Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽


   
  expand section
   
  expand section
   
   
   
   
  expand section
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཀྱི་སྤྱི་ཁྲིད་ཆེན་མོ།
   
   
   
   
   
   


 
previousགཅོད་ཀྱི་སྤྱི་ཁྲིད་ཆེན་མོ།next

གཅོད་ཀྱི་སྤྱི་ཁྲིད་ཆེན་མོ།

༄༅། །གཅོད་ཀྱི་སྤྱི་ཁྲིད་ཆེན་མོ་ཞེས་བྱ་བ་བཞུགས་སོ། །

༄༅། །འཛམ་བུའི་ཆུ་བོའི་གསེར་གྱི་མདོག་ཅན་སྐྱིལ་ཀྲུང་བརྗིད་པས་བཞུགས། །འཛུམ་ཞལ་དབྱིབས་ལེགས་རལ་གྲི་གླེགས་བམ་བགྲང་ཕྲེང་པདྨོ་འཛིན། །མཚན་དཔེས་རབ་བརྒྱན་རིན་ཆེན་སྣ་ཚོགས་སྟོང་ཕྲག་དུ་མས་སྤྲས། །ཞལ་གཅིག་ཕྱག་བཞི་ཕ་རོལ་ཕྱིན་མ་རྒྱལ་བའི་ཡུམ་ལ་འདུད། །ཐུབ་པའི་གསུང་དོན་བཀའ་ཡི་དགོངས་པ་དྲི་མེད་སྙིང་པོའི་བཅུད། །ཕ་རོལ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་གྲུབ་ཐོབ་བརྒྱུད་པའི་ཆོས། །བླ་མའི་གདམས་པ་གསུང་གི་བདུད་རྩི་རྒྱ་ཆེན་ཟབ་མོའི་དོན། །ལེགས་པར་བཀོད་པས་ཞིང་ལ་ཆར་བཞིན་འགྲོ་ལ་ཕན་གྱུར་ཅིག །

གསུང་རབ་རྒྱ་མཚོ་ལྟ་བུའི་ནང་ནས་བྱུང་བ། སྡེ་སྣོད་རིན་པོ་ཆེའི་གཏེར་མཛོད་སྒོ་ཕྱེ་བ། ཕྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ། བཀའ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་ལྷན་ཅིག་བསྡུས་པ། ནང་རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་གསལ་བར་སྟོན་པ། གྲུབ་ཐོབ་དང་རྟོགས་ལྡན་ཐམས་ཅད་ཀྱི་ཞལ་གདམས་མངོན་དུ་ཕྱུང་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཇོ་མོ་ལབ་སྒྲོན་གྱི་གསུང་གི་བདུད་རྩི་མཆོག་ཏུ་གྱུར་པ་མན་ངག་བདུད་ཀྱི་གཅོད་ཡུལ་འདི་ཡིན་ནོ། །

འདི་ལ་བཀའ་བརྒྱུད་ཉམས་བརྒྱུད་གཉིས། ཕོ་བརྒྱུད་དང་མོ་བརྒྱུད་གཉིས། བཀའ་མ་དང་གཏེར་མ་གཉིས་ལ་སོགས་པ་ལུགས་མང་དུ་ཡོད་ཀྱང་། འདི་དེ་རྣམས་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བསྡུས་ཤིང་། བརྗོད་བྱ་ལྷན་ཅིག་ཏུ་དྲིལ་ནས་གཅོད་གཞན་དང་མི་འགལ་བ། གཞན་ལས་ཁྱད་དུ་འཕགས་པ་ཞིག་སྟོན་ནོ། །

བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། གྲུབ་ཐོབ་རྣམས་ཀྱི་ཞལ་གདམས། མན་ངག་བདུད་ཀྱི་གཅོད་ཡུལ། ཟབ་དོན་ཐུགས་ཀྱི་སྙིང་པོ་ཞེས་བྱ་བ། བླ་མ་དང་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། སྔགས་དང་མཚན་ཉིད་ཐམས་ཅད་ཀྱི་དགོངས་པ་བསྡུས་པའི་ཆོས། ཚེ་གཅིག་གིས་སངས་རྒྱས་སྒྲུབ་པའི་ཐབས། འབྲས་བུ་ཕྱི་དུས་ལ་མི་འཇོག་པར་མངོན་སུམ་དུ་འབྱུང་བའི་ཆོས། ཡོན་ཏན་རིན་པོ་ཆེ་ལམ་གཞན་གྱིས་ཕུལ་དུ་དབྱུང་དུ་མེད་པའི་གདམས་པ་འདིའི་ཀླད་དུ་ཕྱག་འཚལ་ཞིང་མཚན་བསྟན་པའོ། །

ཆོས་སྐུ་སྤྲོས་བྲལ་སྨྲ་བསམ་བརྗོད་མེད་ནམ་མཁའི་དབྱིངས། །ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་རབ་ལྡན་ཞིང་། །གང་ལ་གང་འདུལ་ཅིར་ཡང་སྤྲུལ་སྐུས་གཞན་དོན་མཛད། །སྟོང་ཉིད་སྙིང་རྗེ་སྨོན་ལམ་མཐར་ཕྱིན་ཞབས་ལ་འདུད། །ཞེས་པ་ནི་རྒྱུ་སེམས་ཅན་གྱི་རྒྱུད་ལ་བདེ་བར་གཤེགས་པའི་དགོངས་པ་གནས་པ་ལ་བརྟེན་ནས། རྐྱེན་ལམ་གྱི་དུས་སུ་མཉམ་བཞག་ཏུ་བདེ་སྟོང་གསལ་སྟོང་དུ་ཉམས་སུ་བླང་། རྗེས་ཐོབ་ལ་སྒྱུ་མ་ལྟ་བུའི་ངང་ནས་བྱམས་པ་དང་སྙིང་རྗེ་སྨོན་ལམ་མཐར་ཕྱིན་པའི་བྱེད་པས། འབྲས་བུའི་དུས་སུ་སྐུ་གསུམ་ཡེ་ཤེས་ལྔ་ཕྲིན་ལས་བཞི་དང་བཅས་པས་གཞན་གྱི་དོན་མཛད་པའི་ཕྱིར་རོ། །དབུ་མ་ལས། དངོས་མེད་རྣམ་དག་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ། །མ་ལུས་ཚིག་མེད་ཡི་གེ་བྲལ་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ཀུན་ཏུ་སོང་ལ་ཕྱག་འཚལ་ལོ། །ཀུན་ནས་མ་ལུས་ཐམས་ཅད་སྟོང་ལ་ཕྱག་འཚལ་ལོ། །ཞེས་པ་ཆོས་སྐུའི་བྱེད་པ་ཡིན་ནོ། །གཟུགས་སྐུའི་བྱེད་པའང་། སྡུད་པ་ལས། སྐྱེ་བོའི་དབུས་ན་སྒྱུ་མའི་སྐྱེས་བུ་མཁས་པ་ཞིག །སྐྱེ་བོ་འདི་མགུ་བྱ་སྙམ་མི་སེམས་དེ་ཡང་བྱེད། །སྒྱུ་འཕྲུལ་སྣ་ཚོགས་རབ་ཏུ་སྟོན་པར་བྱེད་མཐོང་ཡང་། །དེ་ལ་ལུས་མེད་སེམས་མེད་མིང་ཡང་ཡོད་མ་ཡིན། །ཞེས་སོ། །སྐུ་གཉིས་ཀའི་བྱེད་པ་ཡང་། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་སོ། །

བདུད་བཞི་ཟིལ་གྱིས་གནོན་པ་ཐེག་པ་ཆེན་པོའི་ཆོས། །འཁོར་འདས་དགག་སྒྲུབ་མེད་པ་ཕ་རོལ་ཕྱིན་པའི་དོན། །འགལ་རྐྱེན་ལམ་དུ་འཁྱེར་བ་ཨ་མ་ཇོ་མོས་བཞེད། །མི་མཐུན་གྲོགས་སུ་འདོད་པ་གཅོད་ཀྱི་གདམས་པ་བྲི། །ཞེས་པ་ནི་བདུད་དང་འབྱུང་པོ་འགལ་རྐྱེན་བར་ཆད་ལ་སོགས་པ་ཐམས་ཅད་འདུས་བྱས་ཡིན་སྙིང་པོ་མེད། ཀུན་རྫོབ་ཡིན་འཇིག་པར་སླ། བྱས་པ་ཡིན་ཏེ། མི་རྟག་པའི་ཕྱིར། ཐེག་ཆེན་གྱི་ཆོས་དོན་དམ་པ་འདུས་མ་བྱས་པས་ཟིལ་གྱིས་མནན་པར་ནུས་སོ། །འབུམ་ལས། གཟུགས་རྟག་ཅིང་བརྟན་ལ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་ཞིག་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་པར་མི་ནུས་སོ། །གཟུགས་མི་རྟག་མི་བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར། ཐེག་པ་ཆེན་པོ་འདིས་ཀྱང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་པར་ནུས་སོ། །ཞེས་སོ། །འཁོར་འདས་གཉིས་ལ་དགག་སྒྲུབ་མེད་པ་ནི། འཁོར་བ་དང་མྱང་འདས། སེམས་ཅན་དང་སངས་རྒྱས། དུག་ལྔ་དང་ཡེ་ཤེས་ལྔ། རྣམ་རྟོག་དང་ཆོས་ཉིད་ལ་སོགས་པའི་བདེ་སྡུག་མཐོ་དམན་བཟང་ངན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལ་བླང་དོར་དང་དགག་སྒྲུབ་བྱ་མི་དགོས་ཏེ། བླང་བྱའི་ཆོས་ཐམས་ཅད་ཀྱང་དོན་ལ་བདེན་པར་མ་གྲུབ་སྟོང་པ་ཉིད་ཡིན་ལ། སྤང་བྱའི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །དཔེར་ན་ནམ་མཁའི་ཀློང་དུ་སྤྲིན་དཀར་ནག་གཉིས་ཆར་ཡལ་ནས་སྟོང་པར་སོང་བ་བཞིན་ནོ། །དེ་ལྟར་དབྱེར་མེད་དུ་མ་རྟོགས་པས་གློ་བུར་གྱི་སྒྲིབ་པས་བསྒྲིབས་པའོ། །འབུམ་ལས། གཟུགས་ནི་གཟུགས་ཀྱིས་སྟོང་། ཚོར་བ་ནི་ཚོར་བས་སྟོང་ཞེས་སོ། །དེ་གང་གིས་རྟོགས་ན་ཕ་རོལ་ཏུ་ཕྱིན་པའི་དོན་བདུད་ཀྱི་གཅོད་ཡུལ་འདི་ཉམས་སུ་བླངས་པས་རྟོགས་སོ། །འགལ་རྐྱེན་ལམ་དུ་འཁྱེར་བ་ནི། ཀུན་མཁྱེན་གྱི་སངས་རྒྱས་མི་འགྲུབ་རྒྱུ་ཐམས་ཅད། འགལ་རྐྱེན་གྱིས་བྱས་པས་འགལ་རྐྱེན་ལམ་དུ་འཁྱེར་བ་སྐོམ་ཐག་ཆུ་ནང་དུ་གཅོད་པ། ནད་པ་ལྷ་འདྲེ་ལ་གཏོད་པ། སྐྱེལ་མ་དགྲ་ལ་འཆོལ་བ། མི་མཐུན་གྲོགས་སུ་འདོད་པའི་གཅོད་ཀྱི་གདམས་པ་འདི་ཨ་མ་ཇོ་མོའི་བཞེད་པ་ཡིན་ནོ། །མི་མཐུན་པའི་གདོན་དང་བགེགས་དང་། དགྲ་དང་འདྲེ། འགལ་རྐྱེན་བར་ཆད། ན་ཚ་སྡུག་བསྔལ་ལ་སོགས་པ་སྤང་བྱ་ཐམས་ཅད་བྱང་ཆུབ་སྒྲུབ་པའི་གྲོགས་སུ་འདོད་དེ། རྒྱུ་ལས་ངན་སྡིག་སྒྲིབ་དག །རྐྱེན་ལམ་གྱི་གེགས་སེལ། རྟོགས་པའི་བོགས་ཐོན། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་སྐྱེད་པའི་ཕྱིར་རོ། །མདོ་ལས། ཆོས་ཕྱིར་སྲོག་ཀྱང་འདོར་ལ་རྣལ་འབྱོར་རབ་ཏུ་བརྩོན། །མི་ལྡོག་རྟགས་ནི་འདི་དག་ཡིན་པར་ཤེས་པར་བྱ། །ཞེས་སོ། །དེ་རྣམས་སྟོན་པའི་གཅོད་ཀྱི་གདམས་པ། ཟབ་དོན་ཐུགས་ཀྱི་སྙིང་པོ་འདི། །ཀུན་ལ་ཕན་པར་བྱ་བའི་ཕྱིར། །བྲི་བར་བྱའོ་ཞེས་པས། ནང་དུ་ལྟ་བའི་མཐའ་ཆོད། སྒོམ་པའི་ཕུགས་ཆོད། སྤྱོད་པའི་བླང་དོར་ཆོད། འབྲས་བུའི་རེ་དོགས་གཅོད་པའོ། །ཕྱི་རུ་སྡང་བའི་དགྲ་ལ་གཅོད། གནོད་པའི་བགེགས་ལ་གཅོད། ཆགས་སྡང་གི་ཡུལ་དང་། འགལ་རྐྱེན་ཐམས་ཅད་ལ་གཅོད་པའི་ཕྱིར་ན་གཅོད་ཅེས་བྱའོ། །

ཚིག་དོན་རྟོགས་ཤིང་བྱམས་སེམས་རབ་བརྒྱན་མཁས་བརྒྱད་ལྡན། །རང་དོན་མཐར་ཕྱིན་སྟོང་ཉིད་སྙིང་རྗེ་སྒྲུབ་དང་རྐྱེན་སེལ་མཁས། །ཞེས་པ་ནི། མན་ངག་འདི་སྟོན་པའི་སློབ་དཔོན་ལ་མཚན་ཉིད་བརྒྱད་དང་ལྡན་པ་ཞིག་དགོས་ཏེ། ལྟ་བས་འཁོར་འདས་གཉིས་སུ་སྙེམས་ཐག་ཆོད་ནས་ཕུང་པོ་གཟན་དུ་བསྐྱུར་བ་ལ་མཁས་པ། སྒོམ་པ་ཡིད་ལ་བྱར་མེད་པ་ཤེས་ནས་དྲན་པ་ཡེངས་མེད་དུ་སྐྱོང་བ་ལ་མཁས་པ། གྲུབ་མཐའ་སྣང་སྟོང་བདེན་མེད་ཀྱི་དོན་མངོན་དུ་གྱུར་ནས། འཁོར་འདས་ས་མཚམས་འབྱེད་པ་ལ་མཁས་པ། ཚིག་ཁྲིད་བླང་དོར་མེད་པའི་རྒྱབ་སྐྱོར་སྟོན་པ་ལ་མཁས་པ། དོན་ཁྲིད་ཤ་ཁྱེར་ཁྲག་ཁྱེར་གྱི་མན་ངག་སྟོན་པ་ལ་མཁས་པ། ཉམས་ལེན་འབོགས་པ་ལ་མཁས་པ་སྟེ། མཁས་པ་བརྒྱད་དང་ལྡན་པ་ཞིག་གིས་བཤད་པར་བྱའོ། །

དད་དང་བརྩོན་འགྲུས་མོས་གུས་གོ་ཆ་སྙིང་རུས་ལྡན། །འཇིགས་སྐྱོབ་མངོན་མཐོ་ལེགས་སྨོན་ཀུན་མཁྱེན་ཐོབ་འདོད་པས། །ཞེས་པ་ནི་ཆོས་འདི་ཉམས་སུ་ལེན་པའི་སློབ་མ་ནི། དད་དང་བརྩོན་འགྲུས་ཤེས་རབ་ཆེ། །སྙིང་ཁམས་སྙིང་རུས་སྡུག་བསྲན་ཆེ། །ང་རྒྱལ་སེར་སྣ་གཡོ་སྒྱུ་དང་། །ཕྲག་དོག་འདོད་ཆགས་ཞེན་པ་ཆུང་། །བླ་མ་ལ་གུས་སྐྱེ་ཤིས་འཇིགས། །དེ་རྣམས་རིན་ཆེན་གསེར་སྣོད་ཡིན། །ཡང་ན་གང་ཟག་སྡུག་བསྔལ་ཅན། །ནད་དང་གདོན་གྱིས་ཉེན་པ་དང་། །འཆི་ལ་ཐུག་དང་མཛེ་རིགས་ཅན། །བརྟག་པ་མཁན་ནམ་སྨན་པས་བོར། །རྩིས་མཁན་མོ་མ་མངོན་ཤེས་མཁན། །རྟག་པར་སྐུར་ཞིང་འཆི་དུས་བཏབ། །དེ་ཡང་ཆོས་འདིའི་སྣོད་དུ་ཤེས། །ཡང་ན་སྐྱེ་བོ་དད་པ་ཅན། །འཆི་བས་འཇིགས་ཤིང་མོས་གུས་ཆེ། །ཅི་གསུང་བཀའ་ལ་ཉན་པ་ནི། །ཆོས་འདི་ཉན་པའི་སྣོད་དུ་ཤེས། །ཞེས་པས་གང་ཟག་ཆེ་བ་གསུམ་དང་ལྡན་པ་ཞིག་གིས་ཉམས་སུ་བླང་བར་བྱ་སྟེ། རྟོགས་པའི་རྦད་ཁམས་ཆེ་བ། ལུས་སྲོག་གཏོང་ཕོད་ཆེ་བ། གཅོད་ཀྱི་སྙིང་ཁམས་ཆེ་བའོ། །དེ་རྣམས་དང་ལྡན་པ་ཞིག་ལ་གདམས་ངག་འདི་བཤད་པར་བྱའོ། །

དབང་བསྐུར་མཆོག་ཐོབ་ཟབ་མོ་ཉན་པའི་སྣོད་དུ་གྱུར། །བསགས་སྦྱོང་ལམ་གྱིས་སེམས་ཉིད་རྩལ་ལ་ངོ་སྤྲོད་བྱ། །ཞེས་པ་ནི་གཏོར་མའི་དབང་ལ་བརྟེན་ནས་ཆོས་སྒོ་འབྱེད་པ་དང་། བརྒྱུད་པའི་གསོལ་འདེབས་ལ་བརྟེན་ནས་ཚོགས་གཉིས་བསགས་པ་དང་། རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་བ། ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་ངོ་སྤྲོད་དང་བཞིའོ། །དང་པོ་ནི་སློབ་མའི་རྒྱུད་ཆོས་འདི་ཉན་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་གཏོར་མའི་དབང་ལ་བརྟེན་ནས་ཆོས་སྒོ་འབྱེད་པར་བྱའོ། །དེ་ནས་བྱིན་རླབས་ཁྱད་པར་ཅན་འཇུག་པར་བྱ་བའི་ཕྱིར། སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ལུང་ཕོག་ལ། བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་བཏབ་ཅིང་ཚོགས་བསགས་པ་དང་། སྒྲིབ་པ་སྦྱང་བའི་ཐབས་ལ་འབད་པར་བྱའོ། །

དེ་ནས་གསུམ་པ་ཉམས་ལེན་ཐམས་ཅད་ཀྱི་མཐར་ཐུག་སྒོམ་ཡིན། སྒོམ་ཐམས་ཅད་ཀྱི་མཐར་ཐུག་སེམས་འཚོལ་བ་ཡིན། རྣམ་རྟོག་རྩད་ཆོད་ལ་བརྟེན་ནས་སྒོམ་སྐྱེ་བས་སེམས་བཙལ་བར་བྱའོ། །བཞི་པ་ནི་དེ་རྣམས་སྔོན་དུ་སོང་ནས། སློབ་དཔོན་གྱིས་རྟེན་ཅན་རྟེན་མེད་ཀྱི་སྒོ་ནས་ནམ་མཁའ་སྒོ་འབྱེད་ཀྱི་སྒོམ་ངོ་སྤྲད་པར་བྱའོ། །དེ་རྣམས་ལོགས་སུ་ཤེས་པར་བྱའོ། །དེ་ལྟར་སྔོན་འགྲོའི་ངོ་སྤྲོད་ཐེབས་པ་གལ་ཆེ་སྟེ། ངོ་མ་འཕྲོད་པར་གཅོད་ལ་ཕྱིན་ཏེ། ལུས་སྟེར་དུ་བཅུག་ན་ལྷ་འདྲེ་ལ་དྲངས་པའི་ཚོད་ཡིན་པས་བར་ཆད་རྐྱེན་དུ་འགྱུར་རོ། །ངོ་ལེགས་པོ་འཕྲོད་ན་གཅོད་ཀྱི་གདམས་ངག་བཞིན་མ་བསྟན་ཀྱང་གཉན་ཁྲོད་འགྲིམ་ནུས་པ་ཡིན་ནོ། །དེ་རྣམས་ལེགས་པར་ཚར་བ་དང་གཅོད་ཀྱི་གདམས་པ་བསྟན་པར་བྱའོ། །དེ་ཡང་དབང་སྐུར་བ་ནི། ཕྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལུགས་སུ་བྱེད་ན་གཏོར་དབང་ཙམ་ཡང་བསྐུར་མི་དགོས་ཏེ། རྒྱས་འབྲིང་བསྡུས་གསུམ་ལས་དབང་བསྐུར་བར་བཤད་པ་མེད་པའི་ཕྱིར་རོ། །གསང་སྔགས་ལྟར་བྱེད་ན་གཏོར་དབང་ཙམ་ཞིག་བསྐུར་བས་ཆོས་སྒོ་འབྱེད་དེ། གཏོར་དབང་དེ་ལ་བུམ་པའི་དབང་བདུན། མཆོག་དབང་གསུམ་སྟེ། དབང་བཅུ་ཚང་བའི་ཕྱིར་རོ། །དེས་ན་སྔགས་མཚན་ཉིད་གཉིས་ལ། དོན་དམ་ལྟ་བའི་སྒོ་ནས་ཁྱད་པར་མེད་ཀྱང་། ཀུན་རྫོབ་ཐབས་ཀྱི་སྒོ་ནས་ཁྱད་པར་ཡོད་པའི་ཕྱིར་རོ། །གཅོད་ཀྱི་ལྟ་བ་ཕ་རོལ་དུ་ཕྱིན་པའི་དགོངས་པ་ཡིན་ཡང་སྒོམ་པ་དང་། སྤྱོད་པ་དང་། དམ་ཚིག་དང་། འབྲས་བུ་དང་། དབང་དང་ངོ་སྤྲོད་གསང་སྔགས་ཀྱི་དགོངས་པ་ཡིན་པའི་ཕྱིར། དེ་རྣམས་གསང་སྔགས་བཞིན་བྱའོ། །

དེས་ན། སྣོད་རུང་གི་སྐབས་སུ་དབང་བསྐུར། སྒྲུབ་ཐབས་སུ་བསྐྱེད་རིམ་ལྷ་བསྒོམ་སྙིང་པོ་སྔགས་བཟླ། རྫོགས་རིམ་རླུང་བསྒོམས་ཀྱང་། སྤྱོད་པ་དམ་ཚིག་དང་འགལ་ན། འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་མི་འབྱུང་ངོ་། །ངོ་སྤྲོད་ཀྱི་སྐབས་སུ་རྟོག་མེད་སྒོམ་པ་ལ་སྒོ་གསུམ་ལ་ལས་མི་འཆོལ་བ་ཞིག་དགོས་པས། ལུས་ཀྱི་འདུག་སྟངས། ཀག་ལངས་པ་དང་། ཐལ་མོ་དང་ཁུ་ཚུར་སྤྱི་བོ་དང་། སྙིང་ཁར་སྦྱར་ན། ལུས་ལ་ལས་འཆོལ་བའི་ཕྱིར། དེས་ཡེངས་ནས་སྒོམ་མི་སྐྱེ། དེས་ན་སྐྱིལ་ཀྲུང་དང་མཉམ་བཞག་བྱའོ། །དེས་ལུས་ཀྱི་རྩོལ་བ་སྤངས་པས་ལུས་བདེ། ལུས་བདེ་བས་སེམས་བདེ། སེམས་བདེ་ན་སྒོམ་རང་བཞིན་གྱིས་སྐྱེ་བའི་ཕྱིར་རོ། །སྐྱིལ་ཀྲུང་མཉམ་བཞག་ཀྱང་ལུས་གནད་ཡིན་པ་སྔར་གྱི་དང་ཁྱད་མེད་ལུས་ལ་ལས་བཅོལ་བ་མཉམ་མོ་ཞེ་ན་མི་མཉམ་སྟེ། ལངས་པ་དང་བསྡད་པ་ལ་རྩོལ་བ་ཆེ་ཆུང་གི་ཁྱད་ཡོད་པའི་ཕྱིར་རོ། །ངག་ཏུ་ཨ་བགྲངས་ན་ངག་ལ་ལས་འཆོལ་བ་ཡིན་པས། དེས་ཡེངས་ནས་སྒོམ་མི་སྐྱེ་བས། ངག་སྨྲ་བརྗོད་དང་བྲལ་བའི་ངང་དུ་བཞག་པས་རིག་པ་རྟོག་མེད་ཀྱི་དབྱིངས་སུ་འགྲོ་བའོ། །ཡིད་ཀྱིས་ཨ་སྒོམ་པ་དང་། འོད་ཀྱི་སྤྲོ་བསྡུ་བྱས་ན་སེམས་ལ་ལས་བཅོལ་བས་དེས་ཡེངས་ནས་སྒོམ་མི་སྐྱེ་བས། ཡིད་དྲན་རྟོག་མེད་པའི་ངང་ལ་བཞག་པས་དེ་ཁོ་ན་སྒོམ་ཡིན་ནོ། །བཀའ་ཚོམས་ལས། རང་ལུས་གང་བདེར་འདུག་བྱས་ནས། །མི་བསམ་བསམ་པར་མི་བྱ་འོ། །བསམ་པ་ཡུལ་ཡིན་དེ་མི་རྙེད། །དེ་བས་མི་བསམ་ངང་ལ་ཞོག །ཅེས་སོ། །སྒོམ་ཞེས་བྱ་བ་སྟེ། ཤེས་བྱའི་ཡུལ་ལས་འདས་པ། རྟོག་དཔྱོད་ཀྱི་བློ་དང་བྲལ་བ། སྨྲ་བསམ་བརྗོད་མེད་ཙམ་ཡིན་ནམ་མིན། ཡིན་ན་སྔར་གྱི་ལུས་གནད་དང་བཟླས་པ་དང་སྤྲོ་བསྡུ། དེ་རྣམས་བྱས་པས་མི་ཡོང་། བྱ་དགོས་ཀྱང་མི་དགོས་ལུས་ལ་སེམས་ཀྱིས་ཁྱབ་པས། སེམས་དེ་གཅིག་ཏུ་སྡུད་པ་ལ་སོགས་པ་བྱ་མི་དགོས་ཏེ། ཁྱབ་པ་དང་དངོས་པོ་ཅན་གཅིག་ཏུ་ཁྱབ་པ་མེད། དངོས་མེད་ཀྱིས་ཁྱབ་པ་ཡིན། དངོས་མེད་དེ་གཅིག་ཏུ་སྡུད་རྒྱུ་མེད། བསྡུ་མི་དགོས། གང་ཁྱབ་པ་དེ་རང་དུ་ཡལ་དུ་བཅུག་པས་ཆོག་གོ། །དཔེར་ན་ནམ་མཁའི་སྤྲིན་ཡལ་བའི་ཚེ་ན། གཅིག་ཏུ་བསྡུས་ནས་ཡལ་དུ་བཅུག་མི་དགོས་ཏེ། སྤྲིན་གང་དུ་གནས་པ་དེ་ཉིད་དུ་ཡལ་བ་བཞིན་ནོ། །སྤྱིར་ཡང་སེམས་ཀྱི་ངོ་བོ་དང་པོ་མེད་པ་ཞིག་ཡིན་པ་ལ་དེ་ལ་ཡིག་འབྲུ་དང་འོད་དང་འཇའ་ཚོན་དུ་སྒོམ་པ་ལ་སོགས་པ་མི་འཐད་དེ། མེད་པ་ཡོད་པར་བསྒྱུར་བའི་ཁྱད་པར་ཡང་དངོས་པོར་བསྒྱུར་བ་བྱ་བ་ལོག་པ་ཡིན་པས། གཤིས་ཀྱི་འདུག་ཚུལ་དེ་སྟོང་པ་ཡིན་པས་སྟོང་ཉིད་དུ་ངོ་སྤྲད་པས་ཆོག་གོ། །ཁོ་ན་རེ། ཨ་དང་འོད་ཀྱི་སྤྲོ་བསྡུ་ངོ་སྤྲོད་པ་མིན། དེ་ལ་བརྟེན་ནས་དངོས་མེད་དུ་ངོ་སྤྲད་པ་ཡིན་པས་འགལ་བ་མེད་དོ་ཞེ་ན། འགལ་བ་ཡོད་དེ་དངོས་མེད་དུ་ངོ་སྤྲད་པ་ལ་དངོས་པོ་ལ་བརྟེན་ནས་ངོ་སྤྲད་མི་དགོས་ཏེ། དངོས་མེད་རྟེན་གང་ལའང་མ་བརྟེན་པར་ངོ་སྤྲད་པས་ཆོག་གོ། །དེ་སྐྱེ་རུ་མི་འདོད་དོ་ཞེ་ན། མ་སྐྱེས་པ་དེ་ཁོ་ན་ལ་ངོ་སྤྲད་པས་ཆོག་གོ། །མ་མཐོང་བ་དེ་ལམ་ཟེར་ཀྱིན་འདུག་སྟེ། ལམ་མ་བགྲོད་ན་ཉེ། སྒོམ་མ་བསྒོམ་ན་བཟང་། ལྟ་བ་བལྟ་རྒྱུ་མེད་ན་མཐོང་། སྤྱོད་པ་དགག་སྒྲུབ་བྲལ་ན་བཙུན། དམ་ཚིག་བསྲུང་བྱ་སྲུང་བྱེད་མེད་ན་གཙང་། འབྲས་བུ་རེ་བ་མེད་ན་ཐོབ་ཅེས་གསུངས་པས་སོ། །སྒོམ་དེ་དངོས་པོ་ཅན་ཞིག་སྐྱེ་དགོས་ན། རྟེན་ཞིག་ལ་མ་བརྟེན་པར་སྐྱེ་རུ་མི་འདོད་པར་བདེན་གྱི། དངོས་མེད་ཞིག་གོ་བར་བྱེད་པ་ལ་རྟེན་མི་དགོས་ཞེས་བྱའོ། །དེས་ན་ནམ་མཁའ་སྒོ་འབྱེད་གྱི་ངོ་སྤྲོད་ནི་སྡིག་པོ་ཆེ་གསེབ་ལམ་ལ་འཁྲིད་པའི་འཕོ་བར་བྱས་ན་འཐད་དེ་ཞེས་དང་པོར་རང་ལ་སྐྱེ་མེད་དགའ་ཡན་ཞེས་བྱ་བ། ཕྱི་མཚན་ཉིད་ཀྱི་བཀའ་བཞིན་ཤེས། ནང་གསང་སྔགས་ཀྱི་རྒྱུད་སྡེ་བཞི་ཤེས་པའི་གཅོད་མཁན་ཆེན་པོ་དེས་བཞེད་པ་ཡིན་ནོ། །ཡང་ཁ་ཅིག་ན་རེ་ལུས་ལ་སེམས་ཀྱིས་ཁྱབ་ནས་ཡོད། གྲམ་ནས་ཡོད་བྱས་པས་དེ་མི་འཐད་དེ། སེམས་དངོས་མེད་ཡིན་པའི་ཕྱིར། ཁྱབ་བྱེད་དུ་མི་འགྱུར་རོ། །ཞེ་ན། འགལ་བ་མེད་དེ། དེ་ལ་ལུང་རིགས་པ་དཔེ་ཡོད་དེ། དགྱེས་རྡོར་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་སོ། མདོ་ལས། དཔེར་ན་བར་སྣང་སྤྲིན་བཞིན་གནས་པ་མེད་པར་གནས། །གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །ཞེས་སོ། །རིགས་པ་ནི། མགོ་ནས་རྐང་པའི་བར་དུ་ཕན་གནོད་གང་བྱས་ཀྱང་སེམས་ཀྱིས་བདེ་སྡུག་ཉམས་སུ་མྱོང་བའི་ཕྱིར་རོ། །དཔེ་ནི་རྔའི་སྒྲ་ལ་དངོས་པོ་མེད་ཀྱང་རྔ་ལྤགས་ཀྱིས་ཁྱབ་ཚད་དུ་སྒྲས་ཁྱབ་པ་བཞིན་ནོ། །

མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཐེ་ཚོམ་གཅད་བྱའི་ཕྱིར། །རྒྱལ་བའི་ལམ་འདི་སྐལ་ལྡན་རྣམས་ཀྱིས་ལེགས་པར་བཟུང་། །ཞེས་པ་ནི་གཅོད་ཀྱི་གདམས་པ་འདི་གང་ཟག་གང་གིས་ཉམས་སུ་བླང་ན་གང་ཟག་བཞིས་ཉམས་སུ་བླང་སྟེ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཕྱོགས་ཙམ་ཞིག་རྟོགས་པ་དང་། ཐེ་ཚོམ་དང་བཅས་པ་ཐམས་ཅད་ཀྱིས་ཉམས་སུ་བླང་བའོ། །མ་རྟོགས་པ་ནི། ནང་ན་བདག་མེད་པ། ཕྱི་ན་འདྲེ་མེད་པ། བར་ན་འགལ་རྐྱེན་མེད་པར་མ་རྟོགས་པའོ། །ལོག་པར་རྟོག་པ་ནི། ནང་ན་བདག་ཡོད་པས་གནོད་བྱ་བདེན་པར་རྟོག །ཕྱི་ན་འདྲེ་ཡོད་པས་གནོད་བྱེད་བདེན་པར་རྟོག །བར་ན་འགལ་རྐྱེན་ཡོད་པས་བར་ཆད་བདེན་པར་རྟོག་གོ། །ཕྱོགས་གཅིག་ཙམ་རྟོགས་པ་ནི། བདག་ཏུ་འཛིན་མཁན་མེད་པར་ཤེས་ཀྱང་འཇིགས་པ་སྟོང་པར་མ་ཤེས། འདྲེ་ལ་འཇིགས་རྒྱུ་མེད་པར་ཤེས་ཀྱང་འཇིགས་ཡུལ་སྟོང་པར་མ་རྟོགས། འཇིགས་ཡུལ་དང་འཇིགས་མཁན་མེད་པར་རྟོགས་ཀྱང་ན་ཚ་བར་ཆད་ཙམ་ཞིག་བདེན་པ་མེད་པར་མ་རྟོགས། འདྲེ་ཡོད་པ་བདེན་ནམ་མི་བདེན་ནམ་སྙམ་པའི་ཐེ་ཚོམ་དང་བཅས་པ་ཐམས་ཅད་ཀྱི་སྙེམས་གཅད་པའི་ཕྱིར་གཅོད་བྱའོ། །ཡང་ལམ་གྱི་ཉམས་ལེན་ཐམས་ཅད་ལ་གེགས་བྱུང་ན། བསལ་བར་བྱ་བའི་ཕྱིར་དུ་གཅོད་བྱའོ། །ལྟ་སྒོམ་སྤྱོད་པ་ལ་སྐྱེད་མེད་ན་བོགས་འདོན་པར་བྱ་བའི་ཕྱིར་དུའང་གཅོད་བྱའོ། །གཅིག་པུར་གཉན་ས་དེ་རུ་ཕྱིན་པས་དགེ་སྦྱོར་ལ་འདེབས་ཀྱང་མི་འཆོར་ཏེ། སྔོན་ཆད་ལ་ཡེངས་མ་ལམ་ཏུ་ཤོར་བས་ལན་པ་ཡིན་ནོ། །གཉིས་པར་ནང་གི་འཇིགས་མཁན་དང་ཕྱིའི་འཇིགས་ཡུལ་གཉིས་རྐྱེན་དང་ཕྲད་ནས་ཉམས་སུ་བླངས་པས་སྐོམ་ཐག་ཆུ་ནང་དུ་ཆོད་འགྲོ། གསུམ་པ་གང་ན་མི་ནུས་མི་ཕོད་པ་དེ་ལ་ཐོག་རྫིས་བྱས་པས་ཕོ་ཤན་ཕྱེད་དེ། བློ་གདེངས་དང་ལྡན་པས་འཁོར་འདས་གཉིས་ཀྱི་ཕོ་ཤན་ཕྱེད་པ་ཡིན་ནོ་གསུངས་པའོ། །

བདུད་ནི་ཉོན་མོངས་ལྷ་དང་ཕུང་པོ་འཆི་བདག་བདུད། །ཁྱད་པར་ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་བདུད། །ཞེས་པའི་བདུད་ཀྱི་མཚན་ཉིད་ནི། གང་ཞིག་དགེ་བ་ལ་བར་དུ་གཅོད་པར་བྱེད་པའོ། །དབྱེ་བ་ནི་ཆོས་སྤྱི་སྐད་དུ། ཉོན་མོངས་པའི་བདུད། ལྷའི་བུའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད་བཞི་རུ་ཡོད་ལ། ཉོན་མོངས་པའི་བདུད་ནི་དུག་ལྔ་ཡིན་པས་དགེ་བ་ལ་བར་དུ་གཅོད་པར་བྱེད་པའོ། །ལྷའི་བུའི་བདུད་ནི་ནང་དུ་ཡོན་ཏན་སྐྱེས་པའི་ཚེ་སྤྲོ་དགའ་དང་ང་རྒྱལ་དང་། དྲེགས་པ་དང་རློམ་པ་སྐྱེས་ནས་ཡོན་ཏན་གོང་ནས་གོང་དུ་འཕེལ་བ་ལ་བར་ཆད་བྱེད་པ་ཡིན་ནོ། །ཕུང་པོའི་བདུད་ནི། ལུས་རྒས་པ་དང་། ན་བ་དང་། རྒུད་པར་བྱེད་པའོ། །འཆི་བདག་གི་བདུད་ནི་འཆི་རྐྱེན་ལ་བརྟེན་ནས་སྲོག་གནས་པ་ལ་བར་དུ་གཅོད་པར་བྱེད་པའོ། །མ་གཅིག་ཇོ་མོས་ཀྱང་བཞི་རུ་གསུངས་ཏེ། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །ཅེས་སོ། །ཐོགས་བཅས་ཀྱི་བདུད་ནི་མེ་དང་ཆུ་དང་དུག་དང་མཚོན་དང་གཅན་གཟན་གཡང་ས་ལ་སོགས་པ་དབང་པོའི་ཡུལ་དུ་སྣང་བ་རྣམས་ཡིན་ཏེ། དེ་ལ་གཅད་པ་ནི་ཚོགས་ལམ་སྦྱོར་ལམ་མན་ཆད་དུ། ས་མ་ཐོབ་པའི་ཕྱིར་འཇིག་རྟེན་པའི་ལམ་ཡིན་པའི་ཕྱིར། དེའི་དུས་སུ་རྟེན་ལུས་དབང་ཆེ། བརྟེན་པ་སེམས་ཀྱི་དབང་མ་ཐོབ་པས་ནད་དང་སྡུག་བསྔལ་ལ་སོགས་པ་མི་འདོད་བཞིན་དུ་འོང་། བརྟུལ་ཞུགས་མངོན་ཤེས་མ་ཐོབ་པས། འབྱུང་བ་བཞི་ལ་ཐོགས་ཏེ་ཐོགས་བཅས་ཀྱི་བདུད་ཡིན་པས་གཅད་པར་དཀའོ། །མཐོང་ལམ་ཐོབ་པ་ནས་འཇིག་རྟེན་ལས་འདས་པའི་ལམ་ཡིན་ཏེ། ད་དུང་སངས་རྒྱས་ས་རུ་མ་སླེབས་པས། ལམ་སྦྱང་དགོས་ཏེ། ལམ་དུ་དཀའ་བ་སྤྱད་ཀྱང་ན་ཚ་དང་སྡུག་བསྔལ་མི་མྱོང་བས། དཀའ་སྤྱད་ལྟར་སྣང་བ་ཙམ་ཡིན་པས་ངལ་བ་དང་དུབ་པ་མེད་དོ། །དཔེར་ན་རྟག་ཏུ་ངུས་ལུས་སྦྱིན་པར་བཏང་བའམ། ནཱ་རོ་པ་མེ་དང་གཡང་ས་ལ་སོགས་པ་ལ་མཆོངས་པ་ལྟ་བུ་ཡིན་ཏེ། ས་ཐོབ་འཇིགས་པ་ལྔ་དང་བྲལ། །ཞེས་སོ། །དེའི་དུས་སུ་ཐོགས་བཅས་བདུད་ལ་གཅོད་བྱས་པས་ཆོག་གོ། །

ཐོགས་མེད་བདུད་ནི་ཕྱིའི་བདུད་ལྷ་འདྲེ་དང་ནང་གི་བདུད་ཉོན་མོངས་པ་དང་། ན་ཚ་སྡུག་བསྔལ་ལ་སོགས་པ་ཡུལ་གྱི་མྱོང་ཚོར་ཕྲ་བ་དང་རགས་པ་འདི་རྣམས་ཡིན་ཏེ། དེ་ནི་ས་མ་ཐོབ་ཀྱང་གང་ཟག་གཉེན་པོ་དང་ལྡན་ན་ཚོགས་སྦྱོར་གྱི་དུས་སུའང་བཅད་པས་ཆོག་གོ། །དགའ་བྲོད་ཀྱི་བདུད་ནི། གཅོད་ཀྱི་གདམས་ངག་ཉམས་སུ་བླང་བ་ལ་བརྟེན་ནས་ཕྱི་རུ་བདུད་ཀྱིས་མ་ཚུགས་པ་དང་ནད་དང་སྡུག་བསྔལ་ཞི་བ་ལ་བརྟེན་ནས། ད་འདི་ཉམས་སུ་བླངས་པས་ནུས་པ་དང་བྱིན་རླབས་འབྱུང་། ཟང་ཟིང་འདུ་བ་དང་། བསོད་ནམས་འབྱུང་། སྙན་པ་དང་གྲགས་པ་འབྱུང་། ཕྱི་ནང་གི་ཡོན་ཏན་རྒྱ་ཆེན་པོ་འབྱུང་ངོ་སྙམ་པའི་རེ་བ་དང་བཅས། འདོད་པ་དང་བཅས། དགའ་བ་དང་བཅས། བྲོད་པ་དང་བཅས་ནས་ཕན་ཡོན་གྱི་འབྲས་བུ་ལ་དམིགས་ནས་གཅོད་བྱས་ན། དགའ་བྲོད་ཀྱི་བདུད་ཡིན་པས་གཅོད་ཀྱི་ཕན་ཡོན་ལ་དགའ་བྲོད་མེད་པར་ཉམས་སུ་བླང་ངོ་། །དེ་བས་ན་སངས་རྒྱས་ལའང་རེ་བ་དང་འདོད་པ་མེད་པ་ཞིག་དགོས་ཏེ། སྙེམས་བྱེད་ཀྱི་བདུད་ནི། བདག་དུར་ཁྲོད་དང་ལུང་སྟོང་དང་འབྲོག་དགོན་པ་ལ་སོགས་པའི་གཉན་ཁྲོད་རྣམས་སུ་ཕྱིན་ཡང་བདག་ལ་བར་ཆད་མི་འབྱུང་སྟེ། དེ་ཅིའི་ཕྱིར་ན་བདག་ལ་ལྷ་དང་བླ་མས་གཟིགས། དཀོན་མཆོག་གསུམ་གྱིས་སྐྱོབ། དཔའ་བོ་མཁའ་འགྲོ་སྲུང་མས་སྲུང་ཞིང་ཡོད་སྙམ་པའི་ཉམས་འཆའ་བ་དང་། གཅོད་ཀྱི་གདམས་པ་ཟབ་མོའི་གནད་ཡོད་སྙམ་པའི་གདེངས་འཆའ་བ་དང་། ནང་ལྷ་མེད་འདྲེ་མེད་ཕྱག་རྒྱ་ཆེན་པོའི་དོན་གྱི་ཉམས་ལེན་བཟང་པོ་ཡོད་སྙམ་པའི་ངར་དང་། ལྷ་འདྲེའི་བར་ཆད་བྱུང་ཡང་ལུས་བྱིན་པས་ཆོག །སྟེར་ནུས་ན་འདྲེ་མི་ཡོང་། འཁྱེར་མི་ནུས་བཟའ་མི་ནུས། ཁོ་རང་ལོག་ནས་འགྲོ་བ་དེ་ལྟར་དུ་བྱས་པས་ཆོག་སྙམ་པའི་བསམ་པས། གཅོད་བྱེད་པ་ནི་སྙེམས་བྱེད་ཀྱི་བདུད་ཡིན་པས། དང་པོ་གཅོད་ལ་འགྲོ་ཙ་ནའང་བླ་མ་དང་དཀོན་མཆོག་གིས་བསྲུང་དུ་གསོལ། བསྐྱབ་ཏུ་གསོལ། བར་ཆད་ཞི་བར་མཛད་དུ་གསོལ་མི་ཟེར། ན་ཚ་དང་འགལ་རྐྱེན་མི་འབྱུང་བར་མཛད་དུ་གསོལ་མི་ཟེར། བདུད་དང་འབྱུང་པོ་འདྲེ་གདོན་དང་བགེགས་ཞི་བར་བྱིན་གྱིས་རློབས་མི་ཟེར། འོ་ན་ཅི་ཟེར་ན། ཐོག་མར་དཀོན་མཆོག་གསུམ་ལ་བསྐྱབས་པས་འགལ་བ་མེད་དེ། གསོལ་བ་འདེབས་ལུགས་མི་འདྲ་བས་འདིར་འགལ་རྐྱེན་བར་ཆད་ལམ་ལ་སློངས་པར་བྱིན་གྱིས་རློབས། ལུས་ཀྱི་བདག་འཛིན་བློས་ཐོངས་པར་བྱིན་གྱིས་རློབས། བདེ་སྡུག་རོ་སྙོམས་པར་བྱིན་གྱིས་རློབས། གཅོད་ཀྱིས་བདག་འཛིན་གྲོལ་བའི་ཉམས་ལེན་མཐར་ཕྱིན་པར་བྱིན་གྱིས་རློབས་བྱས་ནས་འགྲོ་བ་ཡིན་ནོ། །གཉན་ས་དེ་རུ་སླེབས་ནས་ཀྱང་བླ་མ་དང་དཀོན་མཆོག་གསུམ་གྱི་བྱིན་གྱིས་རློབས། དཔའ་བོ་དང་མཁའ་འགྲོས་སྲུང་སྐྱོབ་བྱེད་ཀྱི། ཕྱག་རྒྱ་ཆེན་པོའི་སྒོམ་ཡོད་པས་ཡོང་མི་ནུས་ཀྱི། གཅོད་ཀྱི་གདམས་ངག་ཡོད་པས་མི་ཐུབ་ཀྱི་སྙམ་པའི་སྙེམས་མི་འཆའ། གདེངས་དང་ངོམ་མི་བྱེད་པར། གདེངས་མེད། མགོན་མེད། སྐྱབས་མེད། གཉེན་མེད། བཤེས་མེད། འཁྲི་བ་མེད། རྒྱབ་དང་དཔུང་མེད་པར་རང་གཅིག་པུར་ཁྲིས་སེ་ཉལ་ནས་སྡོད་པ་ཡིན། ཆོ་འཕྲུལ་དང་གདུག་རྩུབ་ཅི་བྱུང་ཡང་། ང་ལ་ནི་མགོན་མེད་སྐྱབས་དང་དཔུང་གཉེན་མེད། འཐབ་ནི་མི་འཐབ། འབྲོས་ནི་མི་འབྲོས། ཟོན་ནི་མི་བྱེད། ཁྱོད་རང་ནི་དགའ་དུས་འོངས་པས་ཆོག །དབང་ནི་ཡོད། ཅི་བྱེད་པས་ཆོག །སྙམ་དུ་བསམ་ལ་སྙེམས་མེད་པར་བྱའོ། །ལར་ལས་དང་པོ་པའི་གང་ཟག་གི་དུས་སུ་བདུད་བཞི་པོ་དེ་ཡོད་དེ་བྱུང་ཡང་སྐྱོན་མེད་དེ། ཐོགས་བཅས་དང་ཐོགས་མེད་ཀྱི་བདུད་ནི་མེད་ན་གཅད་པའི་ཡུལ་མེད། ཡུལ་མེད་ན་གཅོད་ལ་འགྲོ་དོན་མེད། ཕྱིན་ཡང་བོགས་མི་འབྱུང་། ཡོན་ཏན་མི་སྐྱེའོ། །དགའ་བྲོད་ཀྱི་ཡོན་ཏན་མ་བསམས་ན། གཅོད་ལ་འགྲོ་མཁན་མི་ཡོང་། སྟོན་ཐོག་གི་འབྲས་བུ་ལ་མ་བསམས་ན་སོ་ནམས་བྱེད་མཁན་མེད་པའམ། ཚོང་པས་ཚོང་ཁེ་མ་དྲན་ན་ཚོང་ལ་འགྲོ་མཁན་མི་ཡོང་བ་དང་འདྲ་བ་ཡིན། ཉམས་ལེན་དང་གདམས་ངག་གི་སྙེམས་མེད་ན། གཉན་ས་ལ་འགྲོ་མི་ནུས་ཏེ། དཔེར་ན་དཔའ་བོ་ལག་ཆ་མེད་ན་གཡུལ་དུ་འཇུག་མི་ནུས་པ་དང་འདྲ། དེས་ན་དང་པོའི་དུས་སུ་ལྷའི་བུའི་བདུད་དང་། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དང་། བདུད་བཞི་སྤོང་ཡང་མི་སྤོང་སྟེ། བྱུང་ཡང་སྐྱོན་ཆུང་གསུངས་སོ། །ནད་གཞི་སྨན་གྱིས་སྤོང་ལ། སྨན་ནད་པ་སོས་ཀྱིས་སྤོང་བ་དང་འདྲ་བས། དགའ་བྲོད་སྙེམས་བྱེད་གཉིས་གཅོད་ཀློང་དུ་གྱུར་པ་ལས་མི་སྤོང་བ་ཕྱིས་སྤོངས་པས་ཆོག་གོ། །དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། །རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། །ཞེས་པ་ནི་གཅོད་བྱེད་པ་ལ་ས་དམིགས་གཉན་པོ་བཙལ་བ་གལ་ཆེ་སྟེ། འོག་གདོན་དྲག་པོ་གནས་པའི་ས་ནི། ཆུ་མིག་མགོ་དགུ། མགོ་བདུན་མགོ་ལྔ་མགོ་གསུམ་མགོ་གཅིག་པ་ནས་རིམ་པ་བཞིན་དུ་ཀླུ་གདོལ་པ། བྲམ་ཟེ། རྗེ་རིགས། རྒྱལ་རིགས། དམངས་རིགས་གནས་སོ། །ཆུ་མིག་ཆུ་རལ་ཆུ་འཁྱིལ་འདྲ་བ་ཉི་མ་མི་འཆར་བ་ན་ཀླུ་བྲན་གནས། མཚོ་དྲུང་ལུ་མ་ཤིང་གཅིག་བྲ་མ་ནེའུ་སིང་ཆུ་ལྗབ་འཇིབ་ཡོད་པ་ན་གཉན་གནས། ཕ་འོང་དུག་སྦྲུལ་སྦལ་པ་ཕག་འདྲ་བ་ན་ས་བདག་གནས། རི་བྲག་རུས་སྦལ་སྡིག་པ། སྡོམ་གཟུགས་འདྲ་བ་དང་། གཡག་དང་ཆུ་གླང་རྔ་མོང་མ་ཧེའི་གཟུགས་འདྲ་བ་ན། ས་བདག་ཀླུ་གཉན་ཆེན་པོ་གནས། བྲག་གདོང་དང་རི་སྣ་གད་པའི་སྟེང་མི་རེངས་ལངས་པ་འདྲ་བ་དང་། སྤྲེའུའི་གདོང་པ་འདྲ་བ་དང་། རལ་གྲི་འདྲ་བ། ཁྲག་གི་རལ་པ་འདྲ་བ་དམར་བ་ན་བཙན་གནས་སོ། །

ནག་པ་ན་བདུད་གནས་སོ། །བྲག་སྐྱིབས་དང་ཕུག་པ་གཅོང་རོང་གད་ཕུག་གྲོག་ཕུག་ན་དམ་སྲི། བསེན་མོ་ཐེ་རང་གནས་སོ། །ཁང་སྟོང་རེ་ཧྲུལ་ཕུང་ཤུལ། འབྲོག་པ་བསྐྱས་པའི་ཤུལ། ས་ཁ། ཚོང་པ་ན་གྲི་བོ་གྲི་མོ། བསེ་རགས་མཁའ་ལ་རྒྱུ་བའི་ཡི་དྭགས་གནས་སོ། །དུར་ཁྲོད་འཆད་པ་རོ་ཁུང་སྲིབ་ཁང་། ཤི་བའི་ཤུལ། དཔའ་བོ་གཡུལ་དུ་བསད་པའི་ཤུལ་དུ། མ་མོ་གཤིན་རྗེ་སྲོག་བདག་གནས་སོ། །ལྷ་ཁང་། མཆོད་རྟེན། དཀོར་ཁང་། འཕྱམས་གོག །མགོན་ཁང་སྒྲུབ་ཁང་། དབེན་པ་དེ་རྣམས་ལ་རྒྱལ་པོ་དཀོར་བདག་པེ་ཀར་གནས་སོ། །མདོར་ན་གནས་ལ་མང་དུ་བཤད་ཀྱང་། རང་རེ་ཉམ་ང་ཞིང་བག་ཚ་བ། གང་འཇིགས་པ་སྙམ་བྱེད་པ་དེ་རུ་གཅོད་བྱེད་དོ། །དེ་རྣམས་ནི་སེམས་ཀྱི་སྒྲོ་འདོགས་གཅོད་པ་དང་། རང་སེམས་གཏན་ལ་འབེབས་པ་དང་། སྟོང་ཉིད་ཉམས་སུ་ལེན་པ་དང་རྣལ་འབྱོར་ཕོ་ཤན་འབྱེད་པ་དང་། འཁོར་འདས་འཁྲུག་ཤན་འབྱེད་པ་དང་། ཤེས་པའི་གནས་ཡིན། དེ་རྣམས་ཁོ་ནར་ཉལ་དུ་འགྲོ་དགོས་སོ། །རང་གི་ཁྱིམ་དུ་ཉལ་བས་མི་ཆོག་གམ་སྙམ་ན། འགྲོ་དགོས་ཏེ་དེ་རྣམས་ལ་ལྷ་འདྲེ་དངོས་སུ་གྲུབ་པ་མེད་ཀྱང་ནང་འདྲེར་འཛིན་གྱི་རྟོག་པ་དེ། དེ་རྣམས་སུ་ཕྱིན་ན་སྐྱེ་བའི་ཕྱིར། འགྲོ་དགོས་སོ། །

ལར་གཅོད་འདི་ལ་ཕྱི་འདྲེ་ལ་གཅོད་པ་དང་། ནང་སེམས་ལ་གཅོད་པ་གཉིས་ཡིན་ཏེ། འདྲེ་ཆེ་སར་ཉལ་དུ་འགྲོ་ཡང་དོ་བསྡོ་བ་ཡང་མིན་སྙད་འཚོལ་བ་ཡང་མིན། འདྲེ་ཡུལ་ནས་འདོན་པ་ཡང་མིན། འདྲེས་དངོས་གྲུབ་སྟེར་དུ་རེ་བ་ཡང་མིན། འོ་ན་གཉན་པ་དང་འདྲེ་ཆེ་སར་ཕྱིན་ནས་ཅི་བྱེད་སྙམ་ན། ཕྱི་ན་འདྲེ་མེད་ཀྱང་། ནང་ན་འདྲེར་འཛིན་དང་། བདག་འཛིན་དང་། གཅེས་འཛིན་ཡོད་པས་དེ་གཅོད་པ་དང་། དངོས་མེད་དུ་གཏན་ལ་འབེབས་པའི་ཕྱིར་གཉན་ས་དེར་འགྲོ་བ་ཡིན་ནོ། །ཕྱི་འཇིགས་པའི་རྐྱེན་ལ་བརྟེན་ནས་ནང་འཇིགས་མཁན་གྱི་ཤེས་པ་དེ་རྩ་བརྡར་གཅོད་པ་ཡིན་ནོ། །དེ་ལྟར་བྱས་པས། ལམ་རྐྱེན་གྱིས་རྐྱེན་ཐོན། ལྟ་སྒོམ་སྤྱོད་གསུམ་གྱི་བོགས་ཐོན་ནས་འོང་ངོ་། །མི་ཕོད་པ་ལ་ཐོག་རྫིས་བྱ། མི་ནུས་པ་ལ་རོ་སྙོམས་བྱས་པས། ལམ་གྱི་གེགས་བསལ་ནས་ཡོན་ཏན་སྐྱེའོ། །མི་ཕོད་པའི་ཡུལ་དྲུག་ཡོད་དེ། མེ་དང་ཆུ། དུག་དང་མཚོན། ཁྱི་དང་གཡང་རྣམས་སྲོག་ལ་རྒོལ་བས་མི་ཕོད། དེ་ནི་སྔར་ཐོགས་བཅས་དུས་སུ་བསྟན་ཟིན་ཏོ། །ལྷ་འདྲེ་ཉམ་ང་བས་མི་ཕོད་དེ། བདག་འཛིན་བློས་བཏང་ནས་ཁོ་ལ་སྟེར། བདུད་རྩི་ལྔ་ལ་སྐྱུགས་བྲོ་བས་མི་ཕོད་དེ། ཕན་ཡོན་བསྟན་པས་དམ་རྫས་སུ་ཤེས་པར་བྱས་ནས་དེའི་གདེང་གིས་རོ་སྙོམ་མོ། །མ་སྲིང་ལ་ངོ་ཚ་བས་གཅེར་བུ་ལ་སོགས་བྱེད་མི་ཕོད་དེ། ཚོགས་དྲུག་བདེན་མེད་དུ་ཤེས་པས་ངོ་ཚ་མཁན་རྩ་བ་བཅད། སྒྲོ་སྐུར་དང་ངན་སྨྲས་ཕྱར་ཁ་མི་སྙན་པའི་མི་ཕོད་དེ། སྒྲ་གྲག་སྟོང་དུ་ཤེས་པས་ཉམ་ང་བག་ཚ་རོ་སྙོམ། ནོར་ཟས་ལོངས་སྤྱོད་རང་ལ་མཁོ་བ་དང་། ཞེན་པས་སྟེར་གཡར་བྱེད་མི་ཕོད་དེ། དེ་ལ་སྣང་སྲིད་སྒྱུ་མར་ཤེས་པས་སྦྱིན་གཏོང་བྱའོ། །ཐམས་ཅད་སེམས་སུ་ཤེས་པའི་ཕྱིར་ན་མི་ཕོད་པ་ལ་ཐོག་རྫིས་བྱེད་པ་ལ་དགའ་བས་ཐོག་རྫིས་བྱེད་པ་གལ་ཆེའོ། །

མཚན་མོ་ཉམ་ང་ལྷ་འདྲེ་འདུ་ཞིང་རྣམ་རྟོག་སྐྱེ། །ཐེ་ཚོམ་གཅོད་དང་གེགས་སེལ་བོགས་འདོན་ཚེ་ན་བྱ། །ཞེས་པ་ནི། དུས་ནི་མཚན་མོ་མུན་པའི་དུས་སུ་འགྲོ་བར་བྱའོ། །ཉིན་མོའི་དུས་སུ་གང་དུ་ཕྱིན་ཡང་འཇིགས་པ་མི་ཡོང་སྟེ། ཟླ་བོ་དང་འགྲོགས་ནས་ཕྱིན་ནའང་གནས་གང་དུ་ཕྱིན་གང་དུ་ཉལ་ནའང་འཇིགས་པ་མི་འབྱུང་ངོ་། །འཇིགས་པ་མ་བྱུང་ན། ཡོན་ཏན་མི་སྐྱེ་སྟེ་གཅོད་བྱེད་པ་ལ་གཅད་ཡུལ་མེད་པའི་ཕྱིར། དཔེར་ན་ནམ་མཁའ་ལ་རལ་གྲི་བརྒྱབ་པ་བཞིན་ཏེ། ཆོད་མ་ཆོད་ཀྱི་ཐ་སྙད་མེད་དོ། །ནང་ནས་འཇིགས་པ་དང་ཉམ་ང་མེད་ན་ཕྱིན་མ་ཕྱིན་མེད་དེ། འཇིགས་པ་ཁོ་ན་གཅོད་པར་བྱེད་པ་ཡིན། འཇིགས་པ་མེད་ན་གཅད་རྒྱུ་མེད་པའི་ཕྱིར། དཔེར་ན་བྱོལ་སོང་ངམ་རི་དྭགས་གཉན་སར་ཕྱིན་པ་དང་། ལྕེ་སྤྱང་དུར་ཁྲོད་ཉུལ་ཡང་གཅོད་ཀྱི་ཡོན་ཏན་མི་སྐྱེ་བ་བཞིན་ནོ། །གཅོད་བྱེད་པ་ལ་འཇིགས་ཡུལ་དང་འཇིགས་མཁན་མེད་པ་ཞིག་ཁོ་ན་འདོད་པ་མིན་ནམ། དེ་ཆོད་པའི་རྟགས་ཡིན་ནོ་སྙམ་ན། མ་ཡིན་ཏེ། གཅོད་མ་བྱས་པར་ཡེ་ནས་འཇིགས་པ་མེད་པ་དང་། གཅོད་བྱས་ནས་འཇིགས་མཁན་དང་འཇིགས་ཡུལ་སྟོང་པར་གཏན་ལ་ཕེབས་པས་འཇིགས་པ་མེད་པ་གཉིས་དོན་གོ་མི་གཅིག་གོ། །དེས་ན་ཉམ་ང་བག་ཚ་བ་དང། ཐེ་ཚོམ་སྐྱེས་པ་དང་། གེགས་སེལ་བ་དང་། བོགས་འདོན་པའི་དུས་སུ་འགྲོ་བར་བྱའོ། །འགྲོ་ཚུལ་ཡང་། ཞེ་སྡང་དང་འགྲན་སེམས་ཀྱིས་མི་འགྲོ། རྒན་ཉམས་ཕོ་ཚོད་ཀྱིས་མི་འགྲོ། ཕོ་རུས་དང་ཁེ་གྲགས་ཀྱིས་མི་འགྲོ། ང་རྒྱལ་དང་ཆེ་ཆོས་ཀྱིས་མི་འགྲོ། གྲགས་པ་དང་ལོ་འདོད་ཀྱིས་མི་འགྲོ། རྙེད་པ་དང་བཀུར་སྟིས་མི་འགྲོ་བར་ངེས་འབྱུང་གི་དད་པ་ཆེན་པོས་ཀུན་ནས་བསླངས་ཏེ་འགྲོ་བར་བྱའོ། །

ཀུན་མཁྱེན་འདོད་པས་སྐྱབས་སུ་འགྲོ་དང་གསོལ་བ་གདབ། །སེམས་སྐྱེད་མཆོག་ལྡན་འགྲོ་ཀུན་ཐར་པ་ཐོབ་པའི་ལམ། །ཞེས་པ་ནི། ཅི་བྱེད་ཀྱང་སྔོན་འགྲོ་སེམས་བསྐྱེད་ཀྱིས་བཟུང་ན། གང་བྱས་ཀྱང་ལམ་དུ་འགྲོ། ཅི་བྱས་ནའང་འགྲོ་དོན་ཡིན་པས། གཉན་ཁྲོད་དུ་གཅོད་ལ་འགྲོ་བའི་དུས་སུ། བཀའ་ཕ་རོལ་དུ་ཕྱིན་པའི་དགོངས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཡུལ། བླ་མ་གྲུབ་ཐོབ་རྣམས་ཀྱི་ཕྱག་བཞེས། ལམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་གདམས་པ་འདི་ཉམས་སུ་བླང་བར་བྱའོ། །སེམས་ཅན་མ་རྟོགས་རྣམས་ཀྱིས་རྟོགས་པར་བྱ། མ་གྲོལ་བ་རྣམས་གྲོལ་བར་བྱ། རྫོགས་པའི་བྱང་ཆུབ་མ་ཐོབ་པ་རྣམས་ཀྱིས་ཐོབ་པར་བྱའོ། །དེའི་ཕྱིར་དུ་དུས་དོ་ནུབ་ནས་བདུད་ཀྱི་གཅོད་ཡུལ་འདི་ཉམས་སུ་བླང་བར་བྱའོ། །བླ་མ་བཀའ་བརྒྱུད་དང་བཅས་པ། ཡི་དམ་ལྷ་ཚོགས། དཔའ་བོ་དང་དཔའ་མོ་མཁའ་འགྲོ་མ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། འགལ་རྐྱེན་བར་ཆད་ལམ་དུ་སློང་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་སྡུག་རོ་སྙོམ་པར་བྱིན་གྱིས་བརླབ་ཏུ་གསོལ། ལུས་ཀྱི་བདག་འཛིན་བློས་ཐོངས་པར་བྱིན་གྱིས་བརླབ་ཏུ་གསོལ། གཅོད་ཡུལ་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འདི་ལ་བརྟེན་ནས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་བྱས་ལ་འགྲོ་བར་བྱའོ། །གཅོད་མཁན་ལ་ལ་གསོལ་བ་འདི་ལྟ་བུ་འདེབས་ཏེ། སངས་རྒྱས་ལ་ཆོས་ལ་དགེ་འདུན་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་ཆོས་ལ་དགེ་འདུན་ལ་བརྟེན་ནོ། །བདག་ལུང་སྟོང་ན་འདུག་གམ། རེ་ཧྲུལ་ལམ་ཕུག་གམ། གཅོང་རོང་གཡང་ས། བླ་གབ་མེད་པ་ན་འདུག་ཀྱང་རུང་མ་འདུག་ཀྱང་བསྲུང་དུ་གསོལ། བསྐྱབ་ཏུ་གསོལ། འགལ་རྐྱེན་དང་བར་ཆད་ཞི་བར་མཛད་དུ་གསོལ། ཟེར་ཏེ་དེ་ནི་ཤིན་ཏུ་གོལ་བ་ཡིན་ནོ། །གཅོད་ཀྱི་ཆོས་ལུགས་དང་འགལ་བ་ཡིན་པས་མི་འཐད་དེ། བདག་འཛིན་བློས་མ་ཐོངས་པའི་འཇིགས་སྐྱོབ་ཀྱི་སྐྱབས་འགྲོ་ཡིན། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་ན། གཅོད་ཀྱི་གདམས་ངག་མེད་ཀྱང་བར་ཆད་མི་འོང་སྟེ། མདོ་ཉི་མའི་སྙིང་པོ་ལས། འགྲོ་གང་སངས་རྒྱས་རྣམས་ལ་སྐྱབས་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་པ་དང་། མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག་ཁྱོད་དགོན་པ་དང་དུར་ཁྲོད་དང་ཤིང་དྲུང་དང་བླ་གབ་མེད་པ་དང་བས་མཐའ་ན་འདུག་པ་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་སོངས་དང་། འཇིགས་པ་དང་སྡུག་བསྔལ་དང་། སྤུ་ཟིང་ཞེས་བྱ་བ་དེ་མེད་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ཙམ་འཇིགས་ཤིང་བདག་འཛིན་བློས་མ་ཐོངས་ན་གཉན་ཁྲོད་ན་མ་ཕྱིན་པས་ཆོག་སྟེ། དེ་ལྟ་བུའི་གཅོད་མཁན་དེ། ཁ་ཟས་འདོད་ལ་ཞེ་འཇིགས་པ་ཝ་མི་རོ་ལ་འཇབ་པ་ལྟ་བུའི་སྒོམ་ཆེན་པ་ཡིན་ནོ། །

ཉམས་ལེན་དེ་ལྟ་བུ་བྱེད་པའི་སྒོམ་ཆེན་གཅོད་ཡུལ་བ་རྣམས་ནི་ལག་པ་གཡས་པས་ཁྱི་རོ་བཤའ་གཡོན་པས་སེལ་བྱེད་པ་བྱ་བ་ཡིན་གསུངས་སོ། །

གནས་པོ་བདུད་ལ་བཅོལ་བས་གཞི་མགྲོན་གཅིག་ཏུ་འདྲེས། །སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་བཙན་སར་ཐར། །ནད་པ་འདྲེ་ལ་བཅོལ་བས་ནད་མེད་བདེ་བར་འཚོ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་བྲལ། །ཞེས་པ་ནི་གཉན་ས་དེ་རུ་སླེབས་ནས། ཉམས་ལེན་འདི་ལྟར་བྱའོ། །འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་ལ་བདག་ཏུ་བཟུང་གཅེས་པར་བཟུང་བས་གནས་སྐབས་སུ་འདྲེ་དང་གདོན་བགེགས་གནོད་འཚེ་དང་སྡུག་བསྔལ་འབྱུང་། མཐར་ཐུག་ཏུ་ཁམས་གསུམ་དུ་འཁྱམས་ཤིང་རིགས་དྲུག་ཏུ་འཁོར། དེ་བདག་འཛིན་གྱིས་ལན་པ་ཡིན། དེ་ནི་ངའི་ལུས་སྔོན་གྱི་ལས་ལས་གྲུབ་པ། རྐྱེན་ཕོ་མོའི་འདོད་ཆགས་ཀྱིས་བསྐྱེད། འབྲས་བུ་དལ་འབྱོར་གྱི་མི་ལུས་ཐོབ་དབང་པོ་སྒོ་ལྔ་ཚང་། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཚང་བའི་བདག་ལུས་མཛེས་ཤིང་གཙང་བ་ཡིད་དུ་འོང་། གཅེས་ཤིང་འཕངས་པ། དགོས་ཤིང་མཁོ་བའི་ལུས་འདི། སྤྱིར་འགྲོ་དྲུག་སེམས་ཅན་གྱི་དོན་དུ་གཏོང་། སྒོས་སུ་དྲིན་ཅན་ཕ་མའི་དོན་དུ་གཏོང་ངོ་། །ཡང་སྒོས་འདྲེ་ཁྱེད་ཚོའི་གཟན་ལ་སྟེར་བས་རིང་ན་གྲང་མོར་ཟོ། མི་རིང་ན་ཚོས་ལ་ཟོ། ཞེན་པ་ཏིལ་གྱི་འབྲུ་ཙམ་ཡང་མི་བྱེད་དོ། །སུ་འདོད་པ་དེས་ཁྱེར་ཅིག་བྱས་ལ་ལུས་ལ་ཆགས་ཞེན་མི་བྱ་བར་མཆིལ་སྣབས་བཞིན་དུ་བོར་ལ་བཞག །མཛེ་རོ་བཞིན་དུ་བོར་ལ་བཏང་། ཕྱི་ས་བཞིན་དུ་སྤངས་ལ་བཏང་། ས་རྡོ་བཞིན་དུ་བདག་འཛིན་མེད་པར་བཞག་པས། འདྲེ་དང་གདོན་བགེགས་རྣམས་ཀྱིས་ཧབ་ཐོབ་བྱས་ནས་ཤ་ཟོས། ཁྲག་བཏུངས། ནང་རོལ་མིད། རུས་པ་འཆོས། དབང་པོ་ལྔ་ཁྱེར་ལྷག་མ་ཏིལ་འབྲུ་ཙམ་ཡང་མ་ལུས་པར་བསྒོམས་ལ། ལུས་དངོས་པོ་ཅན་དེ་ནི་ཁྱེད་ཚོས་ཟོས། སེམས་སྟོང་པ་ཉིད་ལ་ནི་དངོས་པོ་མི་འདུག་པས། ད་ང་ལ་བདག་འཛིན་དང་གཅེས་འཛིན་བྱ་དགོས་པ་མི་འདུག །ཉ་ར་བྱ་རྒྱུ་མི་འདུག །ལུས་ཀྱི་ཁ་ཏ་དང་། གཉེར་ཁ་དགོས་པ་མི་འདུག་སྙམ་པའི་ངང་དུ་ལྷོད་དེ་འཇོག་པ་ཡིན། གཅོད་མཁན་ཕལ་ཆེར་ལུས་མི་གཙང་བའི་ཕུང་པོ་རྣག་ཁྲག་གི་རྐྱལ་པ། ངར་སྣབས་ཀྱི་ཕུང་པོ་འདི། བདག་ལ་དགོས་པ་མེད་པས་སུ་འདོད་པ་ཁྱེར་ཅིག་ཟེར་ཏེ། དེ་ལ་ནི་སྐྱོན་བཞི་ཡོད་པས་མི་འཐད་དེ། གཅིག་ཏུ་ཞེ་རེང་ནས་སྦྱིན་པར་གཏོང་ན་མ་དག་པའི་སྦྱིན་པར་འགྲོ་བས་ཚོགས་མི་རྫོགས། གཉིས་སུ་བདག་ལ་མ་མཁོ་བ་ཞིག་འདྲེ་ལ་བྱིན་ཡང་མི་ཕན་ཏེ་ཁོ་ལའང་མི་མཁོ། གསུམ་དུ་འདྲེས་ལུས་ཁྱེར་དུ་བྱུང་གིས་དོགས་ནས་རྣ་དགག་ཏུ་འགྲོ། བཞི་པར་ལུས་དེ་མི་གཙང་བའི་ཐུམ་པོ་ཡིན་ནོ་བྱས་པས་འདྲེ་ཞེན་པ་ལོག་ནས་མི་འདོད་དུ་རེ་བའི་ཕྱིར་ཡིན་པས་མི་འཐད་དོ། །དེ་རུ་ཉམས་ལེན་ནི་གནས་པོ་བདུད་ལ་གཡར་བ། སྐྱེལ་མ་དགྲ་ལ་འཆོལ་བ། བུ་རྫི་འདྲེ་ལ་འཆོལ་བར་བྱ་སྟེ། གནས་པོ་བདུད་ལ་གཡར་བས་གཞི་མགྲོན་གཅིག་ཏུ་འདྲེས་པ་ནི། གཉན་པའི་ས་དེར་ཕྱིན་ནས་གཞི་བདག་དེ་ལ་ང་འདི་རུ་ལུས་སྐྱེལ་དུ་འོང་ནས་ཡོད་པས། ད་ཁྱོད་རང་ཅི་བྱེད་པ་གྱིས་ཤིག་བྱས་པས་བདག་འཛིན་ཐོངས་པའི་དགོས་པ་ཡོད། གཞི་བདག་དེས་མི་གནོད་ཀྱི་སྟེང་དུ། ཕན་ཐོགས་ཏེ་གཞན་གྱི་གནོད་པ་ཞར་ལ་ཁོས་སྲུང་ཞིང་སྒྲུབ་པ་པོའི་སྲུང་མ་རུ་འགྲོ་བ་ཡིན་ནོ། །དེ་ལྟར་འགྲོ་བའི་རེ་བ་ནི་མི་བྱ་སྟེ། བྱས་ན་སྙེམས་བྱེད་ཀྱི་བདུད་འཇུག་གོ། །དཔེར་ན་ཡུལ་གང་དུ་ཕྱིན་ཡང་གནས་པོ་དེ་མགྲོན་པོའི་ཕྱོགས་སུ་ཡོང་བ་དང་འདྲ་སྟེ། བསྲུང་དུ་གསོལ་བསྐྱབ་ཏུ་གསོལ་ཁྱེད་རང་ཤེས་སོ་མི་ཟེར་རོ། །སྐྱེལ་མ་དགྲ་ལ་འཆོལ་བ་ནི། དགྲ་ལ་དགྲ་རུ་བཟུང་ནས་ཟོན་བྱས་པས་གནོད་པ་སྐྱེལ་བ་ཡིན་གྱི། དགྲ་རུ་མ་བཟུང་ཟོན་མ་བྱས་ན་ཁོ་རང་ཅན་དུ་བབས་ནས་ཁོ་རང་གིས་མི་གནོད་ཀྱི་སྟེང་དུ་གཞན་གྱིས་གནོད་པའང་ཁོས་སྲུང་བ་དང་སྐྱེལ་མ་བྱེད་པ་བཞིན་འདྲེ་གང་གནོད་དེ་རང་ལ་འདྲེ་རུ་མ་བཟུང་ཟོན་མ་བྱས་པར་ཉལ་ནས་བསྡད་པས་ཁོ་ལ་དོ་མི་བདོ། གནོད་པ་མི་སྐྱེལ་བརྙས་པ་མི་བྱེད། ལུས་སྟེར་དུ་འོངས་པ་ཡིན། ཟའམ་མི་ཟ་ཁྱོད་རང་ཤེས་བྱས་པས། གནོད་པ་ཁོ་རང་གིས་མི་བྱེད། བྱེད་པ་ཚོ་ཁོས་བསྲུང་ངོ་། །ནད་པ་འདྲེ་ལ་གཏད་པ་ནི། ནད་པའི་སྔས་སྲུང་བྱེད་པ་དང་། བུ་ཆུང་སྲིའུ་གསོ་ན། འདི་ལྟར་བྱ་སྟེ། བུ་ཆུང་དང་ནད་པ་ལ་གང་གནོད་པའི་འདྲེ་འདི་ན་གནས་བྱ་བ་ཡོད་ན། དེའི་ཚང་དེ་རུ་ནད་པ་དང་བུ་ཆུང་ཁྱེར་ནས་འགྲོ། དེ་མ་གྲུབ་ན། གནོད་པའི་འདྲེ་དེ་ཚུར་ལ་བོས་ལ་ནད་པ་དེ་བྱིན་ནས། ཐག་གེ་ཟོས་པར་བསྒོམ། དེ་ལྟར་བྱས་པས་བུ་ཆུང་དང་ནད་པ་འདྲེ་ལས་དགྲ་རུ་ཆེ་བ་མེད་པ་ལ་དེ་མགུ་བར་བྱས་པས། ནད་པའི་ལན་ཆགས་དང་བུ་ལོན་འཁོར། འདྲེ་ཡིད་ཆེས་ཁོ་ཐག་ཆོད་ནས་ཁོ་རང་ཡང་གནོད་པ་མི་བྱེད། གཞན་གྱིས་གནོད་པའང་སྲུང་སྐྱོབ་བྱེད་དོ། །དེ་ནི་ལམ་ཁྱེར་རྐྱེན་ལ་བྱེད་པའི་གདམས་ངག་ཡིན་ཏེ། དཔེར་ན་བཙན་དུག་ལ་བཅུད་ལེན་བྱས་ན། འགོ་ནད་གཉན་ནད་ཀླུའི་གནོད་པ་ཐམས་ཅད་ཞི་བ་དང་། ཕྱིས་དུག་གི་ནད་ཐམས་ཅད་ཀྱིས་མི་ཚུགས་པ་བཞིན་ནོ། །ཡང་ཚོམས་ལས། ནད་དང་ནད་པ་འདྲེ་དང་གསུམ། །གཉིས་མེད་སྟོང་པའི་ངང་ལ་བཞག །ལུས་པོ་གཏུབ་ལ་ཚོགས་སུ་འབུལ། །རྣམ་རྟོག་ཆོས་ཉིད་གཏེར་དུ་སྦ། །དེ་ཡང་ལན་གྲངས་མང་དུ་བྱ། །སོས་ན་དགའ་བའི་སེམས་མི་བསྐྱེད། །ཅེས་སོ། །

ཕུང་པོ་གཟན་དུ་བསྐྱུར་བས་གཅེས་འཛིན་བློ་དང་བྲལ། །ལུས་སེམས་སོར་སོར་བྲལ་བས་བདག་འཛིན་མཁན་པོ་སྟོར། །འཇིགས་མཁན་རྩ་བརྡར་བཅད་པས་ཉམ་ང་རང་སར་ཡལ། །ལུས་ཀྱི་བདག་འཛིན་བྲལ་བས་བར་ཆད་དཔལ་དུ་ཤར། །ཞེས་པ་ནི་གཉན་ས་དེ་རུ་ཕྱིན་ནས། ཁྲེས་སེ་ཉལ་ལ་ཕུང་པོ་གཟན་དུ་སྐྱུར་བ་ནི། བདག་ཏུ་བཟུང་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་འདྲེའི་གཟན་དུ་བསྐྱུར། ཐེད་ལ་བོར་ཏེ་ཅི་དགའ་བ་གྱིས་སུ་བཞག་ལ། གཅེས་པར་འཛིན་པའི་བློ་དང་ཕྲལ་ནས་འགྲོའོ། །ལུས་སེམས་གཉིས་པོ་སོ་སོར་ཕྲལ་ནས་ལུས་སྦྱིན་པར་བཏང་། ཞེན་ན་སེམས་སྟོང་པའི་ངང་དུ་བཞག་པས་བདག་འཛིན་དང་གཅེས་འཛིན་གྱི་མཁན་པོ་སྟོར་འགྲོ་སྟེ། དཔེར་ན་དུར་ཁྲོད་ཀྱི་མི་རོ་ལ་ལུས་སེམས་བྲལ་བས་བདག་འཛིན་མི་འབྱུང་བ་བཞིན་ནོ། །འཇིགས་མཁན་རྩ་བརྡར་བཅད་པས་ཉམ་ང་རང་སར་ཡལ་ནས་འགྲོ་བ་ནི་ནམ་འཇིགས་པའི་ཚེ་འཇིགས་མཁན་དེ་སྤྱི་བོ་ནས་རྐང་མཐིལ་བར་དུ། ཤ་ལ་འདུག་གམ་རུས་པ་ལ་འདུག་གམ། ཁྲག་ལ་འདུག་གམ། ཕྱི་ན་འདུག་གམ་ནང་ན་འདུག་གམ་ལྟ། གྲུ་བཞི་ནར་མོ་སྒོར་མོ་ཟུར་གསུམ་ཟླུམ་པོ་སོག་ཁ་སོགས། གཟུགས་ཅི་འདྲ་འདུག་ལྟ། ཁ་དོག་དཀར་པོ་ནག་པོ་སེར་པོ་དམར་པོ་ལྗང་ཁུ། ངུར་སྨྲིག་སོགས་ཇི་ལྟར་འདུག་ལྟ། ལུས་འཇིགས་པ་ཡིན་ན་ནི། སྦྱིན་པར་བཏང་ཟིན་པས་མེད། སེམས་འཇིགས་པ་ཡིན་ན་ནི་སྟོང་པར་འདུག །ད་གང་ལ་འཇིགས། ཅི་ལ་འཇིགས་སྙམ་དུ་བསམ། དེ་ལྟར་བཙལ་བས་མ་རྙེད་ཙ་ན། ཉམ་ང་བག་ཚ་ཐམས་ཅད་རང་གྲོལ་ལ་འགྲོ། དེ་ལྟར་ན་འགལ་རྐྱེན་བར་ཆད་ན་ཚ་སྡུག་བསྔལ་ཐམས་ཅད་བདག་འཛིན་ཡོད་པས་ལན་པ་ཡིན། །བདག་འཛིན་བྲལ་བས་ས་རྡོ་དང་ཁྱད་མེད་དེ། འཇིགས་དོན་མེད། ཡང་ཚོམས་ལས། ལུས་ནི་རོ་ཡི་ཚུལ་དུ་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །རེས་འགའ་མི་མགོ་སྐམ་པོ་བཞིན། །སྒོ་ལྔ་རྒྱ་ཡན་ཧར་པོར་བཞག །ཅེས་སོ། །དེ་ལྟར་རྟོགས་ན་བདུད་དཔལ་དུ་འཆར། བར་ཆད་དངོས་གྲུབ་ཏུ་འབྱུང་ངོ་། །

རྐྱེན་ལ་རྐྱང་འདེད་བྱས་པས་བར་ཆད་སྟོང་པར་ཞི། །གདོན་ལ་སྤར་འཛིན་བྱས་པས་འཇིགས་ཡུལ་སྟོང་པར་རྟོགས། །ཐམས་ཅད་སེམས་སུ་ཤེས་པས་འཛིན་མེད་རང་སར་གྲོལ། །གང་དགར་བསྐྱུར་ནས་བཏང་ན་སུས་ཀྱང་འཁྱེར་མི་སྲིད། །ཞེས་པ་ནི། འགལ་རྐྱེན་དང་བར་ཆད་ཆོ་འཕྲུལ་ཅི་བྱུང་ཡང་། གནད་བཞི་པ་འདི་བྱ་སྟེ། རྐྱེན་ལ་རྐྱང་འདེད་བྱ་བ། གདོན་ལ་སྤར་ཟིན་བྱ་བ། ཐམས་ཅད་སེམས་སུ་ཤེས་པ། གང་དགར་བསྐྱུར་བ་དང་བཞིའོ། །བཞི་པོ་དེ་ཉམས་སུ་བླངས་ཏེ། རྐྱེན་ལ་རྐྱང་འདེད་བྱ་བ་ནི། གནས་གང་འཇིགས་པ་དེ་རུ་ཉལ། དུས་ནུབ་མོ་ལ་སོགས་པ་ནམ་འཇིགས་པའི་ཚེ། རྟེན་ལྡེར་སོའམ་རོའམ་བྲ་མ་ལ་སོགས་གང་འཇིགས་པ་དེའི་རྩ་རུ་སྡོད་པའོ། །གདོན་ལ་སྤར་ཟིན་བྱེད་པ་ནི། དངོས་སམ་ཉམས་སྣང་རྨི་ལམ་ལ་སོགས་པར་མིག་གིས་མཐོང་བའི་གཟུགས་ཅན་དུ་བྱུང་ན། དེ་ལ་ལག་པས་བཟུང་ལ་སྤར་སོ་འཐམས་ལ། ཁྱོད་ངའི་ཟླ་ལ་གཏན་དུ་བཞུགས་པར་ཞུ་བྱས་ལ་མི་བཏང་། ཉམས་སྣང་ལ་བྱུང་ན་གསལ་གདབ་ལ་དེ་ལས་གསལ་དུ་བཏང་ལ་བྱ། རྨི་ལམ་དུ་བྱུང་ན། ད་དུང་གཉིད་དུ་སོང་རེས་ལ་འབྱོན་པར་ཞུ་བྱས་ལའོ། །

འབོད་དུ་བྱུང་ན། ཨ་ང་འདི་ན་ཡོད། འདི་རུ་ཤོག་ཅིག་བྱའོ། །ཐམས་ཅད་སེམས་སུ་སྒོམ་པ་འདྲེ་ལ་ལུས་བྱིན་རུང་། བསྲུངས་རུང་ཡོད་པར་སྒོམ་རུང་མེད་པར་སྒོམ་རུང་། འཇིགས་ཤིང་སྐྱི་གཡའ་བ་བྱུང་རུང་། དགའ་ཞིང་བག་དྲོ་བ་བྱུང་རུང་། བྲེད་ཅིང་སྔངས་པ་བྱུང་རུང་། བློ་བདེ་བ་འཇིགས་པ་མེད་པ་བྱུང་རུང་། ཅི་བྱུང་ཡང་སེམས་ཀྱི་ཆོ་འཕྲུལ་ཡིད་ཀྱི་རི་མོ་རྟོག་པའི་སྤྲོ་བསྡུ། རིག་པའི་ཡོ་ལང་། བློས་བྱས་ཉག་གཅིག་ཡིན་ནོ། །དོན་ལ་བདེན་པར་གྲུབ་པ་སྤུའི་རྩེ་མོ་ཙམ་ཞིག་ཀྱང་མེད་དོ། །གང་དགར་བསྐྱུར་ལ་བཏང་བ་ནི། ལུས་ལ་ཉ་ར་དང་བདག་འཛིན། གཅེས་འཛིན་དང་ཕངས་སེམས། ཆགས་པ་དང་ཞེན་པའི་འཁྲིས་མེད་པར་བསྐྱུར་ལ་བཏང་བའོ། །དེ་ལྟར་བྱས་ན། སུས་ཀྱང་འཁྱེར་མི་སྲིད། འདོད་པ་སུ་ཡང་མི་ཡོང་ངོ་། །དཔེར་ན་བུང་ཟས་ཟ་བ་ལ། ཆེ་ན་མི་ཟ། མ་བྱིན་ན་བླང་བ་དང་འདྲ་སྟེ་མི་འདོད་པ་བཞིན་ནོ། །

གང་ཚེ་ཆོས་ཉིད་ལ་ནི་མཉམ་པར་སུ་བཞག་པ། །དེ་ནི་བདུད་ཚོགས་མི་བཟོད་ཆོ་འཕྲུལ་སྣ་ཚོགས་སྟོན། །ཕྱི་ནང་གསང་བ་མངོན་སུམ་ཉམས་སྣང་རྨི་ལམ་དུ། །སྣ་ཚོགས་གཟུགས་སྟོན་མི་སྙན་སྣ་ཚོགས་ལུང་སྟོན་འགྱུར། །ཅེས་པ་ནི་གདོན་བསླངས་པའི་རྟགས་ཡིན་ཏེ། དེ་ལ་གསུམ་སློང་མི་སློང་གི་རྒྱུ་མཚན། བསླངས་པའི་རྟགས། བདུད་ཀྱི་གཙེ་བ་བསྟན་པའོ། །དང་པོ་ནི་གཉན་ས་དེར་ཕྱིན་ནས་ཉམས་ལེན་གྱི་ངང་དུ་ཉལ་བསྡད་པས་གདོན་དེའི་ནུས་པ་ཅི་ཡོད་པ་དེ། རབ་ཞག་གསུམ་བསྡད་པས་སློང་། འབྲིང་ལྔའམ་བདུན་ན་སློང་། ཐ་མའང་བཅུ་ན་ཅིས་ཀྱང་སློང་བ་ཡིན་ནོ། །མི་སློང་བ་དང་སློང་ཚབས་ཆུང་བ་དང་སློང་འཕྱི་བའི་རྒྱུ་མཚན་ནི་བྱིངས་ཆུང་ནས་ལྡང་མ་ནུས་པ་དང་། རྣལ་འབྱོར་པ་ནུས་པ་ཆེ་བས་ཟིལ་གྱིས་མནན་ནས་ལྡང་མ་ནུས་པ་དང་། ཡང་གདོན་བྱིངས་ཆེས་རྣལ་འབྱོར་པ་ནུས་པ་ཆུང་ནས་མ་བསླངས་པ་དང་། གཅོད་ཡུན་ཐུང་ནས་མ་བསླངས་པ་དང་། ལུགས་མང་དུ་ཡོད་པས་གང་ཡིན་ཤེས་པར་བྱའོ། །བདག་ནུས་པ་ཆུང་ན་མི་བསླང་སྟེ། སྤྲང་པོ་ལྐོག་ཏུ་ཉལ་བ་དང་། ཞིང་པས་ལོ་སྲུང་བ་དང་། ཚོང་པ་མཚན་འགྲོས་བྱེད་པ་དང་། འབྲོག་པ་ཕྱུགས་མ་སྟོར་བ་འཚོལ་བ་དང་། རྐུན་མ་ནམ་ལ་རྐུ་རུ་འགྲོ་བ་རྣམས་ནི་ནུས་པ་མེད་པས་མི་བསླངས་པ་ཡིན། འདྲེ་ལ་དོ་མི་བསྡོ་བ་དང་། ཁོ་རང་ལ་སྐྱབས་སུ་འགྲོ་བ་དག་ཁོ་ཡོད་པའི་གནས་དེ་རུ་ཉལ་ནའང་མི་བསླང་བ་ཡིན། གནས་དེ་རུ་ཕྱིན་པ་དང་འཇིགས་ལ་ཞག་ཏུ་ལོན་གྱིན་ཇེ་མི་འཇིགས་ལ་སོང་ན་གདོན་ཆུང་བས་སློང་བ་སླ། གདོན་ཚན་ཆུང་ཆོ་འཕྲུལ་ཆུང་ནོན་པ་སླ་དབང་དུ་འདུས་ཀྱང་ཡོན་ཏན་ཆུང་། དང་པོ་མི་འཇིགས་པ་ཉམས་དགའ་བར་བྱུང་ཡང་ཡུན་དུ་བསྡད་ཞག་ཏུ་ལོན་གྱིན་ཇེ་འཇིགས་ལ་སོང་ཉམས་ཇེ་མི་དགའ་ལ་སོང་ན་གདོན་ཆེ་བས་སློང་དཀའ། ཚན་ཆེ་ཆོ་འཕྲུལ་ཆེ་བ་ནོན་ན་ཡོན་ཏན་ཆེ་བ་ཡིན་ནོ། །ལར་ཡང་སྟེང་གདོན་སློང་བ་སླ། འོག་གདོན་སློང་དཀའ། ལྷ་ཁང་དང་ཁང་སྟོང་ལ་སོགས་པ་དང་པོར་ཉམ་ང་ཆོ་འཕྲུལ་ཆེ་ཡང་ནོན་པ་སླ། ཆུ་མིག་དང་མཚོ་ལ་སོགས་པ་ལ་དང་པོ་ཉམ་དགའ་ཆོ་འཕྲུལ་ཆུང་ཡང་ནོན་པ་དཀའ། རྣལ་འབྱོར་པ་ལྟ་བ་གདེང་དང་ལྡན་པའི་སྔགས་པ་ལྷའི་རྣལ་འབྱོར་སྒོམ་པ་དང་། གང་ཟག་རང་ལ་འདྲེ་གདོན་གནོད་པ་དང་། སེམས་ལ་ཁུ་འཕྲིག་ཡོད་པ་རྣམས་ཀྱིས་ཞག་གཅིག་ན་སློང་བ་ཡོད། སློང་བ་དང་ནོན་པ་དང་། ཚར་ཚད་ཞག་གཅིག་ན་འབྱུང་བའང་ཡོད་དོ། །སྲོད་ལ་ཆོ་འཕྲུལ་བྱུང་ནས་ཐོ་རངས་ཚར་བའི་རིགས་ཀྱང་ཡོད་དོ། །སྔར་ནུབ་ཆོ་འཕྲུལ་བྱུང་ནས་ཕྱིར་ནུབ་ཚར་བའི་རིགས་དང་ལུགས་མང་དུ་ཡོད་དོ། །ཕལ་ཆེར་ཞག་གསུམ་དགོས་པ་མང་དུ་འབྱུང་ངོ་། །སློང་མ་བསླངས་ཀྱི་རྒྱུ་མཚན་ཡང་། བསླངས་པའི་རྟགས་ལ་གསུམ་སྟེ། ཕྱི་རྟགས་ལྷ་འདྲེ་བསླངས་པའི་རྟགས། ནང་རྣམ་རྟོག་བསླངས་པའི་རྟགས། བར་ན་ཚ་བསླངས་པའི་རྟགས་སོ། །དང་པོ་གཉན་ས་དེ་རུ་ཕྱིན་ནས། ལུས་སེམས་ཕྲལ་ཏེ། ལུས་པོ་ཡན་པར་ལྷང་གིས་བོར། སེམས་ཉམ་ང་མེད་པ། བག་ཚ་མེད་པ་རྟོག་པ་མེད་པ། སྙེམས་མེད་པ་རང་བཞིན་མེད་པའི་ངང་དུ་བཞག །འབོལ་ལེ་ཤིག་གེ་ལྷན་ནེར་བཞག་པས། དེའི་བྱིན་རླབས་དང་ཆོས་ཉིད་ཀྱི་གཟི་བརྗིད་མི་བཟོད། སྟོང་པ་ཉིད་ཀྱི་ནུས་པ་མི་བཟོད་དོ། །རྣལ་འབྱོར་པའི་ཉམས་ལེན་མ་བཟོད་པར་ཆོ་འཕྲུལ་སྣ་ཚོགས་འབྱུང་སྟེ། ཆེ་ཤོས་མིག་ཡུལ་དུ་མི་སྡུག་པའི་གཟུགས་སྣ་ཚོགས་སྟོན་ཏེ། སྟག་དང་སེང་གེར་སྤྲུལ་ནས་ཟ་ཚུལ་སྟོན། ཁྱི་དང་ལྕེ་སྤྱང་དང་དོམ་དུ་སྤྲུལ་ནས་རྨུག་ཚུལ་སྟོན། གླང་དང་གཡག་ཏུ་སྤྲུལ་ནས་བརྡུང་ཚུལ་སྟོན། སྦལ་སྦྲུལ་སྡོམ་དང་སྡིག་པ་ལ་སོགས་པའི་སེམས་ཅན་འཇིགས་པར་སྤྲུལ་ནས་འཇིགས་སྐྲག་དང་བྲེད་སྔངས་སྟོན། དགྲ་དང་སྐྱེས་པ་དང་བུད་མེད་དུ་སྤྲུལ་ནས་མཚོན་ཆ་སྣ་ཚོགས་ཐོགས་ཏེ་འདེད་ཚུལ་སྟོན། བརྡུང་ཚུལ་སྟོན། འཁྱིག་ཚུལ་སྟོན། འཛིན་དུ་འོང་བ་དང་། མངོན་དུ་འོང་བ་དང་། རྦབ་ཏུ་སྒྲིལ་བ་དང་། མགོ་གཞུག་ཟློག་པ་དང་། མལ་ས་དེ་ནས་གཞན་དུ་སྐྱེལ་བ་དང་། མ་དང་སྲིང་མོ་དང་བུད་མེད་མཛེས་མར་སྤྲུལ་ནས་ཆགས་པའི་རྣམ་འགྱུར་སྟོན་པ་དང་། འཛུམ་ཞིང་སླུ་བྲིད་སྟོན་པ་དང་། ཕ་དང་སྤུན་དང་གྲོགས་པོར་སྤྲུལ་ནས་ངུ་བ་དང་། ཆོ་ངེ་འདེབས་པ་དང་། དྲག་པོའི་སྒྲ་མི་སྙན་པའི་ང་རོ་སྒྲོག་པའོ། །

མཁན་པོ་དང་སློབ་དཔོན་དུ་སྤྲུལ་ནས་ཁྱོད་ཀྱི་ཆོས་ནོར། ལམ་ལོག་པ་ཡིན་ཟེར་བ་དང་། ཁྱོད་ཀྱི་ཚེ་དེ་རིང་ལས་མེད་ཟེར་བ་དང་། ད་ལྟའི་ཞག་བརྒྱ་ན་ཁྱོད་འཆི་ཟེར་བ་དང་། ཁྱོད་ཤི་མ་ཐག་ཏུ་དམྱལ་བར་སྐྱེ་ཟེར་བ་དང་། གཟུགས་མེད་པའི་བཤུད་པ་ཙེར་ཙེར་འབུད་པ་དང་། རྣ་བར་རྒྱོབ་ཅིག་སོད་ཅིག་ཟེར་བ་ལ་སོགས་པ་རབ་ལ་མངོན་སུམ་དུ་འོང་། འབྲིང་ལ་ཉམས་སྣང་དུ་འོང་བ་དང་། ཐ་མ་རྨི་ལམ་དུ་འོང་བའོ། །ཆོ་འཕྲུལ་འབྲིང་པོ་ལ་མེ་འབར་བ་དང་། ཆུས་འཁྱེར་བ་དང་། རྦབ་སྒྲིལ་བ་དང་། གད་པ་རྡིབ་པ་དང་། བྲག་ཞིག་པ་དང་ས་གཡོ་བ་དང་། ས་གཞི་ཐམས་ཅད་འདར་ཕྲིལ་ཕྲིལ་འོང་བ་དང་། འགུལ་འགུལ་ལྡེག་ལྡེག་འོང་བ་དང་། འུར་ཆོམ་དང་འུར་སྒྲ་དང་། ལྡེག་པ་དཔེར་ན་མི་ཡོད་པ་སྙམ་བྱེད་པ་དང་། གདོང་པ་ཚ་འུབ་འུབ་ཡོང་བ་དང་། རྒྱབ་ནས་ཚ་འུར་ཏེ་རྡེག་པ་དང་། གོས་དང་སྐྲ་ནས་འཐེན་འཐེན་བྱེད་པ་དང་། རྩ་རུ་རྡོ་དང་བོང་བ་རྡི་རི་རི་སྐྱུར་བ་དང་། མིང་ནས་ལྷང་ཙེར་འབོད་པ་ལ་སོགས་པའོ། །ཆོ་འཕྲུལ་ཐ་མ་ལ། ལུས་པོ་རྩེ་སིལ་བ་དང་། ཤེས་པ་སྐྱི་བུང་བ་དང་། སྣ་རུ་སྒོག་དྲིའམ་གསུར་དྲི། བྱ་རྒོད་སྤོས་ལ་སོགས་པའི་དྲི་མི་ཞིམ་པ་རྣམས་འགའ་འབྱུང་། རྨི་ལམ་དུའང་སྟོན་པ་ཡིན་པས་ཁང་པ་སྒོ་མེད་དུ་ཆུད་པ་དང་། བྲག་དང་གད་པའི་ཁ་ནས་རྦབ་དུ་འཆོར་བ་དང་། ཆུས་ཁྱེར་བ་དང་། ཁང་པ་རྡིབ་པ་དང་ཆུ་ཆེན་པོའི་ཁ་ནས་ཟམ་པ་ལྡེམ་ལྡེམ་པ་ལ་ཕྱིན་ནས་ལྷུང་ལ་ཁད་པ་དང་། མདོར་ན་རྨི་ལམ་ཐེ་ཚོམ་དང་རྣམ་རྟོག་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་འོང་བས། དེའི་དུས་སུ་རྨི་ལམ་ནའང་ཉམ་ང་མེད་ན་མཆོག་ཡིན། རྨི་ལམ་དུ་ཉམ་ང་དག་བྱུང་ནའང་། བདུད་ཀྱི་ཉམས་ཚད་ཡིན་པས། གཉིད་སད་པ་ནས་རྨི་ལམ་བཟང་ངན་རྟོག་དཔྱོད་མ་གཏོང་བར་ཉམ་ང་བག་ཚ་མེད་པར་ཉམས་ལེན་གྱི་ཐོག་ཏུ་བཞག་པས་ཉམས་དགའ་ཡ་ལེར་འགྲོ། བློ་བདེ་འབོལ་ལེར་འགྲོ། བག་དྲོ་འུར་རེ་འགྲོ། ཆོ་འཕྲུལ་གྱི་རྟོག་པ་དེ་ཞི་ནས་ཉམས་མི་འདྲ་བ་གསར་པ་ཞིག་སྐྱེ་བ་ཡིན་ནོ། །ཆོ་འཕྲུལ་བྱུང་བའི་དུས་སུ། དེ་ཉིད་དུ་གཉེན་པོས་མ་ཟིན་ཡང་། དེའི་རྟིང་ལ་རྗེས་སྙེགས་སུ་གཉེན་པོ་བཏང་ལ། ཉམ་ང་མེད། བག་ཚ་མེད། སྙེམས་མེད་འཇིགས་པ་ཙམ་དུའང་གྲུབ་པ་མེད་པར་ཤེས་པ་རང་སར་གློད་ལ་བཞག །དེ་ལྟར་བྱས་པས་བདུད་དཔལ་དུ་འཆར། རྐྱེན་གྲོགས་སུ་འཆར། བར་ཆད་དངོས་གྲུབ་ཏུ་འཆར་བ་ཡིན་ནོ། །ཆོ་འཕྲུལ་དེ་རྣམས་ནི་ཉམས་ལེན་བྱས་ན་དུས་གཞན་དུའང་འབྱུང་སྲིད། ལྷག་པར་གཅོད་བྱེད་པའི་དུས་སུ་འབྱུང་ངོ་། །ནང་རྣམ་རྟོག་སློང་བའི་རྟགས་ནི། རང་གི་རྒྱུད་ལ་ཁམས་འདུས་དང་། སྙིང་རླུང་དང་། སྙིང་མི་དགའ་བ་དང་། དོན་མེད་པའི་སྡུག་བསྔལ་དང་། སེམས་སྐྱོ་བ་དང་། འགྲོ་སྙིང་འདོད་པ་དང་། ཟླ་བོ་དང་འགྲོགས་སྙིང་འདོད་པ་དང་། ཤེས་པ་ཕྱི་སངས་ཁྱེར། ཚིག་པ་ཟ། ཁམས་མི་བདེ། གཅོད་ཀྱི་ཉམས་ལེན་བྱེད་པར་འཚེར། བྱེད་སྙིང་མི་འདོད། རྣམ་རྟོག་སྣ་ཚོགས་འཆར། ཉོན་མོངས་པ་རགས་པོ་འབྱུང་བས། ཉམས་ལེན་གསང་སྔགས་བཞིན་བྱས་པས། དེ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ། ནམ་མཁའི་རི་མོ། རྣམ་རྟོག་གི་གཟུགས་བརྙན། ཡིད་ཀྱིས་བཟོ་བྱས་ཡིན་པས། སྐྱེ་མེད་རང་གྲོལ། དྲན་མེད་སྟོང་པ། གཏད་མེད། བདེན་མེད། འགྱུ་བ་དངོས་མེད་དུ་ཤེས་པར་གྱིས་ལ། རང་ཡལ་རང་གྲོལ་དུ་འགྲོ་བ་ཡིན་ནོ། །བར་ན་ཚ་བསླངས་པའི་རྟགས་ནི་ལུས་ལ་ཆུ་ཐོར་དང་། སྐྲང་འབུར་ཤ་འཕྲིག །ཤ་འགུལ་གླང་ཤུ། མེ་དབལ། བལ་འདོགས། ལྷོག་པ་གཟེར་ནད་ལ་སོགས་པ་འབྱུང་ངོ་། །སྣ་རེ་ཙམ་འབྱུང་བ་ཡོད་དེ། དེ་བྱུང་བ་དང་མ་བྱུང་བ་གཉིས་ཀ་ལ་དགའ་མི་དགའ་གང་ཡང་མི་བྱ་བར། ཉམ་ང་བག་ཚ་མེད་པར་སེམས་གཞི་མེད་ངང་དུ་གློད་ལ། ཅི་ཡོང་བ་ཤོག །ཅི་དགའ་བར་གྱིས། གར་འགྲོ་བར་སོང་སྙམ་དུ་བྱས་ལ་བཞག་གོ། །བདུད་ཀྱི་གཙེ་བ་སྟོན་པ་ནི། གཅོད་བྱེད་པའི་དུས་སམ་དུས་གཞན་དུའང་འབྱུང་བ་སྲིད་དེ། བདུད་ཀྱི་གཙེ་བ་བཅུ་དྲུག་ལ་སོགས་འབྱུང་ངོ་། །གཙེ་བ་བཅུ་དྲུག་ནི། གྱ་ནོམ་གྱི་གཙེ་བ་བཞི། ཐེ་ཚོམ་སྤྱད་པའི་གཙེ་བ་བཞི། འཇིགས་ཤིང་སྐྲག་པའི་གཙེ་བ་བཞི། ཆོ་འཕྲུལ་གྱི་གཙེ་བ་བཞིའོ། །དང་པོ་ནི་ཁྱོད་བསྐལ་པ་མང་པོ་ནས་ཚོགས་བསགས་པ་ཡིན་པས། ལོ་འདི་ཙམ་ཞིག་ན། སངས་རྒྱས་ཀྱི་ཞིང་ཁམས་འདི་སྐད་བྱ་བར་སངས་རྒྱས་ཏེ། གདུལ་བྱ་འདི་ཙམ་འབྱུང་། ཕྲིན་ལས་འདི་ཙམ་ཞིག་འབྱུང་ངོ་། །ཞེས་ཡིད་དགའ་བར་བྱེད། སེམས་དཔང་མཐོ་བར་བྱེད། ང་རྒྱལ་དང་རློམ་པ། དྲེགས་པ་སྐྱེ་བར་བྱེད། ད་སངས་རྒྱས་ཟིན་གྱི་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་ཀྱིས་ཅི་ཞིག་བྱ་ཟེར་བ་དང་། ད་ཁྱོད་བསྒོམ་མི་དགོས་པས་ལམ་གྱི་འབད་རྩོལ་སྤོངས་ཤིག་ཟེར་ནས། དགེ་བ་ལས་བློ་ལོག་ཏུ་འཇུག་པ་དང་། ད་ཁྱོད་འབྲས་བུ་ཐོབ་ཟིན་གྱི། འདོད་ཡོན་སྤྱད་པས་ཆོག་པའི་དུས་ཡིན་གྱིས་འདོད་ཆགས་དང་ཞེ་སྡང་གཏི་མུག་ལ་ཅི་དགའ་བར་སྤྱོད་ཅིག །ཅེས་བྱ་བ་མ་ཡིན་པ་ལ་སྤྱོད་དུ་འཇུག་པ་དང་། འདི་ལྟར་ངས་ལུང་བསྟན་པ་འདི་རྣམས་ཡང་དག་པ་ཡིན་པས། དགའ་བ་དང་མགུ་བ་དང་། རངས་པར་གྱིས། སེམས་གཟེངས་བསྟོད་ལ་གཞན་ལའང་རྒྱ་ཆེར་སྟོན་པ་དང་། འཆད་པ་དང་སྒྲོགས་ཤིག་ཟེར་བ་འབྱུང་ངོ་། །

འཇིགས་པ་སྐྱེ་བའི་གཙེ་བ་བཞི་ནི་ཁྱོད་ཀྱི་ཕ་མེས་བདུན་ནས་ཀྱི་འཆི་བའི་གཤེད་མ་ང་ཡིན་པས། ཁྱོད་རང་ངས་ཟ་བར་བྱེད་ཟེར་བ་དང་། ཁྱོད་ཀྱི་བླ་མ་བརྒྱུད་པ་ཐམས་ཅད་སྐུ་ཚེ་ངས་བསྟུངས་པ་ཡིན་ནོ། །སྲོག་ལེན་ང་ཡིན་ནོ་ཟེར་བ་དང་། འོ་སྐོལ་གྱི་ཡི་དམ་ཁོའི་རྐང་པའི་འོག་ཏུ་མནན་ཆོས་སྐྱོང་གི་མགུལ་ནས་བཟུང་སྟེ། ཁྱོད་ཀྱི་ལྷ་དང་སྲུང་མ་ལའང་། འཁོས་འཁྱེར་འདི་ལས་མེད་པར་ཁྱོད་ལ་ནུས་པ་ཅི་ལ་ཡོད་ཟེར་བ་དང་། རང་གི་ལྷར་སྤྲུལ་ནས་ཁྱོད་སྐྱོབ་པར་མི་ནུས་ཀྱི་སླར་ཁོ་ལ་སྐྱབས་སུ་སོངས་ཤིག །ཟེར་ནས་འཇིགས་ཤིང་སྐྲག་པར་བྱེད། བྲེད་ཅིང་སྔངས་པར་བྱེད། སེམས་འཕང་དམའ་བར་བྱེད། ཉམ་ང་བ་སྤུ་ཟིང་བྱེད་དུ་འཇུག་པའོ། །ཐེ་ཚོམ་སྐྱེ་བའི་གཙེ་བ་བཞི་ནི་རང་གི་ཡི་དམ་དུ་སྤྲུལ་ནས་ཁྱོད་ཀྱི་ལམ་དེ་ལོག་པ་ཡིན། ཁྱོད་ཀྱིས་བསྐལ་པར་བསྒྲུབས་ཀྱང་མི་འགྲུབ་ཟེར་ནས་ཐེ་ཚོམ་སྐྱེ་རུ་འཇུག་པ་དང་། རང་གི་བླ་མར་སྤྲུལ་ནས་བུ་འུ་ཅག་དཔོན་སློབ་ཀྱི་ཆོས་འདི་ནོར་ནས་འདུག །ངས་དེ་ཉམས་སུ་བླངས་པས་བསྐལ་པ་མང་པོར་དམྱལ་བར་སྐྱེས། ཆོས་དེས་ང་བསླུས་འདུག །ཁྱོད་རང་ལྟ་སྒོམ་སྤྱོད་པ་དེ་བོར་ལ། དེ་མིན་པའི་ཆོས་གཞན་ཞིག་ཉམས་སུ་ལོངས་ཤིག །ཟེར་བ་དང་ཁྱོད་ཆོས་འདི་ཉམས་སུ་བླངས་ན་བསྐལ་པ་འདི་ཙམ་ཞིག་དམྱལ་བར་སྐྱེ་ཟེར་བ་དང་། བླ་མ་ཡི་མོས་གུས་དང་། སྟོང་ཉིད་སྙིང་རྗེ་ལ་སོགས་པའི་ཆོས་འདི་ནི་ཡང་དག་པའི་ལམ་མ་ཡིན་པས་སྤོངས་ཤིག་ཟེར་བ་དང་། སེམས་ཐེ་ཚོམ་དུ་བྱེད། སོམ་ཉི་རུ་བྱེད། ཡིད་གཉིས་སུ་བྱེད་དེ། རྣམ་རྟོག་སྐྱེ་རུ་འཇུག་པའོ། །ཆོ་འཕྲུལ་གྱི་གཙེ་བ་བཞི་ནི། རང་གི་སྙིང་དམར་ཙ་རེ་བཏོན་ནས་སོང་བ་སྙམ་བྱེད་པ་དང་། དོན་སྙིང་བྲུལ་ནས་བྱུང་བ་སྙམ་བྱེད་པ་དང་། ལུས་ལ་གཅན་གཟན་དང་སྲིན་པོ། གནོད་སྦྱིན་ཤ་ཟས་དངོས་སུ་ཟ་བ་དང་། ལུས་ལ་མེ་འབར་བ་དང་། ས་གས་ནས་ཁྱོད་འདི་ནས་མར་ལྷུང་ནས་དམྱལ་བར་སྐྱེའོ་ཟེར་བ་ལ་སོགས་པའི་བདུད་ཀྱི་གཙེ་བ་བཅུ་དྲུག་གཅོད་བྱེད་པའི་དུས་སམ། དུས་གཞན་དག་ཏུ་ཡང་འབྱུང་སྲིད་དེ། གསང་སྔགས་པས་བཞེད་པའི་རྩ་དང་རླུང་གི་བྱེད་པས་ཁམས་འདུས་པ་དང་པོའི་དུས་ཀྱི་ཉམས་སྣང་དུ་འདོད་དེ། ནང་དེ་ལྟར་མྱོང་ཡང་ཕྱི་ན་ནི་བདེན་པར་གྲུབ་པ་གཅིག་ཀྱང་མེད་དེ། མདང་གི་རྨི་ལམ་བཞིན་དུའོ། །གཅོད་ཡུལ་བའི་འདོད་པའི་རྣལ་འབྱོར་པའི་ཏིང་འཛིན་གྱི་དྲོད་ཉུལ་བ་ཡིན་པས། དགེ་སྦྱོར་ལ་ཉམས་སད་བྱེད་པར་འདོད་དོ། །དེ་གཉིས་ཀ་གང་དུ་འདོད་ཀྱང་ཕུང་པོ་གཟན་དུ་བསྐྱུར་བ། ལུས་སེམས་སོ་སོར་དབྲལ་བ། འཇིགས་མཁན་རྩ་བརྡར་བཅད་པ། ལུས་ཀྱི་བདག་འཛིན་སྤང་བ་དང་བཞི་བྱ་སྟེ། ཆོ་འཕྲུལ་བྱུང་ན་ཉམས་ལེན་གྱི་སྟེང་དུ་བཞག་པ་ནི། དེ་ལ་བདེན་པར་བཟུང་། དོགས་པ་བྱས། སྐྱོན་དུ་བལྟས་ན། བར་ཆད་དུ་འགྱུར་བས། དེའི་ངོ་བོ་གསོག་གསོབ་ཡ་མ་བརླ། སྙིང་པོ་མེད་པ་ཡིན་པས། སེམས་ཀྱིས་དེ་ལ་རྟོག་པ་དང་བདེན་པ་དང་དངོས་པོར་མི་བཟུང་། རྟོག་པ་མི་བྱ། གཏད་མེད་བདེན་མེད་ཀྱི་ངང་དུ་འཇོག་གོ། །

སེམས་ལ་ཁུ་འཕྲིག་བྱུང་ན་འཛིན་པ་ཡུལ་ནས་ཐོན། །ནང་འདྲེ་རང་སེམས་བརྟུལ་ན་ཕྱི་འདྲེ་སྟོང་པར་ཡལ། །མི་ཕོད་མི་ནུས་བྱུང་ན་མགོ་སྙོམས་ཐོག་རྫིས་བྱ། །ཉམ་ང་བག་ཚ་བྱུང་ན་རྣམ་རྟོག་ཨར་ལ་གཏད། །ཅེས་པ་ནི། གཅོད་ལོག་པའི་རྒྱུ་བཞི་ཡོད་དེ། སེམས་ལ་ཁུ་འཕྲིག་བྱུང་བ། རང་སྣང་འདྲེ་རུ་ལངས་པ། ཉམས་ལེན་མི་ནུས་མི་ཕོད་པ། ཉམ་ང་བག་ཚ་འབྱུང་བའོ། །དང་པོ་ནི་སྔོན་ངོ་སྤྲོད་མ་ཐེབས་པས་རང་སེམས་སྟོང་པར་མ་ཤེས། གདམ་ངག་གི་ཐོས་པ་ཆུང་བས་འཁོར་འདས་སེམས་སུ་མ་རྟོགས། ཉམས་རྟོགས་ཀྱི་དཔའ་རྩལ་མེད་པས་གཉན་སར་འགྲོ་མི་ནུས། ལུས་ཀྱི་བདག་འཛིན་མ་ཐོངས་པས་ཕུང་པོ་གཟན་དུ་བསྐྱུར་མ་ནུས། སྙིང་རུས་ཀྱི་གཅོད་ཁམས་ཆུང་བས་འགལ་རྐྱེན་དང་བསྲེ་མ་ཕོད། སྡུག་བསྲན་དང་ཞེ་བཅད་ཆུང་བས་གཅོད་འཕྲོ་བཞག་པ། ལེ་ལོ་དང་གཡེང་བ་ཆེ་བས་གཅོད་མཐར་མ་ཕྱིན་པ་དང་། བདུན་པོ་དེས་དང་པོ་གཅོད་ལ་འགྲོ་མི་ནུས་པའི་རྒྱུ་བྱེད། བར་དུ་ལྡོག་པའི་རྐྱེན་བྱེད། ཐ་མར་ཚར་ཚད་ཡོང་བའི་གེགས་བྱེད་དོ། །གཅོད་འཕྲོ་བཞག་པ་དང་བྲེལ་ནས་གཉན་ས་དེར་ཉལ་མ་ཁོམ་ན། དེ་རུ་མལ་བཅའ་བའམ་ཐོ་བརྩིག་པའམ། ཕྱི་ས་བོར་ལ་བཞག་གོ། །རང་སྣང་འདྲེ་རུ་ལངས་པ་ནི། ནང་འདྲེས་ཕྱི་འདྲེ་གཡབ་པ་ཡིན་ཏེ། ཕྱི་ན་འདྲེ་ཡོད་མ་མྱོང་ཡང་ནང་ན་འདྲེར་འཛིན་གྱི་བློ་ཡོད་པས་གཅོད་ལ་ཕྱིན་ནས། གཉན་ཁྲོད་དུ་ཉལ་ཏེ་བསྡད་པས་ཕྱིའི་འདྲེ་མ་བྱུང་ཡང་འདྲེར་རྟོག་སྐྱེས་ནས། ཐུག་ཟེར་ཡང་འདྲེ་ཡིན་ནམ་སྙམ། ཤོག་ཟེར་ཡང་དང་བརྩིག་པ་ཞིག་པ་དང་། རྡོ་དང་བོང་བ་འདྲིལ་བ་དང་། གད་པ་རྡིབ་པ་དང་། བྲག་ཞིག་པ་དང་། ཤིང་འདབ་རླུང་གིས་ཁྱེར་བ་དང་། སྤྱང་ཀི་རི་དྭགས་ཝ་སྤྲེལ་གྱི་རྒྱུ་འགྲུལ་སོགས་ཅི་དང་ཅི་བྱུང་ཡང་འདྲེ་ཡིན་ནམ་སྙམ་པ་དེ་ནི། རང་སྣང་འདྲེ་རུ་ལངས་པ་བྱ་བ་ཡིན། དཔེར་ན་ཀ་ར་བུ་རམ་དང་སྦྲང་རྩི་ལ་ཁ་བ་ཡོད་མ་མྱོང་ཡང་ནང་ན། གཅོང་ནད་ན་བ་དེས་མངར་གསུམ་ཟོས་ན་ཁ་གྱོག་གེ་འོང་སྟེ། ནང་གི་རང་སྐྱོན་ཡིན་པ། དེ་བཞིན་དུ་གཅོད་བྱེད་པ་ལ་སྣང་བ་འདྲེ་སྣང་དུ་མ་སོང་བ་ཞིག་དགོས་པ་ཡིན་ནོ། །མི་ཕོད་མི་ནུས་པ་ནི། ཟས་ནོར་གཏོང་མི་ཕོད། ཆོས་བྱེད་མི་ནུས་པ་ལ་སོགས་པ་ཡིན་ལ། གཅོད་ཀྱི་དུས་སུ་དང་པོ་གཉན་ས་དེར་འགྲོ་མི་ཕོད། ཤི་མི་ཕོད། ལུས་སྲོག་གཏོང་མི་ཕོད། ཚར་ཚད་མ་བྱུང་གི་བར་དུ་སྡོད་མི་ནུས་པའོ། །ཡང་ཚོམས་ལས། སྐྱིད་ལ་འབྲལ་བར་མི་ཕོད་དང་། །སྡུག་ལ་གཅོད་པར་མི་ཕོད་དང་། །གཉན་ས་འགྲིམ་པར་མི་ཕོད་དང་། །ནད་དང་འདྲེ་ལ་སོགས་པ་ལ། །མི་ཕོད་བཞིན་དུ་ཐོག་རྫིས་བྱ་ཞེས་སོ། །ཉམ་ང་བས་གཉན་ཁྲོད་དུ་ཉལ་ཙ་ན། ཉམ་ང་བག་ཚ། འཇིགས་པ་དང་སྐྲག་པ་བྱེད་པ་སྔངས་པར་བྱེད་པ་ལ་སོགས་པ་འོང་སྟེ། དེ་ལ་ཉམ་ང་མེད་པར་བྱས་ནས་ཚུགས་པར་བྱེད་དགོས་སོ། །ཉམ་ང་བ་ལ་སོགས་པ་དེ་རྣམས་མ་བྱུང་བ་ལ། བཟང་རྒྱུ་མེད་དགའ་རྒྱུ་མེད་དོ། །ངོ་མཚར་ཆེ་རྒྱུ་མེད་དོ། །དེ་རྣམས་བྱུང་བས་གཅོད་མ་བྱུང་བར་མི་འགྲོ། དེ་རྣམས་ལ་འཇིགས་ཏེ་མ་ཚུགས་པར་ལོག་ནས་འོང་ན་གཅོད་མ་བྱུང་བར་ཡང་འགྲོ་ལ། ཟླ་བ་ཕྱེད་ཚུན་ཆད་གཟེར་དང་ཕོ་གླང་ལ་སོགས་པའི་བར་ཆད་ཡོང་བས། རབ་ལྟ་བ་རྟོགས་པའི་ངང་དུ་ཉལ་ནས་བསྡད། འབྲིང་བློས་བྱས་ཀྱི་ལྟ་ཐོག་ཏུ་བཞག །ཐ་མ་སྡུག་བསྲན་དང་གཉེན་པོ་བསྐྱེད་ལ། ན་མོད་ཤི་མོད་གང་ཡོང་བ་ཤོག་སྙམ་པའི་སྟེང་དུ་བསྐྱུར་རོ། །ཧྲིལ་གྱིས་དྲིལ་ན། ལུས་སྟེར་ནུས་པ་ཞིག་དགོས་པ་ཡིན་ནོ། །ཨར་ལ་གཏད་པ་ནི། ཐོག་རྫིས་བྱས་ནས་འདྲེ་དངོས་མེད་ཀྱི་ངང་དུ་སེམས་ཆོས་ཉིད་དུ་ཡལ་ནས་འགྲོའོ། །འཇིགས་རྒྱུ་གཏད་མེད་དང་འཇིགས་མཁན་གཏད་མེད་དུ་གྲོལ་འགྲོའོ། །དེའི་དུས་སུ་ལོག་ནོན་དང་། མཐའ་ལ་གཏད་པ་ལ་སོགས་མི་བྱ་བར་སྔར་གྱི་ཐབས་དེས་ཉམས་སུ་བླང་ངོ་། །ཐབས་གང་གིས་ཀྱང་མ་ནོན་ན། ལོག་ནོན་དང་མཐའ་གཏད་ལ་འོག་ནས་འབྱུང་བ་བཞིན་བྱའོ། །རྐྱེན་བག་ཙམ་རེ་ལ་མི་བྱ་དང་པོ་རང་ནས་མི་བྱ། ཅི་ནས་ཀྱང་མ་ནོན་མ་ལྷོང་ན་བྱེད་པ་ཡིན་ནོ། །

ཆོ་འཕྲུལ་ཆེ་ནས་མ་ཟུག་གཅོད་འཕྲོ་བཅད་པ་དང་། །འགྱོད་དང་ཐེ་ཚོམ་ལྟ་ལོག་ཆོས་ཀྱིས་སུན་པ་དང་། །ན་ཚ་སྡུག་བསྔལ་ཁམས་འདུས་ཉམས་ལེན་སྟོར་བ་རྣམས། །ལོག་རྟོག་བར་ཆོད་བྱུང་བས་འབད་རྩོལ་བཏོན་ལ་སྒྲུབས། །ཞེས་པ་ནི། ལོག་པའི་རྒྱུས་ལོག་པའི་རྟགས་ནི། ཕྱི་རྟགས་ཆོ་འཕྲུལ་འཆར་བ། ནང་རྟགས་སེམས་ལ་འཆར་བ། གསང་རྟགས་ལུས་ལ་འཆར་བའོ། །དང་པོ་ནི་མངོན་སུམ་མམ། ཉམས་སྣང་ངམ། རྨི་ལམ་དུ་ཆོ་འཕྲུལ་དང་། གདུག་རྩུབ་ཆེ་དྲག་ནས་མ་ཚུགས་པ་དང་ཐབས་གང་བྱས་ཀྱང་མ་ཕན་པའོ། །དེ་ལྟར་བྱུང་ན་མལ་ཆེན་པོ་གཅིག་བཅས་ལ། འདི་རུ་འཁོར་བའི་རྒྱ་མཚོ་འདི་མ་སྟོང་བར་དུ་སྡོད་པ་ཡིན་ནོ། །གདུག་རྩུབ་དང་ཆོ་འཕྲུལ་ཁྱོད་རང་ཉིན་མེད་མཚན་མེད་དུ་སྟོན་ཅིག་སྡོད་མ་ནུས་ན་ང་ཞན། ཡོང་མ་ནུས་ན་ཁྱོད་ཞན། སྟེར་མ་ནུས་ན་ང་ཞན། ཟ་མ་ནུས་ན་ཁྱོད་ཞན། ཆོ་འཕྲུལ་ཙམ་ལ་བཞག་མི་དགོས་དངོས་སུ་ཡོང་ནས་ཧབ་ཧབ་ཟོས་པས་ཆོག །ང་འབྲོས་ནི་མི་འབྲོས། བསྲུང་ནི་མི་བསྲུང་། ཡིབ་ནི་མི་ཡིབ། འཐབ་ནི་མི་འཐབ། གང་བྱེད་པ་བྱས་པས་ཆོག་ཅེས་ངག་ཏུའང་བརྗོད། ཡིད་ལའང་བསམ། ནང་རྟགས་སེམས་ལ་འཆར་བ་ནི། གཅོད་ལ་འོངས་པ་འགྱོད་ནས་དང་པོ་རང་མ་ཡོང་པ་ཡིན་ན་སྙམ་པ་དང་། བླ་མས་ཀྱང་འདི་འདྲའི་ཆོས་ཤིག་ང་ལ་འབོགས་པ་ཞན་སྙམ་པ་དང་། འདི་རང་གིས་སངས་རྒྱས་སམ་མི་རྒྱས་སྙམ་པ་དང་། ལོག་ནོན་གྱི་གདམས་ངག་ཅི་བསྟེན་ཡང་དེས་ཕན་ཐོགས་མེད་དེ། ད་ནི་ཅང་མེད་ཅི་བྱས་ཀྱང་མི་ཕན། ཁོ་རྒྱལ་བ་ཡིན་སྙམ་པས། ཡིད་མ་ཆེས་ནས་ཐབས་ལ་ལོག་པར་མཐོང་། ཆོས་ལ་ཡིད་མ་ཆེས། ཉམས་ལེན་གྱིས་སུན། གཅོད་བྱེད་སྙིང་མི་འདོད། གཅོད་ལ་འགྲོ་བ་འཚེར། གཞན་དུ་འགྲོ་སྙིང་འདོད། ཟླ་བོ་སྙིང་ལ་འདོད། སྙིང་མི་དགའ། སེམས་འགྲོ་རྗེས་ཁྱེར། རིག་པ་ཕྱ་སངས་ཁྱེར། བག་མ་ཕེབས་ཉིན་མོ་ཉི་མ་རྒས་དུས་མེད། མཚན་མོ་ནམ་ལ་ལངས་དུས་མེད། ཉི་མ་ཕྱི་དྲོ་རེད་ནས་ཤེས་པ་འཕྱོ། གྲིབ་སོ་འུབས་སེ་བྱུང་བ་དང་། རིག་པ་ཕྱལ་ལང་སྟེ་འགྲོ། ས་ཚུབ་བེ་སོང་བ་དང་འཇིགས་ཤུམ་བྱེད། སྐྱི་བུང་ངེ་འགྲོ། མགོ་ལྤགས་སྲ་ཐང་ངེ་འགྲོ། མིའམ་འདྲེ་ལ་སོགས་པ་ཟིང་ངེ་འཛིན་དུ་འོང་སྙམ་བྱེད་པ་དང་། འབུད་དེ་འཐབ་ཏུ་འོང་སྙམ་བྱེད་པ་དང་། ཧབས་སེ་ཟ་རུ་འོང་སྙམ་བྱེད་པ་དང་། སྐད་འདོན་མི་ནུས། ཀྲོང་ཀྲོང་མི་ནུས་མལ་ཚིག་ཟ། གཉིད་མི་འོང་། ལུས་ལ་རྔུལ་ཡོང་། ཤེས་པ་དཔངས་དམའ། རིག་པ་ངར་ཆག་པ་ལ་སོགས་པ་འབྱུང་སྲིད་དེ། དེ་རྣམས་ནི་ལྷ་འདྲེས་ཟིལ་གྱིས་ནོན་པའི་རྟགས་ཡིན་ནོ། །དེའི་དུས་སུ་ཕཊ་བྱས་ལ། ཅིར་སྣང་རང་རིག་གི་ཆོ་འཕྲུལ། གང་ཤར་རྣམ་རྟོག་གི་རི་མོ། ཅི་བྱུང་རང་སེམས་ཀྱི་ཡོ་ལངས་སུ་འདུག་པ། འདྲེ་ཁྱོད་བས་སྣང་སྲིད་ལྷ་སྲིན་དགྲར་ལངས་ཀྱང་། སྙེམས་སེམས་ཀྱང་མི་བྱེད་དོ། །རོ་སྟོད་སྟེང་གི་ལྷ་བརྒྱད་ཁྱེར། རོ་སྨད་འོག་གི་ཀླུ་བརྒྱད་ཁྱེར། ནང་རོལ་སྡེ་དཔོན་བཅྭོ་བརྒྱད་ཁྱེར། དོན་སྙིང་ལྷ་སྲིན་སྡེ་བརྒྱད་ཁྱེར། དབང་པོ་སྣང་སྲིད་ལྷ་སྲིན་ཐམས་ཅད་ཁྱེར། ང་ཨ་ཕོ་རྒད་པོ་ལ་དབང་བ་ཏིལ་འབྲུ་ཙམ་ཡང་མི་གདའོ། །ཆགས་ཞེན་རྡུལ་ཙམ་ཡང་མི་གདའོ་བྱས་ལ་ལུས་དངོས་མེད་སེམས་སྟོང་ཉིད། རྟོག་པ་བཙན་ཆོད་ཀྱི་ངང་དུ་འབོལ་ལེ་བཞག་གོ། །དེ་ཚོ་བྱུང་ནས་ལོག་ནོན་དང་མཐའ་ལ་གཏད་པ་ལ་སོགས་པའི་ཐབས་གཞན་གང་ཡང་མི་དགོས་སོ། །དེ་རང་གི་ངང་ལ་མ་བཅོས་པར་བཞག་པས་ཆོག་གསུངས་སོ། །གསང་རྟགས་ལུས་ལ་འཆར་བ་ནི། ན་ཚ་དྲག་པོ་བྱུང་བ་དང་། སྐྲངས་འབུར་དང་གཟེར་དྲག་པོ་ལངས་པ་དང་། ཤུ་བ་དང་ཐབ་ཐོར་བྱུང་བ་དང་། གླང་ཤུ་བས་འདོག་བྱུང་བ་དང་། རྐྱེན་བག་ཙམ་རེ་ལ་བྲེད་སྔངས་བྱུང་བ་དང་། ཤེས་པ་འཚུབ་ཅིང་སྙིང་འཁྲུག་པ་དང་། དོན་མེད་པར་བློ་མི་བདེ་ཀ་རེ་འོང་བ་དང་རྔུལ་འབབ། ཤུགས་རིང་འདོན་སྙིང་འདོད་པ་དང་འཁྲུ་བ་དང་སྐྱུག་པ་ལ་སོགས་པ་བྱུང་ནས་ན་བས་སོ། །གང་བྱུང་ནའང་ལུས་ལ་གཅེས་འཛིན་གཅིག་ཀྱང་མི་བྱ། དུས་རྒྱུན་དུ་ལུས་སྟེར་བའི་བློ་དང་མ་བྲལ་བར་བྱ། གནོད་པའི་གདོན་དེ་རྣམས་མདུན་དུ་བྱུང་སྟེ་ལུས་པོ་མི་ལ་སོ་སོའི་མགོ་བོ་སྟག་དང་དོམ་དང་གཡག་གླང་སྤྱང་ཀི། ཕག་པ། ཁྱི། སྡིག་པ། སྦྲུལ་གྱི་མགོ་ལ་སོགས་པ་བྱས་ནས་རང་གི་ལུས་པོ་འདི་ལ་ལས་མགོ་ནས་མར་ཟ། ལ་ལས་རྐང་པ་ནས་ཡར་ཟ། ལ་ལས་དབུས་ནས་ཟ། ལ་ལས་དོན་སྙིང་དང་ནང་རོལ་ཟ། ལ་ལས་ལྤགས་པ་བཤུ། ལ་ལས་ཤ་ཟ། ལ་ལས་ཁྲག་འཐུང་། ལ་ལས་རུས་པ་འཆའ་བར་བསྒོམ། ལུས་ཤ་ཁམ་གཅིག །ཁྲག་ཐིགས་པ་གཅིག །སྐྲ་ཉག་མ་གཅིག་ཀྱང་མ་ལུས་པར་ཁོང་ཚོས་ཟོས་སོ། །འགྲང་ཞིང་ཚིམས་ཏེ་རང་རང་སོ་སོའི་གནས་སུ་འགྲོ་སྙིང་འདོད་པ་ཚོ་གྱེས། སྡོད་སྙིང་འདོད་པ་ཚོས་བདག་གི་མཐའ་བསྐོར་ནས་འདུག་པར་བསྒོམ། དེ་ནི་ཕུང་པོ་རྣམ་དག་གི་མཆོད་པ། སྣང་སྲིད་གཞིར་བཞེངས་ཀྱི་ཚོགས་གསོགས། འཁོར་གསུམ་ཡོངས་དག་གི་སྦྱིན་པ། དེ་ཁོ་ན་ཉིད་ཀྱི་ཚོགས་འཁོར་བདག་ཉིད་ཆེན་པོའི་སྟོན་མོ་ཞེས་བྱ་སྟེ། དམྱལ་བར་ལྟུང་ཡང་དེ་བས་ཐུ་བ་བྱ་ས་མེད། ད་ཅི་ཡོང་བ་ཤོག་སྙམ་པར་བྱའོ། །དེ་ནི་གཅོད་བྱེད་པའི་དུས་མ་གཏོགས་པ་དུས་ནམ་བྱས་ཀྱང་ཚོགས་གསོགས་ཀྱི་མཐར་ཐུག །སྦྱིན་པ་གཏོང་བའི་མཆོག །

རིམ་གྲོ་རྐྱེན་ཟློག་གི་གཙོ་བོ་ཡིན་ནོ། །

ལོག་ཆེན་མཐའ་ལ་གཏད་པས་རེ་དོགས་རང་སར་གྲོལ། །ཐེག་ཆེན་ཟིལ་གྱིས་མནན་པས་བདེ་སྡུག་གཏན་ལ་ཕེབས། །སྐར་ཆེན་ཐེབ་འོག་བཅུགས་པས་འཁོར་འདས་རྫུན་ཁུང་རྡིབ། །གཉན་སར་གཉན་ཐོག་དབབ་པས་ལྷ་འདྲེ་སྒྱུ་མར་ཞིག །ཅེས་པ་ནི། དང་པོ་གཉན་ཁྲོད་དུ་ཕྱིན་ལ། གཅད་ཐབས་ཀྱི་གདམས་ངག་ཉམས་སུ་བླང་། དེ་ལ་བསླངས་ན་སློང་རྟགས་ནས་བཤད་པ་བཞིན་བྱའོ། །དེ་ལས་ལྡོག་བྱུང་ན་ལྡོག་རྟགས་ནས་བཤད་པ་བཞིན་བྱའོ། །གང་གིས་ཀྱང་མ་ཕན་པར་ལོག་ཆེན་པོ་བྱུང་ན་ལོག་ཆེན་མཐའ་ལ་གཏད་པར་བྱ་སྟེ། དོན་གོ་ལོག་ཆེན་མཐའ་ལ་གཏད་པ་འདི་ཡིན། ལག་ལེན་གཉན་ཐོག་ཏུ་གཉན་དབབ་པ་ཡིན། དགོས་པ་ཐེག་ཆེན་ཆོས་ཀྱི་ཟིལ་གྱིས་གནོན་པ། སྐར་ཆེན་ཐེབས་འོག་ཏུ་བཅུག་པ་དང་འདྲ་བ་འདི་ཉམས་སུ་བླང་ངོ་། །དེ་ལ་གསུམ་སྟེ་ཕྱི་རྐྱེན་མཐའ་ལ་གཏད་པ། བར་ཕུང་པོ་མཐའ་ལ་གཏད་པ། ནང་འཛིན་པ་མཐའ་ལ་གཏད་པའོ། །དང་པོ་ཀླུའམ་བཙན་ནམ་བདུད་དམ་སྔར་ནས་གནོད་པའི་ལྷ་འདྲེའམ། གཅོད་བྱས་ནས་མ་ཆོད་པའི་རྐྱེན་ལངས་པ་ལ་སོགས། གཞན་བས་གཉན་པ་ཆོ་འཕྲུལ་ཆེ་བ། གདུག་རྩུབ་ཆེ་བ་གཅད་པར་གང་དཀའ་བའི་གནས་དེ་རུ་ཕྱིན་ལ་གཅད་པར་བྱ་སྟེ། གཉན་ཐོག་ཏུ་གཉན་དབབ་པ་ནི། ནད་ཐོག་ཏུ་མེ་བཙའ་འདེབས་པ་དང་འདྲ་སྟེ་དཔེར་ན་སྨན་པས་ནད་ཐོག་ཏུ་མེ་བཙའ་བཏབ་པས། དམིགས་ལ་སོང་ན་ཏག་ཙེ་ཟེར་ནས་ཡལ་འགྲོ། དེ་བཞིན་དུ་གཉན་ས་དེའི་ལྟག་ཏུ་ཉལ་ནས་བསྡད་པས་ལྷ་འདྲེ་དེས་མ་བཟོད་པར་ཟིང་ངེ་ལངས་ནས་འོང་། དེའི་དུས་སུ་སྒོམ་ཆེན་ཉམས་ཀྱི་ཉམས་ཚན་སྐྱེད། ཉམས་རྟོགས་ཀྱི་རྟོགས་ཚན་སྐྱེད། སྙིང་རུས་ཀྱི་སྡོད་ཚན་བསྐྱེད་ནས་ཉལ་བསྡད་པས། ཁོས་གླགས་མ་རྙེད་པར་ཁོ་རང་བྲོས་འགྲོ་སྟེ། དཔེར་ན་ཁྱི་སྲང་ཕུགས་སུ་བཅུར་བ་འདྲ་བས། གལ་ཏེ་ཚུར་ལ་ཟིངས་ཙམ་ཞིག་འོང་མི་འོང་ཡིན། ཁོ་རང་བྲེད་ནས་བྲོས་འགྲོ། བརྟག་པ་མཁན་པོའི་བཞེད་པས། དེ་ལས་ལྡོག་ཡོང་བར་འདོད་ལ། གཅོད་ཀྱི་ལུང་གིས་འདྲེ་གདོན་ཡུལ་ནས་ཐོན་པར་འདོད། དེས་ན་གཅོད་འདི་གདོན་ཐོག་ཏུ་འགྲོ་བས་མཛེ་གསོ་བའི་མཆོག་ཡིན་ནོ། །བར་ཕུང་པོ་མཐའ་ལ་གཏད་པ་ནི་ཆོ་འཕྲུལ་ཆེ་ཞིང་གཅད་པར་དཀའ་བ་དེ་རུ་ཕྱིན་ལ་ཐག་པ་ནག་པོ་གཅིག་ལ་སེ་བཅིངས་བྱས་ལ། དེ་རང་གི་སྐེ་ལ་བཅུག་སྟེ། ལྷ་ཁང་ཡིན་ན་ཐག་སྣ་དེ་ལྡེར་ཚོའི་ལག་ཏུ་བཏང་ལ་བཞག །སྡོང་པོ་འདུག་ན་དེ་ལ་བཏགས། བྲག་གམ་ཕོ་བྲང་ངམ། བྲ་མ་འདུག་ན་དེ་ལ་བཏགས་ལ་བཞག །ནེའུ་སིང་ངམ་སྐོ་ཕུག །ཐང་ཆེན་ཡིན་ན་དེའི་དཀྱིལ་དུ་བལ་ཕུར་བཙུགས་ལ་དེ་ལ་བཏགས་ལ་བཞག །ཆུ་མིག་འདུག་ན་ཐག་པའི་སྣེ་ལ་རྡོ་བ་བཏགས་ལ་དེའི་ནང་དུ་བསྐྱུར་ལ་གང་ལ་གནས་པའི་ལྷ་འདྲེ་དེ་ལ་གཏད་དོ། །ནང་དུ་བདག་འཛིན་མཐའ་ལ་གཏད་པ་ནི། ལུས་བཞིས་བསྡུས་ཀྱི་ཕུང་པོ་འདི་ཅི་ཙུག་བྱས་ཀྱང་འཆི་བ་ལས་མ་འདས། གཏན་དུ་མི་སྡོད་ཚེ་ཐར་དུ་ལུས་པ་སུའང་མེད་པས། ནམ་ཡང་ལུས་གཏོང་བ་མཉམ་པོ་ལ་དུས་ད་ལྟ་ཁོ་འདོད་ཅིང་རང་ལ་སྦྱིན་དབང་ཡོད་དུས་འདིར་ཅི་སྟེ་མི་གཏོང་། སྤྱིར་འགྲོ་དྲུག་ཡོངས་ཀྱི་གླུད་དུ་གཏོང་། སྒོས་དྲིན་ཅན་ཕ་མའི་དོན་དུ་གཏོང་། ཡང་དགོས་ལྷ་འདྲེ་ཁྱོད་ཀྱི་དོན་དུ་གཏོང་བས། གནོད་པའི་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། སྣང་སྲིད་ལྷ་མ་སྲིན་སྡེ་བརྒྱད། གཤིན་རྗེ་མ་མོ། ཀླུ་བཙན། བདུད། རྒྱལ་པོ། པེ་དཀར། གནོད་སྦྱིན། སྲིན་པོ། གདོན་བགེགས། གྲི་བོ། གྲི་མོ། ས་བདག་ཡུལ་ལྷ། སྲིད་པའི་རྩེ་མོ་མན་ཆད། ན་རག་དམྱལ་ཁམས་ཡན་གྱི་སྣང་སྲིད་ལྷ་འདྲེ། ཆེ་དགུ་དྲེགས་དགུ་ཐམས་ཅད་འདིར་བྱོན་ཅིག །བདག་ཆེ་གེ་མོ་ཞེས་བྱ་བའི་ལུས་བཞི་བསྡུས་ཀྱི་ཕུང་པོ་འདི་ཤ་ཁྲག་གི་རང་བཞིན། རྩ་རྒྱུས་ཀྱི་དྲྭ་བ། མགོ་དང་ཡན་ལག །ཤ་ཁྲག་དང་དབང་པོ། ནང་རོལ་དང་དོན་སྙིང་། རྐང་མར་དང་ཚིལ་བུ། རུས་པ་དང་ཀླད་པ། ཁམས་སུམ་ཅུ་རྩ་གཉིས། ཚེ་དང་དབུགས། སྲོག་དང་ལུས་འདི་ཁྱོད་ཚོ་ལ་སྟེར་བས། ཡ་མགལ་ཡ་བདུད་རྒྱལ་པོས་ཁྱེར། མ་མགལ་མ་བདུད་རྒྱལ་མོས་ཁྱེར། ཕོ་གདོན་སྟོད་ལ་དགའ་བས་སྟོད་ཁྱེར། མོ་གདོན་སྨད་ལ་དགའ་བས་སྨད་ཁྱེར། པེ་ཀར་རྒྱལ་པོ་དོན་སྙིང་ལ་དགའ་བས། ཀླུ་དང་ས་བདག་རྩ་རྒྱུས་ལ་དགའ་བས། གྲི་བོ་གྲི་མོ་ཤ་ཁྲག་ལ་དགའ་བས། བསྲེ་རགས་དམ་སྲི་ལྤགས་པ་ལ་དགའ་བས། གང་ལ་གང་འདོད་དུ་སྟེར་བས། ཁྱེད་རྣམས་ཚིམ་པར་གསོལ། དགྱེས་པར་རོལ། མཉེས་པར་དགོངས་ཤིག །སྟེར་མ་ནུས་ན་ང་ཞན། ཟ་མ་ནུས་ན་ཁྱོད་ཞན་ནོ། །རབ་དམ་པ་ན། ལྷ་འདྲེ་ཁྱེད་རྣམས་ཀྱིས་དམྱལ་བར་བསྐྱུར་ལ་གཏན་དུ་ཐར་དུ་མེད་པར་ཐོང་ཞིག །འབྲིང་དུ་ངའི་ཚེ་དོ་ནུབ་ཟོ་ལ་ནང་པར་ལང་རྒྱུ་མེད་པ་ཞིག་གྱིས་ཤིག །ཐ་མའང་ང་ལ་མཛེ་ཐོངས། སྐྲན་ཐོངས། དམུ་ཆུ་ཐོངས། གཏིང་ནད་ཐོངས། སྙིང་རླུང་ཐོངས། ཁམས་འདུས་ཐོངས། བརྒྱལ་ནད་སྨྱོ་འབོག་ཐོངས། གག་ལྷོག་ཐོངས། གཉན་ནད་ཐོངས་ལ། ཤི་མ་ཤི་གསོན་མ་གསོན་ཞིག་ཐོངས་ཤིག །ཅེས་ངག་ཏུ་བརྗོད་དོ། །ཡིད་ལ་དམིགས་པ་བསྒོམ་པ་ནི། བདག་ལ་བར་ཆད་རྩོམ་ཞིང་གནོད་པར་བྱེད་པའི་ལྷ་འདྲེའི་གཙོར་བྱས་པའི་འབྱུང་པོ་ཐམས་ཅད་མདུན་དུ་སྤྱན་དྲངས་ལ། དེ་རྣམས་མི་སྡུག་ཅིང་མི་སྲུན་པ་རང་རང་གི་གཟུགས་སྣ་ཚོགས་འཛིན་པར་བསྒོམས་ལ། རང་ལུས་ཐ་མལ་པའི་ཕུང་པོ་འདི་གཙང་ཞིང་མཛེས་པ། ཚོ་ལ་དཀར་བ་གཅིག་ཏུ་བསྒོམས་ལ། ཨ་བ་གླང་མགོ། སྡིག་པ་སྦྲུལ་མགོ། ཡག་ཤ་ཕག་མགོ། གནོད་སྦྱིན་དོམ་མགོ་ཅན་གྱིས་གཙོར་བྱས་པའི་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས་འདི་དུམ་བརྒྱ་དུམ་སྟོང་དུ་གཏུབས་ཏེ་ཟོས་པར་བསྒོམས་ལ། ཐམས་ཅད་ཀྱིས་སྐལ་བ་མཉམ་པོར་ཐོབ་སྟེ། ལྷ་འདྲེ་རེ་རེའི་ལག་ཏུ་ལུས་རེ་རེ་དང་མཉམ་པའི་བཟའ་བཏུང་ཕུན་སུམ་ཚོགས་པ་བྱས་པར་བསྒོམས་ལ། སྦྱིན་པ་བཏང་ལ་རིག་པ་སྟོང་གསལ་འཛིན་མེད་ཀྱི་ངང་དུ་ཉལ་ལ་བསྡད་དོ། །དེ་ལྟར་ཞེ་རྒྱུད་ལ་སྐྱེས་ན། ནད་དང་གདོན་དང་བར་ཆད་གངགིས་ཀྱང་མི་ཚུགས་ཏེ། གཅིག་ཏུ་བདེན་པའི་བྱིན་གྱིས་བརླབས་པས། ལྷ་འདྲེ་རྣམས་བར་ཆད་བྱ་བར་བརྩམས་པ་ལ་འགྱོད་པ་སྐྱེ་བ་ཡིན། གཉིས་སུ་སྙིང་རྗེ་བསྒོམས་པས། ལྷ་འདྲེ་རྣམས་ཀྱི་རྒྱུད་ལ་ལྷ་འདྲེ་རྣམས་ཀྱི་བུ་ཚའི་འདུ་ཤེས་འཆར་བ་ཡིན། གསུམ་དུ་ཏིང་ངེ་འཛིན་གྱིས་ལུས་སྦྱིན་པར་བཏང་བས། ལྷ་འདྲེ་རྣམས་རྒྱུད་ཚིམས་ནས་འགྲོ་བ་ཡིན། བཞི་རུ་ལྟ་བ་རྟོགས་པའི་རྣལ་འབྱོར་པས་སྟོང་ཉིད་ངང་ནས་དེ་ལྟར་བྱས་པས། ལྷ་འདྲེ་རྣམས་དངོས་པོར་འཛིན་པའི་བདེན་ཞེན་ལ་བློ་ལོག་ནས་འགྲོ་བ་ཡིན། ལྔ་རུ་སྨོན་ལམ་བཏབས་པས། དེའི་བྱིན་རླབས་ཀྱིས་ལྷ་འདྲེ་རྣམས་ཀྱི་རྒྱུད་ཆགས་སྡང་དང་ཉོན་མོངས་པའི་བསམ་པ་ལས་གྲོལ་ནས་འགྲོ་བ་ཡིན་ནོ། །སྔོན་རྗེ་བཙུན་མི་ལ་རས་པ་ལ་བཀྲ་ཤིས་ཚེ་རིང་མས་གཙོར་བྱས་པའི་གདོན་ཆེན་བཅོ་བརྒྱད་ཀྱིས་བར་ཆད་རྩོམ་དུ་འོངས་པས། རྗེ་བཙུན་གྱིས་ལུས་སྦྱིན་པར་བཏང་། ལྟ་བ་མི་འཇིགས་པའི་གདེང་ཁོང་དུ་ཆུད་པས། བར་ཆད་ཞི་ནས་དེ་རྣམས་དབང་དུ་འདུས་པ་དང་། སྲས་རྒྱལ་བ་དོན་འགྲུབ་ལ་བན་དེ་མང་པོས་མཐུ་བཏང་བས། སྲས་ཀྱིས་བན་དེའི་གཏོར་སྟེགས་འོག་ཏུ་ཉལ་བས། མཐུས་མ་ཚུགས་པར་ཕར་ལ་ལོག་པ་ལ་སོགས་པ་མང་དུ་ཡོད་དོ། །ཡང་ལྷ་འདྲེའི་རིགས་ཚན་གཅིག་ལ་དེ་ལྟར་བྱས་པས་མ་བཟོད་པར་ཡང་ན་གུས་པས་འདུད་དུ་འོང་། ཡང་ན་ཆོ་འཕྲུལ་སྟོན་དུ་འོང་སྟེ། ངུ་བ་དང་སྨྲེ་སྔགས་འདོན་པ་དང་། འོ་དོད་འབོད་ཆོ་ངེ་འདེབས། སྐད་ངན་ཆེན་པོ་འདོན་པ་དང་། གཟུགས་སྣ་ཚོགས་སྟོན་པ་ལ་སོགས་དངོས་སམ་ཉམས་སྣང་རྨི་ལམ་དུ་འབྱུང་བས་ཅི་བྱུང་ཡང་ཉམས་ལེན་གྱི་ཐོག་ཏུ་བཞག་པས་ཆོག་གོ། །བདེན་པར་མི་འཛིན་རྨི་ལམ་སྒྱུ་མ་ལྟ་བུ་ཤེས་པར་བྱ་སྟེ། མདོ་ལས། རྫུ་འཕྲུལ་སྣ་ཚོགས་སྟོན་པར་བྱེད་མཐོང་ཡང་། །དེ་ལ་ལུས་མེད་སེམས་མེད་མིང་ཡང་ཡོད་མ་ཡིན། །ཞེས་སོ། །ཉམས་སྣང་མཐོང་སྣང་རྨི་ལམ་གང་དུ་ཤར་ཡང་འཁྲུལ་སྣང་ལས་མ་འདས་པས། སྟེང་ནས་གནམ་རྡིབ། འོག་ནས་མཚོ་རྡོལ། རྒྱབ་ནས་རི་ཉིལ། མདུན་ནས་བྲག་རལ་ཡང་བློ་ཆོས་ཉིད་ཀྱི་ཐོག་ཏུ་བཞག་གོ། །དེ་ཐམས་ཅད་རང་གྲོལ་ལ་འགྲོའོ། །རྒྱབ་ནས་ཁྱིས་བྲད། མདུན་ནས་བྱས་བཏོགས། བཙན་དང་བདུད་གཉིས་མཚོན་ཐོགས་ནས་གཡས་གཡོན་གཉིས་ན་འདུག་ཀྱང་། བློ་ཉམ་ང་མེད་པའི་ངང་དུ་ལྷོད་དེ་བཞག་དང་དེ་ཐམས་ཅད་རང་ཡལ་དུ་འགྲོའོ། །བདུད་ནག་པོ་མགོ་དགུ་པ་ཞིག་གིས་གཉའ་ལྟག་ནས་ཞོན་ཏེ་སྐེ་བྲེགས། སྙིང་བཏོན། ད་ལྟ་ཉིད་དུ་གསོད་པ་ཡིན། ཤ་ཁམ་རེ་དང་། ཁྲག་ཐིགས་རེ་གཏོང་ངོ་ཟེར་ཡང་སེམས་སྟོང་ཉིད་སྟེང་དུ་ཙེན་ནེ་ཞོག་ཅིག་དང་། གསོད་པ་ག་ལ། སེན་མོ་གཅིག་ཙམ་ཡང་འདེབས་པ་མི་ཡོང་གི། ཕྱར་བ་བཏིང་། གྲི་བདར། ཟངས་བཙུགས་ནས་ཁྱོད་བསད་དེ་བཤས་ནས་ཟངས་འདིར་འཚེད་པ་ཡིན་ཟེར་ཡང་རིག་པ་དངོས་མེད་ཀྱི་ངང་དུ་སྟོང་ཕྱད་དེ་ཞོག་དང་ཁབ་ཙམ་ཞིག་ཀྱང་རྡེག་མཁན་མི་ཡོང་བར་འདུག་གི། མི་ནག་པོ་ཆེན་པོ་ཞིག་གིས་ས་ལ་ཐག་པ་བཀྲམ། སྐེ་ལ་ཞགས་པ་བཏགས་ནས་ཁྱོད་སྦྲགས་ནས་ཁུར་འགྲོ་བ་ཡིན་ཟེར་ཡང་། བློ་ཉམ་ང་མེད་པའི་ངང་དུ་འབོལ་ལེ་ཞོག་དང་། གོམ་པ་གང་ཡང་ཁུར་མཁན་མི་ཡོང་བར་གདའི། ལར་ཡང་བར་ཆད་ཆོ་འཕྲུལ་ཅི་བྱུང་ཡང་བདག་ལ་བསྲུང་དུ་གསོལ། སྐྱབས་སུ་གསོལ་བརྒྱ་ཐམ་པ་བས་སོད་ཅིག་ཟོ་ཞིག་ཁྱེར་ཅིག་དགའ་བ་ཡིན། ལྷ་སྲུང་བརྒྱ་ར་མདའ་ལ་ཕབ་པ་བས་ལྷ་འདྲེ་སྟོང་ལ་ཟ་རུ་བཅུག་པ་དགའ་བ་ཡིན། བསྲུང་བ་བརྒྱ་ལུས་ལ་འདོག་པ་བས། ན་དགའ་ཤི་སྐྱིད་ཚིག་གཅིག་རྒྱུད་ལ་སྐྱེས་པ་དགའ་བ་ཡིན། བདུད་ཀྱི་དམག་དཔུང་། གཤིན་རྗེའི་ཕོ་ཉ་མཚོན་ཐོགས་དུང་ཕྱུར་གྱིས་མཐའ་ནས་བསྐོར་ནས་བདུད་ཀྱི་ཁྲམ་ཁ་ཁྱོད་ལ་བསྐོར། བཙན་གྱི་རྒྱན་ཁ་ཁྱོད་ལ་ཕོག །གཤིན་རྗེའི་ཟ་རེས་ཁྱོད་ལ་བབ་ཟེར་ཡང་སེམས་གཞི་མེད་རྩ་བྲལ་དུ་ཕྱམ་མེར་ཞོག་དང་། བདུད་དང་གཤིན་རྗེའི་དམག་བྱེ་བ་དུང་ཕྱུར་ལས། རྡོག་གཅིག་ཀྱང་རྩ་ན་མི་འདུག་ལ། ཡོང་བའི་རྗེས་ཀྱང་མི་འདུག་པས་སོ། །དེ་ཡང་བྱིན་པ་རང་གིས་ཟ་མི་ནུས་ཀྱི་སྙམ་པའི་གདེངས་བཅས་པས་མི་ཡོང་སྟེ། དོན་ལ་དེ་ཐམས་ཅད་བདེན་པར་མ་གྲུབ་སྟེ། སེམས་ཀྱི་ཆོ་འཕྲུལ་ཡིད་ཀྱི་བློས་བྱས། རྣམ་རྟོག་གི་སྤྲུལ་པ། རིག་པའི་ཤེས་བཟོ་ནམ་མཁའི་རི་མོ། ཆུ་ནང་གི་ཟླ་བ། སྨིག་རྒྱུའི་ཆུ་དང་ཁྱད་མེད། སྣང་ལ་དོན་བྱེད་མི་ནུས་པ་ཡིན་ནོ། །དེ་ཐམས་ཅད་བདེན་པར་བཟུང་མི་དགོས། ཐེ་ཚོམ་ཟ་མི་དགོས། རྟོག་པ་ཟ་མི་དགོས། སྔོན་ཆད་རི་བོང་རྭས་སུ་ལ་བརྡུང་། མོ་གཤམ་གྱི་བུས་སུ་བསད། སྒྱུ་མའི་སྐྱེས་བུས་སུ་ལ་གནོད་པ་བསྐྱལ། སྨིག་རྒྱུའི་ཆུས་སུ་ཞིག་ཁྱེར། འདག་པའི་སེང་གེས་སུ་ལ་རྨུག །ལྷ་ཁང་གི་སྒོ་ཁང་ན། མགོན་པོ་ནག་པོ་ཁོས་ཉིན་མེད་མཚན་མེད་དུ་དབྱུག་པ་ཐོགས་ནས་འདུག་སྟེ། སུ་ལ་བརྒྱབ་འདུག །དེ་ཐམས་ཅད་བདེན་མི་སྲིད་པ་ཡིན། དེ་ལྟར་དུ་ཤེས་པའི་མཁས་པ་དེ་ལ་བདུད་ཀྱི་ཚོགས་ཀྱིས་གནོད་མི་ནུས་ཏེ། མདོ་ལས། གང་གཱའི་ཀླུང་མཉམ་བྱེ་སྙེད་ཞིང་གི་སེམས་ཅན་རྣམས། །དེ་ཀུན་ཡོངས་སུ་བརྟག་པར་བཟུང་སྟེ་བདུད་གྱུར་པ། །བ་སྤུ་ཉག་རེ་ལས་ཀྱང་དེ་སྙེད་སྤྲུལ་བྱས་ཀྱང་། །དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། །ཞེས་སོ། །གཅོད་མཁན་ཁ་ཅིག་གཅོད་ལ་ཕྱིན་ནས་སློང་རྟགས་བྱུང་མ་ཐག་མཐའ་གཏད་ལོག་ནོན་བྱེད་པ་ཡོད་དེ། དེས་ནི་གཅོད་ཀྱི་དྲོད་ཚད་མ་ཤེས་པ་ཡིན། བསླངས་མ་ཐོག་གཏད་བྱ་མི་དགོས། ལྷ་འདྲེའི་རིགས་གཙོ། ཆོ་འཕྲུལ་གྱི་ལུགས་གཙོ། གཅོད་ཀྱི་དུས་ཚོད་གཙོ་བ་ཡིན། ལྷ་འདྲེ་དྲག་པོ་རྩུབ་མོ་གཅིག་དང་ཐུག་ན་མཐའ་གཏད་བྱའི། འཇམ་ན་བྱ་མི་དགོས། ཆོ་འཕྲུལ་ཆེ་དྲགས་ན་བྱའི། ཆུང་ཆུང་ལ་བྱ་མི་དགོས། གཅོད་ཚར་བའི་རྗེས་ལ་ཅི་བྱས་ཀྱང་མ་ཆོད་ན་བྱའི། དང་པོ་རང་ནས་བྱ་མི་དགོས། གཅོད་མཁན་ཁ་ཅིག་ན་རེ། མ་ཆོད་པ་གཅོད་འཕྲོ་ལ་ལུས་པ་དང་། གཅོད་འཕྲོ་བཞག་པ་དང་། ཚར་ཚད་མ་བྱུང་བར་འཕྲོ་བཅད་ནས་ལོག་ཟེར་ཏེ། སྲས་རྒྱལ་བ་དོན་གྲུབ་ན་རེ། གང་ཟག་གི་རིགས་གཙོ། གཅོད་མཁན་རྟོགས་པ་དང་ལྡན་པས་ནང་དུ་བདག་མེད་རྟོགས། ཕྱི་རུ་འདྲེ་མེད་དུ་རྟོགས་ནས། གཅོད་ལ་འགྲོ་འཕྲོ་ལ་ལོག་ཀྱང་ཆོག །ལུས་བདག་འཛིན་བློས་ཐོངས་ནས་གཅོད་འཕྲོ་བཞག་པ་དང་། ཚར་ཚད་མ་བྱུང་བ་ལ་གཅོད་འཕྲོ་ཤོར་ཡང་ལྡོག་པ་དང་བར་ཆད་མི་འོང་སྟེ། དེ་ཐམས་ཅད་སེམས་ཀྱིས་བྱེད་པ་ཡིན་གསུངས་སོ། །ད་རེས་གཅོད་འཕྲོ་བཅད་ལ་ལྡོག་པའི་ཐབས་ཤིག་བྱ་སྙམ་ནས་འཕྲོ་བཅད་ན། དེ་རང་ལོག་ནོན་ཆེན་པོ་ཡིན་གསུངས་སོ། །དེ་རྣམས་ནི་ལོག་ཆེན་མཐའ་ལ་གཏད་པའི་གདམས་པ་ཡིན་ནོ། །ཐེག་ཆེན་ཟིལ་གྱིས་མནན་པ་ནི། ཕྱི་རུ་བདུད་ཀྱི་བར་ཆད་ནང་དུ་བདེ་སྡུག་ཆགས་སྡང་། དགའ་མི་དགའ་ལ་སོགས་རྟོག་པ་ཕྲ་རགས་ཇི་སྙེད་ཅིག་ཤར་ཡང་། དྲན་མེད་ཡིད་ལ་མི་བྱེད་པ་ཐེག་པ་ཆེན་པོའི་ལྟ་བས་ཟིལ་གྱིས་མནན་ན། གཏོད་ལ་མནན། ཐེབས་འོག་ཏུ་བཅུག་ནས་ལྡང་མི་ནུས་པར་བྱའོ། །དཔེར་ན་ནམ་མཁའ་ལ་ཟླ་བ་ཡང་ཉི་མའི་འོད་ཀྱིས་ཟིལ་གྱིས་མནན་ཏེ། སྐར་ཆེན་ཐམས་ཅད་ཉི་མའི་ཐེབས་འོག་ཏུ་བཅུག་ནས་རྔོ་མི་ཐོགས་པ་བཞིན་ལྟ་བ་རྟོགས་པའི་རྣལ་འབྱོར་པས། ཕྱི་རུ་བདུད་ཀྱི་བར་ཆད་དང་ནང་ཆགས་སྡང་ཆོས་བརྒྱད་ལ་སོགས་པའི་རྟོག་པ་ཕྲ་རགས་སྐར་མ་དང་འདྲ་བ་ཇི་སྙེད་ཅིག་ཤར་ཡང་དྲན་མེད་ཡིད་ལ་མི་བྱེད་པའི་ལྟ་བ་ཉི་མ་དང་འདྲ་བ་དེས་ཟིལ་གྱིས་མནན་ནས་ལྡང་མི་ནུས་པའོ། །གཉན་ཐོག་ཏུ་གཉན་དབབ་པ་ནི། ཕྱི་ན་ཀླུའི་ཕོ་བྲང་གཉན། དེ་བས་ཀྱང་ལྟ་བ་རྟོགས་པའི་སེམས་ཉིད་གཉན་ཏེ། ཀླུའི་ཕོ་བྲང་ནི་གཉན་སར་བཟུང་བས་གཉན་པ་ཙུག་སྣང་བ་ཡིན། དོན་ལ་གཉན་རྒྱུ་མེད། ཀུན་རྫོབ་ཡིན། བློས་བྱས་ཡིན་འདུས་བྱས་ཡིན་པས་འཇིག་པར་ནུས། བསྲེག་ཏུ་བཏུབ། གཅད་དུ་བཏུབ་སྟེ། ལྟ་བ་རྟོགས་པའི་སེམས་ཉིད་ལ་གཅད་དུ་མེད་གང་གིས་ཀྱང་གཞོམ་པར་མི་ནུས་སོ། །དེ་བཞིན་དུ་ཕྱི་ན་བདུད་ཀྱི་གྲོང་ཁྱེར་གཉན་ཏེ། དེ་བས་ཀྱང་སེམས་ཉིད་དོན་རྟོགས་སྟོང་ཉིད་གཉན། བདུད་ཀྱི་གྲོང་ཁྱེར་གོང་གིས་འགྲེའོ། །གཤིན་རྗེའི་ཕོ་བྲང་། མ་མོའི་འདུ་ས། རྒྱལ་པོའི་ཡུལ་འཁོར། བཙན་གྱི་སྐུ་མཁར་ལ་སོགས་པ་དེ་རྣམས་སུ་རྟོགས་པའི་གདེང་གིས་ཉམ་ང་བག་ཚ་མེད་པར་འགྲོ་བ་ནི། གཉན་ཐོག་ཏུ་གཉན་དབབ་པ་ཞེས་བྱ། ཀུན་རྫོབ་རྫུན་ཁུང་རྡིབ། རྣམ་རྟོག་གཏན་ལ་ཕེབས། བདག་འཛིན་ཡུལ་ནས་ཐོན། ལྷ་འདྲེ་སྒྱུ་མར་ཞིག་པའི་ཆོས་ཡིན་པས། དཔེར་ན་སྤྲང་པོ་གང་དུ་ཕྱིན་ཡང་ནོར་མེད་པས་དགྲ་མི་འབྱུང་བ་བཞིན་ནོ། །གཅོད་མཁན་ལ་བདག་འཛིན་མེད་པས་འདྲེ་མི་འབྱུང་ངོ་། །

གདུག་རྩུབ་ཆོ་འཕྲུལ་ཆེ་ན་ལྷ་འདྲེ་ཨར་ལ་མནན། །ཅི་ནས་ཀླན་ཀ་བརྐོ་ན་སྨྱོན་པའི་བརྟུལ་ཞུགས་གྱིས། །དེ་རུ་ཆོ་འཕྲུལ་སྟོན་ན་ན་བདེ་ཤི་སྐྱིད་བྱ། །ཀུན་ལ་བྱམས་པའི་སེམས་ཀྱིས་ཐུགས་རྗེའི་ལྕགས་ཀྱུས་བཟུང་། །ཞེས་པ་ནི། སྤྱིར་གཅོད་མཁན་གྱི་ཆོས་ལུགས་ཀྱིས། ལྷ་འདྲེ་ལ་དོ་མི་བསྡོ། འགྲན་མི་འཛུགས། གནོད་པ་མི་སྐྱེལ། རང་དམན་ས་འཛིན། ཕམ་ཁ་ལེན། བདེ་སྡུག་ཅི་བྱུང་ཡང་ནམ་ཕུགས་སུ་ལུས་སྟེར་ལ་རེ་བ་ཞིག་ཡིན་ནོ། །ཅི་བྱས་ཀྱང་མི་ལོ་ན། ཁྱོད་ཁྱེར་ཅིག་བོས་ཀྱང་མི་ཉན་པས། སྐབས་སུ་སྨྱོན་པའི་བརྟུལ་ཞུགས་བྱས་ལ། ཤི་ཕུང་གང་ལའང་བསྲེ་དགོས་པ་ཡིན་པ་ཞལ་ནས། སྐབས་སུ་རིག་པའི་རྦད་ཁམས་མ་བཏང་ན་ཕྲ་མོའི་རྣལ་འབྱོར་གྱིས་ས་མི་ནོན་གསུངས་སོ། །སྨྱོན་པའི་བརྟུལ་ཞུགས་ནི་ཤིང་གཉན་གཅོད་པ། ས་གཉན་སློག་པ། བྲག་གཉན་གཤོག་པ། ནེའུ་གསིང་གཉན་པོ་བརྐོ་བ། བྲ་མ་གཅོད་པ། ཆུ་མིག་དཀྲུག་པ་ལ་སོགས་པ་བྱས་ལ། ཁྱོད་ཀྱིས་གནོད་པ་མ་བསྐྱལ་ཡང་ནམ་ཕུགས་ང་འཆི་བ་ལས་མ་འདས། ཁྱོད་ཀྱིས་མ་གནོད་ཀྱི་སྟེང་དུ་སྲུང་སྐྱོབ་བྱས་ཀྱང་ངའི་སྲོག་མི་ཟིན། མཐར་ཐུག་དམྱལ་བའི་གནས་སུ་རང་གི་ལས་མ་ལོག་ན་སྣང་སྲིད་ལྷ་འདྲེ་ཐམས་ཅད་ལོག་ཀྱང་བསྐྱུར་བར་མི་ནུས་སོ། །ཞག་རྡོག་གཉིས་གསུམ་གྱི་ཚེ་ལ་རིང་ཐུང་མི་འདུག་གི། དོ་ནུབ་རང་འཆི་རུ་ཆུགས་ཤིག་བྱས་ལ། སྤྱོད་པ་རྩུབ་མོ་རྣམས་བྱ། རྟེན་དང་ཕོ་བྲང་གནས་ས་དེ། བཤིགས་ལ་ཁྱིམ་དུ་ལོག་མི་ཡོང་བར་དེ་ལ་མགོ་གཏད་ལ་ཉལ་ལོ། །རྨི་ལམ་དུ་ཆོ་འཕྲུལ་ཅི་བྱུང་ཡང་གཉིད་སད་པ་དང་། དེ་ལ་བསམ་བློ་མི་བཏང་བར་ཆོས་ཉིད་ཀྱི་ངང་དུ་ལྷན་ནེ་བཞག །བློས་བསྐྱུར་གྱི་གཉེན་པོ་གཞུ་བརྡུང་བ་བཞིན། ཐང་ལྷོད་མ་ཤོར་བར་བྱ། དེར་ཡང་མ་ཟད་དེ། ཤིང་སྡོང་གཉན་པོ་གཅོད་པ་དང་། བྲག་དང་ཕ་བོང་གཉན་པོ་གཤོག་པ་དང་། གཉན་སར་མཁར་ལས་བྱེད་པ་དང་། དགོན་པ་འདེབས་ན་དང་པོ་རང་ནས་ཤིང་གཅོད་པ་ལ་སོགས་མི་བྱ་བར་གཉན་ས་དེ་རུ་གཅོད་ལན་གསུམ་བྱས་ལ་གཉན་ས་དེར་ས་རྒོད་དུལ་དུ་བཅུག་ལ། དེ་ནས་ཤིང་གཅོད་པ་ལ་སོགས་པའི་མཁར་ལས་བྱས་པས་ཆོག །དང་པོ་གཅོད་ཀྱི་དུས་སུ་དུལ་དུ་མ་བཅུག་པར་མཁར་ལས་བྱས་ན་མི་འོང་བས། འདི་ནི་མགོ་ཤོང་ཙ་ན་ལུས་ཚང་བའི་གདམས་ངག་བྱ་བ་ཡིན་ཏེ་གནད་ཆེ་བའོ། །དེ་ལྟར་བྱས་ནས་ཀྱང་། ལྷ་འདྲེའི་ལས་ངན་སྡིག་པ་འདག་པ་དང་གདུལ་བྱར་སྐྱེ་བའི་སྨོན་ལམ་བཏབ། སྤྱོད་པ་འཇམ་རྩུབ་ཅི་བྱས་ཀྱང་ལྷ་འདྲེའི་དོན་དུ་བསྒོམ། སྟོང་ཉིད་སྙིང་རྗེས་ཟིན་པར་བྱས་པས་བདག་གཞན་ཐམས་ཅད་ལམ་ལོག་པར་མི་ལྟུང་བ་ཡིན། ཡང་དག་པའི་ལམ་དུ་འགྱུར་བའི་དགོས་པ་ཡོད།

ཚར་ཚད་དུས་རྟགས་མངོན་སུམ་ཉམས་སྣང་རྨི་ལམ་འབྱུང་། །ཕྱི་ནང་གསང་གསུམ་རང་ལ་འཆར་བར་རིག་པར་བྱ། །སྟོང་ཉིད་ངང་དུ་རྩེ་གཅིག་བསམ་གཏན་མཉམ་བཞག་ན། །འཁོར་འདས་ཀུན་གྱི་འཁྲུག་ཤན་འབྱེད་པར་ཐེ་ཚོམ་མེད། །ཞེས་པའི་ཚར་ཆོད་པའི་ཚད་ལ་གསུམ། དུས་ཀྱི་ཚར་ཚད་དང་། རྟགས་ཀྱི་ཚར་ཚད་དང་། མཐར་ཐུག་གི་ཚར་ཚད་དོ། །དང་པོ་ཞག་གསུམ་མམ་ལྔའམ་བདུན་ལ་སོགས་པར་བར་མ་ཆད་པར་བྱས་ན་ཚར་ཚད་འབྱུང་། རྟགས་ཀྱི་ཚར་ཚད་ལ་གསུམ། ཕྱི་རུ་ལྷ་འདྲེའི་ཚར་ཚད་ཆོད་པའི་རྟགས། ནང་རྒྱུད་ལ་ཡོན་ཏན་སྐྱེས་པའི་རྟགས། ལྷ་འདྲེ་དབང་དུ་འདུས་པའི་རྟགས་སོ། །དང་པོ་ནི་ལུས་ཀྱི་ན་ཚ་དང་སྐྱོན་དང་ལུས་རྟགས་ཐམས་ཅད་ཞི་བ་དང་། སེམས་ཀྱི་སྐྱོན་སྙིང་རླུང་དང་། ཁམས་འདུས་དང་སྡུག་བསྔལ་ཐམས་ཅད་སྤངས་པ་དང་། རྟོག་པའི་འདུ་འཕྲོ་ཐམས་ཅད་ཞི་ནས་ཉམས་སྣང་མཐོང་སྣང་དང་། རྨི་ལམ་གྱི་གདུག་རྩུབ་དང་ཐམས་ཅད་ཉལ་གྱིས་ཞི་ནས་བློ་བདེ་འབོལ་ལེར་འགྲོ། ཉམས་དགའ་ཡལ་གྱིས་འགྲོ། བག་དྲོ་འུར་རེ་འགྲོ། ནང་དུ་རྒྱུད་ལ་ཡོན་ཏན་སྐྱེས་པའི་རྟགས་ནི། གཉན་ཁྲོད་ལ་སོགས་པའི་གནས་དེར། ཉམས་དགའ་ཞིང་སྡོད་སྙིང་འདོད་པ་དང་། བྱིན་ཆགས་ཤིང་བག་དྲོ་བ་དང་། དགེ་སྦྱོར་བྱེད་སྙིང་འདོད་པ་སྔར་བས་འཕེལ་བ། སྔར་མེད་པའི་ཉམས་རྟོགས་དང་ཏིང་ངེ་འཛིན་བཟང་པོ་རྒྱུད་ལ་སྐྱེ་བ་དང་། སྣང་བ་འདི་གཏད་མེད་བདེན་མེད་དུ་སོང་བ་དང་། མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཁྱད་པར་ཅན་སྐྱེ་བ་དང་། བླ་མ་ལ་མོས་གུས་ལྷག་པར་སྐྱེ་བ་འབྱུང་། རྐྱེན་གང་བྱུང་ཡང་དགེ་སྦྱོར་གྱི་གྲོགས་སུ་འཆར། འགལ་རྐྱེན་ལ་ཉམ་ང་བག་ཚ་མེད་པ་འབྱུང་ངོ་། །དེ་རྣམས་ཚར་ཚད་ཡིན་ནོ། །རབ་ཏུ་ཚར་ཚད་དེ་རྣམས་ཐམས་ཅད་དང་། ཐ་མའང་གང་རུང་ཞིག་མ་བྱུང་གི་བར་དུ་ལྡབ་ཚན་བསྐྱེད། བློ་གདེངས་ཚུགས་ཚུགས་སུ་སྡུག་བསྲན་བསྐྱེད། སྙིང་རུས་བསྐྱེད། མནག་པ་བཅངས་ལ་དཔའ་བསྐྱེད་ནས་བསྡད་དོ། །ཐ་ན་ཤི་ལ་ཐུག་ཀྱང་ཚུར་ལ་མི་ལྡོག་པར་ཉམས་སུ་བླང་ངོ་། །དེའི་དུས་སུ་ཚར་ཚད་མ་བྱུང་བ་ལ་མི་དགའ་བ་མི་བྱ། བྱུང་ན་དགའ་བའི་བློ་མི་བྱ། བྱུང་མ་བྱུང་དགའ་མི་དགའ་མི་བྱ་བ་རེ་དོགས་སྤང་བླང་མེད་པར་གཏད་མེད་དུ་བསྐྱུར་ལ་བཞག་གོ། །རེ་དོགས་ཀྱི་བློ་ཞིག་འདུག་ན། དེ་ཀའང་བདུད་ཡིན་པས་བསྐྱུར་ལ་བཏང་། སྣང་བ་འདི་གཉིས་སུ་སྣང་བ་ཞིག་འདུག་ནའང་། སྣང་ཐོག་དུ་མ་ཞེན་པར་བདེན་མེད་དུ་ཤེས་ན་ལམ་དུ་འགྲོ་བ་ཡིན་ནོ། །ལྷ་འདྲེ་དབང་དུ་འདུས་པའི་རྟགས་ནི། རྣལ་འབྱོར་པ་ཉམས་ལེན་ཆེ་འབྲིང་ཆུང་གསུམ་གྱི་ཉམས་སྣང་། དངོས་སམ་རྨི་ལམ་དུ་འབྱུང་སྟེ། རང་ལ་ལྷ་འདྲེས་བཟའ་བཏུང་འདྲེན་པ་དང་། བསུ་བ་བྱེད་གུས་པས་འདུད། ནོར་འབུལ། མཆོད་པ་འབུལ་བ་དང་། ཕྱག་འཚལ་སྐོར་བ་བྱེད་པ་དང་། ཆོས་ཞུ་བ་སྲོག་སྔགས་འབུལ་བ་དང་། ཐུན་མོང་གི་དངོས་གྲུབ་སྟེར་བ་འབྱུང་ངོ་། །དེ་ཙ་ན་སྐྱབས་འགྲོ་སེམས་བསྐྱེད་དང་། ཟ་ཁྲིམ་འབོགས་པ་དང་། དགེ་བའི་ལམ་ལ་འགོད་པར་བྱའོ། །ལེ་ལག་ལས། དངོས་གྲུབ་ཀླུ་དང་བདུད་ལས་འབྱུང་། །ཡོན་བདག་བཙན་དང་རྒྱལ་པོས་བྱེད། །ཟས་ནོར་མ་མོ་མཁའ་འགྲོས་སྦྱོར། །སྙན་པ་སྣང་སྲིད་ལྷ་འདྲེས་སྒྲོག །ཅེས་སོ། །མཐར་ཐུག་གི་ཚར་ཚད་བསྒྲུབ་པ་ནི། གཅོད་བྱེད་པ་རྣམས་ཀྱང་གནས་སྐབས་སུ་ནད་དྲག །གདོན་ཞི། མཛེ་སོས་ན་དེ་ཀས་ཆོག་པར་བྱེད། གཅོད་ཀྱི་དགོས་པ་འབྲས་བུ་བྱུང་སྙམ་ནས། ཕྱིས་གཅོད་ཀྱི་དགེ་སྦྱོར་མི་སྐྱོང་བ་ཡོད་དེ། དེ་ནི་གཅོད་ཀྱི་འབྲས་བུ་ཕྲན་ཚེགས་ཡིན་པས། དེས་མི་ཆོག་སྟེ། དོན་གཉིས་ལྡན་པའི་སངས་རྒྱས་མ་ཐོབ་བར་དུ་བསྐྱེད་དགོས་ཏེ། ལེ་ལག་ལས། འདོད་པའི་བློ་མི་བྱ། འཕྲལ་གྱི་ཕན་ཡོན་ནམ། ཡོན་ཏན་བག་ཙམ་བྱུང་བ་ལ་ཆོག་ཤེས་མི་བྱ། ངོམ་པ་མི་སྐྱེན་པར་བྱ། རང་ཚོད་མི་བཟུང་། མཆོག་གི་ཡོན་ཏན་ཞིག་མ་སྐྱེས་བར་དུ་ཉམས་ལེན་ལ་རྩལ་སྦྱང་བར་བྱའོ། །འཁོར་འདས་མཉམ་པ་ཞིག་མ་རྟོགས་ཀྱི་བར་དུ་ཉམས་སུ་ལེན་པར་བྱའོ། །ལར་མངོན་སུམ་རྨི་ལམ་ལ་སོགས་པར་ཆོ་འཕྲུལ་ཆེན་པོ་སྟོན་ཅིང་བར་ཆད་སྟོན་ན་ལྷ་འདྲེ་ཇི་ལྟར་གཉན་ཡང་གཅོད་སྙིང་རུས་ཆེ་རྐྱེན་ཐོག་ཏུ་འགེལ་ཚབས་ཆེ་ཞིང་། གློད་ཚན་བསྐྱེད་ནས་བསྡད་ན་མི་ཆོད་མི་སྲིད། མི་ནོན་མི་སྲིད། དབང་དུ་མི་འདུས་མི་སྲིད་དོ། །དཔེར་ན་མཁར་དང་སྒྱོགས་ཐུག་ན་སྒྱོགས་རྒྱལ་འགྲོ། སྡོང་པོ་དང་སྟྭ་རེ་ཐུག་ན་སྟྭ་རེ་རྒྱལ་འགྲོ། རྡོ་དང་ཐོ་བ་ཐུག་ན་ཐོ་བ་རྒྱལ་འགྲོ། ཤིང་དང་མེ་ཐུག་ན་མེ་དཔུང་རྒྱལ་འགྲོ་བ་བཞིན་ཀུན་རྫོབ་དང་དོན་དམ་ཐུག་ན་དོན་དམ་རྒྱལ་འགྲོ། དངོས་པོ་དང་དངོས་མེད་ཐུག་ན་དངོས་མེད་རྒྱལ་འགྲོ། ལྷ་འདྲེ་དང་གཅོད་མཁན་ཐུག་ན། གཅོད་མཁན་རྒྱལ་འགྲོ་བ་ཆོས་ཉིད་ཡིན་ནོ། །དེའི་ཚེ་སྐྱོན་དང་ཡོན་ཏན། བར་ཆད་དང་དངོས་གྲུབ་གཉིས་ཀྱི་ཆོས་ཅི་བྱུང་ཡང་སེམས་ལ་མཐོ་དམན་མེད་པར་བྱའོ། །འགལ་རྐྱེན་བྱུང་བ་ལ་ཡིད་མ་ཞུམ། མཐུན་རྐྱེན་བྱུང་བ་ལ་གཟེངས་མ་མཐོ། བློ་ཤིང་བལ་གྱི་འདབ་མ་བཞིན་དུ། ཕྱད་ཕྱོད་དུ་མ་སོང་བར་བྱ། སྲང་ཁའི་བྱ་སྒྲོ་བཞིན་དུ་ཡད་ཡུད་ལ་མ་སོང་བར་བྱ། ལམ་ཁའི་སྦུར་མ་བཞིན་དུ་འཁྲས་འཁྲིས་ལ་མ་སོང་བར་བྱས་ལ། བདག་འཛིན་བཀར་ལ་འདོན། གཅེས་འཛིན་ཐད་ལ་བོར་ལ། ལུས་སེམས་ཀྱི་ཐོག་ཏུ་མི་འཚམས་པ་ལམ་དུ་བླང་། དཀའ་བ་ཅི་བྱུང་ཡང་སེམས་ཁོ་རང་ཡིན། ཁོ་དངོས་མེད་ཡིན། དངོས་མེད་སྟོང་པ་ཡིན་སྙམ་པས་གློད་ལ་བཞག །སྣང་བ་གཏད་མེད་ལ་ཡིན་མིན་རྩིས་གདབ་མེད། སེམས་སྟོང་ཉིད་ལ་བདེ་སྡུག་གི་རྟོག་དཔྱོད་མ་བཏང་། ཚོགས་དྲུག་བདེན་མེད་ལ་ཆགས་སྡང་གི་ལས་མི་འཆོལ་བར་བྱའོ། །

སྔོན་འགྲོ་སློང་རྟགས་མེད་ན་སློང་བའི་བློ་དང་ཕྲོལ། །དངོས་གཞི་ནོན་རྟགས་མེད་ན་ཞེ་འདོད་རྒྱབ་ཏུ་བསྐྱུར། །མཇུག་ཏུ་ཚར་ཚད་མེད་ན་ཚར་འདོད་བློ་དང་ཕྲོལ། །འདོད་བློ་རེ་དོགས་བདུད་ཡིན་མཁས་པས་སྤངས་བར་བྱ། །ཞེས་པ་ནི། སྔོན་འགྲོ་ལ་ལྷ་འདྲེ་སློང་རྟགས་དགོས་པ་ལ་མ་བྱུང་། དངོས་གཞི་ལ་ནོན་རྟགས་དགོས་པ་ལ་མ་བྱུང་། མཇུག་ཏུ་ཚར་ཚད་དགོས་པ་ལ་དེ་མ་བྱུང་། སྔོན་འགྲོ་ལ་མ་བསླངས་ན་དངོས་གཞི་ལ་གནོན་རྒྱུ་མི་འབྱུང་སྟེ། དྲི་མ་མ་བསླངས་པར་ཆུས་བཤལ་རྒྱུ་མེད་པ་དང་འདྲ། དངོས་གཞི་ལ་མ་ནོན་ན་རྗེས་ལ་ཚར་ཚད་མི་འབྱུང་སྟེ། དགྲ་མ་ཐུལ་ན་དབང་དུ་མི་འདུས་པ་དང་འདྲ་བས། གང་ལ་གཅད་དཀའ་བ་དེ་རུ་མ་ཆོད་ནས། ཕྱི་འབྲང་ཤོར་ན་རང་ལ་བར་ཆད་ཀྱིས་མ་ཚུགས་ཀྱང་། འཁོར་ལ་བར་ཆད་འོང་། ཐ་ན་ཕྱུགས་ལ་གོད་ཁ་ཚུན་ཆད་འོང་ངོ་། །དེ་གཅད་པ་ལ་ཕྱི་འབྲང་མ་ཆོད་པ་ཐམས་ཅད་བདག་འཛིན་བློས་མ་ཐོངས་པས་ཡིན། བདག་འཛིན་རྩ་བ་ནས་བློས་ཐོངས་ན། ཕྱི་འབྲང་མ་ཆོད་ཀྱང་ཆོག་སྟེ། ཕྱིར་འབྲངས་ཀྱང་འགལ་བ་མེད་པའི་ཕྱིར། དེས་ན་སྔོན་འགྲོ་སློང་སློང་པོ་ཞིག་འདོད་ནའང་རེ་བའི་བདུད་ཡིན་པས་མ་བསླངས་ཀྱང་ཆོག་སྙམ་པ་བྱ། དངོས་གཞི་ནོན་པོ་ཞིག་འདོད་ན་རེ་དོགས་ཀྱི་བདུད་ཡིན་པས། མ་ནོན་ནའང་མ་ནོན་ཅིག་སྙམ་དུ་བྱའོ། །མཇུག་ཚར་ཚད་ཆོད་པོ་ཅིག་འདོད་ནའང་རེ་དོགས་ཀྱི་བདུད་ཡིན་པས་ཚར་ཚད་མ་འོངས་ནའང་མ་འོངས་སྙམ་པ་བྱ། ད་ཚར་ཚད་ཞིག་འོང་ཐང་བ་ལ། བྱུང་ན་དགའ་སྟེ་སྙམ་པར་མི་བྱའོ། །ལར་གཅོད་མཁན་ཕལ་ཆེར། དང་པོ་ལྷ་འདྲེ་སློང་བ་ཞིག་འདོད། བར་དུ་ནོན་པ་ཞིག་འདོད། ཐ་མ་ཚར་ཆོད་པ་ཞིག་འདོད། ལྷ་འདྲེ་ཕམ་པ་རང་རྒྱལ་བ་ཞིག་འདོད། ཁྱད་ཐོན་པ་ཕོ་ཤན་ཕྱེད་པ་ཞིག་འདོད། དེ་ནི་མ་ཚོར་བའི་བདུད་ཡིན་པས། གཅོད་འདི་ཡི་བཞེད་པའི་གདམས་ངག་དབང་པོ་རབ་གདམས་པ་འདི་དང་ལྡན་པ་ཞིག་གིས། གཉན་ཁྲོད་དུ་གཅོད་བྱས་ན། དང་པོ་སློང་རྟགས། བར་དུ་ནོན་རྟགས། ཐ་མ་ཚར་ཚད་དེ་རྣམས་མི་འདོད་ཀྱང་འོང་སྟེ་འོང་བ་ཆོས་ཉིད་ཡིན། འོང་ལ་རེ་དང་བྱུང་ལ་དགའ། བྱུང་བ་ལ་ང་རྒྱལ་དང་རློམ་པ་མི་བྱའོ། །ལེ་ལག་ལས། དངོས་པོ་སྤངས་ཀྱང་སྟོང་པར་འདོད། །སྟོང་པ་ཅིར་ཡང་མ་དམིགས་པ། །དངོས་པོ་འཛིན་པ་སྨོས་ཅི་དགོས། །མ་རྟོགས་པ་འདི་དབང་རེ་ཆེ། །ཞེས་སོ། །

ཕན་དང་གནོད་བྱས་འཇམ་དང་རྩུབ་པའི་སྤྱོད་པས་བརྟུལ། །སྣ་ཚོགས་ཐབས་ཀྱིས་བྱང་ཆུབ་ལམ་བཀོད་སྨོན་ལམ་བཏབ། །ཅེས་པ་ནི། ཉམས་ཀྱི་ཚར་ཚད་བྱུང་གཅོད་ཚར་ཚད་ཀྱི་དང་ལར་ནི་ཐམས་ཅད་ཀྱི་དོན་ལ་སྨོན་ལམ་བཏབ་པར་བྱའོ། །ལྷ་འདྲེ་རྣམས་ཀྱིས་དང་པོ་བདག་ལ་ཆོ་འཕྲུལ་གདུག་རྩུབ་བསྟན། གནོད་པ་བསྐྱལ་བ་དང་། ཕྱིས་གུས་པས་འདུད་ཕན་བཏགས་པ་དང་རང་གིས་ཀྱང་སྤྱོད་ལམ་འཇམ་པོས་ལུས་སྦྱིན་པར་བཏང་བ་དང་། སྤྱོད་པ་རྩུབ་མོས་ཁོ་ལ་གནོད་པ་བསྐྱལ་བ་དང་ཐབས་སྣ་ཚོགས་ཀྱིས་ལྷ་འདྲེ་བྱང་ཆུབ་ལ་བཀོད་པའི་དགེ་བ་ལ་བརྟེན་ནས། ལྷ་འདྲེ་ཁྱེད་རྣམས་ཀྱི་རྒྱུད་ལ་ཡོད་པའི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཉོན་མོངས་པའི་གདུག་རྩུབ་ཞི་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཁྱོད་ཀྱིས་བདག་ལ་སྔར་ཐོ་འཚམ་ཞིང་གནོད་པ་བསྐྱལ་བ་དང་ཕྱིས་མོས་པ་བྱས་ཤིང་གུས་པས་འདུད་པའི་དགེ་བ་ལ་བརྟེན་ནས་རྒྱལ་པོ་བྱམས་པའི་སྟོབས་དང་གནོད་སྦྱིན་ཤ་ཟ་སྤུན་ལྔ་བཞིན་དུ། བདག་གི་འཁོར་འདུས་པ་དང་པོར་སྐྱེ་བར་གྱུར་ཅིག །ཁྱོད་ཀྱི་ལས་ངན་སྡིག་སྒྲིབ་མི་དགེ་བའི་རྒྱུ་འབྲས་བག་ཆགས་ས་བོན་དང་བཅས་པ་ཐམས་ཅད་སྐད་ཅིག་འདི་ཉིད་ལ་བྱང་ཞིང་དག་ནས་ཀུན་མཁྱེན་གྱི་སངས་རྒྱས་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །རྣལ་འབྱོར་པ་བདག་གིས་ཀྱང་ལུས་སྦྱིན་པར་བཏང་བ་དང་། བྱམས་པའི་སེམས་ཀྱིས་ལྷ་འདྲེ་རྗེས་སུ་བཟུང་བའི་དགེ་བ་ལ་བརྟེན་ནས། རྒྱལ་པོ་ཟླ་འོད་དམ་རྒྱལ་བུ་དགེ་དོན་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །མཐར་ཐུག་བདག་གཞན་དོན་གཉིས་ལྡན་པའི་སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་བྱའོ། །དེ་རྣམས་ནི་ལྷ་འདྲེའི་འགྲོ་དོན་ཡིན་པས་མིའི་འགྲོ་དོན་ལས་ཀྱང་བརྒྱ་འགྱུར་གྱིས་འཕྲིན་ལས་སྟོབས་ཆེའོ། །དེ་རྣམས་ཕྱི་གཅོད་པའི་གདམས་ངག་གོ། །

བདག་གཞན་དོན་དུ་ཀུན་མཁྱེན་སངས་རྒྱས་ཐོབ་འདོད་པས། །ཐར་པའི་ལམ་འདི་སྐལ་ལྡན་རྣམས་ཀྱིས་བསྟེན་པར་གྱིས། །ཞེས་པ་ནི། གང་ཟག་དད་པ་དང་བརྩོན་འགྲུས་དང་ལྡན་པས། ཚེ་གཅིག་གི་རྫོགས་པའི་སངས་རྒྱས་བསྒྲུབས་ནས་བདག་གཞན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་འདོད་པའི་གང་ཟག་དེས་གཅད་པར་བྱའོ། །

ཡུན་རིང་གོམས་པའི་བག་ཆགས་སྤང་དཀའ་རྣམ་རྟོག་འདི། །སྲིད་པའི་སྡུག་བསྔལ་སྣ་ཚོགས་སྐྱེད་པའི་རྒྱུ་གཅིག་པོ། །ཞེས་པ་ནི། དུས་ཡུན་རིང་པོ་ཐོག་མ་མེད་པ་ནས་གོམས་པའི་བག་ཆགས་སྤང་དཀའི་རྣམ་རྟོོག་འདི་འཁོར་བ་ངན་སོང་གི་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་བདུད་ཡིན་པས་གཅད་པར་བྱའོ། །

རྟེན་དང་བརྟེན་པར་ཕུང་ཁམས་འདུས་པའི་དུར་ཁྲོད་འདིར། །འགྱུ་བྱེད་སྣ་ཚོགས་དྲན་རྟོག་འགྱུ་བའི་གནས་འདིར་བཅད། །ཞེས་པ་ནི། ནང་གི་གནས་རྟེན་ཕུང་ཁམས་དང་སྐྱེ་མཆེད་ཐམས་ཅད་འདུས་པའི་དུར་ཁྲོད་འདི་ན། བརྟེན་པ་རང་གི་རིག་པ་དྲན་རྟོག་སྣ་ཚོགས་འཆར་བའི་ལྕེ་སྤྱང་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་བྱ་གཅན་གནས་པའི་གཉན་ཁྲོད་འདི་རུ་གཅད་པར་བྱའོ། །འབུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསླབ་པར་འདོད་པས། རི་ཕུག་དང་ས་ཕུག་དང་རེ་ཧྲུལ་དང་། ཁོང་པ་བླ་གབ་མེད་པ་རུ་གནས་པར་བྱའོ། །ཞེས་སོ། །

དབང་དོན་ངོ་སྤྲོད་མངོན་དུ་གྱུར་པའི་རྣལ་འབྱོར་པས། །ཇི་སྲིད་རྣམ་རྟོག་བདུད་འདི་མ་ཆོད་དེ་སྲིད་གཅད། །ཞེས་པ་ནི། སྔོན་དུ་དབང་གིས་སྣོད་རུང་དུ་བྱས་ཏེ། དེ་ནས་ནམ་མཁའ་སྒོ་འབྱེད་ཀྱི་ངོ་ལེགས་པར་འཕྲོད་པའི་གང་ཟག་དེས། གཅད་པར་བྱ་སྟེ། དུས་ཐུང་བ་སྐད་ཅིག་ཡུན་ཙམ་གྱི་བར་དུ་གཅད། འབྲིང་མ་ཤིའི་བར་དུ་གཅད། དུས་རིང་པོ་བྱང་ཆུབ་མ་ཐོབ་བར་དུ་གཅད། མདོར་ན་རྣམ་རྟོག་བདུད་འདི་མ་ཆོད་བར་དུ་གཅད་དོ། །ཡང་ཚོམས་ལས། དོན་ལ་གཅད་པའི་ཡུལ་མེད་པས། །གཅོད་བྱེད་མཁན་པོ་གྲོལ་ཙ་ན། །མ་ནོར་ཚར་ཆོད་ཡིན་པར་གསུངས། །ཞེས་སོ། །

གདོད་ནས་ཆོས་ཉིད་གློ་བུར་དྲི་མ་དང་བཅས་པ། །གཞི་ལམ་འབྲས་བུར་བརྟགས་ལ་ལྟ་སྒོམ་སྤྱོད་པས་གཞོམ། །ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྟོགས་པ་རྣམ་དག་གི་ཆ་དང་། མ་རྟོགས་དྲི་མའི་ཆ་གཉིས་སུ་གནས་ཏེ། མདོ་སྡེའི་རྒྱན་ལས། ཡེ་ཤེས་དང་ནི་སྒྲིབ་པ་གཉིས། །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་པས་རྣམ་དག་དེ་གཞི་ལམ་འབྲས་བུར་གཏན་ལ་ཕབས་ལ། མ་རྟོགས་དྲི་མའི་ཆ་དེ་ལྟ་སྒོམ་སྤྱོད་པས་གཞོམ་པར་བྱ་སྟེ། དེ་ལ་གསུམ། གཞིའི་གནས་ལུགས་དང་། ལམ་གྱི་སྒོམ་ཚུལ་དང་། འབྲས་བུ་ཡི་འཆར་ཚུལ་ལོ། །དེ་ལ་དང་པོ་ལ་གཞི་ཞེས་བྱ་རྒྱུ་ཞེས་བྱ་སྟེ། དེའི་ངོ་བོ་ནི། རྒྱུ་ཀུན་ལ་ཁྱབ་ཅིང་ལམ་གྱི་རྐྱེན་བཟང་ངན་འབྲིང་གསུམ་གྱིས། འབྲས་བུ་མཆོག་དམན་འབྲིང་གསུམ་སྐྱེད་ནུས་པ་ཞིག་ཡིན་ནོ། །གཞིའི་དབྱེ་བ་ནི། རྟོགས་ན་མྱ་ངན་འདས་པ་དང་། །སངས་རྒྱས་སྐྱེད་པའི་རྒྱུའམ་གཞི་ཡིན་ནོ། །གཞིའི་དབྱེ་བ་ནི། འཁོར་འདས་གཉིས་ཀྱི་བདེ་སྡུག་སྐྱེད་ནུས་པའོ། །གཞིའི་དཔེ་ནི། བལ་ལམ། ལྕགས་སམ། འབྲུ་ལྟ་བུ་སྟེ། འབྲས་བུ་གང་དུ་མ་གྲུབ་ལ། བྱས་ན་གང་ཡང་འབྱུང་དུ་རུང་བ་ཞིག་ཡིན་ནོ། །ལ་ལ་དག་ན་རེ། སེམས་ཅན་ཡེ་གདོད་མ་ནས་སངས་རྒྱས་ཡིན། དུག་ལྔ་ཡེ་ཤེས་ཡིན། རྣམ་རྟོག་ཆོས་ཉིད་ཡིནཟེར། དེ་དག་ལ་འབད་ན་དེ་རྣམས་འབྱུང་རུང་གི་རྒྱུ་ཡིན་གྱི། དངོས་ནི་མ་ཡིན་ནོ། །ཡིན་ན་སེམས་ཅན་འབད་མེད་དུ་གྲོལ་བར་འགྱུར་ཏེ། དེ་ལྟར་མ་ཡིན་པའི་ཕྱིར་ན། འབད་རྩོལ་ཆེ་འབྲིང་ཆུང་གསུམ་ལས་གྲོལ་བ་རབ་འབྲིང་ཐ་གསུམ་འབྱུང་བ་ཡིན་ནོ། །མདོ་སྡེའི་རྒྱན་ལས། གལ་ཏེ་ཉོན་མོངས་དེ་མེད་ན། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་རྟོག་དེ་མེད་ན། །འབད་ཀྱང་འབྲས་བུ་མེད་པར་འགྱུར། །ཞེས་སོ། །ཁ་ཅིག་ན་རེ། སངས་རྒྱས་ཀྱི་རྒྱུ་ཙམ་དུ་མ་ཟད། སངས་རྒྱས་རང་ཡིན་ཏེ། རྒྱུད་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་སོ། །མདོ་ལས་ཀྱང་། མ་རིག་པ་བྱུང་ནས་ཇི་སྲིད་ལོན་པ་དེ་ཙམ་དུ་ཡེ་ཤེས་བྱུང་ནས་དེ་སྙེད་ལོན་ནོ། །ཞེས་པས་བསལ་ལོ་ཞེ་ན། དེ་དག་དྲང་དོན་གྱི་ལུང་ཡིན་ཏེ། རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་སོ། །ཞེས་པས་བསལ་ལོ། །དེས་ན་རྒྱུ་བལ་གྱི་དུས་ན། སྣམ་བུ་ཡིན་པའམ། ཕྱིང་བ་དང་སྐུད་པ་གང་གིའང་ཁ་ཚོན་མི་ཆོད་ལ། བྱས་ན་གང་ཡང་འབྱུང་རུང་ཞིག་ཡིན་ནོ། །ཁ་ཅིག་ན་རེ། གཞིའི་དུས་ན་སེམས་ཅན་གྱི་འབྲས་བུ་ཡིན། སངས་རྒྱས་ཀྱི་རྒྱུ་ཡིན་ཞེས་ཀྱང་ཟེར་རོ། །ལམ་གྱི་སྒོམ་ཚུལ་ནི། ལྟ་སྒོམ་སྤྱོད་པས་གཞོམ་ཞེས་པས་ལམ་ལ་གསུམ། ལྟ་བ་གཏན་ལ་དབབ་པ་དང་། སྒོམ་པ་གོམས་སུ་གཞུག་པ་དང་། སྤྱོད་པ་ཉམས་སུ་བླང་ཐབས་སོ། །དང་པོ་ནི། ཡུལ་ཆོས་ཉིད་སྟོང་པ་དང་ཡུལ་ཅན་སེམས་ཉིད་སྟོང་པ་གཉིས་སྟོང་པའི་ངོ་བོར་གཅིག་ཏུ་འདྲེས་པའོ། །ལྟ་བའི་དབྱེ་བ་ལ་གསུམ། ཐོས་པ་ལས་བྱུང་བའི་ལྟ་བ། བསམ་པ་ལས་བྱུང་བའི་ལྟ་བ། སྒོམ་པ་ལས་བྱུང་བའི་ལྟ་བའོ། །དང་པོ་ནི། ཐེག་པ་ཆེན་པོའི་ཆོས་ཐོས་པ་ལ་བརྟེན་ནས་ལྟ་བ་ཞེས་བྱ་བ་དེ། སྟོང་པ་ཉིད་དངོས་པོ་མེད་པ་ཞིག་ཡིན་པར་འདུག་སྙམ་པའི་བརྟག་དཔྱད་བཏང་བའི་གོ་བ་བཟང་པོ་སྐྱེད་པའོ། །གཉིས་པ་ནི་རིགས་པས་བརྟགས། བསམ་པས་དཔྱད་པའི་ཚེ་ན་འདི་ལས་འོས་མི་འདུག །འདི་ལྟ་བུ་ཞིག་ཡིན་པར་འདུག་སྙམ་པའི་བརྟག་དཔྱད་བཏང་བའི་གོ་བ་བཟང་པོ་སྐྱེ་བའོ། །གསུམ་པ་ནི། འདི་འདྲ་ཞིག་ཡོད་ཅེས་རྣ་བར་ཐོས་པ་དང་། གཟུགས་མིག་གིས་མཐོང་བ་དང་། ཡེངས་མེད་དུ་ཉམས་སུ་བླངས་པས་གོ་ཡུལ་དང་བློས་བྱས་མ་ཡིན་པར་མྱོང་བ་མངོན་སུམ་པ་ཞིག་རྒྱུད་ལ་སྐྱེ་བའོ། །དེ་གསུམ་ནི་དཔེར་ན། རྒྱ་གར་གྱི་ཤིང་ཐོག་ཤེས་འདོད་པ་ལ་སོགས་པ་ཡོད་པ་དེ། འདི་འདྲ་ཞིག་ཡོད་ཅེས་རྣ་བས་ཐོས་པ་དང་། གཟུགས་མིག་གིས་མཐོང་བ་དང་། ཁ་རུ་ཟོས་ནས་རོ་མྱོང་བ་བཞིན་ནོ། །དེས་ན་རྣ་བས་ཐོས་པའི་ལྟ་བ་དང་། བསམ་པས་བརྟག་དཔྱད་བཏང་སྟེ་དོན་སྤྱི་གོ་བ་ཙམ་གྱིས་མི་ཆོག་སྟེ། སེམས་དང་གཉིས་སུ་མེད་པར་བསྲེས་ལ་མྱོང་མེད་ཀྱི་ཚུལ་གྱིས་མྱོང་བ་དང་འབྲེལ་དགོས་སོ། །ལྟ་བ་ཉམས་སུ་བླང་ཐབས་ལ་གསུམ། ལྟ་ཡུལ་གང་ལ་བལྟ་བ། ལྟ་མཁན་གང་གིས་ལྟ་བ། ཚུལ་ཇི་ལྟར་ལྟ་བའོ། །དང་པོ་ནི། ཡུལ་སྟོང་པ་ཉིད་ལ་ལྟ་བ་སྟེ། ཤེས་རབ་སྙིང་པོ་ལས་ཕུང་པོ་ལྔ་པོ་དག་ལ་རང་བཞིན་གྱིས་སྟོང་པ་རྣམ་པར་ཡང་དག་པར་རྗེས་སུ་ལྟའོ་ཞེས་སོ། །ལྟ་མཁན་ནི། རང་གི་རིག་པ་མ་བརྟགས་ཅིར་ཡང་འཆར་ལ། བརྟགས་ན་དངོས་པོ་མེད་པ་འདིས་བལྟ། ལྟ་ཚུལ་ནི། ཡུལ་ཅིར་ཡང་མ་དམིགས་པ་ལ། བློས་གང་དུའང་མི་འཛིན་པའི་ངང་དུ་འཇོག་གོ། །བསྒོམས་པས་གོམས་སུ་གཞུག་པ་ལ་གསུམ། མཉམ་བཞག་ཏུ་སྒོམ་པ། རྗེས་ཐོབ་ཏུ་བསྐྱང་བ། ཟུང་འཇུག་ཏུ་བསྲེ་བའོ། །དང་པོ་རྣམ་རྟོག་སྲང་ལ་བཏོན། རིག་པ་ཐེར་ལ་བཏོན། ཤེས་པ་སྒང་ལ་བཏོན། དྲན་རྟོག་དབྱིངས་སུ་ཡལ་བའི་ཚེ་ན། སེམས་རང་བཞིན་གྱིས་རྣམ་པར་དག་པ་དང་། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངང་དུ་ལྷན་གྱིས་བཞག་པའི་དུས་ན། བསྒོམ་པར་བྱ་བའི་དངོས་པོ་མ་གྲུབ། སྒོམ་མཁན་གྱི་གང་ཟག་མ་གྲུབ། མཉམ་བཞག་ཏུ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་རྟོགས་པ་དེའི་ངང་ལ་འཇོག་པའོ། །དེའི་དུས་གློ་བུར་དུ་རྣམ་རྟོག་ཐལ་ཐོལ་སྐྱེས་ཀྱང་ཆུ་དང་རླབས་ལྟ་བུའམ། ནམ་མཁའ་དང་སྤྲིན་པ་བཞིན་སྟོང་ཉིད་དུ་ཤེས་པར་བྱས་ལ་རང་བཞིན་མེད་པའི་ངང་དུ་གཞག །དྲན་རྟོག་ཅི་ཤར་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། སེམས་སྟོང་པ་ཡིན། སྟོང་པ་ཆོས་སྐུར་ཐག་བཅད། དེ་ནི་བཀའ་བསྟན་བཅོས་ལུང་མདོ་རྒྱུད་ཐམས་ཅད་ནས་བཤད་རུང་མ་བཤད་རུང་། བླ་མ་རྣམས་ཀྱིས་བསྟན་རུང་མ་བསྟན་རུང་། གང་ཟག་རྣམས་ཀྱིས་དེ་ལྟར་དུ་རྟོགས་རུང་མ་རྟོགས་རུང་། ཡེ་གདོད་མ་ནས་གཤིས་དེ་ལྟར་དུ་གནས་སོ། །རྗེས་ཐོབ་ལ་སྒོམ་སྐྱོང་བ་ནི། རྗེས་ཐོབ་ཀྱི་དུས་སུ་ཆོས་ཐམས་ཅད་སྣང་ལ་བདེན་པ་མེད་པ་སྒྱུ་མའི་དཔེ་བཅུ་དྲུག་དང་འདྲ་བར་ཤེས་པར་བྱ་སྟེ། སེམས་བྲེང་ཙམ། རིག་ཙམ། འགྱུ་ཙམ། དྲན་ཙམ། ཐོལ་སྐྱེས་ཀྱི་ཤེས་པ་འདི། བདེན་པར་བཟུང་། རྟག་པར་བཟུང་། དངོས་པོར་བཟུང་བས་ལན་པ་ཡིན་པས། གཏད་མེད་བདེན་མེད། དངོས་མེད་དུ་ཤེས་པར་བྱས་ལ། དྲན་རྟོག་འདི། ཉན་རང་གཉིས་སྤང་བར་འདོད། སེམས་ཙམ་པས་འགོག་པར་འདོད། ཕར་ཕྱིན་བས་བཤིག་པར་འདོད། གསང་སྔགས་པས་བསྒྱུར་བར་འདོད། དབུ་མ་པས་ངོ་བོ་ཉིད་ཀྱིས་སྟོང་པར་འདོད། གཅོད་ཡུལ་བའི་བཞེད་ཀྱིས། མི་སྤང་མི་འགོག །མི་བཤིག །མི་བསྒྱུར། རང་བཞིན་གྱིས་མ་གྲུབ་པའི་ངང་དུ་འཇོག་གོ། །ཡེ་སྟོང་ལ་ཡེ་སྟོང་དུ་ཤེས་པར་བྱའོ། །རང་བཞིན་ཤེས་ན་སྤང་བསྒྱུར་ཀུན་གྱི་མཆོག་ཡིན་ནོ། །ཟུང་འཇུག་ཏུ་བསྲེ་བ་ནི། མཉམ་རྗེས་ཟུང་འཇུག་གི་དུས་ན་དྲན་རྟོག་ཅི་ཤར་ཡང་། སྣང་སྟོང་ཟུང་འཇུག །བདེ་སྟོང་དབྱེར་མེད། གསལ་སྟོང་འཛིན་མེད། དྲན་སྟོང་གཉིས་སུ་མེད་པར་ཤེས་པར་བྱ་སྟེ། གནས་ལུགས་དོན་གྱི་ངོ་བོ་ཞེས་བྱ་བ་ཡིན་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་དེ་རྟོགས་པ་ལ་བརྟེན་ནས་སངས་རྒྱས་པ་ཡིན་ནོ། །དེ་ལྟར་གནས་ཀྱང་ངོ་མ་ཤེས་པ་དེ་ཀུན་གཞི་ལ་བག་ཆགས་ངན་པའི་སྒྲིབ་པ་ཡོད་པ་དང་། གཞན་བླ་མས་ངོ་མ་སྤྲད་པ་དང་། བདག་རྐྱེན་ཉམས་ལེན་མ་བྱས་པས་ལན་པ་ཡིན་ཏེ། དཔེར་ན་རང་གི་བྱད་དང་མིག་གཉིས་ཐག་ཉེ། འགྲོགས་ཡུན་རིང་ཡང་། མེ་ལོང་ཞིག་མ་བསྟན་བར་མི་མཐོང་བ་བཞིན་ནོ། །བླ་མའི་ངོ་སྤྲོད་མེ་ལོང་དང་འདྲ་བ་དེ། རང་གི་ཉམས་ལེན་མིག་དང་འདྲ་བ་དེ་གཉིས་མ་འཛོམས་པས། བྱད་དང་འདྲ་བའི་ཆོས་ཉིད་མི་མཐོང་བས། དེ་གཉིས་འཛོམས་དགོས་སོ། །སྤྱོད་པས་ཉམས་སུ་བླང་བ་ནི། སྡོམ་པ་གསུམ་ལ་ཆོས་བཅུ་སྟེ། ཉན་ཐོས་ཀྱི་སྡོམ་པའི་མཚན་ཉིད་ནི། ལྟུང་བ་བཞི་འཁོར་དང་བཅས་པ་བསྲུང་བའི་གཉེན་པོའོ། །ངོ་བོ་ནི་གནོད་པ་གཞི་དང་བཅས་པ་ལས་ལོག་པའོ། །དབྱེ་བ་སོ་སོར་ཐར་པ་རིས་བརྒྱད་དེ། དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། བར་སློབ་མ་དང་། བསྙེན་གནས་སོ། །ཡུལ་མཁན་པོ་དང་བཙུན་པ་དགེ་འདུན་ལས་སྐྱེའོ། །རྟེན་གླིང་གསུམ་གྱི་མིར་གྱུར་པ། སྐྱེས་པའམ་བུད་མེད་ཀྱི་མཚན་དོན་བྱེད་ནུས་པ་སྐྱབས་འགྲོ་སྔོན་དུ་སོང་བ་ལ་སྐྱེའོ། །ཆོ་ག་ངེས་པར་འབྱུང་བའི་བསམ་པས་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ལས་ཐོབ་བོ། །བསྲུང་བྱ་ནི། གནོད་པ་གཞི་དང་བཅས་པ་ལས་ལྡོག་ཅིང་སེམས་ཅན་ལ་གནོད་ཅིང་འཚེ་བ་སྤང་། དུས་ཇི་སྲིད་འཚོའི་བར་དུ་གནས་སོ། །གཏོང་བའི་རྐྱེན་ནི། མངོན་པ་ལས། རྩ་བ་ཆད་དང་མཚན་འདས་དང་། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་ཅིག་ཅར་བྱུང་བ་ལ། །སོ་སོར་ཐར་པའི་སྡོམ་པ་གཏོང་། །ཞེས་སོ། །འབྲས་བུ་ནི་གནས་སྐབས་སུ་ལྷ་དང་མིའི་གོ་འཕང་ཐོབ་ལ་མཐར་ཐུག་དགྲ་བཅོམ་པའི་འབྲས་བུ་ཐོབ་པའོ། །བྱང་སེམས་ཀྱི་སྡོམ་པའི་མཚན་ཉིད་ནི། གཞན་དོན་དུ་རྫོགས་པའི་སངས་རྒྱས་འདོད་པའི་བསམ་པ་དགེ་བའོ། །ངོ་བོ་ནི་གཞན་དོན་དུ་སེམས་པའི་བསམ་པ་དགེ་བ་གཉེན་པོ་དང་མཚུངས་པར་ལྡན་པའོ། །དབྱེ་ན་ངོ་བོ་སྨོན་འཇུག་གཉིས། བསླབ་བྱ་སྡོམ་པ་ཉི་ཤུའོ། །རྟེན་བརྡ་ཤེས་ཤིང་དོན་གོ་ན་ཀླུ་དང་དུད་འགྲོ་ལ་ཡང་སྐྱེའོ། །ཡུལ་བླ་མ་སྡོམ་པ་ལ་གནས་ཤིང་ཆོ་ག་ལ་མཁས་པའི་མདུན་དུ་སྐྱེའོ། །ཆོ་ག་གཞན་དོན་དུ་རྫོགས་པའི་སངས་རྒྱས་འདོད་པའི་བསམ་པས་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ལས་ཐོབ་པའོ། །བསྲུང་བྱ་ནི། སེམས་ཅན་ཕ་དང་མར་ཤེས་པས་གནས་སྐབས་དང་མཐར་ཐུག་ཏུ་ཁེབས་བརྩིས་ཏེ་ཕན་ཕྱོགས་མེད་དུ་འདོགས་པའོ། །དུས་སྙིང་པོ་བྱང་ཆུབ་ལ་རེག་གི་བར་དུ་གནས་སོ། །གཏོང་བའི་རྐྱེན་ཡར་སངས་རྒྱས་མི་འདོད་པ་དང་། མར་སེམས་ཅན་བློ་ཡིས་སྤངས་ན་གཏོང་། བསྲུང་བའི་འབྲས་བུ་ནི། དོན་གཉིས་ལྡན་པའི་སངས་རྒྱས་ས་བཅུ་གཅིག་པ་ཐོབ་པའོ། །རིག་འཛིན་སྔགས་ཀྱི་སྡོམ་པའི་མཚན་ཉིད་ནི། རྡོ་རྗེ་ཐེག་པའི་བསླབ་བྱ་སློབ་པར་དམ་བཅས་པའི་ཚིག་ལས་མི་འདའ་བའོ། །ངོ་བོ་ནི་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་ཁས་བླངས་པའི་ངག་ཚིག་རྗེས་སུ་སྒྲུབ་པའོ། །དབྱེ་ན་རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་གི་སྡོམ་པ་བརྒྱད་དོ། །ཡུལ་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་དབང་བསྐུར་བའི་དུས་སུ་སྐྱེའོ། །ཆོ་ག་སྟ་གོན་གྱི་དུས་སུ་རིག་ལྔའི་སྡོམ་པ་ཕོག་པ་ལས་སྐྱེའོ། །བསྲུང་བྱ་ནི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པས་མཆོད་པ་འབུལ། བསྙེན་བཀུར་བྱེད་པའོ། །དུས་སྙིང་པོ་བྱང་ཆུབ་ཀྱི་བར་དུ་གནས་སོ། །གཏོང་བའི་རྐྱེན་ནི་སྤང་བར་འོས་པ་མ་སྤངས། བླང་བར་འོས་པ་མ་བླངས་པས་གཏོང་བའོ། །བསྲུང་བའི་འབྲས་བུ་ནི། དོན་གཉིས་ལྡན་པའི་སངས་རྒྱས་ས་བཅུ་གསུམ་པ་རྡོ་རྗེ་འཆང་ཐོབ་པའོ། །དེ་ལྟར་ཀུན་རྫོབ་ཏུ་སྣང་ཆ་མ་དོར་དོན་དམ་དུ་སྟོང་ཆ་མ་དོར་བར་སྣང་སྟོང་ཟུང་འཇུག་ཏུ་ཉམས་སུ་བླངས་པའི་ངང་ནས་མཆོད་པ་དང་མཎྜལ་གཏོར་མ་ཆུ་གཏོར་ཕྱག་དང་བསྐོར་བ་འདོན་ཟློས་སོགས་འདུས་བྱས་ཀྱི་ཆོས་ཐམས་ཅད་སྣང་ལ་བདེན་པར་མེད་པའི་ངང་ནས་བྱའོ། །འབྲས་བུ་ཡི་འཆར་ཚུལ་ནི། ལྟ་སྒོམ་སྤྱོད་གསུམ་དུ་ཉམས་སུ་བླངས་པས་སྐུ་གསུམ་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྒྱད་ཡོན་ཏན་གྱི་དབང་ཕྱུག་བརྒྱད་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱེད་པའོ། །དེ་ཡང་སྐུ་གསུམ་ནི། ཆོས་སྐུ་མཉམ་པར་བཞག་པའི་དུས་སུ་སེམས་འདི་ལ་གཟུགས་དང་ཁ་དོག་ལ་སོགས་ཅིར་ཡང་མ་གྲུབ་པར་སྟོང་སེང་ངེ་གསལ་ཧྲིག་གེ་བ་དེ། ཆོས་སྐུ་འབྱུང་བའི་རྒྱུ་ཡིན། དེ་མ་ཡེངས་པར་བསྐྱངས་པས་གོམས་ཤིང་མཐར་ཕྱིན་པའི་དུས་སུ་སེམས་རང་བཞིན་གྱིས་རྣམ་པར་དག་ཅིང་། གློ་བུར་གྱི་དྲི་མ་དང་བྲལ་བ་ལས་མངོན་གྱུར་གྱི་འབྲས་བུ་གཉིས་མེད་ཆོས་སྐུ་འབྱུང་ངོ་། །སྟོང་པའི་དབྱིངས་ནས་བདེ་ཆ་དང་གསལ་ཆ་མ་འགགས་པར་གསལ་སྟོང་ཟུང་འཇུག་ཏུ་འབྱུང་སྟེ་ལོངས་སྐུ་འབྱུང་བའི་རྒྱུ་ཡིན། དེ་མ་ཡེངས་པར་བསྐྱངས་ཏེ་གོམས་པ་མཐར་ཕྱིན་པ་ལས་མཐར་ཐུག་གི་འབྲས་བུའི་དུས་སུ་སྐུ་མདོག་ཞལ་ཕྱག་གི་རྣམ་པ་ཅན། རྒྱན་ཆ་ལུགས་དང་བཅས་པ་འབྱུང་བ་དེ། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །རྗེས་ཐོབ་ཀྱི་དུས་སུ་བདེན་མེད་ཀྱི་ངང་ནས་བྱ་བ་མ་འགགས་ལ་བྱེད་པ་མ་གྲུབ་པར་ཤེས་པ་དེ། སྤྲུལ་སྐུ་འབྱུང་བའི་རྒྱུ་ཡིན། དེ་མ་ཡེངས་པར་བསྐྱངས་ཤིང་གོམས་པ་མཐར་ཕྱིན་པ་ལས་འབྲས་བུའི་དུས་སུ། ཅིར་ཡང་སྤྲུལ་པའི་སྐུ་འབྱུང་སྟེ་དེ་རྣམས་ནི་ངོ་བོ་དོན་གྱི་སངས་རྒྱས་ཡིན། ཡེ་ནས་དེ་ལྟར་དུ་ཡིན་པ་ལ་ཁོ་བོ་ཅག་རྣམས་ཀྱིས་ཡིན་ཐོག་ཏུ་འཇོག་མ་ཤེས་པས་ལན་པ་ཡིན་ནོ། །དེས་ན་སངས་རྒྱས་དང་སེམས་ཅན་གཉིས་སུ་སྣང་ཡང་ངོ་བོ་གཅིག་སྟེ། སེམས་ཁོ་རང་གཅིག་པུའི་ཆོ་འཕྲུལ་ཡིན། དཔེར་ན་སོར་མོར་ངོ་བོ་གཅིག་ཀྱང་བརྐྱངས་ན་ཐལ་མོ། བསྐུམས་ན་ཁུ་ཚུར་ཟེར་བ་དང་འདྲའོ། །དེ་ཚིག་གིས་གཏན་ལ་ཕེབས་པ་ལ། བརྗོད་པ་སྒྲས་སངས་རྒྱས་ཟེར་བ་ཡིན། གདུལ་བྱ་གང་ལ་གང་འདུལ་དུ་བྱོན་ནས་དེ་དང་འཚམས་པའི་དོན་བྱེད་པ་དེ་མཚོན་པ་བརྡའི་སངས་རྒྱས་ཡིན་ནོ། །དེ་རྣམས་ཀྱང་སངས་རྒྱས་དངོས་མ་ཡིན་ཏེ། མོས་པའི་བློ་ཡུལ་དུ། སྨོན་ལམ་དང་སྙིང་རྗེ་ལ་བརྟེན་ནས་བྱུང་བ་མཚོན་པའི་གཟུགས་ཅན་ཙམ་ཡིན། དཔེར་ན་མེ་ལོང་ལ་བལྟས་པས་མེ་ལོང་ནང་དུ་རང་གི་བྱད་ཤར་བ་དེ་བྱད་དངོས་མིན་ནའང་བྱད་ཆ་མཐུན་གྱི་གཟུགས་ཅན་ཙམ་ཡིན། དེ་བཞིན་དུ་གདུལ་བྱའི་བློ་ཡུལ་དུ་སྣང་དུ་རུང་བ་འདི་རྣམས། མེ་ལོང་ནང་གི་བྱད་ལྟར་དུ་སངས་རྒྱས་དངོས་མིན་ཏེ། སངས་རྒྱས་ཀྱི་གཟུགས་ཅན་ཙམ་ཡིན་ལ། བྱད་དངོས་དང་འདྲ་བ་དེ་གཉིས་མེད་ཆོས་ཀྱི་སྐུ་རང་གི་སེམས་འདི་མ་བཅོས་པ་དང་དབྱེར་མེད་པ་འདི་སངས་རྒྱས་དངོས་ཡིན་ནོ། །རྡོ་རྗེ་གཅོད་པའི་མདོ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་མཐོང་ལ་ཞུགས་པ་སྟེ། །སྐྱེས་བུ་དེ་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་འདུས་མ་བྱས། །ཞེས་སོ། །བརྒྱད་སྟོང་པ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུར་བལྟ་བར་བྱའོ། །གཟུགས་ཀྱི་སྐུར་བལྟ་བར་མི་བྱའོ། །ཞེས་པ་དང་། འབུམ་ལས། སངས་རྒྱས་ཞེས་བྱ་བ་ནི་དམིགས་སུ་མ་མཆིས་པའོ། །དེས་ན་ཆོས་བྱས་པས་འཁོར་བ་སྤོང་བ་ཡིན་ཏེ། རྟོགས་ན་ཆོས་ཀྱང་སྤོང་བློ་ཟད་ཆོས་ཟད་དུ་ཁྲེས་སེར་སོང་ཙ་ན་སངས་རྒྱས་པ་ཡིན་ནོ། །དཔེར་ན་ནད་ཐམས་ཅད་སྨན་གྱིས་སྤང་སྟེ། སྨན་མ་ཞུ་ན་དེ་དཀའ་བའི་ནད་དུ་འགྲོ་ཡང་ནད་ཀྱི་ནུས་པ་ཞི་ཙ་ན་སྨན་གྱི་ནུས་པའང་ཞི་འགྲོ། ནད་དྲག་ཙ་ན་ནད་སྨན་གཉིས་ཀ་མེད་པ་བཞིན་དུ་འདོད་པ་ཡིན། སྤྱིར་སངས་རྒྱས་པར་ཆོས་དགོས་ཏེ་སངས་རྒྱས་ཁ་རུ་ཆོས་འཛིན་གྱི་བློ་དང་བྲལ་ནས་ཆོས་མེད་དུ་རྟོགས་ནས་སངས་རྒྱས་པ་ཡིན་ཏེ། ཤིང་ཟད་པ་དང་མེ་ཤི་བ་བཞིན་ནོ། །དེས་ན་རྗེས་ཤེས་སྒྱུ་མ་ལྟ་བུ་ལ་བློ་སྦྱོང་བར་བྱའོ། །

ཆོས་ཉིད་གཏན་ལ་འབེབས་ཚེ་རྣམ་རྟོག་གནོད་པ་མང་། །ཤེས་བྱའི་ཡུལ་དུ་སྣ་ཚོགས་དྲན་རྟོག་འཕྲོ་འདུ་འབྱུང་། །ཞེས་པ་ནི། སྔར་བཞིན་ཉམས་སུ་བླངས་པས། སློང་རྟགས་རང་གི་རྒྱུད་ལ་རྣམ་རྟོག་སྣ་ཚོགས་འབྱུང་བ་དང་། ཉོན་མོངས་པ་སྣ་ཚོགས་སྐྱེ་བ་དང་། འཇིགས་པ་དང་སྙིང་མི་དགའ་བ་དང་། ཤེས་པ་འཕྲོ་བ་དང་། བློ་རྒོད་པ་དང་ཡིད་གཉིས་ཐེ་ཚོམ་སེམས་ཉིད་གྱ་གྱུ་སྐྱུག་བྲོ་བ་དང་ཉམ་ང་བ་དང་བག་ཚ་བ་དང་། འགྲོ་སྙིང་འདོད་པ་དང་། ཚིག་པ་ཟ་བ་དང་། སྡུག་བསྔལ་བ་དང་། བློ་སྣ་མང་བ་དང་། གློ་བུར་གྱི་རྣམ་རྟོག་སྣ་ཚོགས་དང་། སེམས་ཐོག་ཏུ་དགའ་མི་དགའ། མཐོ་དམན་སྣ་ཚོགས་འབྱུང་བ་སྟེ། གཉེན་པོ་དང་རྣམ་རྟོག་འཐབ་པའི་དུས་ཡིན་པས་བདེ་སྡུག་སྣ་ཚོགས་འབྱུང་ངོ་། །དཔེར་ན་གཡུལ་འགྱེད་པའི་ཚེ་ན་དགྲ་ཟིན་གཉིས་ཀ་ལ་རྨས་མ་འབྱུང་བ་དང་འདྲའོ། །མདོ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་ནད་པ་ལ་སྨན་བཏང་བས་ནད་ཆོམ་ཁར་སྨན་ནད་འོང་བ་དང་འདྲའོ། །

རྟོགས་པའི་དཔུང་དང་མི་ལྡན་སྒོམ་པའི་ཉམས་དང་བྲལ། །རྐྱེན་ལ་གཅོད་པས་ཐོག་རྫིས་རོ་སྙོམ་མ་བྱུང་བཟློག །ཅེས་པ་ནི། རྟོགས་པས་གཞི་རྩ་མ་ཆོད་པ། བསྒོམས་པས་བསྟན་པ་མ་ཐོབ་པ། སྤྱོད་པས་ཐོག་རྫིས་ཀྱི་རོ་སྙོམ་མ་ནུས་པ་ལས་ལོག་པ་སྟེ། རྟོགས་པའི་དཔུང་ཞན། ཉམས་ཀྱི་གདེངས་ཆུང་། སྤྱོད་པའི་ངར་ཆུང་བས་ལྡོག་པའི་རྒྱུ་བྱེད་དེ། གཉེན་པོ་ཕྲ་ཤོར་བ་དང་ཡུལ་རྐྱང་འདེད་མ་བྱས། རྐྱེན་ལ་འུར་འདེད་མ་བྱས་པས་ལན་པ་ཡིན། ཡང་ཚོམས་ལས། རྐྱེན་བྱུང་གྲོགས་སུ་མ་གོ་ན། །ལྟ་བ་མཐོ་ཡང་གོལ་བ་ཡིན། །གདམས་ངག་ཁོང་དུ་མ་ཆུད་ན། །གོ་བ་གདེང་དུ་མ་གྱུར་ན། །ཚིག་ཐོས་ཙམ་ལ་ཐག་མ་བཅད། །དེ་ལྟར་དགོངས་ཤིག་རིགས་ཀྱི་བུ། །ཞེས་སོ། །

འགྱུ་བྱེད་སྡོང་པོ་ལྟ་སྒོམ་སྤྱོད་པའི་མཚོན་གྱིས་བཅད། །སེམས་བྱུང་རྣམ་རྟོག་ཡལ་ག་ཐམས་ཅད་ངང་གིས་འགག །ཞེས་པ་ནི། ལོག་གནོན་བྱེད་པ་སྟེ། ལོག་གནོན་ལ་ལྟ་བའི་ལོག་གནོན། སྒོམ་པའི་ལོག་གནོན། སྤྱོད་པའི་ལོག་གནོན་དང་གསུམ་མོ། །ལྟ་བའི་ལོག་གནོན་ནི། དང་པོ་བླ་མས་ངོ་སྤྲད་པ་ཙམ་ཡིན། མ་གོ་བ་གོ་བར་བྱས། མ་རིག་པ་རིག་པར་བྱས། མ་རྟོགས་པ་རྟོགས་པར་བྱས་པ་ཙམ་ཡིན། ཕྱིས་དེ་ལྟར་བསྐྱངས་པས། ཡོན་ཏན་འབྱུང་བས་རང་རེས་སྐྱོང་བ་ཁ་ལྟའོ། །གོ་བ་ཙམ་གྱིས་མི་ཕན་པས་གོམས་སུ་གཞུག་གོ། །འདྲིས་ཤིང་བརྟན་པ་ཐོབ་དུས་དེའི་ཐོག་ཏུ་གནས་སུ་གཞུག་གོ། །རྒྱ་ཆེ་རུ་རྒྱུན་རིང་དུ། རྣམ་པ་གསལ་དུ་འཇུག །གེགས་སེལ་བོགས་འདོན་ལ་གདེང་ཐོབ་པར་བྱའོ། །དེའི་དུས་སུ་བློ་ཡུལ་དུ་ཅི་ཤར་ཡང་། ཅི་དྲན་ཅི་སྣང་དུ་སྟོང་པ་ལས་མ་འདས། མགུ་རུང་མི་མགུ་རུང་ཅི་འགྱུའང་རང་གི་སེམས་སུ་ཐག་བཅད། སེམས་སྐྱེ་འགག་མེད་པར་ཐག་བཅད། སྐྱེ་མེད་ཆོས་སྐུར་ཐག་བཅད། ཆོས་སྐུ་ངོས་བཟུང་མེད་པར་ཐག་བཅད། དྲན་རུང་མ་དྲན་རུང་སྟོང་པ་ལས་མ་འདས། མགུ་རུང་མི་མགུ་རུང་། འཕྲོ་རུང་མི་འཕྲོ་རུང་། ཅི་དྲན་ཅི་ཤར་ཡང་སྟོང་ཉིད་ཡིན། བྱ་གང་དུ་འཕུར་ཡར་ནམ་མཁའ་ལས་མ་འདས། ཉ་གང་དུ་མཆོངས་ནའང་། ཆུ་ལས་མ་འདས་རྣལ་འབྱོར་པའི་སེམས་ལ་ཅི་ཤར་ཡང་སྟོང་པ་ལས་མ་འདས་སྙམ་པའི་ངང་དུ་བཞག་གོ། །རྣམ་རྟོག་སྤྲོའང་མི་སྤྲོ། སྡུད་ཀྱང་མི་སྡུད། འཛིན་ཡང་མི་འཛིན། གཏོང་ཡང་མི་གཏོང་། སྒྲུབ་ཀྱང་མི་སྒྲུབ། དགག་ཀྱང་མི་དགག །རང་ཡལ་རང་གྲོལ་ལ་གཞག་པར་བྱའོ། །འབུམ་ལས། རྣམ་པར་རྟོག་པ་མ་བཅིངས་མ་གྲོལ་བའོ། །ཞེས་སོ། །སྒོམ་པའི་ལོག་གནོན་ནི། སྒོམ་པའི་ཚེ་ན་དགེ་སྡིག་བདེ་སྡུག་འཁོར་འདས་གང་ཡང་ཡིད་ལ་མི་དྲན་པར་དྲན་མེད་ཀྱི་ངང་དུ་ལྷན་ནེ་བཞག་གོ། །འཛིན་མེད་དུ་ཕྱད་དེ་ཐོངས། གཉིས་མེད་དུ་ཤིགས་སེ་བཤིག་ལ་ཐོངས། རེ་དོགས་མེད་པ། རྩིས་གདབ་མེད་པ། གར་སོང་ལེགས་སུ་བཞག་གོ། །སྣང་བ་འདི་གཏད་མེད་དུ་མ་གོ་ན་ཇི་ལྟར་བྱས་ཀྱང་འཆིང་བའི་རྒྱུ་ཡིན། གཏད་མེད་དུ་གོ་ན་སྣང་བ་དགག་མི་དགོས། བདེན་མེད་དུ་ཤེས། གཏད་མེད་དུ་ཤེས། བདེན་མེད་དུ་རྟོགས་ན། ཞེན་མེད་དུ་བཞག་པས་ཆོག །སྟོང་པ་སྒྲུབ་མི་དགོས་རང་ལུགས་སུ་བཞག་པས་ཆོག །དེ་ལྟར་བཞག་ན་སྟོང་པ་མ་བསྒྲུབས་ཀྱང་འོང་། རྣམ་རྟོག་ངང་གིས་འགགས། སྣང་བ་མ་འགགས་ཀྱང་བདེན་ཞེན་མེད་ན་ཆགས་སྡང་གི་ལས་མི་སོགས། བག་ཆགས་ངན་པས་མི་གོས། སྲིད་པའི་གནས་སུ་དབང་མེད་དུ་མི་སྐྱེ་སྟེ། དུག་སྡོང་གི་རྩ་བ་རུལ་བའམ། དུར་ཁྲོད་ཀྱི་མི་རོའམ། ལྷ་ཁང་གི་འདེར་སོ་དང་འདྲ་སྟེ་དབང་པོ་ཡོད་ཀྱང་གནོད་པ་སྐྱེལ་མི་ནུས་སོ། །མ་ཡི་ཞལ་ནས། འཛིན་པ་བདུད་ཡིན། རྩོལ་བ་ནད་ཡིན། དོགས་པ་འདྲེ་ཡིན། བཞག་པ་གཞི་ཡིན། མ་བྱས་པ་ལམ་ཡིན། མ་གྲུབ་པ་འབྲས་བུ་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཡིན། སེམས་ཉིད་ནམ་མཁའ་ཡིན། ཞེས་སོ། །དེ་ལྟ་བུའི་ལྟ་སྒོམ་དེ། ཡིད་ཡུལ་དུ་གོ་བ་ཡོད་པ་ཙམ་གྱིས་མི་ཆོག་སྟེ། རྐྱེན་དྲག་པོ་དང་འཕྲད་ཙ་ན། བློ་ཐ་མལ་དུ་ལུས་སུ་འོང་བས། རྐྱེན་བྱུང་དུས་དེ་རང་ལ་ཐོག་འགེལ་བྱས་པས་སེམས་ཆོས་སུ་བསྲེ་དགོས། འདྲེས་པ་ཙམ་གྱིས་མི་ཆོག་སྟེ། རྩལ་སྦྱངས་ན་ཟག་མེད་ཀྱི་ཡོན་ཏན་ཕྱོགས་མེད་དུ་འཆར་བས། རྐྱེན་སྣ་ཚོགས་དང་སྤྲད་ལ་རྩལ་ཕྱོགས་མེད་དུ་སྦྱང་དགོས་སོ། །སྤྱོད་པའི་ལོག་གནོན་ནི། དེའི་དུས་སུ་འཇིགས་པ་དང་ཡ་ང་བ། ངོ་ཚ་བ་སྐྱུག་བྲོ་བ་ལ་སོགས་པ་གཅོད་པར་བྱེད་མི་ནུས་པ་མི་ཕོད་པ། རོ་མི་སྙོམ་པ་སྙམ་བྱེད་པ་བྱུང་ན་ལྟ་ཐོག་ནས་རིག་པ་ངར་བཏབ་ལ་ཉམ་ང་ན་ང་ཐོག་ཏུ་བསྐྱུར། འཇིགས་ན་ངོ་ཚ་ན། སྐྱུག་བྲོ་ན་བྲོ་ཐོག་ཏུ་སྐྱུར། གང་མི་ཕོད་པ་དེ་ལ་རོ་སྙོམ་ཐོག་རྫིས་བྱ། རྐྱེན་དང་བསྲེ། ཁྲིགས་ཁ་བཤིག །ཚུལ་འཆོས་བོར། མི་ཁྱུ་ནས་བུད་ལ་ཉམས་སུ་བླང་ངོ་། །ཡ་ང་བ་བག་ཚ་བ། མི་ཕོད་མི་ནུས་ན། མི་ཕོད་མི་ནུས་པའི་མཁན་པོ་དང་དེའི་བསྡད་ས་གང་ན་འདུག་ལྟོས། གཟུགས་དང་ཁ་དོག་ཇི་ལྟར་འདུག་ལྟོས། མི་ནུས་པའི་རྒྱུ་མཚན་དེ་ག་ན་འདུག་ལྟོས། མི་ནུས་པ་དེ་ལ་ཕུ་འདེད་མདའ་འདེད་བྱེད། རིག་པ་རྐྱང་འདེད་བྱ། རྒན་མོ་འཛུབ་ཚུགས་སུ་བྱས་ལ་གང་མི་ཕོད་མི་ནུས་པ་གཅད་དཀའ་བ་དེའི་རྩད་ཁུངས་ཆོད་པར་བྱ། རྫུན་ཕུགས་རྡིབ་པར་བྱ། ཕུ་ཐག་འཁྲུས་པར་བྱས་པས། གཏད་མེད་དུ་ཕྱད་དེ་འགྲོ། བདེན་མེད་དུ་ཤིགས་སེ་འགྲོ། དངོས་མེད་དུ་ཁྲོལ་ལེ་འགྲོ། ཀུན་རྫོབ་རྫུན་ཁུངས་རྡིབ་པའི་གདམས་ངག །རྣམ་རྟོག་རྩད་གདར་བཅད་པའི་གདམས་ངག །གཅོད་པའི་ཐབས། འཁོར་འདས་འཁྲུག་ཤན་འབྱེད་པའི་ཆོས། རྣམ་རྟོག་ལ་ལོག་གནོན་བྱེད་པའི་མན་ངག་ཡིན་ནོ། །བཀའ་ཚོམ་ལས། ལྟ་སྤྱོད་འཛོམས་པའི་རྣལ་འབྱོར་ནི། །དཔའ་བོ་ལག་ན་མཚོན་ཐོག་འདྲ། །དགྲ་དཔུང་ཐམས་ཅད་འཇོམས་པ་བཞིན། །བདུད་རྣམས་སྙེམས་མེད་དབྱིངས་སུ་འཇོམས། །ཞེས་སོ། །

ཚ་ཟེར་འོད་ཀྱིས་རླན་དང་མུན་པ་འཇོམས་པ་བཞིན། །ཡེ་ཤེས་ཤར་བས་སྐྱོན་སྤང་ས་ལམ་རིམ་གྱིས་བགྲོད། །ཞེས་པའི་ཚར་ཚད་ལ། གནས་སྐབས་ཀྱི་ཚར་ཚད། མཐར་ཐུག་གི་ཚར་ཚད་གཉིས་ལས། དང་པོ་ནི་གནས་སྐབས་སུ་ཆགས་སྡང་ཆོས་བརྒྱད་ཤས་ཆུང་ངུར་འོང་། རྣམ་རྟོག་ཕྲ་རགས་གང་གིས་ཀྱང་མི་གནོད་པ། འགལ་རྐྱེན་གང་བྱུང་ཡང་དགེ་སྦྱོར་གྱི་གྲོགས་སུ། སྣང་བ་བདེན་འཛིན་ལོག་པ། སྔར་མེད་པའི་ཉམས་རྟོགས་བཟང་པོ་ཤར་བ། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་དཔག་ཏུ་མེད་པ་སྐྱེ་བ། གཅོད་ཡུལ་སྟོན་པའི་བླ་མ་ལ་གུས་པ་ཁྱད་པར་ཅན་སྐྱེ་བ། ལམ་གྱི་ཆོས་གང་ལའང་སྤང་བླང་དགག་སྒྲུབ་མེད་པ་འབྱུང་ངོ་། །མཐར་ཐུག་གི་ཚར་ཚད་ནི། ལམ་ལྔ་ཤུགས་ཀྱིས་བགྲོད། ས་བཅུ་རིམ་གྱིས་ནོན་ནས་རྟགས་ལྔ། ཡོན་ཏན་བརྒྱད་འབྱུང་། གྲུབ་ཆེན་བརྒྱད་ཐོབ། འཕྲིན་ལས་བཞི་འགྲུབ་བོ། །བཀའ་ཚོམས་ལས། ལུས་ངག་ཡིད་གསུམ་དག་པ་ལས། །སྐུ་གསུམ་འབྲས་བུ་གཞན་དག་མིན། །འཁོར་བ་རང་སར་གྲོལ་བ་ལས། །མྱང་འདས་ལོགས་སུ་བསྒྲུབ་ཏུ་མེད། །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ལམ་ལྔ་རྫོགས། །ཞེས་སོ། །

རང་བཞིན་མི་རྟོག་བསྒྱུར་མཁས་གཉེན་པོས་སྤོང་ནུས་ཤིང་། །སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་ལྡན་མཆོད་པར་ཤེས། །ཞེས་པ་ནི། གཅོད་ཡུལ་གྱི་སྒོར་ཞུགས་པའི་གང་ཟག་གིས་བདག་གཞན་ཐམས་ཅད་སངས་རྒྱས་ཐོབ་པར་འདོད་པའི་བློས། ཆོས་དྲུག་དང་ལྡན་པ་ཞིག་གིས་གཅད་པར་བྱ་སྟེ། རབ་ཀྱིས་ཉོན་མོངས་པ་རང་བཞིན་མེད་པར་རང་གྲོལ་དུ་རྟོགས་ཤིང་། སྟོང་ཉིད་སྙིང་རྗེའི་རྣམ་སྨིན་རང་བཞིན་མེད་པར་ཤེས་པ་དང་ཟིལ་གྱིས་གནོན་པའོ། །འབྲིང་གིས་ཐབས་ཀྱིས་ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་ནུས་ཤིང་བྱང་ཆུབ་སེམས་ཀྱིས་གཞན་དོན་ཕན་པར་སྒྲུབ་པ་དང་། ཐ་མས་བདེ་བར་གཤེགས་པ་ལ་མཆོད་པར་ཤེས་ཤིང་གཉེན་པོས་སྤོང་ནུས་པ་དེས་གཅད་དེ། ལེ་ལག་ལས། སྣང་ལ་མ་ཆགས་སྟོང་པར་སྒོམ། །ཟླ་ལ་མ་དགའ་གཅིག་པུར་སྡོད། །ཅེས་སོ། །

བདུད་དང་འབྱུང་པོས་ངན་འགྲོའི་གནས་སུ་ཁྲིད་མི་ནུས། །ཉོན་མོངས་བདུད་ཀྱིས་སྲིད་པའི་སྡུག་བསྔལ་སྐྱེད་ཕྱིར་གཞོམ། །ཞེས་པ་ནི། ཆགས་སྡང་གི་བདུད། དུག་གསུམ་གྱི་འདྲེ། དུག་ལྔའི་གདོན། རྩ་བའི་ཉོན་མོངས་པ་དྲུག་གི་གནོད་སྦྱིན། ཉེ་བའི་ཉོན་མོངས་པ་ཉི་ཤུའི་འབྱུང་པོ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་ཤ་ཟ་དང་མཁའ་འགྲོ་རྣམས་དུས་རྒྱུན་དུ། སྒོ་གསུམ་གྱི་དུར་ཁྲོད་ན་གནས་ནས་དགེ་བ་ལ་བར་དུ་གཅོད། ཐར་པའི་གེགས་བྱེད། བསམ་གཏན་གྱི་སྲོག་འཕྲོག་པར་བྱེད་དོ། །འཇིག་རྟེན་གྱི་བདུད་དང་འབྱུང་པོ་ལོག་འདྲེན་དྲེགས་པ་ཅན་དགྲ་རུ་ལངས་ཀྱང་དེས་ཁམས་གསུམ་དུ་བསྐོར་མི་ནུས་ངན་སོང་དུ་བསྐྱུར་མི་ནུས་ཏེ། ཉོན་མོངས་པའི་བདུད་འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་སྐྱུར་བར་བྱེད་དེ། སྤྱོད་འཇུག་ལས། གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་ཀུན་གྱིས་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང་། །ཐལ་བར་ཡང་ནི་བསྙིལ་ནུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །ཞེས་སོ། །གཅོད་མཁན་ཕལ་ཆེ་བས་ཕྱི་ལྷ་འདྲེའི་བདུད་ཆོད་པ་མང་ཡང་། ནང་ཆགས་སྡང་གི་བདུད་མ་ཆོད། ཆོད་ན་ཆགས་སྡང་རང་ཞི་ལ་འགྲོ་དགོས། ཉོན་མོངས་པ་རང་གྲོལ་དུ་འགྲོ་དགོས་པ་ལ། དེ་མ་ཐེངས་པས་གཅོད་མཁན་ལ་ལས་ཇོ་མོ་བརྟེན། ཆང་འཐུང་བ་དང་སྤྱོད་པ་རྩིང་པོ་བྱེད་པ་འབྱུང་ངོ་། །ཇོ་མོ་བརྟེན་ཆང་འཐུང་ཡང་ཆགས་ཞེན་མེད་དོ་ཞེ་ན། ཆགས་ཞེན་ཡོད་པས་དེ་རྣམས་བརྟེན་པ་ཡིན། མེད་ན་བརྟེན་མི་དགོས། ཇི་སྲིད་དུ་འདོད་སྲེད་བརྟེན་པ་དེ་སྲིད་དུ་ཆགས་ཞེན་ཡོད་པར་བྱེད་དེ། དཔེར་ན་སྒོག་པ་ཟོས་ན་སྒོག་དྲི་མི་སྤོང་། སྨན་ཟོས་ན་སྨན་དྲི་མི་སྤོང་བ་བཞིན་ནོ། །སྨན་དང་སྒོག་པ་ཟོས་ན་དྲི་འབྱུང་ལ། དྲི་མནམ་ན་ཟོས་པའི་རྟགས་ཡིན་པས་རྒྱུ་འབྲས་ཅན་དུ་གནས་སོ། །དེས་ན་གཅོད་མཁན་ལ་རིགས་བཞིར་གནས་ཏེ། ཕྱི་ཆོད་ལ་ནང་མ་ཆོད་པའི་གཅོད་མཁན། བདུད་ཆོམས་ལ་རྣམ་རྟོག་མ་ཆོམས་པའི་གཅོད་མཁན། མཛེ་སོས་ལ་ཉོན་མོངས་པ་མ་སོས་པའི་གཅོད་མཁན། རྒྱུ་མི་འཇོམས་པར་འབྲས་བུ་འཇོམས་པའི་གཅོད་མཁན་ཡོད་དོ། །གཅོད་འདི་འདྲེ་འདུལ་གཅིག་པུ་ལ་བྱེད་པ་མིན་གཅོད་ཡུལ་ཞེས་ཆོས་སྤྱིའི་མིང་འདོགས་ལ་བཏགས་པ་ཡིན་པས་ཁེ་ཉེན་རྒྱ་ཆེ་སྟེ། ཆགས་སྡང་ཆོས་བརྒྱད་བདེ་སྡུག་སྤང་བླང་དགག་སྒྲུབ་རེ་དོགས་ལ་སོགས་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལ་བྱའོ། །འདྲེ་བདུད་ཆོད་པ་མང་ལགས་ཏེ། །བདག་འཛིན་ཆོམས་པ་ཉུང་བར་གདའ། །མཛེ་ཕོ་སོས་པ་མང་ལགས་ཏེ། །ཉོན་མོངས་སོས་པ་འགའ་རེ་ཙམ། །ནད་པ་དྲག་པ་མང་ལགས་ཏེ། །འཁོར་བ་སྤངས་པ་སྲིད་པ་ཙམ། །ཞེས་སོ། །

གནས་ནི་རང་ལུས་རྩ་ཁམས་འདུས་པའི་དུར་ཁྲོད་ན། །ཉོན་མོངས་འབྱུང་པོ་རྟེན་དང་བརྟེན་པའི་ཚུལ་དུ་གནས། །ཞེས་པ་ནི། ལུས་འབྱུང་བ་བཞིས་བསྡུས་ཀྱི་གཉན་ཁྲོད་ན། །རྟེན་ཕུང་པོ་ལྔ་ཡི་ལྕེ་སྤྱང་དང་། །འབྱུང་བ་ལྔ་ཡི་བྱ་གཅན་དང་། །རྩ་ཁམས་སྐྱེ་མཆེད་ཀྱི་རི་དྭགས་གནས། །བརྟེན་པ་ཉོན་མོངས་པ་དུག་ལྔའི་བདུད་དང་ལྷ་འདྲེ་གནས་སོ། །ལེ་ལག་ལས། རྫོགས་པའི་སངས་རྒྱས་སྒྲུབ་འདོད་ན། །དབེན་པར་སོང་ལ་ཉམས་སུ་ལོངས། །གཉན་སར་སོང་ལ་ཤེས་པ་ཐུལ། །མ་ཡེངས་གློད་ན་གྲོལ་བར་ངེས། །ཞེས་སོ། །

རྟོགས་པའི་ཡེ་ཤེས་སྣང་བའི་འོད་ཟེར་རབ་རྒྱས་ཏེ། །ཇི་སྲིད་མ་རིག་མུན་ཁྲོད་མ་སངས་བར་དུ་བཅད། །ཅེས་པ་ནི། འདིའི་སྒོར་ཞུགས་པ་ནས་ཇི་སྲིད་རྟོགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཞིག་མ་ཤར་གྱི་བར་དུ་གཅད་པར་བྱ་སྟེ། ཉོན་མོངས་པ་རྒྱུད་ལ་ནམ་སྐྱེ་བའི་དུས་སུ་གཅོད་ཀྱི་གཉེན་པོས་ཟིན་པར་བྱས་ལ་གཅད་དོ། །ལེ་ལག་ལས། ཉོན་མོངས་རྣམ་རྟོག་སྐྱེས་པ་དང་། །ཆགས་སྡང་བདེ་སྡུག་མྱོང་བའི་ཚེ། །དེ་ཉིད་བདུད་ཡིན་ལམ་དུ་བླང་། །དེ་ཚེ་གཅོད་ནི་གཉེན་པོས་གཟུང་། །ཞེས་སོ། །

གང་ཚེ་ཉོན་མོངས་སྐྱེ་ཚེ་ལྟ་སྒོམ་སྤྱོད་པ་ཡིས། །གཉེན་པོས་བཟུང་ལ་དེ་ཚེ་བདུད་ལས་རྣམ་རྒྱལ་བྱ། །ཞེས་པ་ནི། ཉོན་མོངས་པ་རྒྱུད་ལ་སྐྱེས་པའི་དུས་སུ། ལྟ་བས་སྟོང་པར་བཞག །སྒོམ་པས་བརྗེད་དུ་གཞུག །སྤྱོད་པས་རོ་སྙོམ་པར་བྱ་སྟེ། དང་པོ་ནི་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་རྣམས་དང་པོ་གང་ནས་འོང་། བར་དུ་གང་ན་གནས། ཐ་མ་གང་དུ་འགྲོ། ངོ་བོ་ཅི་འདྲ་འདུག །ཁོ་གང་དུ་གྲུབ་བལྟས་ལ་ཅིར་ཡང་མ་གྲུབ། གང་དུའང་མ་མཐོང་ངོས་བཟུང་མེད་པའི་ངང་དུ་བཞག་གོ། །ཡང་ཚོམས་ལས། སངས་རྒྱས་སངས་རྒྱས་ཞེས་བྱ་བ། །འཁོར་བ་གྲོལ་བའི་ཐབས་སུ་གསུངས། །དགག་སྒྲུབ་མེད་པའི་དོན་རྟོགས་ནས། །བཏང་སྙོམས་ཆེན་པོའི་ངང་དུ་བཞག །ཅེས་སོ། །སྒོམ་པས་བརྗེད་དུ་འཇུག་པ་ནི། ཉོན་མོངས་པ་ཐོལ་ཏེ་སྐྱེས་དུས་དེ་དྲན་པས་རྒྱུན་མི་བསྲིང་། རྒྱ་མི་བསྐྱེད། འཕྲོ་མི་མཐུད། གསལ་མི་གདབ། བརྗེད་དུ་བཅུག །ཡལ་དུ་གཏོར་དུ་བཅུག །ཡེངས་སུ་འཇུག །མངོན་དུ་མ་འཇུག །འགྱུར་དུ་མ་འཇུག །དྲན་དུ་མ་འཇུག །འཆར་དུ་མ་འཇུག །ཆུ་ལ་རལ་གྲི་བརྒྱབ་པ་བཞིན་དུ་ཤུལ་མེད་དུ་ཐོངས། ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རྗེས་མེད་དུ་བཞག་གོ། །མེ་ནང་དུ་ཁ་བ་བབ་པ་བཞིན་རང་སྐམ་ལ་ཐོངས། སྦྲུལ་ལ་མདུད་པ་བྱས་པ་བཞིན་དུ་རང་གྲོལ་ལ་ཐེང་པར་བྱའོ། །ལེ་ལག་ལས། སེམས་རྟོག་བཟང་ངན་ཅི་བྱུང་ཡང་། །གཟུངས་སུ་མི་འཛིན་མན་ངག་ཡིན། །མ་བཅོས་བཞག་པས་གྲོལ་བར་ངེས། །བློ་ཡི་འཛིན་པ་ཡལ་དུ་ཆུགས། །ཞེས་སོ། །སྤྱོད་པས་རོ་སྙོམ་པ་ནི། གཅོད་ཅེས་བྱ་བའི་དོན་གོ། ཆགས་སྡང་ཉོན་མོངས་པ་བདེ་སྡུག་མཐོ་དམན་ཆོས་བརྒྱད་ཅི་བྱུང་ཡང་རོ་སྙོམ་པ། མགོ་ནོན་པ། ཉམས་ལེན་གྱིས་ལམ་དུ་སློང་བ། གདམས་ངག་གིས་ཆོད་པར་བྱེད་པའོ། །ཁ་འཐོར་ལས། དགོས་པའི་དུས་སུ་མེད་པ་ཡི། །ནོར་དང་རིག་པས་ཅི་ཞིག་བྱ། །རྐྱེན་ངན་བྱུང་ཚེ་མི་ཕན་པའི། །གདམས་ངག་ཟབ་མོས་ཅི་ཞིག་བྱ། །ཞེས་སོ། །

ཇི་ལྟར་རོ་མི་མཐུན་པའི་ཟས་ཀྱིས་ནད་སློང་ལྟར། །ཆགས་སྡང་ཉོན་མོངས་ཉམས་ལེན་རྐྱེན་གྱིས་སློང་བར་འགྱུར། །ཞེས་པ་ནི། དཔེར་ན་འགའ་ཞིག་ལ་ཁོང་དུ་ནད་ཡོད་པ་ལ་མི་མཐུན་པའི་ཟས་ཟོས་པའམ། རྩ་མིག་ནས་ནད་སྡུད་པའི་ཐང་བཏང་བས་འདུས་པའི་རྟགས་སུ་རྩ་ནང་དུ་གབ་པ་ཚོ་ལྡང་ནས་ན་རུ་འོང་སྟེ། དེ་བཞིན་དུ་ལྟ་སྒོམ་སྤྱོད་པའི་ཉམས་ལེན་བྱས་པས་ཉོན་མོངས་པ་ལྐོག་གྱུར་བག་ལ་ཉལ་དུ་གནས་པ་རྣམས་བསླངས་ནས་མངོན་གྱུར་དུ་གསལ་ཞིང་རགས་པར་མཆེད། ཕྱི་ལོངས་སྤྱོད་ལ་ཆགས་ཞེན་སྔར་བས་ཆེ་བ་དང་། ནང་སེམས་ཅན་ལ་འདོད་ཆགས་སྔར་བས་ཆེ་བ་དང་། དེ་བཞིན་དུ་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་སྔར་བས་རགས་སུ་འོང་། ཆེ་རུ་སོང་། རྒྱུད་ངན་དུ་སོང་སྤྲོ་ཐུང་དུ་སོང་སྔར་བས་ཇོ་བོ་ངན་དུ་སོང་བ་སྙམ་བྱེད་པ་འབྱུང་སྟེ། དེ་ནི་ཉོན་མོངས་ཞི། ལས་ངན་ཟད་འདོད་པའི་སྔ་ལྟས་ཡིན་ནོ། །དཔེར་ན་གསེར་གྱི་དྲི་མ་འབྱེད་པས་བཀྲག་མངོན་པའི་ཕྱིར། ནག་འཚུར་བཏང་བས་དྲི་མ་བསླངས་ནས། ཐོག་ཅིག་ལ་གསེར་ངན་པ་འདྲ་འབྱུང་སྟེ། དེ་ནི་བཟང་པོར་འགྱུར་བའི་སྔ་ལྟས་ཡིན་ནོ། །

ཆོས་ལ་བཟོད་པ་མ་ཐོབ་ལམ་གྱི་རྐྱེན་གྱིས་འཇིག །འགྱོད་དང་ཐེ་ཚོམ་ལོག་ལྟ་ཆོས་ཀྱིས་སུན་པ་འབྱུང་། །ཞེས་པ་ནི། ལྡོག་པའི་རྒྱུ་ལམ་གྱི་དཀའ་ཐུབ་དང་དཀའ་སྤྱད་ཀྱིས་སུན། འདག་སྦྱར་དང་རི་ཁྲོད་ལ་འཚེར། ཉམས་རྟོགས་དང་གྲུབ་རྟགས་དུས་སུ་མ་བྱུང་བས་སྐྱོ་བ་སྐྱེས། སྒྲུབ་པ་དང་ཉམས་ལེན་ལ་འཇིགས། ཆོས་ལ་བློ་ལོག །གདམས་ངག་ལ་ཐེ་ཚོམ་ཟ། བླ་མ་ལ་ཡིད་མ་ཆེས། ད་ཆོས་རང་མི་ཡོང་སྙམ་པ་འབྱུང་། ལེ་ལག་ལས། ཉེན་ནི་ལྟ་བ་ལོག་ན་ཆེ། །དགྲ་ནི་དམ་ཚིག་ཉམས་ན་གནོད། །གེགས་ནི་རང་སེམས་འཁྲུལ་ན་གནོད། །དུག་ནི་བདག་འཛིན་རྟོག་པ་ཆེ། །ཞེས་སོ། །

ཉོན་མོངས་སྐྱེས་ཚེ་ཐབས་དང་ཤེས་རབ་ལོག་ནོན་གྱིས། །སྟོང་དང་བསྒྱུར་ཐབས་མཆོད་པར་རྟོགས་པ་གཉེན་པོའི་མཆོག །ཅེས་པ་ནི། ལོག་ནོན་ལ་སྟོང་པས་ཉོན་མོངས་གཞོམ་པ། ཐབས་ཀྱིས་ལམ་དུ་བསྒྱུར་བ། བསམ་པས་མཆོད་པར་འབུལ་བ་དང་གསུམ་ཡིན། དང་པོ་ནི་ལོངས་སྤྱོད་ཀྱི་འདོད་ཆགས་ལ་སྟོང་ཉིད་ཀྱིས་མ་ཟིན་ན། དད་ཟས་ཟོས་པ་དང་མདོ་དང་བསྔོ་བ་སྨོན་ལམ་ཟས་ཀྱི་རྣལ་འབྱོར་བྱས་ཀྱང་ནང་དུ་ཆགས་སྲེད་ཀྱི་བསམ་པས་ལོངས་སྤྱད་ན་རྣམ་སྨིན་སོག་སྟེ། ཞེན་པ་ཡིན་པའི་ཕྱིར། ནང་སེམས་ཅན་གྱི་འདོད་ཆགས་ལ་མཆོག་དབང་ཐོབ། བརྟེན་དུ་རུང་ཡང་། ཐིག་ལེ་དབབ་གཟུང་ཟློག་བཀྲམ་ཤེས་པས་བརྟེན་པར་འདོད་ཀྱང་ནང་དུ་འདོད་བརྟེན་གྱི་བློ་མ་སྤོང་ན་རྣམ་སྨིན་སོག་སྟེ། ཟག་བཅས་ཀྱི་བདེ་བ་ཡང་དག་པའི་ལམ་མ་ཡིན་ཏེ་ཟག་མེད་སྟོང་ཉིད་དུ་མ་རྟོགས་པའི་ཕྱིར། ཞེ་སྡང་ལ་མངོན་སྤྱོད་ཀྱི་ལས་ཀྱིས་སྒྲོལ་ནུས་ཀྱང་སྟོང་ཉིད་ཀྱིས་མ་ཟིན་ན་རྣམ་སྨིན་སོག་སྟེ་སྟོང་ཉིད་ཆོས་ཀྱི་དབྱིངས་སུ་མ་བསྒྲལ་བའི་ཕྱིར། གཏི་མུག་ལ་རྨི་ལམ་ཟིན་པ་དང་སྦྱང་བ་དང་སྤེལ་བར་ནུས་ཀྱང་ཆོས་ཉིད་འོད་གསལ་དུ་མ་གྱུར་ན་བག་ཆགས་འཁྲུལ་པའི་རྣམ་སྨིན་སོག་སྟེ་རྨི་ལམ་ཉིང་འཁྲུལ་ཡིན་པའི་ཕྱིར། མདོ་ལས། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་ཉིད་ཡང་དག་མ་རྟོགས་ཏེ། །ཞེས་པ་དང་། ཀླུ་སྒྲུབ་ཀྱི་ཞལ་ནས། གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་སོ། །དེས་ན་སྟོང་པས་ཉོན་མོངས་གཞོམ་པ་ནི། རང་དུག་ལྔ་གང་ཤས་ཆེ། གང་སྤོང་དཀའ་བས་བསམ་གཏན་གྱི་ཚེར་མ་བྱེད། དགེ་སྦྱོར་གྱི་གེགས་བྱེད་པ་དེ། གསལ་ཐོབ་ལ་སྔར་བས་ཀྱང་ཆེ་རུ་ཐོངས། རགས་སུ་ཐོངས། ཐུ་རུ་ཐོངས། མེ་ལྟར་འབར་དུ་ཆུགས། ཆུ་ལྟར་འབྲུབ་ཏུ་ཆུགས། རླུང་ལྟར་ལྡང་དུ་ཆུགས། ས་ལྟར་བརྟན་དུ་ཆུགས། སུས་ཀྱང་མི་ཐུབ་པར་བསྒོམས་ལ་དེ་ཀའི་ངོ་བོ་ལ་ཅེར་གྱིས་ལྟོས་དང་སྟོང་པར་གཏོང་མི་དགོས་ཡེ་སྟོང་ཡིན། དེའི་ཐོག་ཏུ་རྒྱངས་སེ་བསྐྱུར་དང་དངོས་མེད་དུ་འགྲོ། དེའི་ངང་དུ་ལྷོད་དེ་ཞོག་དང་། རང་ཞི་རང་གྲོལ་ལ་འགྲོའོ། །དཔེར་ན་དུག་གིས་དུག་འཇོམས་པའམ། དགྲས་དགྲ་འཇོམས་པ་དང་འདྲ་བ་ཡིན་ནོ། །རྒྱུད་ལས། སྲེད་པས་འཇིག་རྟེན་འཆིང་འགྱུར་བ། །སྲེད་པ་ཉིད་ཀྱིས་སྲིད་དག་བྱེད། །ཅེས་པ་དང་། བཀའ་ཚོམས་ལས། མེས་ཚིག་མེ་ཡིས་བདུག་པ་དང་། །རྨ་བྱུང་གཏར་སྲེག་བྱེད་པ་བཞིན། །སླར་སྤྱོད་ལོག་གནོན་གདམས་པའི་གནད། །རྐྱེན་རྣམས་ཁལ་དུ་བཀལ་བར་གྱིས། །ཞེས་སོ། །ཐབས་ཀྱིས་ལམ་དུ་བསྒྱུར་བ་ནི། བརྟེན་བྱའི་ཡུམ་མཚན་ཉིད་དང་ལྡན་པ། རྟེན་གྱི་ཡབ་ཡོན་ཏན་དང་ལྡན་པས། བརྟེན་པའི་ཐབས་གནད་དང་ལྡན་པས་བརྟེན་ལ་འདོད་ཆགས་བདེ་སྟོང་དུ་བསྒྱུར་བར་བྱ། ཟག་བཅས་ཟག་མེད་དུ་འཆར་བར་བྱ། ཆགས་སྲེད་ཆོས་ཉིད་དུ་འཆར་བར་བྱ། རྒྱུད་ནས་བརྟེན་དུ་རུང་བར་བཤད་པ་ཐམས་ཅད་ཀྱང་དེ་རྣམས་ལ་དགོངས་པ་ཡིན་ནོ། །བསམ་པས་མཆོད་པར་འབུལ་བ་ནི། གཉེན་པོས་ཐུབ་ན་ལེགས། མ་ཐུབ་ན་ཡུལ་མཐོ་དམན་མི་འདམ་པ་མཛེ་སྤྲང་ངན་ལོང་ཐམས་ཅད་ལ་ལུས་སྦྱིན་པ་བཏང་སྟེ། སྦྱོར་མཚམས་སུ་ཡི་དམ་གྱི་ལྷ་ཚོགས་བསམས་ལ་གོང་མ་ལ་མཆོད་པ་འབུལ། འོག་མ་ལ་མགྲོན་པོ་རུ་བསམ་ལ་རང་གི་ཚོགས་བསགས་པ་དང་སྒྲིབ་པ་སྦྱོང་བར་བསྒོམས་ལ་སྤྱད་པར་བྱའོ། །དུས་འཁོར་ལས། རྟ་དང་གླང་པོས་བསོད་ནམ་སྟོང་དུ་འགྱུར། །བུ་དང་ཆུང་མ་དག་ནི་འབུམ་འགྱུར་ཏེ། །ལུས་ཀྱི་སྦྱིན་པ་བྱེ་བ་སྙེད་དུ་འགྱུར། །ཆོས་ཀྱི་སྦྱིན་པ་གྲངས་མེད་དག་ཏུ་འོ། །ཞེས་སོ། །དེ་བཞིན་དུ་ཞེ་སྡང་ལའང་། བསྒྲལ་བྱ་ཡུལ་གྱི་ཁྱད་པར་དྲུག་དང་ལྡན་པ། སྒྲོལ་བྱེད་བདག་གི་ཁྱད་པར་ནི་སྟོང་ཉིད་སྙིང་རྗེས་ཟིན་པ། བསྒྲལ་ཚུལ་ཐབས་ཀྱི་ཁྱད་པར་སྒྲུབ་པ་པོ་ཐུན་མིན་གྱི་དངོས་གྲུབ་ཐོབ་པ། བསྒྲལ་བྱ་རྒྱལ་བའི་ཞིང་དུ་སྐྱེ་བ་ཞིག་དགོས་པས། སེམས་ཅན་རྣམས་འཕྲལ་ལ་གང་དགའ་བར་བྱས་པས་མི་ཕན་གྱི་སེམས་ཅན་ལ་ནམ་ཕུགས་གང་ཕན་པར་བྱའོ། །སའི་སྡེ་སྣོད་ལས། ཕན་དང་བདེ་བ་རྣམས་བྱ་སྟེ། །སྡུག་བསྔལ་གྱུར་ཀྱང་གང་ཕན་བྱ། །མི་ཕན་བདེ་བའང་མི་བྱ་འོ། །ཞེས་སོ། །

སྲིད་པའི་དྲྭ་བ་ཉོན་མོངས་རྒྱ་མཚོ་མི་ཟད་པ། །མ་ལུས་རབ་བཅོམ་ཡེ་ཤེས་རོ་མཉམ་མཆོག་གི་ཚད། །ཞེས་པ་ནི། ཉོན་མོངས་པ་ཆོད་པའི་ཚད་ནི། རབ་ཉོན་མོངས་པ་བག་ཆགས་ས་བོན་དང་བཅས་པ་ཡེ་ཤེས་སུ་གནས་གྱུར་པ། འབྲིང་བག་ལ་ཉལ་དང་བཅས་པ་ཞི་བ། ཐ་མ་རགས་པ་མངོན་དུ་རྒྱུ་བ་སྤངས་པ། ཤིན་ཏུ་ཐ་མའང་ཉོན་མོངས་པས་མི་གནོད་པ་དང་། ཉོན་མོངས་པ་ཤས་ཆུང་དུ་སོང་བ་དང་། ཉོན་མོངས་པ་སྐྱེས་ཀྱང་གཉེན་པོས་གནོན་སླ་བ་དང་། སེམས་དང་གཉེན་པོ་ཉོན་མོངས་པའི་དབང་དུ་མ་ཤོར་བ་འབྱུང་ངོ་། །བསྟན་བཅོས་ལས། ཐོས་པའི་འབྲས་བུ་ཞི་ཞིང་དུལ། །བསྒོམས་རྟགས་ཉོན་མོངས་ཆུང་བ་ཡིན། །ཞེས་སོ། །

དད་དང་སྙིང་རྗེའི་དོན་རྟོགས་གདམས་པའི་གནད་དང་ལྡན། །ཐར་པ་ཐོབ་པའི་ཐབས་སུ་རྣལ་འབྱོར་རྣམས་ཀྱིས་སྤྱད། །ཞེས་པས། ན་ཚ་དང་སྡུག་བསྔལ་གྱི་བདུད་དེ། ཆོས་བཞི་དང་ལྡན་པའི་གང་ཟག་གིས་གཅད་པར་བྱ་སྟེ། ཆོས་ལ་དད་པས་ནད་དང་སྡུག་བསྔལ་ལམ་དུ་སློང་བ། བྱམས་པ་དང་སྙིང་རྗེས་གཞན་གྱི་དོན་དང་དུ་ལེན་ནུས་པ། གདམས་པའི་གནད་ཀྱིས་ནད་དང་སྡུག་བསྔལ་སྦྱང་ཐབས་ཤེས་པ། ཆོས་ཉིད་རྟོགས་པས་ནད་དང་སྡུག་བསྔལ་སྟོང་པར་ཤེས་པ་དེས་གཅད་པར་བྱའོ། །

ནད་དང་དུ་ཁཿདུག་རོ་དྲག་པོ་ཀུན་གྱི་བདུད། །དེ་ཉིད་མ་རྟོགས་ཐར་པ་ཐོབ་པའི་སྲོག་འཕྲོག་བྱེད། །ཅེས་པ་ནི། ལུས་ཀྱི་ནད་སེམས་ཀྱི་སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བའི་ཚེ་ན། ཆོས་ཉིད་མ་རྟོགས་པ་དང་། སེམས་ཉིད་ཀྱི་དོན་མ་མཐོང་བ་ཀུན་གྱི་བདུད་ཡིན་ཏེ། གནས་སྐབས་སུ་ལུས་ཀྱི་སྲོག་འཕྲོག་ཅིང་མཐར་ཐུག་ཐར་པའི་སྲོག་འཕྲོག་པར་བྱེད་པའི་ཕྱིར་ན་བདུད་དེ་གཅད་པར་བྱའོ། །

བདེ་སྡུག་སྐྱོན་ཡོན་འཁོར་འདས་ཐམས་ཅད་སྐྱེད་པའི་རྟེན། །འབྱུང་བཞི་ཉོན་མོངས་རླུང་མཁྲིས་བད་ཀན་ཕུང་པོའི་གནས། །ཞེས་པ་ནི། ལུས་འདི་ལ་བདེ་སྡུག་འཁོར་འདས་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུ་རྩ་རླུང་ཡིག་འབྲུ་ཐིག་ལེ་རྣམ་རྟོག་བཟང་ངན་ཐམས་ཅད་བརྟེན་ནས་གནས་པ་དང་། ལུས་རང་གི་ངོ་བོ་ཡང་ཤ་ཁྲག་ལ་སོགས་པའི་ཁམས་སུམ་ཅུ་རྩ་གཉིས་དང་། འབྱུང་བ་བཞི་དང་རླུང་མཁྲིས་བད་ཀན་གྱི་ངོ་བོ་ཡིན་པའི་ཕྱིར་གནས་དེ་རུ་གཅད་དོ། །

ལུས་ངག་ཡིད་ལ་ནད་དང་སྡུག་བསྔལ་འབྱུང་བ་དང་། །མི་མཐུན་འགལ་རྐྱེན་ཟུག་རྔུས་དྲག་པོས་མནར་བའི་ཚེ། །ཞེས་པ་ནི། ལུས་ལ་ཚ་གྲང་གི་ནད། ངག་ལ་རླུང་གི་ནད། སེམས་ལ་རྣམ་རྟོག་གི་ནད་བྱུང་བའི་དུས་སུ་གཅད་པར་བྱའོ། །

ནད་དང་སྡུག་བསྔལ་ཉེས་སྐྱོན་མ་ལུས་འབྱུང་བའི་རྟེན། །ལུས་སེམས་གཉིས་ཡིན་དེ་ཉིད་ཕྲལ་ན་གྲོལ་བར་ངེས། །ཞེས་པ་ནི། ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་འབྱུང་བའི་དུས་སུ། སེམས་ཉིད་འདི་ལ་ཨའི་ངོ་བོར་བྱ་སྟེ། སྤྱི་བོ་ནས་བཏོན་ལ་ནམ་མཁའི་ཁམས་སུ་སྟོང་པར་བསྲེ། ལུས་བེམ་པོ་འདི་བདག་པོ་ཤི་བའི་ཁང་སྟོང་བཞིན་དུ་གཉེར་ཁ་བྱེད་མཁན་མེད་པའི་ངང་དུ་ཁྲེས་སེ་བཞག །ལུས་བེམ་པོ་དང་སེམས་རིག་པ་གཉིས་སོ་སོར་ཕྲལ་ལ་ལུས་ཀྱི་གཉེར་ཁ་སེམས་ལ་མི་འཆོལ་སེམས་ཀྱི་གཉེར་ཁ་ལུས་ལ་མི་འཆོལ་བ་རིག་པ་ཁྱབ་གདལ་ཆེན་པོའི་ངང་དུ་གང་ཡང་ཡིད་ལ་མི་བྱེད་པར་བཞག །ལྷུག་པར་ཡན་དུ་ཆུག །གར་སོང་ལེགས་སུ་བཞག །སེམས་ཉིད་སྟོང་པ་ནམ་མཁའ་ལྟ་བུ་འདི་ལ་ནི་ན་རྒྱུ་འཆི་རྒྱུ་མི་འདུག །ལུས་བེམ་པོ་ས་རྡོ་ལྟ་བུ་འདི་ལ་ནི་ན་མཁན་དང་འཆི་མཁན་མི་འདུག །གློ་བུར་གྱི་རྣམ་པར་རྟོག་པ་འདི་ལ་ན་རྒྱུ་འདུག་ན་ཁྱོད་ན་ཞིག །འཆི་རྒྱུ་འདུག་ན་འཆི་ཞིག་བྱས་ལ་སེམས་དངོས་མེད་ཀྱི་ངང་དུ་ལྷོད་ཀྱིས་གློད་ལ་ཉལ་ནས་བསྡད་དོ། །དེ་ལྟར་དངོས་མེད་ཀྱི་ངང་དུ་འཇོག་པ་ལས་ཆེད་ཀར་སྒོམ་དུ་ནི་ཅི་ཡང་མེད་དེ། མི་སྒོམ་པ་དེ་ཁོ་ན་སྒོམ་གྱི་མཐར་ཐུག་ཡིན་ནོ། །དེ་ལྟར་བྱས་པས་ནད་སོས་ནས་འོང་སྟེ། སོས་ལ་རེ་བ་དང་། དགའ་བའི་བློ་མི་བྱའོ། །བཀའ་ཚོམས་ལས། གངས་དཀར་སྟོད་ཀྱི་སེང་གེ་བཞིན། །ཉམ་ང་བག་ཚ་མ་བྱས་པར། །སྙེམས་མེད་གདེངས་དང་ལྡན་གྱུར་ན། །ནད་གདོན་ཀུན་གྱིས་གནོད་མི་ནུས། །ཞེས་སོ། །

སྡིགས་མཛུབ་བསྟན་པས་སྦྲུལ་གྱིས་མི་བཟོད་སྟོང་ཉིད་དོན། །གང་གིས་སྒོམ་དེས་ནད་གདོན་མི་བཟོད་ཞི་ཞིང་འབྲོས། །ཞེས་པ་ནི། དུག་སྦྲུལ་ཚང་ན་མོན་གྱི་གདོལ་པས། མཛུབ་མོ་བཙུགས་ཏེ་འདི་ན་དུག་སྦྲུལ་ཡོད་བྱས་ན་སྦྲུལ་གྱིས་མི་བཟོད་པར་རྩི་མ་གྷི་མེད་ན་འཚོལ་དུ་འོང་། ཡོད་ན་སྦྲུལ་དེ་ཉིད་འཆི་བའམ་ས་ཕྱོགས་གཞན་དུ་འབྲོས་པར་འགྱུར་རོ། །དེ་བཞིན་དུ་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པས་ནད་པ་ལ་དམིགས་པ་གཏད་པས་ནད་པ་དེའི་ནད་དང་དེ་སྐྱེད་པར་བྱེད་པའི་གདོན་དེས་མ་བཟོད་པར་བསླངས་ནས་སྔར་བས་ན་རུ་འགྲོ། སྟོང་ཉིད་རྟོགས་པའི་རྩི་མ་གྷི་དེ་དང་ལྡན་ན་ནད་དེ་ཞི་ནས་འགྲོའོ། །མའི་ཞལ་ནས། བསྒོམས་པས་ནད་དེ་ནར་སོང་ན། །བསླངས་པ་ཡིན་པས་རྩོལ་བ་བསྐྱེད། །དཔེར་ན་གཙུབ་མེ་འདོན་པའི་ཚེ། །རྒྱུན་རིང་དྲག་ལས་འབྱུང་བ་བཞིན། །ཞེས་སོ། །

གང་ཚེ་ནད་དང་སྡུག་བསྔལ་དྲག་པོས་གཟིར་བའི་ཚེ། །དེ་ཚེ་གདེངས་བྲལ་ཞུམ་བཅས་བརྩོན་པ་དོར་ན་ལྡོག །ཞེས་པ་ནི། ནད་དང་སྡུག་བསྔལ་དྲག་པོ་བྱུང་བའི་ཚེ། ཉམས་ཀྱི་གདེངས་ཤོར། སེམས་ཀྱི་དཔའ་ཞི། རིག་པའི་ངར་ཞི། ཐབས་ལ་ཐེ་ཚོམ་ཟ། གདམས་པ་ལ་ཡིད་མ་ཆེས། དེ་ཚེ་གང་གིས་ཀྱང་མི་ཕན། ཅི་བྱས་མ་བྱས་མེད། ཅི་ཙུག་བྱས་ཀྱང་མི་དྲག་སྙམ་ནས་ཉམས་ལེན་གྱི་རྩོལ་བ་དོར་ན་ལྡོག །སྡེ་སྣོད་ལས། ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་པ་ཡོད་དམ་ཅི། །ང་རྒྱལ་རྩོལ་བ་བསྐྱེད་བྱས་ན། །ཆེན་པོ་ཡིས་ནི་ཐུབ་པར་དཀའ། །ཞེས་སོ། །

སེམས་ཀྱི་དཔའ་བོ་ཉམས་རྟོགས་ལྡན་པའི་སྟོབས་རྩལ་རྒྱས། །རྣོ་ངར་ལྡན་པའི་ལྟ་སྤྱོད་གོ་མཚོན་བདུད་དཔུང་འཇོམས། །ཞེས་པའི་ལོག་ནོན་ལ་གསུམ། ཆོས་ཉིད་སྟོང་པའི་ལྟ་བ། དམིགས་པ་ཟབ་མོའི་སྒོམ་པ། རྟེན་འབྲེལ་ཐབས་ཀྱི་སྤྱོད་པའོ། །དང་པོ་ནི། ནད་དང་ནད་པ་གདོན་དང་གསུམ། །སེམས་དང་འགལ་རྐྱེན་སྡུག་བསྔལ་གསུམ། །ལུས་དང་ངག་དང་ཡིད་དང་གསུམ། །ཐབས་དང་དམིགས་པ་རྟེན་འབྲེལ་གསུམ། །ཐམས་ཅད་སྟོང་པའི་ངོ་བོར་བལྟ། །བཀའ་ཚོམས་ལས། གང་ཡང་ཉམས་སུ་མ་བླངས་ན། །དེ་ཉིད་ཉམས་སུ་བླངས་པ་ཡིན། །ཉམས་ནི་ཤེས་བྱ་བློས་བྱས་ཡིན། །ཡང་དག་དོན་ལ་མྱོང་རྒྱུ་མེད། །ཅེས་སོ། །དམིགས་པ་ཟབ་མོའི་སྒོམ་པ་ནི། ནད་དང་སྡུག་བསྔལ་དེ་ཆོས་ཉིད་ཟབ་མོ་རྟོགས་པའི་གསལ་འདེབས་སུ་བསྒོམ། ན་མཁན་བཙལ་བས་མ་རྙེད་པ་དང་ཆོས་ཉིད་ཤུགས་ལ་འཆར་བ་ཡིན། ཉམས་དང་རྟོགས་པའི་བོགས་འདོན་དུ་བསྒོམ་སྟེ། ནད་དང་སྡུག་བསྔལ་དེ་ལ་བསམ་ཞིང་ཉམས་ལེན་བྱས་པས་ཉམས་རྟོགས་ཁྱད་པར་ཅན་སྐྱེ་སྟེ། ཁབ་སྟོར་བ་བཙལ་བས་གཡུ་རྙེད་པ་དང་འདྲའོ། །ཐར་པ་སྒྲུབ་པའི་མཐུན་རྐྱེན་དུ་བསྒོམ་སྟེ། སྒྲིབ་པ་ཁོས་སྦྱོང་། ཆོས་དང་ཁོས་སྤྲོད། ཐར་པ་ལ་ཁོས་འགོད་པ་ཡིན་ནོ། །ཁ་འཐོར་ཉམས་ཆོས་ལས། ནད་དང་སྡུག་བསྔལ་དྲིན་པོ་ཆེ། །རྐྱེན་དང་བར་ཆོད་དྲིན་པོ་ཆེ། །སྐུ་དྲིན་ཆོས་དང་སྤྲོད་པར་བྱེད། །ཅེས་སོ། །རྟེན་འབྲེལ་ཐབས་ཀྱི་སྤྱོད་པ་ལ་དམིགས་ནས་ཕྱི་ནང་གི་ཚོགས་སོགས། སྤོང་དག་བྱས་པས་ལམ་གྱི་སྒྲིབ་པ་ཟད། བསོད་ནམས་ཀྱི་ཚོགས་རྫོགས་ནས་ཐར་པ་ཐོབ། ཁ་འཐོར་ལས། བདེ་སྡུག་ལམ་འཁྱེར་ལམ་ཉམས་འདིས། །སྒྲིབ་པ་ཟད་ཚེ་ང་མཐོང་འགྱུར། །ཞེས་སོ། །

ཐབས་ཤེས་ལམ་ཁྱེར་ཟབ་མོས་ནད་དང་སྡུག་བསྔལ་ཞི། །སྐྱོན་བྲལ་ཡོན་ཏན་ཡར་ངོའི་ཟླ་ལྟར་རབ་རྒྱས་འགྱུར། །ཞེས་པ་ནི། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་ཞི་ནས། ཉམས་རྟོགས་ཁྱད་པར་ཅན་སྐྱེ་སྟེ། ད་རུང་ན་ན་དགའ་སྟེ་ཉམས་ལེན་གྱི་ཐོག་ཏུ་བཞག་པས་ཆོག་པར་འདུག །ཡོན་ཏན་གྱི་སྣ་འདྲེན་དུ་འདུག་སྙམ་པ་འབྱུང་། ཉམས་དགའ་བ། བག་དྲོ་བ། དགོད་སྙིང་འདོད་པ། བྲོ་འཁྲབ་སྙིང་འདོད་པ། གླུ་དབྱངས་ལེན་སྙིང་འདོད་པ། དཀྱུ་མོ་དཀྱུ་སྙིང་འདོད་པ་ཡོང་། དེ་ལྟ་བུ་བྱུང་ཡང་མ་ཆགས་མ་ཞེན་པར་ཉམས་བྱུང་རྒྱལ་དུ་བསྐྱང་། འཇིག་རྟེན་པའི་གང་ཟག་དེས་སེམས་སྐྱོན་ནམ་འགལ་རྐྱེན་དུ་འདོད་པ་དེ་ཆོས་འདིའི་བཞེད་ཀྱིས་ཉམས་ཀྱི་འཆར་ཚུལ། ཡོན་ཏན་གྱི་སྣ་འདྲེན། དགེ་སྦྱོར་གྱི་བོགས་འདོན་ཡིན། རིག་པའི་མཐོ་དམན་ཅི་བྱུང་ཡང་སེལ་ཐབས་དང་སྤོང་ཐབས་གཞན་ནས་བཙལ་མི་དགོས། ཅི་སྣང་ཅི་ཤར་ཐམས་ཅད་རང་ཉིད་གཅིག་པུར་ཤར་བ་ཡིན་པས་སྐྱོན་ལྟར་དུ་སྣང་ཡང་རང་སེམས་སུ་ཐག་བཅད་པས་རང་ཡལ་རང་གྲོལ་དུ་འགྲོ་བ་ཡིན་ནོ། །ཁ་འཐོར་ལས། ལྕགས་རྡོ་ལྕགས་ཀྱི་རང་བཞིན་ཡང་། །མ་བཞུས་བར་དུ་ལྕགས་མི་འབྱུང་། །སྐྱོན་རྣམས་ཡོན་ཏན་ཉིད་ཡིན་ཡང་། །མ་རྟོགས་བར་དུ་དེ་མི་འབྱུང་། །ཞེས་སོ། །

རྟོགས་པའི་གདེངས་ལྡན་ཉམས་ཀྱི་ངར་བཅས་མང་དུ་ཐོས། །སྙིང་ཁམས་གཏོང་ཕོད་རྦད་ཁམ་དཔའ་རྩལ་བརྟུལ་ཞུགས་ཅན། །ཞེས་པ་ནི། ཉིན་མོའི་དུས་སུ་འགལ་རྐྱེན་ཐམས་ཅད་ལ་གཅོད་པའི་གང་ཟག་གི་མཚན་ཉིད་བརྒྱད་དང་ལྡན་པ་ཞིག་དགོས་ཏེ། རྟོགས་པའི་གདེང་དང་ལྡན་པ། ཉམས་ཀྱི་ངར་དང་བཅས་པ། གཅོད་ཀྱི་གདམས་པ་ལྡན་ཞིང་མང་དུ་ཐོས་པ། གཅོད་པའི་སྙིང་སྟོབས་དང་ལྡན་པ། ལུས་སྲོག་གི་གཏོང་ཕོད་ཆེ་བ། ལྟ་བའི་རྦད་ཁམས་ཆེ་བ། རིག་པའི་དཔའ་རྩལ་ཆེ་བ། གཅོད་ཀྱི་བརྟུལ་ཞུགས་ཆེ་བའོ། །ལེ་ལག་ལས། དང་པོ་སྙིང་ཁམས་ཆེ་ཡང་འཚལ། །བར་དུ་བདག་འཛིན་བློས་བཏང་དགོས། །ཐ་མ་སྙེམས་དང་བྲལ་བ་གཅེས། །དེ་གསུམ་ལྡན་ན་གཅོད་མཁན་ཡིན། །ཞེས་སོ། །

ནད་དང་དགྲ་གདོན་གྲིབ་དང་ཆོས་བརྒྱད་ཆགས་སྡང་སོགས། །འཇིག་རྟེན་མི་མཐུན་སྣ་ཚོགས་བདུད་ལ་གཅད་པར་བྱ། །ཞེས་པ་ནི། འགོ་ནད། གཉན་ནད། མཛེ་ཕོ། དམེ་ཕོ། ཡུག་ས་ནལ་ཕྲུག །དམ་ཉམས་སྡོམ་མེད་གྲིབ་དང་ཆགས་སྡང་ཆོས་བརྒྱད། གཤེ་སྐུར་ངན་པ། སྐྱེ་བོའི་ཡ་ག་ལ་སོགས་པ། མདོར་ན་འཇིག་རྟེན་གྱི་མི་མཐུན་ཕྱོགས་ཐམས་ཅད་ལ་གཅད་པར་བྱའོ། །བཀའ་ཚོམས་ལས། དངོས་མེད་འདྲེ་ལ་འཇིགས་པ་དང་། །མཐོང་མེད་ལྷ་ལ་རེ་བ་དང་། །གཟུགས་མེད་བདུད་ལ་སོགས་པ་ཡི། །ཡིད་ཡུལ་རེ་དོགས་ཐམས་ཅད་གཅད། །ཅེས་སོ། །

རང་གི་ཡུལ་དང་གྲོང་ཡུལ་རྒྱལ་ཁམས་དགོན་པ་དང་། །ཁང་པ་ལ་སོགས་ཉོན་མོངས་གང་དུ་སྐྱེ་སར་གཅད། །ཞེས་པ་ནི། གཅོད་བྱེད་པ་ལ། གནས་མཐུན་རྐྱེན་འཛོམས་པ་བས་འགལ་རྐྱེན་མང་བར་དགའ་སྟེ། འགལ་རྐྱེན་མང་བའི་ས་རུ་རོ་སྙོམས་པས་དགེ་སྦྱོར་ལ་བོགས་ཐོན་ཏེ་ཡོན་ཏན་སྐྱེའོ། །དེས་ན་གནས་གང་དུ་གཅོད་བྱ་བ་ནི། གྲོང་ཡུལ་དུ་བྱ་སྟེ་ཆུ་མིག་དང་ཤིང་གཅིག་དང་རི་བོ་བས་གྲོང་ཡུལ་གཉན་ཏེ། དེ་ན་ཆགས་སྡང་དང་། ཆོས་བརྒྱད་བདེ་སྡུག་འཐབ་རྩོད་ཀྱི་འདྲེ་ཡོད་པའི་ཕྱིར། གཏན་དུ་འཁོར་བར་འཁྱམ་པར་བྱེད་དོ། །གནས་རྒྱལ་ཁམས་ཕྱོགས་མེད་དུ་གཅོད་བྱ་སྟེ། ཕ་བོང་དང་ནེའུ་སིང་དང་། བྲ་མ་བས་ཀྱང་རྒྱལ་ཁམས་ཕྱོགས་མེད་གཉན་ཏེ། དེ་ན་སྐྱིད་སྡུག་དང་། ཆགས་སྡང་དང་དགའ་མི་དགའི་འདྲེ་ཡོད་པའི་ཕྱིར། ཚེ་འདིའི་དབང་དུ་འཆོར་བར་བྱེད་དོ། །གནས་སྐྱེས་པའི་ཕ་ཡུལ་དུ་གཅོད་བྱེད་དེ། ངམ་ཕུག་དང་གྲོག་ཕུག་དང་། ལུང་སྟོང་བས་ཀྱང་ཕ་ཡུལ་གཉན་ཏེ། དེ་ན་ཕོ་རུས་དང་ཁེ་གྲགས་དང་ཆེ་ཆུང་གི་འདྲེ་ཡོད་པའི་ཕྱིར། ཉོན་མོངས་ཀྱི་དབང་དུ་འཆོར་བར་བྱེད་པས་སོ། །གནས་དགོན་པ་དང་གྲྭ་ས་རུ་གཅོད་བྱེད་དེ། རེ་ཧྲུལ་དང་ཁང་སྟོང་དང་གཡའ་གོང་གངས་ཁྲོད་བས་གྲྭ་ས་གཉན་ཏེ། དེ་ན་ཕྲག་དོག་དང་འགྲན་སེམས་ཟུར་ཟ་དང་ཆགས་སྡང་གི་འདྲེ་ཡོད་པའི་ཕྱིར། དམ་ཚིག་དང་སྡོམ་པའི་སེལ་བྱེད་དོ། །གནས་བླ་མའི་དྲུང་དུ་གཅོད་བྱེད་དེ། ལྷ་ཁང་དང་དབེན་ས་དང་དུར་ཁྲོད་བས་བླ་མའི་དྲུང་དུ་གཉན་ཏེ། དེ་ན་ལོག་ལྟ་དང་གཤེ་སྐུར་དང་མོས་གུས་ཆུང་བ་དང་གོམས་འདྲིས་ཆེ་བའི་འདྲེ་ཡོད་པའི་ཕྱིར། ཐར་པ་ཐོབ་པའི་གེགས་བྱེད་པ་ཡོད་དོ། །གནས་རང་གི་བྲང་ཁང་དུ་གཅོད་བྱེད་དེ། ལམ་སྲང་དང་གཞི་མདོ་དང་བརྒྱ་ལམ་བས་ཀྱང་རང་གི་བྲང་ཁང་གཉན་ཏེ། དེ་ན་ལེ་ལོ་དང་སྙོམས་ལས་ཞི་བདེ་དང་སྐྱིད་ཆོས་ཀྱིས་སྒོམ་མི་ནུས་མལ་དུ་མི་ཟུག་པའི་འདྲེ་ཡོད་པའི་ཕྱིར། དགེ་སྦྱོར་ཉམས་ཉེས་ན་སྙིང་རུས་དང་ཞེ་བཅད་རི་ཁྲོད་འགྲིམ་པའི་གེགས་བྱེད་པའོ། །དེས་ན་དེ་རྣམས་སུ་འགལ་རྐྱེན་གྱི་དབང་དུ་མ་སོང་བར་ཉམས་སུ་བླངས་པས་ཆོས་པའི་ཕོ་ཤན་ཕྱེད། ཉམས་ལེན་གྱི་འཁྲུག་ཤན་ཕྱེད། འཁོར་འདས་ཀྱི་ས་མཚམས་ཕྱེད་པར་འགྱུར་རོ། །

དུས་ནི་རིང་ཐུང་ཐད་སོའི་དུས་དང་བྱང་ཆུབ་བར། །ཇི་སྲིད་བདེ་སྡུག་སྐྱོན་དང་འགལ་རྐྱེན་བྱུང་བའི་ཚེ། །ཞེས་པ་ནི། དུས་རིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར། འབྲིང་པོ་ཇི་སྲིད་འཚོའི་བར། ཐུང་ངུ་ཉིན་ཞག་ཕྲུག་གཅིག །ཐད་སོར་བདེ་སྡུག་སྐྱོན་ཡོན་འགལ་རྐྱེན་བྱུང་བའི་དུས་སུ་ཉམས་སུ་བླང་བར་བྱའོ། །

ནད་དང་གདོན་དང་ཉམ་གྲིབ་ཆོས་བརྒྱད་བདེ་སྡུག་སོགས། །རང་བཞིན་མེད་སྒོམ་ལས་སུ་ཤེས་པས་ལམ་དུ་འཁྱེར། །ཞེས་པ་ནི། སྔོན་ཆད་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམས། སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་གང་གིས་ལེན་ན་རྟོགས་པའི་ཡེ་ཤེས་མ་ཤར་བས་ལེན། དེ་གང་གིས་ལེན་ན། སྣང་གྲགས་ཀྱི་ཆོས་ལ་སྤང་བླང་བྱས། དགག་སྒྲུབ་བྱས། རེ་དོགས་སུ་སོང་། རོ་མ་བསྙམས་པས་ལེན་ཏེ། དཔེར་ན་ཡི་དྭགས་རྣམས་ཀྱིས་བསྐལ་པའི་བར་དུ་ཟས་སྐོམ་མ་མྱོང་བ་དེ་འདོད་པས་གདུངས་པས་ལེན་ནོ། །དེ་ལ་གཅད་ཐབས་གསུམ། ནད་དང་གདོན་ལ་གཅད་པ། མི་གཙང་བ་དང་ཉམས་གྲིབ་ལ་གཅད་པ། ཆོས་བརྒྱད་བདེ་སྡུག་ལ་གཅད་པའོ། །དང་པོ་ནི་ལོ་ཀག་དང་ཟླ་ཀག །གཟའ་ངན་དང་སྐར་ངན། ཕྱོགས་ངན་དང་འདྲེ་ལྔ། བདུད་གཅོད་དང་རོ་འདོན། བཞི་གཤེད་དང་བདུན་ཟུར། དགུ་མིག་དང་དུར་མིག །མོ་ངན་དང་རྩིས་ངན། རྨི་ལམ་ངན་པའི་ཚེ། གཞན་རྣམས་མདོས་དང་བོན་ཆོག་གི་རིམ་གྲོ་བྱེད། ཚེ་ཆོག་དང་གཏོར་ཟློག་བྱེད། གཏོ་དང་ཟོར་འཕེན། དབང་སྐུར་བྱེད། ཚོགས་སོགས། གསུང་སྒྲོགས་བྱེད། བསྲུང་བ་དང་རུས་སྦལ་དང་། ཕུར་པ་ལ་སོགས་པ་འདོགས། མིང་སྤོ། ལུས་བསྒྱུར་བྱེད། དེ་རྣམས་ཀུན་རྫོབ་འཁྲུལ་པའི་རྟོག་བཅས་ཡིན། ཆོས་འདིའི་ལུགས་ཀྱི། གཉན་ཐོག་ཏུ་གཉན་འབེབས། བདུད་ཐོག་ཏུ་བདུད་འབེབས། དོགས་ཐོག་ཏུ་བསྐྱུར། འཇིགས་ཐོག་ཏུ་འགྲོ། ཉམ་ང་ཐོག་ཏུ་བཏང་བ་ཡིན་པས། དེའི་བསྲུང་བའི་གཉེན་པོར་དེ་རང་འགྲོ་བ་ཡིན་ནོ། །དཔེར་ན་ཁྱི་སྨྱོན་གྱིས་རྨུགས་པ་ལ་ཁྱི་སྨྱོན་དེའི་མཆེ་བ་སྨན་དུ་གཏོང་བ་བཞིན་ནོ། །ལེ་ལག་ལས། འཛིན་པ་བདུད་ཡིན། རྩོལ་བ་ནད་ཡིན། དོགས་པ་འདྲེ་ཡིན། ལུས་པོ་རོ་ཡིན་ནོ། །གཟན་དུ་བསྐྱུར། སྐྱུར་མཁན་སེམས་ཡིན་གླ྄ོད་ལ་ཞོག །གཅོད་མཁན་གཅིག་ལ། དཔོན་རྩིས་མཁན་ཞིག་ཡོད་པས། དེ་ན་རེ། ལོ་འདིར་ཁྱོད་ལ་ཀག་དང་རོ་འདོན། དགུ་མིག་དུར་མིག་ངན་པ་ཐམས་ཅད་འཛོམས་ནས་ཡོད་པས། སྤྱོད་ལམ་གཟོབས། རིམ་གྲོ་ལ་འབུངས་ཟེར་ཏེ། དེར་ཁོས་ཧལ་ཁྱིའི་ཐོག་ཏུ་རོ་བསྲེགས། གཉིས་ནག་གི་སྟེང་དུ་ཐོག་བཤུས། ཕྱོགས་ངན་གྱི་སྟེང་དུ་ཉལ་བསྡད་པས། བར་ཆད་ཅི་ཡང་མ་བྱུང་། དེའི་ལོ་ལས་དགེ་སྦྱོར་འཕེལ་བ་མ་བྱུང་ཟེར་རོ། །དེ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་བ་རྟོགས་པ། སྣང་བ་བདེན་མེད་ལ་སོགས་པ་བདག་འཛིན་བློ་ཡིས་ཐོངས་པའི་ཕན་ཡོན་ཡིན། དེ་ཐོངས་ན་བར་ཆད་ལ་སོགས་པ་གང་གིས་ཀྱང་མི་ཚུགས་པ། མཛེ་ནད་གདོན་སོགས་སོས་པ་དང་ལྷ་འདྲེ་དབང་དུ་འདུས་པ་དང་། རྟོགས་པའི་ཡེ་ཤེས་འཆར་བ་དང་། མཆོག་གི་དངོས་གྲུབ་ཐོབ་པ་ལ་སོགས་པའི་ཕན་ཡོན་དང་ལོ་རྒྱུས་མང་དུ་ཡོད། བན་བོན་གྱི་རྦད་འདྲེས་གནོད་པ་དང་། མཐུ་གཏོང་བ་ཡོད་ན་ཁོའི་གཏོར་སྟེགས་འོག་ཏུ་ཉལ། གཏོར་མ་བླངས་ལ་ཟ། ཁོའི་སྒྲུབ་ཁང་གི་འབྲུབ་ཁུང་ནང་དུ་ཉལ་ནས་ཡོད་པར་བསྒོམ། ཁོའི་དཀྱིལ་འཁོར་སྟེང་ན་ཁོའི་སྲུང་མས་རང་གི་ལུས་འདི་བཤས་པར་བསྒོམ་ཟོས་པར་བསྒོམས། བན་བོན་རྦད་འདྲེ། རང་དང་གསུམ་སྟོང་པའི་ངང་དུ་བཞག །མཐུ་བྱེད་པ་ཡོད་སྙམ་པ་དང་། དེ་ལ་འདི་ཕན་སྙམ་པ་གང་ཡང་ཡིད་ལ་མི་བྱ། གལ་མི་ཆེ་རུ་བཞག །བརྗེད་དུ་ཡེངས་སུ། འོལ་དུ་ཆུག །གཏོར་དུ་ཆུག །གར་སོང་ལེགས་སུ་བཞག །ལུས་སེམས་སོར་སོར་ཕྲལ། ཕུང་པོ་གཟན་དུ་བསྐྱུར། སེམས་ཉིད་སྟོང་པར་བཞག །དེ་ལྟར་བྱས་པས་དང་པོ་ཆོ་འཕྲུལ་འོང་། དེ་ནས་ཉམས་ང་མེད་པར་བཞག །བར་དུ་ཆོ་འཕྲུལ་ཞི་ནས་ཚུར་ལ་ཡོང་མི་སྲིད། ཐ་མ་ཕར་ལ་ལོག་ནས་མཐུ་བྱེད་མཁན་ཁོ་རང་ཉལ་ཏེ་འགྲོ། སུ་གཏད་དུ་བཅུག་ནའང་གཏད་ས་ཁུངས་ཡོད་ན་དེ་རུ་ཉལ་ལ་བསྡད། ཁུང་མ་ཆོད་ན་ཀླུ་ཆེན་གནས་པའི་ས་དང་། གཉན་ས་རྣམས་སུ་ཚར་ཚད་མ་བྱུང་གི་བར་དུ་ཉལ། དེས་ཆོད་ནས་འགྲོ་སྟེ་གཏད་འདྲེ་གཏོང་མཁན་རང་ལ་ལོག་པ་ཡིན། ལྷ་སྙིང་བདུད་དུ་བབས་པ་དང་། ལྷ་སྲུང་འདྲེ་རུ་བབས་པ་ཡིན། འཕྲལ་དུ་འདྲེ་གསར་པས་གནོད་ན་དེ་ཚར་བཅད་པ་ནི། རྒྱལ་པོས་གནོད་ན་ལྷ་ཁང་མཆོད་རྟེན་ཅན་དུ་ཉལ། བཙན་བདུད་ཀྱིས་གནོད་ན་བྲག་དམར་བྲག་ནག་གམ་རི་གཟར་གྲོག་ཁུང་ཏུ་ཉལ། བསེན་མོས་གནོད་པ་དང་དམ་སྲིས་གནོད་ན་གྲོག་ཕུག །ངམ་ཕུག །བྲག་ཕུག་ཏུ་ཉལ། མགོན་པོས་གནོད་ན་དུར་ཁྲོད་སྒྲུབ་ཁང་དབེན་གནས་རོ་ཁུང་གི་སྟེང་དང་ཕུང་ཤུལ་དུ་ཉལ། གཉན་དང་ས་སྲིན་རྡོ་སྲིན་གནོད་ན། བྲ་མ་ཕ་བོང་། ནེའུ་གསིང་ཆུ་འཇབ་འཇིབ་ཡོད་སར་ཉལ། པེ་དཀར་འགོང་པོ་གྲི་བོ་གྲི་མོས་གནོད་ན། ཁང་སྟོང་རེ་ཧྲུལ་ཕུང་ཤུལ་ཕོ་ཁྲོམ་མོ་ཁྲོམ་ཚོགས་སར་ཉལ། གང་དུ་ཉལ་ཡང་ཉམས་ལེན་སྔར་བཞིན་བྱས་པས་རྣལ་འབྱོར་པ་ལ་བར་དུ་མི་ཆོད་པར་དབང་དུ་འདུས་ནས་ཆོས་སྐྱོང་དུ་འོང་བ་ཡིན་ནོ། །བཀའ་ཚོམས་ལས། ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་ཉིད་ཀྱིས་ནི་བདུག་པ་བཞིན། །རྨ་བྱུང་གཏར་སྲེག་བྱེད་པ་ལྟར། །སླར་གནོད་ལོག་གནོན་གདམས་པའི་གནད། །ཅེས་སོ། །དོན་ལ་གཅད་པ་ནི། ལྷོགས་པ་དང་རྒྱུ་གཟེར་འབྲུམ་ནག་ལ་སོགས་པ་འགོ་བའི་ནད་ན་བའི་ཁྱིམ་མམ་སྔས་ཁར་འགྲོ་ན་ཕཊ་བྱས་ལ་ལུས་ལ་ཞེན་པ་སྤང་སེམས་ལ་དཔའ་གདེངས་བསྐྱེད་ལ། ལུས་སེམས་སོ་སོར་ཕྲལ་རིམས་ནད་སྟོང་པར་བསྒོམས་ལ་ནད་པའི་སྔས་ཁར་འཛེམས་བག་མེད་པར་ཕྱིན་ལ་ནད་པའི་མཆན་སློང་ཁམ་འཕྲོ་ཟ། ནད་དྲི་དང་རླངས་པ་སྣ་རུ་བདུག །ཁོང་དུ་མིད་ལ་དབུ་མའི་ནང་དུ་སིབས་སེ་སོང་བས་སྟོང་སངས་སངས་སོང་བར་བསྒོམ། འཛེམ་བག་དང་ཉམ་ང་མེད་དོ། །རང་རེ་ན་རུ་བྱུང་ནས་རྒྱུ་གཟེར་ན་ན་འཁྲུ་བ་དེ་སྐོར་ལོག་བྱས་ལ་བཏུང་། འབྲུམ་པ་ན་ན་རྩེ་མོ་ལོང་ལ་མིད། ལྷོག་པ་ན་ན་ན་སར་ཁ་གཏད་ལ་འཇིབ། ཚད་པ་ན་ན་དྲི་ཆུ་འཐུང་། གང་ན་བའི་ནད་རོ་དེ་རང་གི་གཉེན་པོར་འགྲོ་བ་ཡིན་ནོ། །གྲིབ་དང་མི་གཙང་བ་ལ་གཅད་པ་ནི། མཛེ་ཕོ། དམེ་ཕོ། མི་མཐུན་པ་དང་དམ་ཉམས། སྡོམ་མེད། སྡིག་ཅན་ཉ་ར་བ་ཁྱི་ར་བ། བཤན་པ། འཁོན་དང་ཡུག་ས་མོ་དང་ནལ་ཕྲུག །སྡིག་ཆེ་བ་ལ་སོགས་པའི་གྲིབ་ཕོག་ན་དེ་རྣམས་ཀྱི་དྲུང་དུ་ཉལ། ཁམ་འཕྲོ་ཟའོ། །དེ་ནི་ཁྲུས་དང་སེལ་གྱི་མཆོག་ཡིན་ནོ། །དག་བྱེད་གཙང་མ་དེ་ཡིན་ནོ། །དཔེར་ན་སྒོག་པ་ཟོས་ན་སྒོག་དྲི་མི་ཚོར་བ་དང་འདྲ་བར་ཁོ་རང་གི་གཉེན་པོར་ཁོ་རང་གིས་གྲོལ་བ་ཡིན་ནོ། །གཞན་ཡང་རོ་ལ་འཇུ་དགོས་པ་དང་ཐབ་དང་གཞོབ་དང་། འཁོན་གྱི་གསེབ་ཏུ་བསྡད་དགོས་པ་དང་། གོས་མི་གཙང་བ་དང་། ཁང་པ་དང་མལ་མི་གཙང་བར་ཉལ་དགོས་པ་དང་། སྣོད་མི་གཙང་བའི་ནང་དུ་ཟས་ཟ་དགོས་པ་དང་། གྲོགས་ཉམ་གྲིབ་ཅན་དང་ལྷན་དུ་སྡོད་དགོས་པ་དང་། ཁ་བསྲེ་འབགས་འབྲེལ་བྱེད་དགོས་པ་བྱུང་ནའང་རྟོག་པ་མི་བྱ་བར་རོ་སྙོམ་གསུམ་གྱིས་ལམ་དུ་འཁྱེར་རོ། །སྟོང་པས་བདེན་འཛིན་གྱི་དངོས་པོ་འཇོམས། ལོག་སྒོམ་གྱིས་བདག་འཛིན་གྱི་ཞེན་པ་གཞོམ། རོ་སྙོམ་གྱིས་གཙང་བཙོག་གི་རྟོག་པ་གཞོམ་པའོ། །དང་པོ་ནི་ཕྱི་ནང་སྣོད་བཅུད་འཁོར་འདས་རིགས་དྲུག་གིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་སྟོང་པར་འདུག་པས་གཙང་བཙོག་གཉིས་སུ་མེད། ཞིམ་མི་ཞིམ་གཉིས་སུ་མེད། སྐྱུག་བྲོ་མི་བྲོ་གཉིས་སུ། དགའ་མི་དགའ་གཉིས་སུ་སྣང་བ་ཙུག་འདུག་ཀྱང་རང་རེས་རྟོག་པས་བཏགས་པ་ཡིན་ནོ། །དོན་ལ་བདེན་པར་གྲུབ་པ་རྡུལ་གཅིག་ཙམ་ཡང་མེད་དེ། སྒྱུ་མའི་དཔེ་བཅུ་དྲུག་དང་འདྲ་བར་བཀའ་བསྟན་བཅོས་མདོ་རྒྱུད་སྡེ་སྣོད་ཐམས་ཅད་ལས་གསུངས་པས་གསལ། མན་ངག་གིས་གྲུབ། རིག་པས་མྱོང་སྟེ། རྟོགས་རུང་མ་རྟོགས་རུང་། གོ་རུང་མ་གོ་རུང་ཡེ་གདོད་མ་ནས་སྟོང་ཉིད་དངོས་མེད་ཞིག་ཡིན་སྙམ་དུ་བསམ་པར་བྱའོ། །ལོག་སྒོམ་གྱིས་བདག་འཛིན་གྱི་ཞེན་པ་གཞོམ་པ་ནི། ནང་ན་བདག་འཛིན་གྱི་གཙང་བཙོག་ཏུ་འཛིན་པའི་ཤེས་པ་འདི་མ་བརྟགས་མ་དཔྱད་པའི་སྣང་བ་སྐྱུག་བྲོ་བ་དང་ཡ་ང་བ་ཙུག་སྣང་ཡང་བརྟགས་ཤིང་དཔྱད་པའི་དུས་ན། རྣམ་རྟོག་དངོས་མེད་འདིས་བྱས་པར་འདུག་སྟེ། འདི་ལ་དངོས་དང་བདེན་པར་གྲུབ་པ་སྤུ་ཙམ་ཡང་མི་འདུག་པ་ལ། སྐྱུག་བྲོ་མཁན་བྲོ་ཡུལ་གང་ཡིན། གཙང་བ་བཙོག་པ་གང་ཡིན་དག་པ་དང་མ་དག་པ་གང་ཡིན། དེ་རྣམས་སུ་འཛིན་པའི་མཁན་པོ་དེ་གང་ཡིན། དེ་གང་ན་འདུག །སུ་ཡིན་དེ་ཅི་འདྲ་ཞིག་འདུག་སྙམ་དུ་བསམས་ལ་སྣང་བ་བདེན་མེད་དུ་ལྷང་ངེ་སྣང་སྟོང་དུ་ཕྱད་དེ་བཏང་། དངོས་མེད་དུ་ཁྲོལ་ལེ་སྒོམ། རོ་སྙོམ་གྱིས་གཙང་བཙོག་གི་རྟོག་པ་གཞོམ་པ་ནི། ཡ་ང་བ་དང་བག་ཚ་བ་དང་། སྐྱུག་བྲོ་བ་དང་གང་མི་ནུས་པ་དེ་ལ་སྔར་གྱི་དོན་དེ་གཉིས་ཀྱི་ངང་ནས་ཐོག་རྫིས་བྱ། རྐྱང་འདེད་བྱ། རོ་སྙོམས་བྱས་ལ་སྐྱུག་བྲོ་བའི་མཁན་པོ་ཁྱོད་ཡ་ང་ན་དེ་ཁྱེར་ཅིག་སྙམ་པ་བྱས་ལ། ཟས་མི་གཙང་བ་བྱུང་ན་དེ་ཁྱུར་རེ་ཟ། སྐོམ་མི་གཙང་བ་བྱུང་ན་ཁྲོག་ཀེ་འཐུང་། གནས་མི་གཙང་བ་དེ་ཀར་ཅམ་མེ་ཉལ། གོས་མི་གཙང་ན་ཚུབ་ཀྱིས་གྱོན། མཛེ་རོ་དང་རིམས་ནད་ལ་སོགས་པ་ལ། ཚམ་ཚོམ་མེད་པར་ཟིངས་སེ་བསྲེ། མཛེ་ཕོ་དང་སྡིག་ཅན་གྲིབ་ཅན་དང་དེ་རུ་ཏུག་སྟེ་བསྲེ། སེམས་ཉིད་འདི་ལ་ནི། གཙང་བཙོག་ཁྱད་མེད་ནམ་མཁའ་ལ་སྤོས་དང་མི་རོ་རུལ་བ་གཉིས་ཁྱད་མེད་པ་དང་འདྲ། ལུས་བཞི་བསྡུས་ཀྱི་ཕུང་པོ་འདི་ཁོ་རང་མི་གཙང་བའི་ངོ་བོ་ཡིན། བདག་པོ་ཡིན་རྐྱལ་པ་ཡིན་ཕུང་པོ་ཡིན་པས་དེ་ལ་གཙང་བཙོག་ཆུ་ནང་དུ་ཆུ་བླུགས་ཀྱང་མི་འབངས། མེ་ནང་དུ་མེ་བླུགས་ཀྱང་མི་འཚིག །སོལ་བ་ལ་ནག་པོ་བྱུག་ཀྱང་ནག་ཏུ་མི་འགྲོ་བ་བཞིན་དུ་མི་གཙང་བའི་ནང་དུ་མི་གཙང་བ་བླུགས་ཀྱང་གཙང་དུ་མི་འགྲོ། མི་གཙང་དུའང་མི་འགྲོ་བའོ། །དེས་ན་འཛེམ་པ་དང་བསྲེ་བ་གཉིས་རྟོག་པས་བཏགས་པ་མིན་པ་དོན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་རྟོགས་པ་དང་ཆགས་སྡང་མང་པོ་ཞིག་གི་མགོ་བསྙམས་ནས་འགྲོ། ཆོས་ཉིད་ཀྱི་རྟོགས་པ་ཤུགས་ལ་འཆར་རོ། །བཀའ་ཚོམས་ལས། རྐྱེན་སྣང་ཁལ་དུ་བཀལ་བ་ཡིན། །རྐྱེན་ལ་ཐོག་འགེལ་བྱ་བ་གཅེས། །ཆོས་ཀུན་ཁལ་དུ་མ་འགེལ་ན། །ཞི་བདེ་གཉེན་པོས་གྲོལ་མི་ནུས། །ཞེས་སོ། །ཆོས་བརྒྱད་བདེ་སྡུག་ལ་གཅད་པ་ནི། ཕྱི་ལུས་ལ་གནོད་པའི་བདུད་ལ། གཅོད་བྱེད་པ་བས། ནང་གི་སེམས་ལ་གནོད་པའི་བདུད་རྣམ་རྟོག་ལ་གཅོད་པ་གལ་ཆེ་སྟེ། ཉམས་ཆོས་ལས། འདྲེ་བདུད་ནང་དུ་བཅུག་ནས་ཕྱིའི་བདུད་ལ་གཅོད་པ་འདིས་མི་ཡོང་ན། ཞེས་པས་དེ་ལ་གསུམ། འགལ་རྐྱེན་གང་ལ་གཅད་པ། གཉེན་པོ་གང་གིས་གཅོད་པ། ཆོད་པ་ལ་ཕན་ཡོན་གང་འབྱུང་བའོ། །དང་པོ་ནི་མ་རྙེད་པ་དང་མི་སྙན་པ་དང་། མ་གྲགས་པ་དང་སྨད་ར་གཏོང་བ་དང་། སྐུར་པ་འདེབས་པ་དང་། སྐྱེ་བོའི་ཡ་ག་དང་། གཏམ་ངན་ཕྱར་བ་དང་། མོས་པ་ཉུང་བ་དང་། གུས་པ་བྱེད་པ་མེད་པ་དང་། རྩིས་ཆུང་བ་དང་། བཀུར་སྟི་ཆུང་བ་དང་། མ་ཉེས་པའི་ཁ་ཡོག་དང་། ཀུན་གྱིས་བརྙས་པ་དང་། མི་བདེ་བ་དང་། མི་དགའ་བ་ལ་སོགས་པའི་འཇིག་རྟེན་ན་སྤང་བྱར་བྱེད་པ་ཐམས་ཅད་དོ། །གཉེན་པོ་གང་གིས་གཅོད་པ་ནི། དེ་ལ་གསུམ། ལས་སུ་བསྒོམས་ལ་ལེ་ལན་མི་གཞལ། སྡིག་སྒྲིབ་ཟད་པས་སྤང་བྱར་མི་ལྟ། རྒྱུ་འབྲས་ཡིན་པས་ལོག་རྟོག་མི་སྒོམ། དང་པོ་ནི་རྒྱུད་ཐོག་ཏུ་མི་འདོད་པའི་འགལ་རྐྱེན་ཅི་བྱུང་ཡང་སྔར་འགལ་རྐྱེན་མྱོང་བའི་ལས་ངན་བསགས་ཤིང་མཐུན་རྐྱེན་མྱོང་བའི་རྒྱུ་མ་བསགས་པའི་རྟགས་ཡིན་ཏེ། ལས་མིན་པ་ཐོག་ཏུ་གང་ཡང་མི་འབབ་ཅིང་། ལས་ནི་ནམ་ཡང་ཆུད་མི་ཟ་བའི་ཕྱིར་རོ། །གཞན་ལ་ངན་ལན་འཇལ་བ་དང་འཐབ་པ་དང་རྩོད་པ་དང་ལེ་ལན་གདབ་པར་མི་བྱའོ། །མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པ་བཞིན། །ཞེས་སོ། །སྡིག་སྒྲིབ་འདག་པས་སྤང་བྱར་མི་ལྟ་བ་ནི། ཚེ་འདི་ལ་མི་མཐུན་པའི་འགལ་རྐྱེན་དང་ལུས་ངག་ཡིད་གསུམ་གྱི་ཐོག་ཏུ་གཟན་ཆ་མྱོང་ཚད་ཀྱིས་ཕྱིས་ངན་སོང་དུ་སྐྱེ་འགྱུར་གྱི་ལས་ཐམས་ཅད་ཟད་པར་བྱེད་པས་དགའ་བར་ལྟ། དགོས་པར་ལྟ། སྐུ་དྲིན་ཆེ་བར་ལྟ། མེད་ཐབས་མེད་པར་བལྟའོ། །དེས་ན་ཆོས་ཕྱོགས་སུ་ངལ་དུབ་ཚ་གྲང་། ཆུ་འཐུང་རྡེའུ་འཆའ། གདན་གཅིག་དང་སྡིག་པ་བཤགས་པའི་དཀའ་བ་སྤྱད་ཚད་ཀྱི་འབྲས་བུ་མྱུར་དུ་ཐོབ་བོ། །སྔོན་གྱི་གྲུབ་ཐོབ་ཐམས་ཅད་ཀྱིས་རྣམ་ཐར་ཀུན་ནའང་དཀའ་བ་འབའ་ཞིག་སྤྱད་པ་ལས་གྲུབ་པ་ཐོབ་ཅེས་འབྱུང་ལ་བདེ་སྐྱིད་སོས་དལ་དུ་བསྡད་པ་ལས་བྱུང་བར་མི་འདུག །མདོ་ལས་ཐ་ན་རྨི་ལམ་དུ་སྡུག་བསྔལ་ཉམས་སུ་མྱོང་བ་ཙམ་གྱིས་ཀྱང་སྔོན་གྱི་ལས་ངན་ཟད་པར་བྱེད་དོ། །ཞེས་པས་ཚེ་འདི་ལ་སྔར་གྱི་འགལ་རྐྱེན་དེ་རྣམས་བྱུང་བ་ནི། མ་བསྒྲུབས་པའི་འབྲས་བུ་ཡིན་པས་གྲོགས་སུ་བལྟའོ། །ཁ་ཅིག་དེ་ལ་གེགས་དང་བར་ཆད་དུ་བལྟས་ནས་སྤོང་བའི་ཐབས་བྱེད་དེ། དེ་ནི་ཆོས་རྒྱུས་ཆུང་བར་ཟད་དོ། །རྒྱུ་འབྲས་ཡིན་པས་གཞན་ལ་མི་འགོ་བ་ནི། སྔར་རྒྱུ་སྔོན་དུ་སོང་བའི་འབྲས་བུ་ནི་སུས་ཀྱང་དགག་པར་མི་ནུས་ཏེ། རང་གིས་བསྒྲུབས་པ་ཡིན་པའི་ཕྱིར་གཞན་ལ་བསྙད་ཁ་འདོག་པ་དང་། ཁག་བསྐྱུར་བ་དང་ཀླན་ཀ་བཀོད་པར་མི་རིགས་སོ། །མདོ་ལས། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། །ཞེས་སོ། །བསྟན་བཅོས་ལས་ཀྱང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་སོ། །དཔེར་ན་མེ་ལོང་གི་ནང་དུ་བཞིན་གྱི་དཀྱིལ་འཁོར་ཤར་བའི་ཚེ། ལེགས་ཉེས་ཅི་སྣང་ཡང་མེ་ལོང་ལ་བསྙད་ཁ་སྐྱུར་དུ་མེད་ལ། རང་གི་བྱད་ཀྱི་སྐྱོན་ཡོན་ཕར་ལ་ཤར་བ་ཡིན་ནོ། །དེ་བཞིན་བདེ་སྡུག་ཅི་མྱོང་ཡང་རྒྱུ་སྔོན་དུ་སོང་བས་ལན་པ་ཡིན་པས། རྒྱུ་དུས་སུ་སྤང་དགོས། འབྲས་བུའི་དུས་སུ་དགྲ་རུ་མི་བཟུང་སྐྱོན་དུ་མི་བལྟ། བྱུར་དུ་མི་སྒོམ་པར་ལས་སུ་བསྒོམ། ལམ་དུ་འཁྱེར། སྡུག་བསྲན་བསྐྱེད། དགའ་བར་བལྟའོ། །ལས་སུ་བསྒོམས་ལ་ལེ་ལན་མི་གཞལ། སྡིག་སྒྲིབ་འཛད་པས་སྤང་བྱར་མི་བལྟ། རྒྱུ་འབྲས་ཡིན་པས་ལོག་ལྟ་མི་སྒོམ་པ་སྟེ། གཉེན་པོ་གང་གིས་གཅོད་པའོ། །ཆོད་པ་ལ་ཕན་ཡོན་གང་འབྱུང་བ་ནི། དེ་ལྟར་ཤེས་ན་ལམ་གྱི་སྐྱོན་ཐམས་ཅད་ཡོན་ཏན་དུ་འཆར། བྱུར་ཐམས་ཅད་དཔལ་དུ་འཆར་རོ། །བདུད་ཐམས་ཅད་ལྷ་རུ་ཡོང་། གེགས་དང་བར་ཆད་དངོས་གྲུབ་ཏུ་འོང་བས་སྔར་གྱི་འགལ་རྐྱེན་ཐམས་ཅད་ལ་དགའ་བར་བལྟ་བའི་རྒྱུ་མཚན་ཐམས་ཅད་དེ་བཞིན་ནོ། །བཀའ་ཚོམས་ལས། མར་ལ་དཀར་པོ་མ་བསྒྲུབས་ཀྱང་། །མར་ངོ་ཤེས་པས་དཀར་པོར་འགྲུབ། །དེ་ལྟར་མར་ངོ་ཤེས་ཙ་ན། །དཀར་པོ་ལོགས་ནས་བསྒྲུབ་མི་དགོས། །དེ་བཞིན་རང་སེམས་ངོ་ཤེས་ན། །སངས་རྒྱས་ལོགས་ནས་བསྒྲུབ་མི་དགོས། །ཞེས་སོ། །

ནད་དང་སྡུག་བསྔལ་སྔར་བས་མང་ཞིང་རགས་པ་དང་། །ཕྱི་ནང་འགལ་རྐྱེན་བར་ཆད་མི་མཐུན་སྣ་ཚོགས་འབྱུང་། །ཞེས་པ་ནི། ལས་ངན་སྡིག་སྒྲིབ་བག་ལ་ཉལ་དུ་གནས་པ་རྣམས་ཉམས་ལེན་བྱས་ཏེ་བསླངས་ནས་སློང་རྟགས་སུ་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ་རྣམ་རྟོག་སྔར་བས་རགས་པ་འབྱུང་། ཕྱིའི་འགལ་རྐྱེན་དང་བར་ཆད་མི་མཐུན་པའི་རྐྱེན་ཐམས་ཅད་སློང་། ནང་གི་ཁམས་འདུས་སྙིང་རླུང་ཤིག་ནད་ལ་སོགས་པ་ཐམས་ཅད་འབྱུང་སྟེ། དཔེར་ན་དྲི་མ་འཁྲུད་པ་ལ་བུལ་ཏོག་བཏབ་པས་དྲི་མ་བསླངས་པ་བཞིན་དུ་འབྱུང་ངོ་། །

རྒྱུ་འབྲས་གདམས་ངག་དགེ་བའི་བཤེས་ལ་ཐེ་ཚོམ་ཟ། །རྐྱེན་ལ་འཇིགས་ཤིང་ལམ་གྱི་ཆོས་ཀྱིས་སུན་པ་དང་། །ཞེས་པ་ནི། ཉམས་ལེན་བྱས་པས་ལས་ངན་བསླངས་པའི་རྟགས་སུ་མ་ཤེས་པས་ཆོས་བྱས་འགལ་རྐྱེན་མང་དུ་སོང་། ན་ཚ་སྡུག་བསྔལ་མང་དུ་སོང་། མི་དང་མི་ཁ་སྡང་། བྱམས་པ་ཉུང་དུ་སོང་། སྡུག་ཏུ་སོང་། ཆོས་བྱས་པས་དྲག་ཏུ་འགྲོ་ཐང་བ་ལ། ཆོས་བྱས་པས་ཞན་དུ་སོང་། དགེ་བ་ལ་འབད་ཚད་ཀྱིས་སྡུག་ཏུ་སོང་། གཞན་སྡིག་པ་བྱེད་པ་ཀུན་ལ་བདེ་སྐྱིད་འདུག་སྟེ། ལས་རྒྱུ་འབྲས་འདི་རང་མི་བདེན། གདམས་ངག་སྟོན་པའི་བླ་མ་དང་། དེས་བསྟན་པའི་ཆོས་དང་། གདམས་ངག་ནས་བཤད་པ་ཀུན་མི་བདེན་པར་འདུག་སྙམ་པ་དང་། ཉམས་ལེན་བྱས། དགེ་བ་ལ་འབད་ཚད་ཀྱིས་མི་མཐུན་པའི་རྐྱེན་མང་དུ་སོང་བས། ད་བྱ་རུ་མི་བཏུབ་པར་འདུག་སྙམ་ནས་རྒྱུ་འབྲས་ལ་ཐེ་ཚོམ་ཟ། བླ་མ་དང་གདམས་ངག་ལ་ལོག་ལྟ་སྐྱེ། ལམ་གྱི་འགལ་རྐྱེན་གྱིས་སུན་པ་སྟེ། དེ་ནི་དགེ་བ་མཐར་ཟད་དང་སྡིག་པ་མཐར་ཟད་ཀྱི་དོན་མ་གོ། སློང་རྟགས་ངོས་མ་ཟིན་པ་ཡིན་ཏེ། བདུད་འབྱུང་བའི་རྒྱུ་ཡིན་ནོ། །མདོ་ལས། ཐེག་པར་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པ། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །ཞེས་སོ། །

མེད་བཞིན་སྣང་བའི་བདུད་འདིས་ཅིའི་ཕྱིར་བདག་ལ་གནོད། །དངོས་མེད་འཁྲུལ་པའི་དགྲ་འདི་ཡིད་ཀྱི་གཉེན་པོས་འཇོམས། །ཞེས་པ་ནི། རྙེད་པ་དང་། སྙན་པ་དང་། གྲགས་པ་དང་། བསྟོད་པ་དང་། བཀུར་སྟི་དང་། མོས་པ་དང་། གོང་འཁུར་དང་། ཆེན་པོར་འཛིན་པ་ལ་སོགས་པ་ལ་དགའ་བ་དང་། ཆགས་ཞེན་མི་བྱ་སྟེ། གནས་སྐབས་ཀྱི་དགའ་བདེ་འཕྲལ་གྱི་བདེ་སྐྱིད་འཇིག་རྟེན་ཉམས་དགའ་ཙམ་ཡིན་པས་འཆི་བའི་ཚེ་ན་ཐམས་ཅད་བོར་ནས་འགྲོ་དགོས། གཏན་དུ་སྡོད་པ་སུ་ཡང་མེད་དོ། །དེ་རྣམས་ལ་ཆགས་ཤིང་ཞེན་པས་ཐར་པའི་གེགས་བྱེད། འཁོར་བའི་རྒྱུ་བྱེད། དེ་ལ་བརྟེན་ནས་གཞན་གྱིས་མང་པོ་བགོ། རང་གི་བསོད་ནམས་མང་པོ་འཛད། དེ་རྣམས་ཀྱི་འགལ་ཟླ་དང་མི་མཐུན་ཕྱོགས་ལ་སྡང་བར་བྱས་པས། ཆགས་སྡང་དུ་སོང་། སྒྲིབ་པ་སོགས་མིང་སྙན་ཡང་ཡོན་ཏན་མི་སྐྱེའོ། །སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིང་དུས་སུ་སྤྱད་གྱུར་ཀྱང་། །ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །གཅེར་བུ་ལག་པ་སྟོང་པར་འགྲོ། །ཞེས་སོ། །དེས་ན་འཇིག་རྟེན་གྱི་བདེ་སྐྱིད་ཐམས་ཅད་འཁྲུལ་པའི་སྣང་བ་སེམས་ཀྱི་ཆོ་འཕྲུལ། སྒྱུ་མའི་རྩེ་མོ། གཉིད་ཐུན་གཅིག་གི་བདེ་སྐྱིད་ཙམ་ཡིན། ནམ་ཕུག་ཐམས་ཅད་གཏད་མེད་བདེན་མེད་དངོས་མེད་སྟོང་པ་ཞིག་ཡིན་ནོ། །དེ་ལ་ཆགས་ཞེན་བྱེད་པ་རང་རེ་རྨོངས་པ་ཡིན་ནོ། །བཤེས་པའི་སྤྲིང་ཡིག་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །སྙན་དང་མི་སྙན་གྲགས་དང་མ་གྲགས་དང་། །བསྟོད་སྨད་ཞེས་བྱའི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པའི་མགོ་སྙོམ་མཛོད། །ཅེས་སོ། །འདྲེ་ཡོད་མེད་ཆ་མེད་པ་ལ་གཅོད་བྱེད་པ་ལས། ཆགས་སྡང་ཆོས་བརྒྱད་དངོས་སུ་བྱུང་བ་ལ་གཅོད་བྱེད་པ་རིགས་སོ། །ནང་ན་འདྲེར་འཛིན་རྟོག་པ་མེད་ཀྱང་། འདྲེ་མི་བདེན་ཞེས་ཁྱད་དུ་བསད་ན། ཐབས་དང་འགལ་བའི་ལྟུང་བ་ཡོང་། དགེ་མེད་སྡིག་མེད་དུ་རྟོགས་ཀྱང་རྒྱུ་འབྲས་མི་བདེན་ཞེས་ཁྱད་དུ་མི་བསད་པར། བདེན་མེད་ཀྱི་ངང་ནས་འདོར་ལེན་བྱ། འདོར་ལེན་བྱེད་བཞིན་དུ་ཡང་ཆགས་སྡང་མི་བྱ། ཅི་སྣང་སེམས་སུ་ཐག་བཅད་དེ་སྒོམ་པའི་དུས་སུ། དགེ་སྡིག་ཡོད་མེད་ཡིན་མིན། འཁོར་འདས་གང་ཡང་ཡིད་ལ་མི་བྱེད་པར་ལྷན་ནེ་བཞག །འཛིན་མེད་དུ་ཕྱད་དེ་བཏང་། གནས་མེད་དུ་ཤིགས་སེ་བཤིགས་ལ་བཞག །རོ་སྙོམ་པར་དཀའ་བ་ལམ་དུ་སློང་བར་དཀའ་བ་དེ་ལ་རྐྱང་འདེད་བྱས་ནས་རོ་སྙོམ། ཨར་ལ་གཏད་རྩང་ལ་སྦྱོར་ཐོག་འགེལ་བྱས་ལ་ཉམས་སུ་བླང་ངོ་། །

སྲིད་པའི་ཉོན་མོངས་ཆགས་སྡང་བདུད་འདི་ཚར་ཆོད་ན། །བདེ་ལེགས་ཀུན་འབྱུང་ཡོན་ཏན་ཀུན་གྱི་གཏེར་ཁ་འབྱེད། །ཞེས་པ་ནི། སྔར་བསྟན་པའི་སྤང་བླང་གི་བདུད་འདྲེ་རྣམས་ཚར་ཆོད་པའི་ཚད་ནི། འཇིག་རྟེན་གྱི་དགའ་མི་དགའ་དང་། ལེགས་ཉེས་རྣམས་ལ་ཁྱད་པར་སྐད་ཅིག་ཀྱང་མེད་པས་སྤང་བླང་དང་དགག་སྒྲུབ་བྱ་མི་དགོས། ཆགས་སྡང་ཆོས་བརྒྱད་རང་བཞིན་གྱིས་ཞི་བ་དབང་པོའི་ཡུལ་ཚོགས་དྲུག་གི་རྐྱེན་གྱིས་གནོད་པ་དང་། ཚོགས་སུ་བསྡད་ཀྱང་ཕྱིའི་ཆགས་སྡང་གིས་མི་གོས་པ་རྡུལ་དང་དངུལ་ཆུ་ལྷན་ཅིག་ཏུ་བཞག་པ་ལྟ་བུ་འབྱུང་། མཐར་ཐུག་ཏུ་སྤང་བྱ་ཆོས་བརྒྱད་ཆགས་སྡང་ཐམས་ཅད་ཟད་པས། ཐོབ་བྱ་ཉམས་རྟོགས་ཁྱད་པར་ཅན་སྐྱེ། ཡོན་ཏན་དཔག་ཏུ་མེད་པ་འབྱུང་། ལྷ་དང་བླ་མ་མཉེས། བདག་གཞན་གཉིས་ཀྱི་དོན་འགྲུབ། ལྷར་བཅས་འཇིག་རྟེན་ཐམས་ཅད་ཀྱི་ཕྱག་གི་རྟེན། མཆོད་པའི་གནས་སུ་འགྱུར་རོ། །བཀའ་ཚོམས་ལས། རེ་དོགས་མེད་པར་གཅོད་པ་སྤང་བླང་གཉིས་ཀྱི་མཐའ་དང་བྲལ། །གཟུང་འཛིན་ཐག་པ་ཆད་པར་གྱུར་ནས་ངེས་པར་སངས་རྒྱས་ས་ལ་འགྲོ། །ཞེས་སོ། །

བསགས་སྦྱོང་ལ་འབད་བག་ཆགས་འདུན་པས་རྨི་ལམ་བཟུང་། །ཟིན་པར་གྱུར་ཚེ་སྦྱང་དང་སྤེལ་ཞིང་འོད་གསལ་བསྒོམ། །ཞེས་པ་ནི། གནད་གསུམ་གྱིས་རྨི་ལམ་ཉམས་སུ་བླང་བར་བྱ་སྟེ། བསགས་སྦྱངས་དང་གསོལ་འདེབས་ཀྱི་གནད། ཉིན་པར་བག་ཆགས་གོམས་པའི་གནད། ཉལ་ཁར་འདུན་པ་དྲག་པོའི་གནད། དང་པོ་ནི། མ་ཟིན་པའི་རྒྱུ་སྒྲིབ་པ་སྦྱང་བར་བྱ། ཟིན་པའི་རྒྱུ་ཚོགས་བསགས་པར་བྱ། འཛིན་པའི་ཐབས་ལ་གསོལ་བ་གདབ་པར་བྱའོ། །ཉིན་པར་བག་ཆགས་གོམས་པའི་གནད་ནི། ཉིན་མོའི་བྱ་བ་དང་བྱེད་པ་ཐམས་ཅད་རྨི་ལམ་ཡིན། རྨི་ལམ་དང་ཁྱད་མེད་སྙམ་དུ་བསྒོམས་པས། དེའི་བག་ཆགས་དོ་ནུབ་རྨི་ལམ་དུ་འོང་བ་ཡིན་ནོ། །ཉལ་ཁར་འདུན་པ་དྲག་པོའི་གནད་ནི་ཉལ་ནས་གཉིད་དུ་མ་འགྲོ་བར་དེ་ནུབ་རྨི་ལམ་གཟུང་བར་བྱའོ་སྙམ་དུ་འདུན་པ་དྲག་པོ་ཏུ་རེ་བྱས་པས། དོ་ནུབ་རྨི་ལམ་དུ་དེ་དྲན་པ་ཡོང་བས་ཟིན་པ་ཡིན་ནོ། །ཟིན་པ་དང་རྨི་ལམ་དུ་ཉམ་ང་བ་སྤང་བ་ལ་སོགས་པ་གེགས་བསལ་བར་བྱ། གཅིག་ལ་མང་པོར་སྤྲུལ་པ་ལ་སོགས་པ་བོགས་འདོན་པར་བྱའོ། །དེ་རྣམས་ཀློང་དུ་གྱུར་པ་དང་། འོད་གསལ་དུ་འགྱུར་བ་ནི། གཉིད་ཁོང་གི་ཤེས་པ་སྒོམ་ཐོག་ཏུ་བཞག་པས། དེ་རིང་ཉིན་མོའི་སྒོམ་དེ་དོ་ནུབ་གཉིད་དུ་སོང་དུས་སུ་ཟིན་ན་འོད་གསལ་ཟིན་པ་ཡིན་ནོ། །རླུང་རང་རྣམ་ཤེས་གྱེན་ལ་འདྲེན་པ་འཕོ་བའི་ལམ། །ཕྲ་རགས་ཐིམ་རྗེས་འོད་གསལ་འཆར་བ་བར་དོ་ཡིན། །ཞེས་པ་ནི། རབ་ཀྱིས་གཅོད་ཀྱི་གདམས་པ་ལ་བརྟེན་ནས། ཉིན་མོའི་ཉམས་ལེན་འབྱོངས་པས་སྐྱེ་ཤི་བར་དོ་ལ་བཙན་ས་ཟིན་པར་བྱ། འབྲིང་གིས་མཚན་མོའི་གདམས་ངག་ཉམས་སུ་བླངས་པས་རྨི་ལམ་བར་དོ་ལ་བཙན་ས་ཟིན་པར་བྱ། ཐ་མས་འོད་གསལ་ལ་ངོས་ཟིན་པ་དང་། མངལ་ཁ་དགག་པ་དང་། གདམས་པ་ལ་བརྟེན་ནས་སྲིད་པའི་བར་དོ་ལ་བཙན་ས་ཟིན་པར་བྱའོ། །ཉིན་མོ་སྐྱེ་ཤིའི་བར་དོ་མ་འབྱོངས། ནུབ་མོ་རྨི་ལམ་གྱི་བར་དོ་མ་འབྱོངས། ཤི་ནས་སྲིད་པའི་བར་དོ་མ་འབྱོངས་པས་འཕོ་བ་སྦྱང་བར་བྱའོ། །སྤྱིར་གཅོད་ཡུལ་འདི་ཤེས་རབ་ཀྱི་ལམ་གཙོ་ཆེ་སྟེ། གཞུང་རྒྱ་ཆེ་བའི་དབང་དུ་བྱས་ན། ཐབས་ཀྱི་ལམ་གྱི་ཆ་ཡང་ཡོད་དེ། སྒྱུ་ལུས་དང་ཕྱག་རྒྱ་ཆེན་པོ་ནི་རྣམ་རྟོག་གཅད་པའི་སྐབས་ན་ཡོད། གཞན་ལུས་དང་རང་ལུས་ནི། དུག་ལྔ་གཅད་པའི་སྐབས་སུ་བསྟན། རྨི་ལམ་འཕོ་བ་བར་དོ་ནི་སྐབས་འདིར་བསྟན། ཟུང་འཇུག་འོད་གསལ་ནི་གཞུང་ཐམས་ཅད་ལ་ཁྱབ་པར་གནས་ཏེ། རྒྱས་པ་ཞལ་གདམས་སུ་ཤེས་པར་བྱའོ། །

ལྷ་འདྲེ་འཁྲུགས་པས་ལུས་ནད་སེམས་སྐྱོན་སྣ་ཚོགས་འབྱུང་། །གཉེན་པོའི་དཔུང་ལྡན་སྟོང་ཉིད་སྦྱིན་གཏོང་མཉམ་ཉིད་བསྒོམ། །ཞེས་པ་ནི། སྤྱིར་དུ་གཅོད་ཡུལ་ཉམས་སུ་ལེན་པའི་རྣལ་འབྱོར་པ་ལ་གདོན་གེགས་མི་འབྱུང་སྟེ། འོན་ཀྱང་རེ་དོགས་དང་ཆགས་སྡང་ལ་བསྟེན་ནས། བར་བར་དུ་ན་ཚ་འོང་། ནད་ཞིག་བྱུང་ན་དེ་ལ་རྒྱབ་བརྟེན་དུ་གདོན་ཞིག་འོང་བས་ནད་ཀྱིས་སྣ་འདོན། གདོན་གྱིས་རྒྱབ་ཚན་བྱེད་དེ། དཔེར་ན་མདའ་ཡི་ནུས་པ་གཞུ་ལ་རེ། གཞུའི་ལས་ཀ་མདས་བྱེད་པ་བཞིན་ནོ། །དེ་ལྟར་བྱུང་ནས། གདོན་རིགས་ལ་ན་ལུགས་བརྟག་པ་དང་། ནད་འདོན་ཐབས་དང་གཉིས་ལས། བརྟག་པ་ནི་སྟེང་གདོན་འོག་གདོན་བར་གདོན་གསུམ་གང་ཡིན་བརྟག་པའོ། །སྟེང་གདོན་ནི་བཙན་གདོན་གྱིས་གནོད་ན་སྟོད་ལ་འཇུག་པས། མགོ་དང་རོ་སྟོད་ན་བ་དང་གཟེར་ཟུག་ཏུ་ལྡང་ངོ་། །རྒྱལ་པོ་དང་པེ་ཀར་དོན་སྙིང་ལ་འཇུག་པས་ཤེས་པ་འཕྲོ། སྙིང་མི་དགའ་འཐབ་སྙིང་འདོད་པ་འབྱུང་ངོ་། །མོ་གདོན་སྨད་ལ་འཇུག་པས་མཁལ་རྐེད་ན་དྲི་ཆུ་སྡོམ། ཐིག་ལེ་འཛག་པར་འབྱུང་ངོ་། །གྲི་བོ་གྲི་མོ་ཁྲག་དང་ཆུ་སེར་ལ་འཇུག་པས། ཕོ་གླང་ཟུག་གཟེར་འབྱུང་ངོ་། །དེ་ཐམས་ཅད་ཀྱི་རྟགས་གཉིད་ཡེར་བ་དང་མལ་ཚིག་ཟ། གྲང་རྔུལ་འོང་། ཕྲུམ་སེར་འཁྱེར་བ་ཤེས་པ་སྐྱི་བུང་བྱེད་པ་རྐང་ལག་བརྐྱང་སྐུམ་བྱེད་སྙིང་འདོད་པ་འབྱུང་ངོ་། །འོག་གདོན་ནི་ཤ་ཁྲག་རུས་པ་ལ་སོགས་པའི་ཁམས་ཐམས་ཅད་ལ་འཇུག་ཏེ། སྐམ་མཛེ་དང་རློན་མཛེ་དང་། བལ་ནག་དང་གསུམ་དུ་འོང་སྟེ། ཕྱི་ལུས་ཀྱི་དབྱིབས་དང་ཁ་དོག་ལ་བརྟག་པ། ནང་རྩ་དང་ཆུ་ལ་བརྟག་པ། བར་གདོང་དང་མིག་ལ་བརྟག་པའོ། །བརྟག་པའི་གདམས་ངག་ལས་བཤད་པ་ལྟར་བྱའོ། །བར་གདོན་ཕྱི་དང་ལྤགས་པ་ལ་འཇུག་གོ། །ཕྱི་རུ་ཤ་བཀྲ་ལ་བརྟག་སྟེ། ཁམས་མ་དྭངས་པའི་མདོག་དང་། སྐྲང་འབུར་དང་ཤུ་ཐོར་འོང་། ནང་དུ་ཕོ་སྟོད་ཕོ་མཆིན་གྱི་ནད་དང་། སྐྲན་དམུ་ཆུ་རྡེའུ་ནད་དུ་འོང་། ཤ་འཕྲིག་དང་ཤ་རོ་ནི་ཀུན་ལ་འོང་། ནད་གདོན་ཐབས་ནི་ལྟ་བ་མཉམ་ཉིད་དུ་བཞག་པ། སྒོམ་པས་ལུས་པོ་སྦྱིན་པར་བཏང་བ། སྤྱོད་པས་ཐོག་རྫིས་བྱ་བའོ། །དང་པོ་ན་བའི་དུས་སུ་གཉན་ཁྲོད་དུ་གཅོད་ལ་འགྲོ་བ་བྱུང་ན་ལེགས། དེ་གལ་ཏེ་མ་གྲུབ་ན་ལམ་ཁྱེར་འདི་ལྟར་བྱ་སྟེ་ནད་དགེ་བའི་བཤེས་གཉེན་ཡིན། གདོན་སངས་རྒྱས་ཀྱི་སྤྲུལ་པ། འགལ་རྐྱེན་དགེ་སྦྱོར་གྱི་སྐུལ་འདེབས། སྡུག་བསྔལ་སྡིག་སྒྲིབ་ཀྱི་ཕྱགས་ཤིང་། དགྲ་སྡང་བཟོད་པའི་སློབ་དཔོན་ཡིན་པས། སྤྱིར་དུ་ཐེག་པ་ཆེན་པོའི་ལུགས་ཀྱིས་སྤང་བྱར་མི་ལྟ་དགའ་བར་སྒོམ། ཁྱད་པར་དུ་གཅོད་ཡུལ་བའི་ལུགས་ཀྱིས་ལྷ་འདྲེའི་གཟུགས་དང་ཆོ་འཕྲུལ་ཅི་བྱུང་ཡང་ལྷ་འདྲེ་མཆོད་ཡང་མི་མཆོད། བརྡུང་ཡང་མི་བརྡུང་། བརྟེན་ཡང་མི་བརྟེན། བསྐྲད་ཀྱང་མི་བསྐྲད། འབོད་ཀྱང་མི་འབོད། སྲུང་ཡང་མི་སྲུང་། འདྲེ་ཆེ་བ་ལ་རྔན་པ་མི་སྟེར། ཆུང་ཆུང་ལ་རྔན་ཆད་མི་བྱེད། མཛའ་གདུང་ཡང་མི་བྱེད་པར་རང་གར་འཇོག་པ་ཡིན་ནོ། །ཕྱིའི་བར་ཆད་ཐམས་ཅད་ཀྱང་རྟོག་པས་བཟོ་བྱས་པ་ཡིན། དོགས་པ་སྔོན་བསུ་ཡིན། ནང་འདྲེས་ཕྱི་འདྲེ་བོས་པ་ཡིན། དོན་ལ་བདེན་པར་གྲུབ་པ་མེད་དོ། །ཅིས་ཀྱང་འདྲེ་ཡོད་སྙམ་པ་དང་གནོད་སྙམ་པ་དང་དེ་ལ་སོགས་པའི་སྙེམས་དང་རྟོག་པ་དེ་དུས་མཉམ་དུ་གཅད་དགོས། དོགས་ན་དོགས་དུས་སུ་གཅད་དགོས། འཇིགས་ན་འཇིགས་དུས་སུ་གཅད་དགོས། མངོན་སུམ་དུ་མི་སྡུག་པའི་གཟུགས་སྟོན། མི་སྙན་པའི་སྒྲ་སྒྲོག །གདུག་རྩུབ་ཀྱི་སྤྱོད་པ་སྟོན། མཚོན་ཆའི་ཆར་འབེབས་ཀྱང་ལུས་བེམ་པོ། སེམས་གཞི་མེད་རྩ་བྲལ་གྱི་ངང་དུ་བཞག་ལ་ཉམ་ང་དང་བག་ཚ་རྡུལ་ཙམ་ཡང་མེད་པར་བྱས་ལ། འདྲེར་འཛིན་རྣམ་རྟོག་དེ་མ་ཆོད་ཀྱི་བར་དུ་གདོན་གྱིས་བསྲུང་བའི་ནད་དེ་སོས་སུ་མི་འདོད་པས། དེ་མ་སོས་བར་རྟོགས་པའི་རྦད་ཁམ། སེམས་ཀྱི་གཉེན་པོ་ཉམས་ལེན་རྩོལ་བ་གསུམ་བསྐྱེད་ལ་གང་མི་བདེ་བའི་སྟེང་དུ་ཡང་ཡང་བསྐྱར་ཅིང་ཐོག་འགེལ་བྱས་པས་ཆོད་ནས་འོང་། བསྒོམས་པས་ལུས་སྦྱིན་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་རང་གི་ལུས་འདི་མཆོད་པ་བཞི་རྫོགས་སུ་འབུལ། འགྲོ་དྲུག་གི་སེམས་ཅན་མདུན་དུ་བོས་ལ་ལུས་པོ་འདི་ཡི་དམ་ལྷས་དུམ་བརྒྱ་དུམ་སྟོང་དུ་གཏུབས་ལ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བཏང་། ཁྱད་པར་དུ་རང་ལ་གང་གནོད་པའི་ལྷ་འདྲེ་མདུན་དུ་བཀུག་ལ། ལུས་འདི་དུམ་བུར་གཏུབས་ནས་ཁོ་ལ་ལན་བརྒྱ་རྩར་སྦྱིན། དེ་ནས་ལུས་འདི་ཡར་གོང་མ་ལ་མཆོད་པ་འབུལ། མར་སེམས་ཅན་ལ་སྦྱིན་པ་བཏང་། ཁྱད་པར་དུ་རང་ལ་གང་གནོད་པའི་གནོད་བྱེད་ལ་ལན་ཆགས་སུ་གཞལ། ད་སེམས་ལ་ནི་དངོས་པོ་མི་འདུག་ཅི་ཡོང་བ་ཤོག་སྙམ་དུ་ཉམ་ང་བག་ཚ་མེད་པ་སྙེམས་མེད་རྟོག་པ་མེད་པར་རང་ལུགས་སུ་ལྷོད་དེ་བཞག་པས་ཤེས་པ་ཆོས་ཉིད་ཀྱི་ངང་དུ་སོང་ཏེ། ནད་དྲག་ནས་འགྲོ་བ་ཡིན་ནོ། །སྤྱོད་པས་ཐོག་རྫིས་བྱ་བ་ནི། ལྷ་འདྲེ་གང་གིས་གནོད་པ་དང་། གནས་པའི་ས་དེ་རང་གི་གཉན་ཁྲོད་དུ་སྨྱོན་པའི་བརྟུལ་ཞུགས་བྱེད་པ་སྟེ། སྔར་རྒྱས་པར་བཤད་ཟིན་ཏོ། །

ལས་ཀྱི་རྒྱུ་དང་ཉོན་མོངས་རྐྱེན་གྱིས་ནད་རྣམས་འབྱུང་། །རླུང་དང་འཁྲུལ་འཁོར་ཐབས་དང་དམིགས་པས་འདོན་པར་བྱ། །ཞེས་པ་ནི། འབྱུང་བའི་ནད་བརྟག་པ་དང་། དེ་འདོན་པའི་ཐབས་གཉིས་ལས། ནད་བརྟག་པ་ནི། ནད་རིགས་བཞི་བརྒྱ་རྩ་བཞི་ཡང་། །རྒྱུ་ནི་འབྱུང་བ་བཞི་ཡིས་སྐྱེད། །རྐྱེན་ནི་འགྲམས་འཁྲུགས་མ་ཞི་བ། །ངོ་བོ་ཚ་གྲང་གཉིས་སུ་འདུས། །ཞེས་པས། ནད་ཐམས་ཅད་རྒྱུ་འབྱུང་བ་བཞི་ལས་སྐྱེས་ཏེ། སས་བད་ཀན། ཆུས་མཁྲིས་པ། མེས་རླུང་ངོ་། །རྐྱེན་ཕལ་ཆེར་འགྲམས་པ་འཁྲུགས་པ་ལས་བྱུང་ངོ་། །འབྲས་བུ་ནི་ནད་ཐམས་ཅད་ཚ་གྲང་གཉིས་སུ་འདུས་སོ། །དང་པོ་ནི། སའི་ནད་ལུས་ལྕི། ཤེས་པ་མི་གསལ། གཉིད་ཆེ་ཁར་དྲི་མ་ཁ་བ་དང་། དང་ག་མི་བདེ་བ་འབྱུང་ངོ་། །ཆུའི་ནད་ནི་ལུས་གྲང་ཤུམ་བྱེད། གྲང་རྔུལ་བྱེད་སྒྲེགས་པ་འོང་། ཟས་མི་འཇུ་ཕོ་བ་སྦོས། འཁྲུ་བ་དང་སྐྱུག་ཏུ་འོང་། མེའི་ནད་ནི་དཔྲལ་བ་ནས་ཚ་ཤུམ་ཤུམ་བྱེད། སྤྲོ་ཐུང་རྒྱུད་འཚིག་ཚད་པ་ཚ། ཁ་སྐོམ་ཚིག་པ་ཟ། ཁམས་ཉོག་ཏུ་འོང་། རླུང་གི་ནད་ནི། ཤེས་པ་འཕྲོ། ཟ་ཟི་མང་། མགོ་འཁོར། ལབ་འཆོལ་སྨྲ། འགྲོ་སྙིང་འདོད། ཁ་སོ་ན། རྣ་བ་ཤོ་སྒྲ་དང་འུར་སྒྲ་བྱེད་པ་འོང་། ནད་གདོན་པའི་ཐབས་ནི་གསུམ་སྟེ་སྔོན་འགྲོ་གསོལ་བ་འདེབས་པ། དངོས་གཞི་མི་དམིགས་པ་སྒོམ་པ། མཇུག་ཏུ་ཅི་དགའ་ཤོག་ཏུ་བཞག་པའོ། །དང་པོ་ཚོགས་དང་མཆོད་པ་དང་གཏོར་མ་ཅི་འབྱོར་པ་བཤམས་ལ། ཨ་མ་ཇོ་མོ་ལ་སོགས་པའི་བརྒྱུད་པའི་བླ་མ་ཐམས་ཅད་སྤྱན་དྲངས་ལ་རབ་ཀྱིས་ན་ཚ་འདི་ལ་བརྟེན་ནས་སངས་རྒྱས་ཐོབ་པའི་གསོལ་བ་གདབ། འབྲིང་གིས་ནད་དེ་ལམ་དུ་བསླངས་ནས་སྒྲིབ་པ་འདག་པའི་གསོལ་བ་གདབ། ཐ་མས་ནད་དེ་མྱུར་དུ་སོས་པའི་གསོལ་བ་གདབ་བོ། །ཁ་འཐོར་ལས། འབྱུང་བའི་ནད་ཀྱིས་བཏབ་ཙ་ན། །ཡེངས་པ་མེད་པར་བླ་མ་སྒོམ། །གསོལ་བ་ཐོབས་ལ་གཞུག་སྒོ་སྒྲོད། །ཞེས་སོ། །དངོས་གཞི་དམིགས་པའི་གོམས་པ་ལ་གསུམ། ཕྱི་ནང་གི་འབྱུང་བ་གཅིག་ཏུ་བསྲེ་བ་དང་། འབྱུང་བ་བཞི་རོ་སྙོམས་པ་དང་། ནད་ཐོག་ཏུ་ནད་དབབ་པའོ། །དང་པོ་ནི་ཕྱིའི་ནད་ལ་འབྱུང་བ་བཞི་གང་གི་ནད་བྱུང་ཡང་ལུས་ནད་ཀག་གིས་ལངས་ལ་ལུས་སེང་ངེ་བསྲང་། རྐང་པ་གཉིས་ཤིབ་དེ་གཤིབས་ལ། ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར། རླུང་འཇམ་རླུང་བཟུང་ལ་དམིགས་པ་ཕྱིན་ན། ཕྱིའི་འབྱུང་བ་བཞི་པོ་རང་གི་ལུས་ཀྱི་འབྱུང་བ་བཞི་ལ་བསྟིམ་སྟེ། ས་ཤ་དང་རུས་པ་ལ་བསྟིམ། ཆུ་ཁྲག་དང་ཆུ་སེར་ལ། མེ་དྲོད་ལ། རླུང་དབུགས་ལ། དགོས་སུ་གང་ན་བ་དེར་བསྟིམས་ལ། ཕྱི་ནང་གི་འབྱུང་བ་གཉིས་པོ་དབྱེར་མེད་དུ་བཀུག་སྟེ་བསྲེས་ལ་དེའི་ངང་ནས་སེམས་ཉིད་ནམ་མཁའི་ངང་དུ་བསྟིམས་ལ་སྟོང་ཕྱོད་དེ་བཞག །དེ་ནས་གང་ན་བ་དེ་འོག་ཏུ་བཅུག་ནས། ལུས་བདག་མེད་དུ་ཁྲེས་སེ་བསྐྱུར། སེམས་རྟེན་མེད་དུ་ཕྱེད་དེ་བཏང་ལ་འགྲོ་ནའང་ནམ་མཁའི་ངང་དུ་འགྲོ། སྡོད་ཀྱང་ཟའང་ཅི་བྱེད་ནའང་ནམ་མཁའི་ངང་ནས་བྱ། དེ་ལྟར་འབྱུང་བ་བཞི་ཀར་བྱས་པས། ཕྱིའི་ནད་སངས་ཏེ་འགྲོ་བའོ། །ནང་གི་ནད་ལ་ལུས་ཀྱི་ནང་ནས་རང་གི་ལུས་ཀྱི་འབྱུང་བ་བཞི་པོ་འདི། ཕྱིའི་འབྱུང་བཞི་ལ་ཕར་ལ་བསྟིམ་སྟེ། ཤ་དང་རུས་པ་ས་ལ་བསྟིམ་པ་ལ་སོགས་པ་བྱས་ལ་སེམས་ཞེན་མེད་དུ་བཞག །འཛིན་པ་ན་བུན་ཡལ་བ་བཞིན་དུ་ཡལ་དུ་བཅུག་ལ་ལུས་པོ་བོར་ཏེ་སྒོམ་དུ་ཉལ་ལ་བསྡད་དོ། །དེའི་ངང་ནས་གཉིད་དུ་ལྷན་ནེ་འགྲོ། སད་པ་དང་ནད་སོས་ནས་འགྲོ་བ་ཡིན་ནོ། །འབྱུང་བ་བཞི་རོ་སྙོམ་པ་ནི་འབྱུང་བཞིའི་ནད་ལ། རོ་མ་བསྙམས་པས་ལན་པས་རོ་སྙོམ་པའི་ཕྱིར་སྣོན་འབྲིད་ཤེས་པར་བྱ་སྟེ། ཚད་པའི་ནད་ལ་མེ་སྟོབས་ཆེ། ཆུ་སྟོབས་ཆུང་བ་ཡིན་པས་ན་སར་ཆུ་བསྒོམས་པས། གྲང་བ་བསྣན་ཚ་བ་འབྲིད་པ་ཡིན། དེ་བཞིན་དུ་གྲང་བ་ལ་མེ་བསྒོམ། རླུང་ལ་ས། ས་ལ་རླུང་བསྒོམས་པས་ཆ་སྙོམ། འདོད་ཆགས་ཀྱི་ནད་ལ་ཞེ་སྡང་ཞེ་སྡང་གི་ནད་ལ་འདོད་ཆགས་པས་འབྱམས་པ་བསྡུ། འདུས་པ་ལ་འབྱམས་སུ་གཞུག །ནད་ཐོག་ཏུ་ནད་དབབ་པ་ནི། ཚད་པ་ན་ན་ཚད་པ་ལ་གང་གནོད་པའི་ཟས་དང་སྤྱོད་ལམ་བརྟེན་པས་གྲོལ་ཏེ་འགྲོ། ཚད་པ་མེ་ནང་དུ་ཞི་བའི་ཐབས་ཡིན་ནོ། །དཔེར་ན་མེ་ཤེལ་ལམ། དུད་ལོང་ངམ་ལྕགས་སྣ་མེ་དང་ལྡན་པ་མེ་ནང་དུ་བཅུག་ན་ཕྱིས་མེ་མི་འབྱུང་བ་བཞིན་ནོ། །གྲང་བའི་ནད་ལ་གྲང་བ་གལ་ཆེ་བའི་ཟས་དང་སྤྱོད་ལམ་བསྟེན་པས་ཞི་ནས་འགྲོ་སྟེ་གྲང་བ་ཆུ་ནང་དུ་འཇོམས་པའི་ཐབས་ཡིན་ནོ། །དཔེར་ན་འཁྱག་པ་ཆུ་ནང་དུ་བཅུག་ན་ཞུ་ནས་འགྲོ་བ་བཞིན་ནོ། །དེ་བཞིན་དུ་རླུང་ལ་སྲན་མ་ཟོས་པས་རླུང་ཡུལ་ནས་ཐོན་འགྲོའོ། །སྐྲང་འབུར་ལ་བདུད་རྩི་བྱུགས་པས་ཕན་འགྲོ། རྨ་ལ་དྲི་ཆུ་བྱུགས་པས་རྨ་ལོག་མི་འོང་། འཁྲུ་རྗེས་བཤལ་གྱིས་གཅོད། རྨ་ནད་གཏར་ཁས་སེལ། ཚད་གཞུག་དྲོད་ཀྱིས་འདོན། གྲང་ནད་ཆུ་ནང་དུ་འཇུག །ཕོ་གླང་ལ་ཆུ་འཁྱག་འཐུང་བའོ། །དེ་བཞིན་དུ་གཉན་ཁྲོད་འགྲིམས་པས་འཇིགས་མཁན་སྟོར་འགྲོ། བར་ཆད་བྱེད་པ་ལ་ཕུང་པོ་འདྲེ་ལ་བྱིན་པས་གནོད་པ་རང་གྲོལ་ཏུ་འགྲོ། མཇུག་ཏུ་དགའ་བ་ཤོག་ཏུ་བཞག་པ་ནི། ཐབས་དེ་རྣམས་བྱས་པས་དྲག་ནའང་ལེགས། ལམ་ཟབ་མོ་ཉམས་སུ་བླང་དུ་ཡོད། བདག་གཞན་གྱི་དོན་བྱས་པས་ཆོག །མ་དྲག་པར་ཤི་ནའང་ལེགས་ཏེ་གཅོད་ཡུལ་གྱི་ལམ་ཁྱེར་ལག་ཏུ་བླངས་ནས་འཆི་བ་དོན་དམ་པའི་ངང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་སུ་སངས་རྒྱས་ཀྱི་སར་འགྲོ་བས་ང་རེ་དགའ། དྲག་མོད་མ་དྲག་མོད། ཕན་མོད་གནོད་མོད། སོས་མོད་མ་སོས་མོད། ཤི་མོད་གསོན་མོད། ཅི་དགའ་བ་གྱིས། ཅི་ཡོང་བ་ཤོག །སྙམ་པའི་ངང་ནས་གང་ལའང་མ་ཆགས་པར་ཕཊ་བྱས་ལ་རེ་དོགས་མེད་པའི་ངང་དུ་བཞག་གོ། །ཁ་འཐོར་ལས། ནམ་མཁའ་རེ་དོགས་མེད་པ་བཞིན། །རེ་དོགས་མ་བྱེད་གློད་ལ་ཞོག །ནམ་མཁའ་བདག་འཛིན་མེད་པ་བཞིན། །བདག་ཏུ་མ་འཛིན་ཞེན་པ་ཐོངས། །ཞེས་སོ། །

ཁམས་འདུས་སྡུག་བསྔལ་འབྱམས་དང་ལྟེངས་པ་ཡིད་ཀྱི་སྐྱོན། །ཐབས་དང་རྟེན་འབྲེལ་རླུང་གནད་འཁྲུལ་འཁོར་དམིགས་པས་གཞོམ། །ཞེས་པ་ནི། སེམས་ཀྱི་གེགས་བསལ་བ་རྣམ་པ་གསུམ། ཁམས་འདུས་པའི་རྒྱུ། ཁམས་སློང་བའི་རྐྱེན། ཁམས་འདུས་ཞུགས་པའི་རྟགས་སོ། །དང་པོ་ལ་གསུམ། རང་བཞིན་གྱིས་འདུས་པ། བསྒོམས་ནས་འདུས་པ། རྐྱེན་གྱིས་འདུས་པའོ། །དང་པོ་ནི་རྒྱུ་སྔར་གྱི་ལས་ངན་གྱིས་བྱས་ནས། རྐྱེན་རྣམ་རྟོག་ངན་པས། རྩ་ལོག་མལ་དང་རླུང་ལོག་མལ་དུ་ཁྲིད་པ་ལས་འབྱུང་ངོ་། །བསྒོམས་ནས་འདུས་པ་ནི། ཞེ་སྡང་ཅན་དགྲ་ཕྱོགས་སུ་འདུས། འདོད་ཆགས་ཅན་ནོར་ཕྱོགས་སུ་འདུས། གདུང་སེམས་ཅན་གཉེན་ཕྱོགས་སུ་འདུས། དད་པ་ཅན་ཆོས་ཕྱོགས་སུ་འདུས། ཁམས་འདུས་པའི་རྐྱེན་ལ་གསུམ། ཕྱི་ལྷ་འདྲེས་གནོད་པས་བསླངས། ནང་དུག་གསུམ་བཅད་པས་བསླངས། བར་མི་མཐུན་ཕྱོགས་ཀྱིས་བསླངས་པའོ། །དང་པོ་ནི་ས་གཉན་བརྐོས། རྡོ་གཉན་སློག །ཤིང་གཉན་བཅད། བྲག་གཉན་གཤགས། ཆུ་གཉན་དཀྲུག །གཙུག་ལག་ཁང་ལ་གནོད་པ་བསྐྱལ། དཀོར་ལ་འབགས། པེ་ཀར་གནོད། བན་བོན་དང་འགྲས་པས་རྦད་འདྲེའི་ཁ་ཟུག་པའོ། །ནང་དུ་དུག་གསུམ་སྤྱད་པས་བསླང་བ་ནི། ས་གཉན་སར་འདོད་པ་སྤྱད། གཉིད་ལོག །འཐབ་རྩོད་བྱས་པས་སློང་བའོ། །བར་མི་མཐུན་ཕྱོགས་ཀྱིས་བསླང་བ་ནི། རང་གིས་མནོ་བ་མ་བྱུང་བ་མ་འགྲུབ་པ། བསམ་པ་ཇུས་ཐོག་ཏུ་མ་ཕེབས་པ། མི་སྙན་པ་རྣ་བས་ཐོས་པ། གློ་བུར་དུ་བྲེད་སྔངས་བྱུང་བ། བཟའ་ཚོ་འཐབས་པ། ཡི་མུག་པ་ལ་སོགས་པས་བསླང་བའོ། །ཁམས་འདུས་ཞུགས་པའི་རྟགས་ནི། སྙིང་མི་དགའ་རྔམ་རིང་འདོན། བློ་མི་བདེ་ངུ་སྙིང་འདོད། འཐབ་སྙིང་འདོད། འོ་དོད་འབོད་སྙིང་འདོད། འགྲོ་སྙིང་འདོད། རེས་འགའ་རིག་པ་འཐོམས་ནས་འགྲོ། རེས་འགའ་གཏད་མེད་མང་པོ་སྨྲ། ཚིག་པ་ཟ། སྤྲོ་ཐུང་། གཤིས་ངན། ཟས་ལ་དང་གར་མི་འོང་། ཡི་ག་འཆུས་པའོ། །ཁམས་འདུས་པའི་སྐྱོན་ནི། གནས་སྐབས་སུ་དགེ་སྦྱོར་གྱི་གེགས་བྱེད། མཐར་ཐུག་ཏུ་སྲོག་གི་རྐྱེན་དུ་འགྱུར། ནམ་ཕུག་ཐར་པའི་གེགས་བྱེད་པའོ། །ཁམས་འདུས་འདོན་པའི་ཐབས་ལ་གསུམ། རྒྱུ་ལ་བསམ་སྟེ་དགའ་བ་སྒོམ། རྐྱེན་ལ་བརྟགས་ཏེ་དམིགས་པ་སྒོམ། འབྲས་བུ་ལ་དགོངས་ཏེ་ལམ་དུ་འཁྱེར་བའོ། །དང་པོ་ནི་ཁྱོད་ཅིའི་ཕྱིར་ཁམས་འདུས་དོན་ཅི་ཡོད། ཁྱོད་ཀྱིས་མི་བསད་ནས་སྟོང་འཇལ་དགོས་པ་ནི་མེད། ནོར་བརྐུས་ནས་རྫས་འཇལ་དགོས་པ་ནི་མེད། གཞན་གྱི་ཁ་སྨྲས་ནི་མ་ཟུག །མིའི་ཡ་ག་ནི་མ་བྱུང་། གཏམ་ངན་མི་ཁ་ནི་མ་ཕོག །ནོར་ལ་གོད་སྟོར་སོང་བ་ནི་མེད། སྡོམ་པ་ནི་མ་ཤོར། དམ་ཚིག་ནི་མ་ཉམས། བླ་མ་དང་མཆེད་གྲོགས་དང་འཁོན་པ་ནི་མེད། ཆོས་དང་འགལ་བའི་ལས་ནི་མ་བྱས། ཁམས་ཅི་ལ་འདུ། རྟེན་མི་ལུས་གཙང་མ་ནི་ཐོབ། དབང་པོ་སྒོ་ལྔ་ནི་ཚང་། བླ་མ་བཟང་པོ་དང་ནི་མཇལ། དམ་པའི་ཆོས་དང་ནི་འཕྲད། ཁམས་འདུ་མི་དགོས། བློ་བདེ་འབོལ་ལེ་ཐོང་། ཉམས་དགའ་ཡལ་ལེ་གྱིས། ཤེས་པ་ལྷོད་གྱིས། ཟེངས་གྱིས། ཕཊ་ཀྱིས་གཏད་མེད་དུ་ཞོག །ཐམས་ཅད་ཆོས་ཉིད་དུ་ཤེས་པས་འཚེངས་པ་ཡིན་ནོ་བྱའོ། །རྟེན་ལ་བརྟགས་ཏེ་དམིགས་པ་བསྒོམ་པ་ནི། དབེན་པར་ཕྱིན་ལ་ཕཊ་བཏབ། ཧ་རིང་ཧ་ཐུང་དྲག་ཏུ་བགྲངས། རོ་སྟོད་ཁོང་བསེང་ཁྲོལ་བྱས་ལ་བསྒོམ། རླུང་ནད་འཇོམས་པའི་སྦྱོར་བ་བྱ་ཞེས་པའི་དོན་བཀྲོལ་ལ་ཉམས་སུ་བླང་ངོ་། །འབྲས་བུ་ལ་དགོངས་ནས་ལམ་དུ་འཁྱེར་བ་ནི། ན་ཚ་དང་སྡུག་བསྔལ་འགལ་རྐྱེན་དང་བར་ཆད་དང་། ཁམས་འདུས་དང་སྙིང་རླུང་། གཏམ་ངན་དང་སྒྲོ་སྐུར་ལ་སོགས་པ་མི་མཐུན་པའི་ཕྱོགས་ཅི་བྱུང་ཡང་ཆོས་ཐེག་པ་ཆེན་པོའི་བཞེད་ཀྱིས་སྤང་བྱར་མི་འདོད། བསྒྲུབ་བྱར་བལྟ། འདོད་ཐོག་ཏུ་བྱེད། དགའ་བར་བལྟ། དགོས་པར་བལྟ། མེད་ཐབས་མེད་པར་བལྟ། སྐུ་དྲིན་ཆེ་བར་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། གཅིག་ཏུ་སྔར་བྱས་ཀྱི་སྡིག་པ་མང་པོ་འདག །གཉིས་སུ་དགེ་སྦྱོར་གྱི་བོགས་འདོན། གསུམ་དུ་ཡོན་ཏན་མང་པོའི་སྒོ་འབྱེད། ཆོས་པའི་ཕོ་ཤན་འབྱེད། སྐོམ་ཐག་ཆུ་ནང་ནས་ཆོད། ལམ་ཐམས་ཅད་དེས་ཆོད། མཐར་ཐུག་གི་དགོས་པ་དེས་འགྲུབ་པར་བྱེད་དེ། གྲོགས་སྐྱེལ་དུ་བྱུང་བ་ཡིན། སྔོན་གྱི་གྲུབ་ཐོབ་རྣམས་ལ་སྐྱོན་དང་གེགས་དང་འགལ་རྐྱེན་རེས་སྣ་དྲངས་ནས་ཡོན་ཏན་སྐྱེས། རྟོགས་པ་ཤར། གྲུབ་པ་ཐོབ་པ་ཡིན་པས་དགའ་བར་ལྟའོ། །འབྱམས་པ་ནི། ཤེས་པ་རྒོད་ཅིང་དྲན་པས་མ་ཟིན་པར་འཕྲོ་ན། ཏུར་རེ་དྲན་པ་དང་ཕྱལ་ལེ་བཞག །བྲེངས་ཏེ་ཤར་བ་དང་ཅེར་རེ་བལྟ། ཝལ་ལེ་དྲན་པ་དང་རྒྱང་སྟེ་བསྐྱུར། གྱུ་རེ་བྱུང་བ་དང་། ཅོང་སྟེ་བཞག་ལ་བཏང་། དེས་འབྱམས་པ་ཆོད་འགྲོ། དེས་ཀྱང་མ་ཆོད་ན། ཤེས་པ་འཕྲོ་རུ་གཞུག །ཡན་དུ་ཆུག་གར་འགྲོར་ཐོངས། བཏང་བ་རང་གིས་འགྲོ་ས་རྡུགས་ནས་ལོག་འོང་། དཔེར་ན་རྟ་སར་སྲབ་ནས་འཐེན་པ་དང་འདྲ་སྟེ། འཐེན་ན་འདྲོག་ནས་མི་ཐུབ། བཏང་ན་བསྡད་པ་ལྟ་བུའོ། །བཏང་ནས་བདེ་ཆ་གསལ་ཆ་གང་ཡང་མེད་པར་བྱིངས་སེ་ལུས་ན། སེམས་བྱིང་བ་དེའི་རྩ་གདར་བཅད། ངོ་བོར་བལྟ། འགྲོ་སར་བཏང་། རང་སར་བཞག །གློད་ལ་བཞག །དེ་ལྟར་བྱས་པས་ལྟེངས་པ་གྲོལ་ནས་འགྲོ་བའོ། །བཀའ་ཚོམས་ལས། བྱུང་ཚོར་དྲན་རྟོག་རྗེས་མི་བཅད། །མཁའ་ལ་གློག་འགྱུ་རང་ལོག་བཞིན། །དྲན་རྟོག་བྱུང་ཡང་དེ་བཞིན་ཡལ། །རྒྱ་མཚོའི་རྫིང་ལས་བྱ་འཕུར་བཞིན། །ཞེས་སོ། །

མོས་གུས་དཔག་མེད་སྙིང་རྗེ་རྒྱ་ཆེན་འགལ་རྐྱེན་ལ། །ཐོག་འགེལ་བྱས་པས་ཡོན་ཏན་ཀུན་གྱི་བོགས་སུ་འགྱུར། །ཞེས་པ་ནི། ལམ་ཉམས་སུ་བླངས་པས་ཡོན་ཏན་མ་སྐྱེས་ན་བོགས་འདོན་པར་བྱ་སྟེ། དེ་ལ་གསུམ། ཡར་བླ་མ་ལ་གསོལ་བ་གཏབ་ལ་བོགས་འདོན། མར་སེམས་ཅན་ལ་སྙིང་རྗེ་བསྒོམས་ལ་བོགས་འདོན། བར་འགལ་རྐྱེན་དྲག་པོ་ཐོག་འགེལ་བྱས་པས་བོགས་དབྱུང་བའོ། །དང་པོ་ནི་དགེ་སྦྱོར་བྱས། ལམ་ལ་འབད་ཀྱང་རྒྱུད་ལ་ཡོན་ཏན་སྐྱེ་རུ་མ་འདོད་ན། བླ་མའི་བྱིན་རླབས་མ་ཞུགས་པའི་རྟགས་ཡིན་པས། བྱིན་རླབས་འབྱུང་བ་ལ་གསོལ་བ་གདབ་དགོས། གསོལ་བ་གདབ་ཅིང་མོས་གུས་སྐྱེ་བ་ལ་དྲིན་དང་ཡོན་ཏན་དྲན་དགོས། ཡོན་ཏན་བསམ་པ་ནི། བླ་མའི་སྐུའི་རྣམ་འཕྲུལ། གསུང་གི་ཕྲིན་ལས། ཐུགས་ཀྱི་མཁྱེན་པ་ལ་སོགས་པའི་ཡོན་ཏན་སངས་རྒྱས་དང་མཉམ་ངོ་བོ་སངས་རྒྱས་རང་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་བླ་མས་མཛད་པ་ཡིན། རྡོ་རྗེ་གུར་ལས། གང་ཕྱིར་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་བཟུང་སྟེ། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་སྟོན། །ཞེས་སོ། །དེ་ལྟར་ཡིན་ནའང་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་མ་མཐོང་། གསུང་ཚངས་པའི་དབྱངས་སུ་མ་ཐོས་པ་དེ་རང་རེའི་སྒྲིབ་པ་མ་དག་པས་ལན་པ་ཡིན། དཔེར་ན་གཅོང་ནད་ཅན་གྱིས་མངར་པོ་ཟོས་པས་ཁ་བར་ཚོར། མིག་ནད་ཅན་གྱིས་དུང་ལ་སེར་པོར་མཐོང་བ་ལྟ་བུའོ། །བླ་མའི་དྲིན་བསམ་པ་ནི། དྲིན་སངས་རྒྱས་བས་ཀྱང་ཆེ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་བྱོན་ཡང་བདག་ལ་ཐུན་མོང་དུ་སྣང་མ་ནུས། ལུགས་སུ་བླུགས། རིས་སུ་བྲིས། འབུར་ཏུ་བཏོད་པའི་རྟེན་དཔག་ཏུ་མེད་པ་ཞིག་བཞུགས་ཀྱང་། བདག་ལ་མངོན་སུམ་དུ་ཆོས་མི་གསུངས་པ་ལ། བླ་མས་དགེ་སྡིག་གི་རྣམ་སྨིན་བཤད། རྒྱུ་འབྲས་ཀྱི་དོན་བསྟན། རང་ལ་གནས་པའི་ཡེ་ཤེས་ངོ་སྤྲད་པས་བདག་ལ་བླ་མ་དྲིན་ཆེའོ། །དེའི་ཕྱིར་སྤྱི་བོའི་གཙུག་ཏུ་རྩ་བའི་བླ་མ་བསྒོམ། དེའི་ཕྱི་རོལ་ཏུ་བརྒྱུད་པའི་བླ་མ་དང་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མས་བསྐོར་བར་བསམ། དེར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་ལྷ་ཚོགས་དཔའ་བོ་དཔའ་མོ་མཁའ་འགྲོ་ཐམས་ཅད་བསྟིམ་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པར་གསོལ་བ་གདབ། སྙིང་གི་དཀྱིལ་རྐང་གི་ཁོང་རུས་པའི་གཏིང་ནས་གདུང་ཤུགས་དྲག་པོས་གསོལ་བ་དུང་དུང་བ་བཏབ་ལ། བགེགས་དང་འགལ་རྐྱེན་ཞི་བ་ཐུགས་རྗེ་ཆེན་པོ་མཁྱེན། །བོགས་དང་བློ་སྐྱེད་ཐོན་པར་བྱིན་གྱིས་རློབས། །རྩལ་དང་ཡོན་ཏན་རྫོགས་པའི་དངོས་གྲུབ་ཞུ། །དེའི་རྗེས་ལ་བླ་མ་རང་ལ་བསྟིམས་ལ། བླ་མའི་ཐུགས་དང་རང་གི་སེམས་གཉིས་གསལ་སྟོང་འཛིན་མེད་བདེ་སྟོང་དབྱེར་མེད། སྣང་སྟོང་ཟུང་འཇུག་ངང་དུ་ཀྲུག་གེ་འདྲེས་པར་བསྒོམ། སེམས་སྤྲོས་མེད་བདེ་ཆེན་གྱི་ངང་དུ་འབོལ་ལེ་ལྷོད་དེ་བཞག་གོ། །དེ་ལྟར་བྱས་པས་གང་ཉམས་སུ་ལེན་ཡང་བོགས་ཐོན་པ་འོང་། མར་སེམས་ཅན་ལ་སྙིང་རྗེ་བསྒོམས་པས་བོགས་དབྱུང་བ་ནི། སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྒོས་བདག་ལ་སྡང་བའི་དགྲ་དང་གནོད་པའི་བགེགས་ཀྱིས་གཙོར་བྱས་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། གཅིག་པར་བདག་གི་ཕ་དང་མར་མ་གྱུར་པ་ནི་གཅིག་ཀྱང་མེད་དེ། དེའི་དུས་ན་རང་ལ་ཕན་བཏགས་གནོད་པ་བསལ་དྲིན་ཆེན་པོ་ཡོད་པས་ཀྱང་སྙིང་རེ་རྗེ། གཉིས་པར་སྐྱབས་མགོན་ཐམས་ཅད་དང་བྲལ། སྔར་ཡང་འཁོར་བ་མུ་མཐའ་མེད་པར་འཁྱམས། ད་དུང་འཁོར་བ་མཐའ་མེད་དུ་འཁྱམས་དགོས་པ་སྙིང་རེ་རྗེ། གསུམ་པར་དམུས་ལོང་དང་སྨྱོན་པ་ལྟ་བུར་གྱུར་ནས་དགེ་སྡིག་གི་དོན་མ་གོ། རྒྱུ་འབྲས་ངོ་མ་ཤེས་འདོད་པ་ནི་བདེ་བ་འབའ་ཞིག་འདོད། སྒྲུབ་པ་ནི་སྡུག་བསྔལ་འབའ་ཞིག་སྒྲུབ་པ་འདི་རྣམས་སྙིང་རེ་རྗེ། སྙམ་པ་ཁ་ཙམ་མ་ཡིན་པ་ཞེ་ཐག་པ་ནས་བསྒོམས་པས། མཇུག་ཏུ་སྙིང་རྗེ་ཤུགས་འབྱུང་དུ་སྐྱེའོ། །རང་གི་སྒྲིབ་པ་འཛད་ཚོགས་རྫོགས་ནས་བོགས་དབང་མེད་དུ་ཡོང་ངོ་། །དེ་ལྟར་མ་བྱུང་གི་བར་དུ་ཡང་ཡང་བསྒོམ་མོ། །བར་དུ་འགལ་རྐྱེན་དྲག་པོ་ལ་ཐོག་འགེལ་བྱས་པས་བོགས་དབྱུང་བ་ནི། སྔོན་ཆད་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་མ་ཐོབ་པའི་གེགས་གང་གིས་ལན་ན། དགྲ་ལ་སྡང་བར་བཟུང་། གཉེན་ལ་བྱམས་པར་བཟུང་། ནོར་ལ་ཕངས་པར་བཟུང་། ལུས་ལ་གཅེས་པར་བཟུང་། གྲོགས་ལ་ཆགས་པར་བྱས། སྣང་བ་ལ་བདེན་པར་ཞེན་ནས། བདེ་སྡུག་མཐོ་དམན་ཐམས་ཅད་ལ་བླང་དོར་འབའ་ཞིག་བྱས་ནས་རོ་མ་སྙོམས་པས་ལན་པ་ཡིན། ད་སེམས་ཉིད་དོན་གྱི་ངོ་བོ་འདི་ལ་ནི་སྐྱེ་འཆི་དང་གཙང་རྩོག་མེད། དགྲ་གཉེན་དགའ་མི་དགའ་ཞིམ་མི་ཞིམ། སྐྱུག་བྲོ་མི་བྲོ། ངོ་ཚ་མི་ཚ་གང་ཡང་མི་འདུག །ཀུན་རྫོབ་འཁྲུལ་པའི་སྣང་བ་ལ། ངས་བདེན་པར་བཟུང་ནས་བསྐྱུར་མ་ནུས། བསྲེ་མ་ནུས། སྤྱོད་མ་ནུས་པས་ལན་པ་ཡིན། བདག་འཛིན་གྱི་འཁྲི་ཤིང་། ངོ་ཚའི་རིབ་མ། ཚུལ་འཆོས་ཀྱི་རྩིག་པ། རྣམ་རྟོག་གི་སྒྲིབ་ཤིང་། ཁྱོད་ཅི་དགའ་བ་གྱིས་གང་དགའ་བར་སོང་། ཅི་ཡོང་བ་ཤོག་སྙམ་དུ་བསམ་ལ་གཉིས་འཛིན་གྱི་རྟོག་པ་རྒྱངས་སེ་བསྐྱུར། དངོས་འཛིན་གྱི་མཚན་མ་ཧྲུལ་གྱིས་ཤིག །བདེན་འཛིན་གྱི་སྣང་བ་ཤིག་ལ་གང་བཅད་པར་དཀའ་བ་དེ་ལ་ཟིང་ངེ་ཉམ་ང་བག་ཚ་མེད་པར་བསྲེའོ། །སྣང་བ་གཏད་མེད་བདེན་མེད་མ་རྟོགས་ཀྱི་བར་དུ་ཡང་ཡང་རྩལ་སྦྱོང་ངོ་། །དང་པོ་རིག་པ་ངར་བཏགས། ལྟ་བའི་རྦད་ཁམས་བསྐྱེད། གཅོད་པའི་སྙིང་ཁམས་བསྐྱེད། བློ་ལ་རྩིས་གདབ་གང་ཡང་མི་བྱ་བར་བསྲེས་ལ་བཏང་། དེའི་དུས་སུ་ངུ་བ་དང་དགོད་པ་དང་། འཁྲབ་པ་དང་། འོ་དོད་འབོད་པ་ལ་སོགས་པ་གཉེན་པོའི་སྤྱོད་པ་སེམས་ལ་ཤར་བར་བྱ། ངོ་ཚ་ཚུལ་འཆོས། ཕྱི་འབྱོར་ཆེ་དགའ་ལ་སོགས་པ་ཚེ་འདིའི་ཁ་དྲག་རླུང་ལ་བསྐུར་ཏེ་མི་ཁྱུ་ནས་བུད་ལ་བཞག་གོ། །དེ་ལྟར་བྱས་ནས་ཀྱང་རྟོགས་ལྡན་ཞིག་འདུག་ཞིག་པོ་གཅིག་འདུག་ངོ་མཚར་ཅན་ཞིག་འདུག །ཆོས་གཤའ་མ་གོ་ན་ཁོའི་འདི་འདྲ་བ་ཞིག་དགོས་ཟེར་བའི་བསྟོད་ར་དང་སྙན་གྲགས་དང་བསོད་ནམས་སྐྱེ་ལ་རེ་བའི་འདོད་བློ་གང་ཡང་མ་ཞུགས་པར་བྱའོ། །དེ་ལྟར་ཡང་རྩལ་སྦྱངས་པས་ཅི་ཞིག་ནས་འཁྲུལ་པ་རང་ཞིག་ལ་འགྲོ། ཞེན་པ་རང་ལོག་ལ་འགྲོ། མཚན་མ་རང་གྲོལ་ལ་འགྲོ། རྟོགས་པ་ཧར་ཐོན་དུ་སྐྱེའོ། །ཁ་འཐོར་ལས། གང་ལ་བཅད་པར་དཀའ་བ་ལ། །ཉམ་ང་མེད་པར་ཐོག་རྫིས་གྱིས། །ཉམས་མྱོང་རྟོགས་པའི་བོགས་ཐོན་ནས། །རྩལ་དང་ཡོན་ཏན་རྫོགས་པར་འགྱུར། །ཞེས་སོ། །

རྒྱལ་བའི་དགོངས་པ་གཅོད་ཡུལ་མཆོག་འདི་སུས་འཛིན་པ། །ཐར་པའི་ལམ་སྟེར་ཡོན་ཏན་རྒྱ་ཆེན་དཔག་མེད་འབྱུང་། །ཞེས་པ་ནི། བདེ་བར་གཤེགས་པའི་གསུང་གི་བདུད་རྩི་རྒྱལ་བ་རྣམས་ཀྱི་ཐུགས་ཀྱིས་དགོངས་པ། བཀའ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། མན་ངག་བདུད་ཀྱི་གཅོད་ཡུལ་འདི་ཉམས་སུ་བླངས་པའི་ཕན་ཡོན་བཅུ་དྲུག་ཡོད་དེ། ཟབ་མོའི་དོན་ཉམས་སུ་བླངས་པས་རང་ལ་གནས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པ། ནང་གི་སེམས་དེ་ཁོ་ན་ཉིད་མཐོང་བས་ཕྱིའི་བདུད་དང་ནག་པོའི་ཕྱོགས་ཀྱི་གནོད་པས་མི་ཚུགས་པ། བླང་དོར་གྱི་མཚན་མ་སྤངས་པས་གཟུང་འཛིན་གྱི་མདུད་པ་མ་ལུས་པ་གྲོལ་བ། རོ་སྙོམས་ཀྱི་སྤྱོད་པ་གདེང་དུ་གྱུར་པས་ཆགས་སྡང་གི་འཆིང་བ་ཐམས་ཅད་རབ་ཏུ་བཅད་པ། ཀུན་རྫོབ་ཀྱི་རྫུན་ཕུགས་རྡིབ་པས་འགལ་རྐྱེན་དང་བར་ཆད་ཀྱི་དབང་དུ་མི་འགྱུར་བ། བདག་ཏུ་ལྟ་བའི་ལོག་རྟོག་བཅོམ་པས། ཉོན་མོངས་པའི་ས་བོན་དྲུངས་ནས་འབྱིན་པ། སྤང་བྱ་དང་འགལ་རྐྱེན་འཕྲལ་དུ་བཅད་པས་རྟགས་འབྲས་བུ་མངོན་སུམ་དུ་འབྱིན་པ། སྣང་སྲིད་བདེན་མེད་དུ་རྟོགས་པས་དངོས་པོར་འཛིན་པའི་དུག་སྡོང་རྩ་བ་ནས་འབྱིན་པ། བདེ་སྡུག་ལ་དགག་སྒྲུབ་མེད་པས་ཆོས་བརྒྱད་ཀྱི་རི་བོ་རབ་ཏུ་བསྙིལ་བ། ཐམས་ཅད་སེམས་ཀྱི་ཚུལ་དུ་རྟོགས་པས་འཁོར་འདས་ཀྱི་ས་མཚམས་སྐད་ཅིག་གིས་ཕྱེད་པ། འགལ་རྐྱེན་ལ་རྐྱང་འདེད་བྱས་པས་ནད་དང་སྡུག་བསྔལ་གྱི་འཚེ་བ་ལས་གྲོལ་བ། ཅིར་སྣང་དངོས་མེད་དུ་ཤེས་པས་སྲིད་པའི་དྲི་མ་ཐམས་ཅད་འཇོམས་པར་བྱེད་པ། མི་མཐུན་པའི་ཕྱོགས་ལ་སྤང་བྱར་མ་བལྟས་པས་རེ་དོགས་ཀྱི་བློ་དང་བྲལ་བ། ཅི་བྱུང་ལམ་དུ་ཁྱེར་བས་རྩལ་དང་ཡོན་ཏན་ཕྱོགས་མེད་དུ་རྒྱས་པ། བདག་དོན་ལ་ཚེ་གཅིག་ལ་མི་གནས་མྱ་ངན་ལས་འདས་པ་ཐོབ་པ། གཞན་དོན་ལ་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་འགོད་ནུས་པ་ལ་སོོགས་པའི་ཡོན་ཏན་ནམ། ཕན་ཡོན་ཆེན་པོ་བཅུ་དྲུག་ལ་སོགས་པ་དུ་མ་ཡོད་དོ། །མདོ་ལས། ཤེས་རབ་ཕ་རོལ་ཏུ་ཕྱིན་འདི་སུ་ཡི་ལག་ཐོགས་པ། །རིང་པོར་མི་ཐོག་མྱུར་དུ་བྱང་ཆུབ་མཆོག་ཐོབ་འགྱུར། །ཞེས་སོ། །

ཟབ་རྒྱས་ཀུན་ཁྱབ་ཀུན་ལ་ཕན་པའི་དམ་ཆོས་འདི། །རྟེན་དང་གྲུབ་མཐའ་ཀུན་མཐུན་སྐྱོན་སྤང་ཁྱད་པར་འཕགས། །ཞེས་པ་ནི། དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི་ཁྱད་འཕགས་དྲུག་དང་ལྡན་ཏེ། རྟེན་གང་གིས་ཀྱང་ཉམས་སུ་ལེན་དུ་བཏུབ་པས་ཁྱད་པར་འཕགས། ཆོས་གང་དང་ཡང་བསྟུན་དུ་བཏུབ་པས་ཁྱད་པར་འཕགས། རྐྱེན་གང་གི་ཐོག་ཏུའང་བཏང་དུ་བཏུབ་པས་ཁྱད་པར་འཕགས། གནས་གང་དུ་ཡང་ཉམས་སུ་བླང་དུ་བཏུབ་པས་ཁྱད་པར་འཕགས། དུས་ནམ་དུ་ཡང་བླང་དུ་བཏུབ་པས་ཁྱད་པར་འཕགས། གྲུབ་རྟགས་ཕྱི་དུས་ལ་མི་རེ་བར་མངོན་སུམ་དུ་འབྱུང་བས་ཁྱད་པར་དུ་འཕགས་པའོ། །དང་པོ་རྟེན་གྱི་གང་ཟག །བཙུན་པ་སྔགས་པ་སྐྱེས་པ་བུད་མེད། མ་ནིང་མཛེ་བོ། ཞ་འཐེང་། འོན་ལོང་། རྒན་པོ་ལྟོང་བཙན་འབུལ་ཕུང་། སྨྱོ་འབོག་ཅན། སྙིང་རླུང་ཅན་ཐམས་ཅད་ཀྱིས་ཉམས་སུ་བླང་དུ་བཏུབ་པའོ། །དཔེར་ན་འཚོ་བའི་ཟས་དང་འདྲ་སྟེ་ཀུན་གྱིས་སྤྱད་དུ་བཏུབ་པའོ། །ཆོས་གང་དང་ཡང་མཐུན་པ་ནི་ཕྱི་སྡེ་སྣོད་གསུམ། ནང་རྒྱུད་སྡེ་བཞི། སྔགས་མཚན་ཉིད་དང་། སྔགས་གསར་རྙིང་གང་དང་ཡང་བསྟུན་དུ་བཏུབ། ཕྱོགས་སུ་མ་ལྷུང་རིས་སུ་མ་ཆད་དོ། །དཔེར་ལམ་པོ་ཆེའི་བཞི་མདོ་དང་འདྲ་སྟེ། རྒྱལ་པོ་ནས་མཛེ་སྤྲང་གི་བར་གྱིས་བགྲོད་དུ་བཏུབ་པའོ། །རྐྱེན་གང་གི་ཐོག་ཏུའང་བཏང་དུ་བཏུབ་བོ་སྟེ་འགལ་རྐྱེན་མཐུན་རྐྱེན། ཆགས་སྡང་ཆོས་བརྒྱད། ན་ཚ་སྡུག་བསྔལ་སྐྱིད་སྡུག་གང་བྱུང་ཡང་བཅད་དུ་བཏུབ་སྟེ། དཔེར་ན་ཁྲི་མགྱོགས་ཀྱི་འཁྲུལ་འཁོར་དང་འདྲ་སྟེ། ཁྲི་མགྱོགས་བཅས་ལེགས་པ་དེ་གཡུལ་འགྱེད་པའི་ཚེ། དཔུང་གི་ཚོགས་ཡན་ལག་བཞི་ཆར་ལ་རྡེག་ཏུ་བཏུབ་པ་བཞིན་ནོ། །གནས་གང་དུ་ཡང་ཉམས་སུ་བླང་དུ་བཏུབ་སྟེ། རི་ཁྲོད། གྲོང་ཡུལ། གནས་གཞི། དགོན་པ། དུར་ཁྲོད། གཉན་ཁྲོད། བྲག་ཕུག །ལུང་སྟོང་། ངམ་ཕུག །གཅོང་རོང་། ནགས་ཁྲོད་ལ་སོགས་པ། དབེན་ཞིང་ཉམས་དགའ་བ་དང་། འཇིགས་ཤིང་སྐྱི་གཡའ་བའི་གནས་ཐམས་ཅད་དུ་ཉམས་སུ་བླང་དུ་བཏུབ་སྟེ། དཔེར་ན་ཤིང་རྟའི་འཁོར་ལོ་བཅས་ལེགས་པ་དང་འདྲ་སྟེ། ཁ་ལོ་གང་བསྒྱུར་བསྒྱུར་དུ་འགྱུར་བ་དང་འདྲའོ། །དུས་ནམ་དུ་ཡང་ཉམས་སུ་བླང་དུ་བཏུབ་སྟེ། སྐྱིད་པ་སྡུག་པ་ཚེ་སྟོད་ཚེ་སྨད་དབྱར་དགུན་སྟོན་དཔྱིད་ཟླ་སྟོད་ཟླ་སྨད། ཉིན་མོ་མཚན་མོ། སྐད་ཅིག་ཐུག་ཕྲད་ཚུན་ཆོད་དུ་ཉམས་སུ་བླང་དུ་བཏུབ་སྟེ། དཔེར་ན་ཀླུས་དངོས་གྲུབ་བྱིན་པའི་ཆུ་མིག་དེ་དུས་ནམ་ཡང་སྐྱེ་འབྲི་དང་རྒྱུན་ཆད་མེད་པ་བཞིན་ནོ། །གྲུབ་རྟགས་ཕྱི་དུས་ལ་མི་རེ་བ་ནི། རྐྱེན་རེ་བྱུང་རེས་ཀྱིས་ཐོག་རྫིས་བྱེད། རོ་སྙོམ་བྱེད་ཅིང་ལམ་དུ་ཁྱེར་ནས་རྐྱེན་ལས་གྲོལ་བ་དང་སྔར་མེད་པའི་ཉམས་རྟོགས་ཁྱད་པར་ཅན་རེ་སྐྱེ་སྟེ། དཔེར་ན་ཁ་ཟས་མི་འདྲ་བ་རེ་ཟོས་ཙ་ན། རོ་མཆོག་མི་འདྲ་བ་རེ་མྱོང་བ་དང་འདྲའོ། །ལེ་ལག་ལས། གཉན་སར་སོང་ལ་རིག་པ་གློད། །རྐྱེན་དང་སྤྲད་ལ་ཉམས་སུ་ལོང་། །གཞན་ལ་འབྲས་བུ་ཕྱི་དུས་འདེབས། །འདི་ནི་མངོན་སུམ་འབྱུང་བ་ཡིན། །ཞེས་སོ། །

གང་ཞིག་ནོར་བུ་རྙེད་ཚེ་གཅེས་པར་འཛིན་པ་ལྟར། །རིན་ཆེན་རིན་ཐང་མེད་པའི་ཆོས་འདི་གུས་པས་ཟུངས། །ཞེས་པ་ནི། ཆོས་འདི་གུས་པ་དང་བཅས་པས་ཞུས་ལ་ལུང་ཐོབ། དཔེ་ཆོད། ཁྲིད་ཚར་བར་བྱ། གང་ཟག་བློ་དམན་པ་དང་སྐལ་མེད་ལོག་ལྟ་ཅན་རྣམས་ལ་བསྟན་པར་མི་བྱ། ཆོས་ལ་ཡངས་པར་བྱེད། དཔེ་ལ་དམ་པར་བྱེད། ཆོས་ལ་མི་མོས་ཤིང་བླ་མ་གསང་བའི་རིགས་ལ་གདམས་པ་མི་སྦྱིན་ནོ། །གཅོད་ཡུལ་གྱི་གདམས་པ་ཐོས་པ་དང་ཁྲིད་བསྐྱངས་པ་དང་དཔེ་ཆ་ཡོད་པ་མང་ནའང་། གཅོད་འདིའི་ལུགས་ཡོད་པ་ཉུང་བས་ཤིན་ཏུ་གསང་བར་བྱའོ། །ཡང་ཚོམས་ལས། དད་ཅན་སྐལ་བ་ལྡན་པ་ལ། །མོས་ཤིང་འདུད་ན་བསྟན་པར་མཛོད། །རྐྱེན་གྱིས་བདས་པའི་གང་ཟག་ལ། །ཞལ་གྱི་གདམས་པ་ནན་ཆེར་ཐོབ། །ནད་སོས་ཅི་འགྱུར་ཆ་མེད་པས། །ཡིག་སྣ་སྦྱིན་པར་མི་བྱ་འོ། །ཞེས་པ་དང་། ཁ་འཐོར་ལས། བཅུད་ལ་མོས་ཤིང་སྣོད་ལ་འཛེམ། །ཡོན་ཏན་འོག་འབྲུ་ཐབས་ཀྱིས་ལེན། །ཁ་གསག་གཡོ་སྒྱུ་འབྲིད་པ་ལ། །བསྟན་པར་མི་བྱ་ཤིན་ཏུ་གསང་། །ཞེས་པ་དང། ལེ་ལག་ལས་ཀྱང་། གཅོད་ཡུལ་འདོད་པ་མང་ལགས་ཀྱང་། །ཚེ་འདིར་གྲགས་པ་འདོད་པ་ལས། །ཉམས་ལེན་བྱེད་པ་ཉུང་བར་གདའ། །དེས་ན་དེ་ལ་སྦྱིན་མི་བྱ། །ཞེས་སོ། །

གཅོད་ཀྱི་གཞུང་མང་ཟབ་རྒྱས་རྒྱ་མཚོ་རྒྱ་ཆེན་ལས། །ཉུང་བསྡུས་ཟབ་དོན་ཐུགས་ཀྱི་སྙིང་པོ་འདི་བཀོད་པས། །འགྲོ་ཀུན་གཅོད་ཡུལ་མཐར་ཕྱིན་གཅོད་དོན་འདི་རྟོགས་ཏེ། །ཆོས་དབྱིངས་རྣམ་དག་ཕ་རོལ་ཕྱིན་ཡུམ་མཆོག་ཐོབ་ཤོག །ཅེས་པ་ནི། གཅོད་གྱི་གཞུང་དང་མན་ངག་ཟབ་ལ་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུའི་ནང་ནས། ཉུང་ལ་འདུས་པ་བདུད་རྩིའི་ཐིགས་པ་ལྟ་བུ་འདི་བཀོད་པའི་དགེ་བ་ནི། ཟབ་པ་ཆོས་ཀྱི་དབྱིངས་དང་རྒྱ་ཆེ་བ་སེམས་ཅན་གྱི་དོན་དུ་བསྔོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། བླ་མ་གྲུབ་ཐོབ་རྣམས་ཀྱི་ཞལ་གདམས། བདུད་ཀྱི་གཅོད་ཡུལ་གྱི་གདམས་ངག །ཟབ་དོན་ཐུགས་ཀྱི་སྙིང་པོ། འཇིག་རྟེན་ན་རྙེད་པར་དཀའ་བ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་རྫོགས་སོ།། །།

དགེའོ། །དགེའོ། །དགེའོ། །ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་མཛད་པའི་གཅོད་ཡུལ། རིག་འཛིན་པདྨ་གླིང་པ་ལས་ཐོབ་པའོ། །ཞེས་སོ།། །།


previousགཅོད་ཀྱི་སྤྱི་ཁྲིད་ཆེན་མོ།next