Nitartha Digital Library
Tibetan
 
previousཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པའི་རྟེན། next

ཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པའི་རྟེན།


DTG082_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་མ་ཡིན་མི་ལྡན་པ་མ་ཡིན་ཏེ། གཟུགས་མེད་པ་དང༌། བསྟན་དུ་མེད་པ་དང༌། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། རྟོག་པ་མེད་པ་དང༌། རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་ཆགས་པ་མེད་པ་ཉིད་དང༌། ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྟོགས་པར་བྱའོ་ཞེས་བྱ་བ་ནི་ཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པའི་རྟེན་ཡིན་ནོ། །འདི་དག་གིས་ནི་སྒྲུབ་པའི་རྟེན་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཆོས་ཐམས་ཅད་ཀྱི་ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བགྱི། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


DTG082_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཁ་ན་མ་ཐོ་བ་དང་བཅས་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་དག་སྟེ། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང༌། ཆོས་དེ་དག་ཐམས་ཅད་ཀྱི་ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་འདི་དག་རྟོགས་པར་བྱའོ་ཞེས་བྱ་བ་ནི་དམིགས་པའི་རང་གི་ངོ་བོ་ཡིན་ནོ། །


previousཡེ་ཤེས་ལྷུན་གྱིས་གྲུབ་པར་འཇུག་པའི་རྟེན། next