Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
བྱ་བྲལ་སངས་རྒྱས་རྡོ་རྗེས་མཛད་པའི་མཆོད་རྟེན་བཞེངས་པ་དང་ཕྱག་མཆོད་བསྐོར་བ་སྨོན་ལམ་སོགས་ཀྱི་ཕན་ཡོན་མདོར་བསྡུས།
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousབྱ་བྲལ་སངས་རྒྱས་རྡོ་རྗེས་མཛད་པའི་མཆོད་རྟེན་བཞེངས་པ་དང་ཕྱག་མཆོད་བསྐོར་བ་སྨོན་ལམ་སོགས་ཀྱི་ཕན་ཡོན་མདོར་བསྡུས།next

བྱ་བྲལ་སངས་རྒྱས་རྡོ་རྗེས་མཛད་པའི་མཆོད་རྟེན་བཞེངས་པ་དང་ཕྱག་མཆོད་བསྐོར་བ་སྨོན་ལམ་སོགས་ཀྱི་ཕན་ཡོན་མདོར་བསྡུས།


JSD004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྲལ་སངས་རྒྱས་རྡོ་རྗེས་མཛད་པའི་མཆོད་རྟེན་བཞེངས་པ་དང་ཕྱག་མཆོད་བསྐོར་བ་སྨོན་ལམ་སོགས་ཀྱི་ཕན་ཡོན་མདོར་བསྡུས་བཞུགས།


JSD004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདེ་གཤེགས་མཆོད་རྟེན་བཞེངས་དང་དད་ལྡན་གྱིས། །ཕྱག་མཆོད་བསྐོར་བའི་ཕན་ཡོན་མདོ་ཙམ་ཞིག །རྣམ་དག་ལུང་གི་དཔང་པོར་འདིར་འགོད་ཀྱི། །དོན་གཉེར་སྐལ་བཟང་ཚོགས་ཀྱིས་སྤྲོ་བས་ལོངས། །དེ་ཡང། ལས་རྣམ་པར་འབྱེད་པའི་མདོ་ལས། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་བསྩལ་པ། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་


JSD004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་ཡོད་དེ། བཅོ་བརྒྱད་པོ་གང་ཞེ་ན། རྒྱལ་པོ་ཆེན་པོའི་ཁྱེའུར་སྐྱེ་བ་དང། གཟུགས་བཟང་བ་དང། མཛེས་ཤིང་ཤིན་ཏུ་སྡུག་པར་འགྱུར་བ་དང་། དབང་པོ་རྣོ་བར་འགྱུར་བ་དང་། གཡོག་འཁོར་ཆེན་པོར་འགྱུར་བ་དང་། རྟེན་དུ་འགྱུར་བ་དང་། ཕྱོགས་བཅུར་བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འདོད་པ་དང་། ལྷས་མཆོད་པར་འགྱུར་པ་དང་།


JSD004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་མང་པོ་དང་ལྡན་པར་འགྱུར་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་པ་དང་། ཚེ་དང་ལྡན་པར་འགྱུར་པ་དང་། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་པ་དང་། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་པ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་པ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅོ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་ཡིན་ནོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ལུས་སྦྱངས་པར་བྱས་ལ་རང་གི་ལག་པས་མཆོད་རྟེན་བྱས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་བོ། །མཆོད་རྟེན་འབུམ་བྱས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱར་བར་འགྱུར་ཏེ། བསྟན་བཅོས་ཐམས་ཅད་ཡོངས་སུ་ཤེས་པ་དང་ཐབས་ཤེས་པ་དང་ལྡན་ཞིང་། བསྐལ་པར་གནས་པ་ལ་ཤི་ནས་ཀྱང་སྐྱེ་བ་རྣམས་སུ་རྒྱལ་པོ་བྱེད་ཅིང་ངན་སོང་དུ་མི་འགྲོའོ།


JSD004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དབུས་སུ་ཉི་མ་ཤར་བ་ལྟ་བུའི་དབང་པོ་ཐམས་ཅད་དང་ལྡན་པར་འགྱུར་རོ། །ཐོས་པ་འཛིན་པ་དང་། སྐྱེ་བ་དྲན་པར་འགྱུར་རོ། ཞེས་དང་། གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ཅེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ལག་ན་རྡོ་རྗེ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཞག་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོའི་རིང་བསྲེལ་གྱི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱི་སྙིང་པོ་གསང་བའི་བྱིན་གྱིས་བརླབས་པའི་མཆོད་རྟེན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་སྙེད་དགུ་བཅུ་རྩ་དགུའི་མཆོད་རྟེན་དུ་འགྱུར་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་དང་སྤྱན་གྱི་མཆོད་རྟེན་དུ་བྱིན་གྱིས་བརླབ་པར་འགྱུར་རོ། །གང་ཞིག་སངས་རྒྱས་ཀྱི་གཟུགས་བརྙན་རྣམས་


JSD004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་གྱི་ནང་དུ་འཇོག་པར་བྱེད་པ་དེ་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱིནགྱིས་བརླབ་པར་འགྱུར་རོ། །སེམས་ཅན་གང་དག་མཆོད་རྟེན་དེ་ལ་ཕུ་དུད་དང་བསྟི་སྟང་བྱེད་པ་དེ་དག་ངེས་པར་ཕྱིར་མི་ལྡོག་པར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཕྱག་འཚལ་བ་གཅིག་དང་བསྐོར་བ་བྱེད་པ་གཅིག་གིས་མནར་མེད་པ་ལ་ཐུག་པ་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གནས་གང་ན་མཆོད་རྟེན་ནམ་གཟུགས་བརྙན་རྣམས་འདི་ལྟ་བུ་གནས་པའི་ས་ཕྱོགས་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །ཞེས་དང་། དམ་ཆོས་པད་དཀར་ལས། ས་དང་སོ་ཕག་ལས་ནི་རྩིག་


JSD004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །རྒྱལ་བའི་མཆོད་རྟེན་དེ་བཞིན་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པས་རྩེད་མོ་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། མཆོད་པའི་ཕན་ཡོན་ཀྱང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་མེདམྱ་ངན་ཡོངས་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །ཞེས་དང་། རྒྱལ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས། །ཚིག་བཙན་གྲགས་པ་ཆེན་པོ་དག་དང་ལྡན། །ཚིག་བཙན་གྲགས་པ་ཆེན་པོ་དག་དང་ལྡན། །ཚངས་པའི་གསུང་དབྱངས་ཡིད་འོང་སྐྱེ་བ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་


JSD004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཐོབ། །མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། །གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། །བསོད་ནམས་ལེགས་ལྡན་དེ་ཡི་མགོ་ལ་ཐོབ། །ཅེས་དང་། རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ་བ། །ཟབ་ཅིང་རིག་པའི་སྤོབས་པ་ཕུན་སུམ་ཚོགས། །ཡན་ལག་ལྔ་རྫོགས་ཡིད་ཚིག་དག་དང་ལྡན། །སྒྲ་སྐད་དག་གིས་འཇིག་རྟེན་འགེངས་པར་བྱེད། །ཅེས་དང་། མི་རྣམས་གང་དག་སྐུ་གདུང་སྙིང་པོ ཅན། །དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ། །བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག །མཆོད་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར། ། བདེ་གཤེགས་མཆོད་རྟེན་ཅོད་པན་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དབང་ཐོབ་ཅིང་། །བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་འགྱུར་ཞིང་། །རྣམ་


JSD004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྲོལ་བའི་ཅོད་པན་ཁྱད་པར་ཐོབ། །ཅེས་དང་། ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་ཏུ་ལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་བཟང་ཞིང་པདྨོའི་མདོག་དང་ལྡན། །སྲིད་པའི་སྐྱོན་རྣམས་དང་ཡང་བྲལ་བར་འགྱུར། །ཞེས་དང་། སུ་དག་དཔྱིད་ཀའི་དུས་སུ་གཙང་མའི་ཆུས། །མཆོད་རྟེན་ཉེ་འཁོར་རྡུལ་རྣམས་ཞི་བྱེད་པ། །དེ་དག་བུད་མེད་དག་ནི་དགའ་བཞིན་དུ། །རྡུལ་གཡབ་གསེར་གྱི་ཡུ་བ་ཅན་གྱིས་གཡོབ། །ཅེས་དང་། མཆོད་རྟེན་ལ་ཕྱག་དང་བསྐོར་བ་བྱས་པའི་ཕན་ཡོན་ཀྱང་། ཇི་སྐད་དུ། སྤྱན་རས་གཟིགས་ཀྱི་མདོ་ལས། བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་བྱས་ན། །དཔའ་ཞིང་སྟོབས་དང་ལྡན་པའི་འཁོར་ལོས་བསྒྱར་བར་འགྱུར། །གསེར་གྱི་མདོག་ལྡན་མཚན་རྣམས་ཀྱི་ནི་གོ་ཆར་འགྱུར། །མཐུ་ཆེན་བླ་མར་འགྱུར་ཞིང་ཐུབ་


JSD004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགའ་བར་འགྱུར། །ཞེས་དང་། དམ་ཆོས་པད་དཀར་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་སྐད་ཅིག་མགོ་བོས་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །ཡེངས་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་རྗོད་པར་བྱེད་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། མཆོད རྟེན་བསྐོར་བའི་ཚིགས་སུ་བཅད་པ་ལས། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པར་མི་ནུས་སོ། །ཞེས་པ་ལ་སོགས་མདོ་རྒྱུད་ཀྱི་ལུང་ལ་ངེས་ཤེས་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་དེ། བདག་ཉིད་བདེ་ལེགས་སུ་འདོད་པ་ཀུན་གྱིས་མཐོང་


JSD004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དྲན་པས་དོན་ཆེན་པོ་དང་ལྡན་པའི་རྟེན་མཆོག་ཁྱད་པར་ཅན་འདི་དག་ལ་ཕྱག་མཆོད་བསྐོར་བ་སྨོན་ལམ་སོགས་སེམས་བསྐྱེད་བཟང་པོ་དང་ལྡན་པས་ཚོགས་གསོག་སྒྲིབ་སྦྱོང་ལ་ཅི་ནུས་སུ་བརྩོན་པས་དལ་རྟེན་ལ་སྙིང་པོ་ལེན་པར་བསྐུལ་བ་ལགས་སོ། །དེང་སང་སྙིགས་མ་ལྔ་བདོའི་དུས། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྱིས། །འགྲོ་བ་འདྲེན་ལ་ཆས་གྱུར་པ། །བྱ་བཏང་བུདྡྷས་སུག་བྲིས་བགྱིས། །དགེ་འདིས་འགྲོ་ཀུན་སྲིད་ཞིའི་མཐའ་བརྒལ་བའི། །གོ་འཕང་ཐོབ་ནས་བདུད་སྡེའི་དཔུང་བཅོམ་སྟེ། །ཀུན་བཟང་རྒྱལ་སྲིད་ཆེ་ལ་དབང་འབྱོར་ཞིང་། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་རབ་བྱུང་བཅུ་དྲུག༔ པའི་མེ་ཕོ་རྟ་ཡི་ལོའི་ཟླ་༩ ཚེས་༢༢ དགེ་བ་ལ་སྦྱར་བའོ། །སརྦ་མངྒ་ལཾ།།


JSD004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབྱ་བྲལ་སངས་རྒྱས་རྡོ་རྗེས་མཛད་པའི་མཆོད་རྟེན་བཞེངས་པ་དང་ཕྱག་མཆོད་བསྐོར་བ་སྨོན་ལམ་སོགས་ཀྱི་ཕན་ཡོན་མདོར་བསྡུས།next