་བྱུང་བ་དང་། ལྷ་སྲིན་སྡེ་བརྒྱད་མངོན་དུ་འོང་ནས་སེམས་ཅན་སྣ་ཚོགས་སོ་སོ་ནས་བསད་པ་དང་ཞག་བདུན་མི་དགྲ་བོ་གང་ཡིན་ལིངྒ་ལ་


CMR012_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གང་དྲན་བྲིས་པ་རྣམས། གཤིན་རྗེའི་ཚོགས་དང་སྤྱང་ཀི་འཕར་བ། སྟག་གཟིག་དོམ་དྲེད་ལྕེ་སྤྱང་རྣམས་ཀྱིས་དགྲའི་མིང་རུས་བརྗོད་ཅིང་ཟ་བ། རབ་དངོས། །འབྲིང་ཉམས། ཐ་མ་རྨི་ལམ་དུ་འབྱུང་ངོ་། །དངོས་གཞིའོ། །གསུམ་པ་རྗེས་ནི། ལིངྒ་ཆེ་བ་དེ་ཕུར་པས་དམ་དུ་བཏབ་ནས། གྲི་ལྕགས་ཀྱིས་མཚོན་གྱིས་བཏུབ། ཐུན་གྱིས་བྲབ་ཐོ་བས་བརྡུང་། ཞལ་བསྟབ་བྱ་བ་རྣམས་རང་གཞུང་ལྟར་རྒྱས་པར་བྱ། དམར་གཏོར་བཟང་པོ་ཟན་ལིང་ལིང་རོ་སྤྲུག་པ་སྨན་རཀ་བཅས་བཤམས་ལ་བསྐུལ་པ་ཤེས་ཚད་དྲག་ཏུ་བྱའོ། །བཞེས་འབོད་དང་དམོད་མོ་ཤེས་ཚད་བྱ། དེ་ནས་ལིང་རོ་སྦྱིན་བསྲེག་བྱ། ཐལ་བ་ཆ་གཅིག་སྒྲུབ་གཏོར་དུ་བླུགས། ཆ་གཅིག་ཟོར་དུ་འཕང་ངོ་། །ཐལ་བ་ཆ་གཅིག་དང་ལིང་རོ་འགའ་ཞིག་མནན་པ་བྱ་སྟེ། དེ་གསུམ་གུད་དུ་གསལ་ལོ། །ས་མཱ་ཡ། ཁ་ཐཾ། རྒྱ་རྒྱ་རྒྱ། གུ་བྱ། ཞེས་པ་འདི་བསྟན་པ་རིན་ཆེན་ཉམས་དམའ་བ་ལ། བསམས་ནས་སྔགས་ནག་ཀརྨ་ཨ་རཱ་གས་གསལ་བར་བཀོད་པ་ཡིན་ནོ། །ཧ་ཅང་གསལ་དྲགས་ནས་ལས་གཤིན་གྱི་སྒྲུབ་པ་ཐམས་ཅད་ཀྱི་སྙིང་པོ་ལྟ་བུར་གྱུར་ཞིང་སྡིག་པ་ཡང་མང་དུ་སོང་བར་འགྲོ་


CMR012_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྨིས་ལྟས་བྱུང་བས། འཁྲུགས་ཅུང་ཟད་རེ་མ་བསྡབ་པ་དང་། མི་གསལ་བའི་ཞལ་ཤེས་འགའ་རེ་མ་བྲིས་སོ། །མ་ཡིག་བུ་ཡིག་འགའ་ཡི་གེ་གཏོར་ནས་ཡོད་པས་སློབ་དཔོན་བསྟེན་པ་གལ་ཆེའོ།། ༈ ཨེ་མ་གནམ་ལྕགས་དུག་སྡོང་འབར་བ་བསྟན་དགྲའི་གཤེད། །མཚན་དོན་མཐུན་པར་ཀུན་གྱིས་ཆ་མཆིས་ཀྱང་། །འགའ་ཞིག་ཡིག་ནག་བསོགས་ཀྱང་རྒྱུད་པས་དབེན། །དཔེར་ན་དབུལ་པོས་རྒྱལ་པོར་བསྒོ་བ་བཞིན། །འགའ་ཞིག་བཀའ་ལུང་ཐོབ་ཀྱང་ཕྱག་ཁྲིད་མེད། །དཔེར་ན་ཕྱུག་པོའི་ལྡེའུ་མིག་སྟོར་བ་བཞིན། །འགའ་ཞིག་གཉིས་ཀ་འགྲུབ་ཀྱང་བསྙེན་སྒྲུབ་མེད། །དཔེར་ན་བྱིསྦས་དཔའ་བོར་ཁས་ལེན་བཞིན། །འགའ་ཞིག་དེ་དག་འཛོམ་ཡང་དམ་ཚིག་མེད། །དཔེར་ན་ཁ་ཟས་དུག་དང་འདྲེས་པ་བཞིན། །དེ་ཕྱིར་བསྟན་པ་བསྲུང་ནུས་སྔགས་པ་དཀོན། །དེ་ཕྱིར་བསྟན་པ་མི་གཉེན་ཀུན་གྱིས་བརྙས། །དུས་སྤྱོད་འདི་ལ་བདག་གིས་མ་བཟོད་ནས། །སྲོག་སྒྲུབ་སྤུ་གྲི་གསལ་བར་བཀོད་པ་འདི། །ཉེས་འགལ་མཆིས་ན་འཇམ་དབྱངས་ཉིད་ལ་བཤགས། །དགེ་བས་བསྟན་དགྲ་མ་ལུས་དྲུང་ཕྱུངས་ནས། །ཐུབ་བསྟན་མི་ནུབ་འཛམ་གླིང་རྒྱན་དུ་ཤོག །སརྦ་


CMR012_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱབ་ས་སོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ལས་མཐའ་གཤིན་རྗེའི་སྲོག་སྒྲུབ་ཆེན་མོ་དགྲ་བོ་གནད་ལ་དབབ་པ།no next