སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བདུན་པ།
བཀའ་གདམས་ལྷ་བཞི་ལས་སྒྲོལ་མའི་སྒྲུབ་ཐབས།
བཀའ་གདམས་ལྷ་བཞི་ལས་སྒྲོལ་མའི་སྒྲུབ་ཐབས་སོ། །ཨོཾ་སྭཱ་སྟི། འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང༌། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །ཡིད་ལ་བསམ་པའི་དོན་ཀུན་སྩོལ། །སྒྲོལ་མ་དེ་ལ་ཕྱག་འཚལ་བདུད། །བཀའ་
གདམས་ལྷ་བཞིའི་ནང་ཚན་དུ་གྱུར་པ། སྒྲོལ་མའི་སྒྲུབ་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ལྗང་ཁུ། དེའི་འོད་ཀྱིས་ལུས་གང༌། རྣམ་སྨིན་བརྡོས་བཅས་དང་སྡིག་སྒྲིབ་ལྷན་ཅིག་ཏུ་སྦྱངས། རང་ཉིད་སྒྲོལ་མའི་སྐུར་གྱུར་པ་ནི། སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་སྔོན་པོའི་རྩ་བ་བཟུང་བ་སྙན་གྱི་ཐད་ཀར་ཁ་ཕྱེ་བ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པའི་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླའི་གདན་ལ་བཞུགས་པར་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཏཱཾ། དེ་ལས་འོད་ཟེར་འཕྲོས། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཕྱག་དང་མཆོད་པ་ཡིད་ལ་བྱ་ཞིང་ངག་ནས་མི་བརྗོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྷ་སྐུ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་མཉམ་པར་བཞགབཟླས་པ་ནི། ཏཱཾ་གི་མཐར་སྐོར་དུ་ཡི་གེ་བཅུ་པས་བསྐོར་བར་བསྒོམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་དང༌། གཟུངས་སྔགས་ཀྱིས་བསྐོར་བ་གསལ་བཏབ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱཪྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བྷོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྟཾ། པྲ་དུཥྟཾ། མ་མ་ཀྲྀ་ཏེ།
ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྟཾ་སྟཾ་བྷ་ནི་ཏཱ་རེ་སྭཱཧཱ། ཞེས་པའང་ཅི་འགྲུབ་ཏུ་བཟླ། ཐུན་འཇོག་ཁར། ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འདོད་དོན་གསོལ་བ་བཏབ། དགེ་བ་བསྔོ། ཨོཾ་མུཿཞེས་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །ཡང་ཕྱག་འཚལ་ཉེར་གཅིག་འདོན་ན། དམ་ཚིག་པ་གོང་ལྟར་བསྐྱེད་པའི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་ལྷ་མོ་མདུན་དུ་སྤྱན་དྲངས་ཕྱག་མཆོད་འབུལ། སྐྱབས་སྦྱིན་གྱི་འོག་ཏུ་བདག་དང་བསྲུང་བྱ་རྣམས་ཚུད་པར་བྱས་ལ། ཕྱག་འཚལ་ཞེས་པའི་སྐབས་སུ་ཡིད་ཀྱིས་ཕྱག་འཚལ་བར་མོས། བསྟོད་པ་གང་ནུས་འདོན། རྗེས་གོང་དང་འདྲའོ། །འདིའི་བཟླས་ལུང་བྱེད་ཐབས་ནི། སྒྲོལ་མའི་སྐུ་གཟུགས་བྲིས་འབུར་གང་རུང་ཞིག་གི་མདུན་དུ་མཎྜལ་མེ་ཏོག་གི་ཚོམ་བུ་བཀོད། མཆོད་པ་རྒྱ་ཆེར་བཤམས། ཆོས་སྐྱོང་དང་ཆ་གསུམ་སོགས་འཇིག་རྟེན་པའི་གཏོར་མའང་ཅི་རིགས་སུ་བཤམ་མོ། །མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱས་ཀྱང་རུང༌། སྐད་ཅིག་གིས་ཨོཾ་ལས་བྱུང་བའི་མཆོད་པར་མོས་པ་ཙམ་བྱས་ནས། མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པ་ཙམ་གྱིས་ཆོག །སྟོང་པར་སྦྱངས་པ་ནས། བཟླས་པ་གྲུབ་ཀྱི་བར་བྱ། མདུན་བསྐྱེད་ཀྱང་བདག་བསྐྱེད་འདོན་པ་སྤོས་པས་ཆོགཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཕྱག་འཚལ་ཉེར་གཅིག་སོགས་བསྟོད་པ་གང་ཤེས་ཀྱིས་བསྟོད། གསོལ་བཏབ་ཅི་ཤེས་ཀྱིས་གསོལ་བ་བཏབ། སློབ་མས་མཎྜལ་ཕུལ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱ། འགྲུབ་ན་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པར་
འབོགས། མ་འགྲུབ་ན་སངས་རྒྱས་ཆོས་དང་མ་ལན་གསུམ་བྱ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཞེས་སོགས་ཐུན་མོང་མ་ཡིན་པའི་རྒྱུན་བཤགས་ལན་གསུམ་བྱ། མངོན་རྟོགས་བཞིན་སྒོམ་ལུང་ཕོགསྔགས་ཀྱིས་བཟླས་ལུང་ཙམ་སྦྱིན་པ་ཉིད་ཀྱིས་འགྲུབ་པར་ཡིན་ནོ། །འདི་ནི་བཟླས་ལུང་ལ་བརྟེན་པའི་སྒྲུབ་ཐབས་ཞེས་གསུང་ངོ༌། །སྔོན་དུས་ཀུན༵་ནས་ཆེས་དར་ཡང༌། །དེང་སང་ཕལ་ཆེར་ནུབ་པ་དང༌། །གཞན་གྱི་རིགས་འགྲེས་སླད་མཐོང་ནས། །དག༵འ་བས་སྙིང༵་པོ༵ར་སྒྲིལ་འདིའོ། །བཀའ་གདམས་ལྷ་བཞི་ལས་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། མངྒལཾ། །
སྒྲོལ་མ་སྔོ་ལྗང་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཕོངས་སྐྱོབ་འཕགས་མ་སྒྲོལ་མ་ལ། །གུས་པས་བཏུད་ནས་དེའི་སྒྲུབ་ཐབས། །ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱི། །གཞུང་བཞིན་མདོར་བསྡུས་བྲི་བར་བྱ། །འདི་ལ་པཎ་ཆེན་ཤྲཱིའི་གསུང་རྒྱུན་གྱི་མན་ངག་ཁྲོ་ཕུ་བས་མཛད་པ་དང༌། ས་སྐྱ་པཎྜི་ཏས་མཛད་པོ་གུང་སྤྲོས་པའི་སྙིང་པོ་ནི། སྐྱབས་སེམས་སྔོན་དུ་བཏང༌། རང་གི་སྙིང་གར་ཟླ་བ་ལ་ཏཱཾ། དེའི་འོད་ཀྱིས་འཕགས་མ་སྒྲོལ་མ་ལ། མཆོད་འོས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ འཕགས་མའི་དབུ་གཙུགས་ཏུ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་དུ་བཞུགས་པར་གྱུར། ཡིད་ཀྱིས་མཆོད་པ་དཔག་ཏུ་ མེད་པ་སྤྲུལ། དངོས་སུ་ཉེར་སྤྱོད་ལྔས་མཆོད། དཀོན་མཆོག་གསུམ་ལ་བདག ་སྐྱབས་མཆི། །སོགས་ལན་གསུམ། ཚད་མེད་བཞི་སྤྱི་དང་མཐུན། སྭ་བྷཱ་ཝས་སྔགས་འདོན་དང༌། ཤཱུ་ནྱ་ཏའི་སྔགས་འདོན་བསམ། པད་ཟླ་ལ་རང་སེམས་ཏཱཾ་ལས་ཨུཏྤལ་ཏཾ་གིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས།
འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་སྒྲོལ་མ་སྐུ་མདོག་ལྗང་ཁུ། མཆོག་སྦྱིན། ཨུཏྤལ་ཅན། གཡས་བརྐྱང་བའི་ཕྱེད་ཀྲུང་གིས་བཞུགས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཏཱཾ། དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་སྤྱི་དང་འདྲ་སྟེ། དོན་ཡོད་གྲུབ་པས་དབུ་བརྒྱན། ཡེ་ཤེས་སེམས་དཔའ་ནམ་མཁར་བཞུགས་པ་ལ། མཆོད་བསྟོད་མ་བྱས་ན། སྐབས་འདིར་མཆོད་བསྟོད་བྱ། སྙིང་གའི་ཏཱཾ་གི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་རྗེ་བཙུན་མའི་རྣམ་པར་བསྒྱུར། འོད་ཟེར་སྤྲོ་བསྡུ་དང་སྣང་སྟོང་སྒྱུ་མ་ལྟ་བུ་ལ་མཉམ་པར་བཞགཡི་གེ་བཅུ་པ་དོ་ལིའི་བཟླས་པས་བྱའོ། །ཐུན་འཇོག་པ་ན་མཆོད་བསྟོད་ཀྱི་མཐར། བཛྲ་མུཿ ཞེས་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས། དགེ་བ་བསྔོ་ཞིང་དམ་ཚིག་པའི་ང་རྒྱལ་གྱིས་ཐུན་མཚམས་ལ་འཇུག་གོ །འདིའི་རྗེས་གནང་ནི། ཕལ་ཆེར་སྤྱི་དང་འདྲ་བ་ལས། བུམ་པ་ཞིག་བཅའ། མདུན་བསྐྱེད་ཀྱི་མཐར། བུམ་པ་བསངས་སྦྱངས། བདུད་རྩིའི་རྒྱ་མཚོར་གྱུར་པའི་དབུས་སུ་སྒྲོལ་མ་བདག་བསྐྱེད་ལྟར་བསྐྱེད། གཟུངས་ཐག་བཏགས་ཏེ་སྔགས་བཟླས་པས། སྐུ་ལས་བདུད་རྩི་དང་སྔགས་ཀྱི་ཡིག་འབྲུའི་ཚོགས་བྱུང༌། བདུད་རྩིའི་རྒྱ་མཚོ་དང་གཅིག་ཏུ་འདྲེས་པར་གྱུར་པར་བསམ། འཇུག་ཏུ་མཆོད་བསྟོད། མཆོད་ཡོན་ཕུལ་བས། སྒྲོལ་མ་སྔགས་ཀྱི་ཡིག་འབྲུ་དང་བཅས་པ་འོད་དུ་ཞུ། དག་པ་ཡེ་ཤེས་ཀྱི་ཆུར་གྱུར་པར་བསམ། དེ་ནས་སློབ་མའི་བྱ་བ་ནི། རྡོ་རྗེ་
འཛིན་པ་སོགས་ཀྱིས་གསོལ་བཏབ་དང༌། འགྲོ་རྣམས་བསྒྲལ་འདོད་སོགས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་བྱ། སྐུའི་རྗེས་གནང་གི་གཞུག་ཏུ། བུམ་པའི་ཆུས་དབང་བསྐུར་དམིགས་པ་མངོན་རྟོགས་བཞིན་འབོགས། ཐུགས་ཀྱི་རྗེས་གནང་གི་ཕྱག་མཚན་བསྟིམ་པའི་རྗེས་ལ། མངོན་རྟོགས་ལྟར་གཞན་དོན་སྣོད་བཅུད་སྦྱངས་པ་དང༌། འོད་ཟེར་སྤྲོ་བསྡུ་དང༌། སྣང་སྟོང་སྒྱུ་མ་ལྟ་བུ་ལ་མཉམ་པར་འཇོག་ཏུ་གཞུག་གོ །སྒྲོལ་མ་ཀུན༵་ཏུ་ཞལ་གཟིགས་པ། །ཤཱཀྱ་ཤྲཱིའི་མན་ངག་ནི། །མཆོག་ཏུ་དག༵འ་བ་ལུགས་གཉིས་ཀྱི། །སྙིང༵་པོ༵་བསྡུས་པ་འདི་ལྟར་ལགས། །སྒྲོལ་མ་སྔོ་ལྗང་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
སྒྲོལ་དཀར་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཆི་མེད་རྡོ་རྗེ་སེམས་དཔའི་ཚེ། །གང་ལ་བརྟེན་ནས་མྱུར་འགྲུབ་པ། །སྒྲོལ་མ་དཀར་མོ་ལ་བཏུད་དེ། །སྒྲུབ་ཐབས་མདོར་བསྡུས་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་འོ་མའི་རྒྱ་མཚོའི་དབུས་སུ་པཾ་ལས་པདྨའི་སྡོང་པོ། དབུས་སུ་པད་དཀར་འདབ་བརྒྱད་རབ་ཏུ་རྒྱས་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ལས་རང་ཉིད་འཕགས་མ་སྒྲོལ་མ་དཀར་མོ། འོད་དཔག་མེད་ཀྱི་དབུ་བརྒྱན་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་མཆོག་སྦྱིན། གཡོན་ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་ཞིང༌། སྙན་གྱི་ཐད་ཀར་ཁ་བྱེ་བ། བཅུ་དྲུག་ལོན་པའི་ན་ཚོད་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་སྐུ་ཅན་དུ་གྱུར། འདབ་མ་བརྒྱད་ལ་ལུས་དང་གྲིབ་མའི་
ཚུལ་དུ་རང་དང་འདྲ་བའི་སྒྲོལ་མ་དཀར་མོ་བརྒྱད་ཞལ་ནང་དུ་བསྟན་པ། འཁོར་གྱི་ཚུལ་ཅན། རང་གི་ཐུགས་ཀར་ཨ་ལས་ཟླ་བ་ལ་ཏཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བར་བསམས་ལ། ཨོཾ་ཨ་མ་ར་ཎི་ཛི་ཝནྟཱ་ཡེ་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླ། འཁོར་ཐམས་ཅད་ཀྱི་སྔགས་ཀྱང་བཟློས་པར་བསམ། བཅོམ་ལྡན་འདས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེའི་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། མི་དམིགས་པའི་ངང་ནས་དགེ་བ་བསྔོ། འདིའི་རྗེས་གནང་གི་ཆོ་ག་ནི། ཁ་ཆེ་པཎ་ཆེན་ཉིད་ཀྱི་ལུགས་སྒྲོལ་མ་ལྗང་ཁུའི་རྗེས་གནང་ཉིད་འདོད་པ་སྤོས་པས་ཆོག་གོ། །ཀུན༵་དང་ཐུན་མོང་མ་ཡིན་པ། །པཎ་ཆེན་བཞེད་ཚུལ་དག༵འ་བའི་ཏོག །སྒྲུབ་ཐབས་སྙིང༵་པོ༵་མདོར་བསྡུས་འདི། ཚེ་སྒྲུབ་ཟབ་པའི་མཐར་ཐུག་ལགས། །སྒྲོལ་དཀར་ཁ་ཆེ་པཎ་ཆེན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།མངྒལཾ། །
སྒྲོལ་མ་ཉི་ཞི་མཚན་ཁྲོའི་སྒྲུབ་ཐབས།
འཕགས་པ་སྤྱན་རས་གཟིགས་དབང་དང༌། །སྒྲོལ་མ་ཞི་ཁྲོ་ལ་བཏུད་ནས། །ཉིན་ཞི་མཚན་ཁྲོ་སྒྲུབ་པའི་ཐབས། །ལག་ལེན་ངག་འདོན་གསལ་བོར་བཀོད། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་མདུན་དུ་སྡོང་པོ་དང་བཅས་པའི་པད་གདན་དང༌། ཟླ་བ་ལ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཕྱག་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། པདྨ་ཐུགས་ཀར་ཁ་ཕྱེ་བའི་སྟེང་དུ་ཏཱཾ་ལས་རྗེ་བཙུན་མ་སྒྲོལ་མ་
ཞི་བ། རང་ཉིད་ལ་དགྱེས་པའི་སྤྱན་གྱིས་གཟིགས་པ། པུཥྤེ་ནས། ནཻ་ཝི་ཏེའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་ཚར་གསུམ། ཕྱག་འཚལ་ཉེར་གཅིག་ཚར་གཅིགཡིད་ཀྱིས་གསོལ་བ་དྲག་ཏུ་བཏབ་པས། རྗེ་བཙུན་མ་རང་ཉིད་ལ་ཐིམ། རང་ཉིད་སྒྲོལ་མ་ཞི་བ་ལྗང་སྔོན། གཡས་མཆོག་སྦྱིན་གཡོན་ཨུཏྤལ་སྔོན་པོ་འཛིན་པ། ཞབས་གཡས་བརྐྱང་གི་རོལ་པས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། དབུ་སྐྲ་ཕྱེད་གཡོན་པར་བཅིངས་ཤིང་གཡས་ཅུང་ཟད་འཕྱང་བ། སྤྱི་བོ་ན་ཟླ་བ་ཚེས་པའི་སྟེང་དུ་འོད་དཔག་མེད་ཀྱིས་མཚན་པའོ། །བསྟོད་པ་ཚར་གཉིས་བཏོན་ཏེ། རང་ཉིད་ལྷར་གསལ་དྲག་ཏུ་བཏབ། བསྟོད་སྒྲུབ་ཏུ་བྱེད་ན། ལྷ་ལ་དམིགས་ནས་སླར་ཚར་ལྔ་བཏོན་པས་མདུན་དུ་འགྱུར་ལ། དེ་ཉིད་ཐུན་བཞི་ལ་སོགས་པར་སྒོམ་པ་ནི་མ་མཐའ་ཡིན་ལ། བསྟོད་པ་ཇི་ཙམ་མང་བ་དེ་བཟང་བ་ཡིན་ནོ། །བཟླས་པ་ལ་མོས་ན་མན་ངག་ལྟར་དམིགས་པ་གསལ་བཏབ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་བཟླའོ། །རྗེས་སྤྱན་རས་གཟིགས་ལ་མཆོད་བསྟོད་ཞིག་བྱས་ལ་དགེ་བ་བསྔོ། མཚན་མོ་གཞན་སྔ་མ་དང་འདྲ་བ་ལས། པདྨ་ཐུགས་ཀར་ཁ་ཕྱེ་བའི་སྟེང་དུ། ཧཱུཾ་ལས་རྗེ་བཙུན་མ་སྒྲོལ་མ་ཁྲོ་མོ་ཞེས་པ་དང༌། རྗེ་བཙུན་མ་བདག་ལ་ཐིམ་པས། རང་ཉིད་སྒྲོལ་མ་སྐུ་མདོག་དཀར་མོ་ལྷག་པར་ཁྲོས་པ་སྤྱན་གསུམ་སྐྲ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་ཀྱིས་རྡོ་རྗེ་འཕྱར་ཞིང༌། གཡོན་ས་ལ་བརྡེབ་ཅིང་ཐུགས་ཀར་སྡིགས་མཛུབ་མཛད་པ། སྟག་ལྤགས་ཀྱི་སྟོད་གཡོགས་དང༌། གཟིགས་ལྤགས་ཀྱི་ཤ་འགག་ཅན།
རིན་པོ་ཆེའི་རྒྱན་དང་སྦྲུལ་ལྗང་ཁུའི་སེ་རལ་ཁ་འཕྱང་བ། སྤྱི་བོ་ན་ཟླ་ཚེས་ཀྱི་སྟེང་དུ་འོད་དཔག་མེད་ཀྱིས་མཚན་པ། མེ་དཔུང་འབར་བའི་དབུས་ན་པད་ཉི་ལ། གཡས་བསྐུམ་གཡོན་བརྐྱང་བས་བཞུགས་པའོ། །ཞེས་དང༌། བཟླས་པའི་སྐབས། ཨོཾ་ན་མ་ཏཱ་རེ། ན་མཿཧ་རེ་ཧཱུཾ་ཧ་རེ་སྭཱཧཱ། ཞེས་བཟླ་བ་རྣམས་ཁྱད་པར་རོ། །གཏོར་མ་ཇི་ལྟར་འབྱོར་བ་ཞིག་བསངས་སྦྱངས། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་ཏཱཾ་ལས་སྒྲོལ་མ་ཞི་བ། ཧཱུཾ་ལས་སྒྲོལ་མ་ཁྲོ་མོ་རྣམས་སྐད་ཅིག་ཙམ་གྱིས་གསལ་བཏབ་སྟེ། ཡེ་ཤེས་པ་སྤྱན་དྲངས། ཞི་ཁྲོའི་སྔགས་གཉིས་པོ་སྦྲེལ་བའི་མཐར། ཨ་ཀ་རོ་བཏགས་པ། ལན་བདུན་གྱིས་ཕུལ། མཆོད་བསྟོད། འདོད་དོན་གསོལ་བ་བཏབ་སྟེ་བཛྲ་མུཿ གཤེགས་སུ་གསོལ། འདིའི་རྗེས་གནང་ནི། མཎྜལ་ཚོམ་བུ་གསུམ་མཆོད་གཏོར་དང་བཅས་པ་བཤམ། སློབ་དཔོན་གྱིས་གོང་དུ་བཤད་པ་ལྟར་ཞི་ཁྲོ་གཉིས་ཀར་གྱི་སྒྲུབ་པ་གཏོར་འབུལ་དང་བཅས་པ་བྱ། སློབ་མ་རྗེས་གནང་འབོགས་པའི་ངོ་བོ་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་དང་འདྲ་བ་ལས། ཐོག་མར་སྒྲོལ་མ་ཞི་བའི་མངོན་རྟོགས་གོང་ལྟར་ཕོགདེ་ནས་སྒྲོལ་མ་ཁྲོ་མོའི་མངོན་རྟོགས་ཕོགདེ་བཞིན་དུ་རྗེས་སུ་བཟླས་བའི་ལུང་གཉིས་རིམ་པས་ཕོགདམ་བཅའ་བའི་ལུང་མན་ཆད་གཅིག་གིས་ཆོག་པར་བྱའོ། །ཆོས་སྐོར་ཀུན༵་ལ་ཆེས་བསྡུས་ཤིང༌། །མ་ཚང་ མེད་པ་ཡིད་དག༵འི་གནས། །བདག ་སྙིང༵་ཡ་མཚན་ཆེར་སྐྱེས་ཏེ། །གསལ་པོ༵ར་བསྐྱིགས་པ་ཨེ་མ་ཧོ། །སྒྲོལ་མ་ཉི་ཞི་མཚན་ཁྲོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
ཨུ་རྒྱན་སྒྲོལ་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། སྲིད་གསུམ་སྡུག་བསྔལ་ཞི་མཛད་ཅིང༌། །ཞིང་གི་དབང་ཕྱུག་དཔའ་མོའི་ཚུལ། །སྒྲོལ་མ་ལ་འདུད་དེའི་སྒྲུབ་ཐབས། །ཨོ་རྒྱན་ལས་བྱུང་རིམ་པ་བཤད། །འདི་ལ་སྔོན་འགྲོ་རྒྱས་པར་བསྒོམ་ན། ཚོགས་བསོག་རྣམ་གཉིས་སྤྱི་དང་མཐུན་པར་བྱ། བསྡུ་ན་སྐྱབས་སེམས་སྔོན་དུ་སོང་སྟེ། ཤཱུ་ནྱ་ཏས་སྟོང་བར་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་བསྲུང་བའི་འཁོར་ལོ། དེའི་ནང་དུ་ཨེ་ལས་ཆོས་འབྱུང་གི་དབུས་སུ་པཾ་ལས་པདྨ་དམར་པོའི་ལྟེ་བར་རཾ་ལས་ཉི་མ། དེའི་སྟེང་དུ་ཏཱཾ་ལས་ཨུཏྤལ་དམར་པོ་ཏཱཾ་གིས་མཚན་པའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་དམར་མོ་ཞལ་བཞི་ཕྱག་བརྒྱད་མ། རྩ་བའི་ཞལ་དམར་བ། གཡས་ནག་གཡོན་ལྗང༌། སྟེང་ཞལ་སེར་བ། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་པ་རྣམས་ཀྱིས་ཅང་ཏེ། ཐོད་ཁྲགརལ་གྲི། རྡོ་རྗེ། གཡོན་རྣམས་ཀྱིས་ཨུཏྤ་ལ། ནོར་བུ། ཁ་ཊྭཱཾ་གདྲིལ་བུ་བསྣམས་པ། ཞབས་གཡོན་བརྐྱང་བའི་གར་སྟབས་ཅན། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། ཕྱག་རྒྱ་ལྔ་རྣམས་ཀྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྒེག་ཅིང་ཁྲོ་ལ་སྐྲ་སེར་གྱེན་དུ་བརྫེས་པ། མེ་དཔུང་གི་དབུས་ན་བཞུགས་པའོ། །སྤྱི་བོར་བྷྲུཾ་དཀར་པོ། མགྲིན་པར་ཧྲཱིཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ། ལྟེ་བར་ཨ་སེར་པོ།བརླ་གཉིས་ལ་ཁཾ་ལྗང་ཁུ། སྙིང་གའི་འོད་ཟེར་གྱིས་ཨུ་རྒྱན་གྱི་གནས་ནས། རྗེ་བཙུན་མ་འཁོར་དང་བཅས་
པ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ནཻ་ཝེ་ཏའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རིགས་ལྔ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲ་ཨུ་ད་ཀཿཨ་བྷི་ཥིཉྩ་ཧཱུཾ། པུ་ར་ཏ་སྟྭཾ། ཞེས་གསུང་ཞིང་དབང་བསྐུར། ནང་གི་དབང་བཞི་ཐོབ། རྒྱལ་བ་རིགས་ལྔས་དབུ་བརྒྱན། ཨོཾ་བཛྲ་དྷ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུཾ༌། ཨོཾ་སཏྭ་བཛྲ་ཨ་བྷི་ཥིཉྩ་བྷྲུཾ། ཨོཾ་རཏྣ་བཛྲ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་དྷརྨ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿ ཨོཾ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨ། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ་ཅེས་ཅི་འགྲུབ་བཟླ། ཐུན་འཇུག་ཏུ་ལྷ་སྐུ་འོད་གསལ་དུ་བཅུག་སྟེ་དགེ་བ་བསྔོ། གཏོར་མ་འབུལ་བ་ནི། གཏོར་མ་བདེ་མཆོག་ལྟར་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཨུ་རྒྱན་གྱིས་གནས་ནས། རྗེ་བཙུན་མ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ད་ཧ་ད་ཧ་པ་ཙ་པ་ཙ་མ་ཐ་མ་ཐ་སརྦ་དུཥྟཾ་ཨི་མཾ་བཱ་ལིང་གྲྀཧྞ་གྲྀཧྞ་མ་མ་སརྦ་ཀརྻན་སཱདྷ་ཡ་སཱདྷ་ཡ་ཧཱུཾ་ཕཊ། ཞེས་ལན་བདུན་གྱིས་འབུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨོ་ཌི་ཡ་ཎར་རྣམ་འཕྲུལ་ཞིང་། །རབ་འཕྲུལ་གཞན་དུའང་ཀུན་འཕྲུལ་ལ། །གནས་རྣམས་ཀུན་ལ་དབང་མཛད་མ། །གནས་ཀྱི་དབང་ཕྱུག་མ་ལ་འདུད། །སྐུ་ལས་རྒྱལ་བའི་སྤྲུལ་པ་འཕྲོ། །གསུང་གི་རིག་སྔགས་འབྲུག་ལྟར་སྒྲོག །ཀུན་ཏུ་ཁྱབ་པའི་ཐུགས་མངའ་བ། །སྣ་ཚོགས་དབང་ཕྱུག་མ་ལ་
འདུད། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །དོན་ཀུན་ཡིད་བཞིན་འགྲུབ་པ་དང༌། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀུན། །བདག་ལ་ཉེ་བར་སྩལ་དུ་གསོལ། །ཡིག་བརྒྱ་བཟླ། བཟོད་པར་གསོལ། བཛྲ་མུཿགཤེགས་སུ་གསོལ། འདིའི་རྒྱ་གཞུང་རྣམས་ན། ཕྱི་དཀྱིལ་དང༌། ལུས་དཀྱིལ་གྱི་དབང་ཆོག་སོགས་སྣ་ཚོགས་པ་ཡོད་ཀྱང༌། ད་ལྟར་བཀའ་མི་བཞུགས་སོ། །དཔའ་མོ་གཅིག་པ་འདི་ལ་བརྡའི་དབང་གི་བྱིན་རླབས་ཙམ་ཡིན་ཏེ། དེ་ཡང་མཎྜལ་ཚོམ་བུ་དང་བཅས་པ། མཆོད་གཏོར་ནང་མཆོད་སོགས་བཤམ། བུམ་པ། ཐོད་ཆང༌། ཆོས་འབྱུང༌། མེ་ལོང་སྟེ་རྫས་བཞི་པོ་དེ་སྟེགས་བུ་གཞན་ཞིག་ལ་བཀོད། བདག་བསྐྱེད་བཟླས་པའི་བར་སོང་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཞེས་པ་ནས། ཨ་བྷི་ཥིཉྩ་ཨཱཿ གོང་བཞིན་མཆོད་བསྟོད་བྱ། བཟླས་པ་ཅི་གྲུབ་ཞིག་བྱས་ནས། གཏོར་མ་འབུལ་ཚུལ་ཡང་གོང་བཞིན་རྫས་བཞི་པོ་དེ་ལ་གཟུངས་ཐག་བཏགས་ནས། བུམ་པ་ལ་དམིགས་ནས་སྙིང་པོ་བརྒྱ་རྩ། གཞན་གསུམ་ལ་དམིགས་ནས་འབྲུ་གསུམ་བརྒྱ་རྩ་རེ་རེ་བཟླ། དམིགས་པ་ཅང་མི་དགོས། དེ་ནས་བུམ་པ་སོགས་རྫས་བཞི་པོ་དེ་ལ་དར་རམ་རས་དམར་པོ་བཀབ་བོ། །སློབ་མའི་བྱ་བ་ནི། འདི་ལ་རྗེས་གནང་གི་ཐ་སྙད་ནི་མི་མཛད་ནའང༌། གསོལ་བཏབ་ཡན་ལག་བདུན་པ་རིགས་ལྔའི་སྡོམ་བཟུང༌། སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང་རྣམས་རྗེས་གནང་དཀྱུས་དང་འདྲ་བ་ཞིག་བྱ། དེ་ནས་མཎྜལ་ཕུལ་ལ་རྫས་བཞི་པོའི་ཁེབས་བསལ་ཏེ། མངོན་རྟོགས་ཀྱི་དབང་བསྐུར་གྱི་དམིགས་པ་དེ་ཕོག་ལ། བུམ་པ་སྤྱི་བོར་བཞག་ཅིང༌། ཁྲུས་ཀྱང་བྱར་
བཅུག བུམ་དབང་ངོ༌། །ནང་མཆོད་སྦྱིན། གསང་དབང་གི་བརྡའོ། །ཆོས་འབྱུང་བསྟན། ཤེར་དབང་གི་བརྡའོ། །མེ་ལོང་བསྟན་ཏེ། དབང་བཞི་པའི་བརྡའོ། །ལྷག་མ་རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །ཀུན༵་ལས་ཁྱད་འཕགས་སྒྲུབ་ཐབས་འདི། །རབ་དག༵འི་ཞིང་མཆོག་ཨུ་རྒྱན་ནས། །བྱུང་ཞིང་མཚན་ཡང་དེ་ལྟར་གྲགས། །སྙིང༵་པོ༵འི་སྒྲུབ་ཐབས་མདོ་ཙམ་སྤེལ། །ཨུ་རྒྱན་སྒྲོལ་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །སྒྲོལ་མ། མཁའ་འགྲོ་མ་རྡོ་རྗེ་ལྡན་མ། གྲུབ་ཐོབ་པ་ར་ཧེ་ཏ། བིན་ཏེ་བྷ་ཏྲ། སཾ་གྷ་མ་ཤྲཱི། སྒེག་པ་རྡོ་རྗེ། ཤཱཀྱ་རྡོ་རྗེ། མངོན་པ་དབང་ཕྱུགབརྩོན་འགྲུས། འཕགས་པ། །
སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། གསེར་མདོག་གསེར་གྱི་འོད་འཕྲོ་བ། །ནོར་སྦྱིན་ནོར་གྱི་དབང་མོའི་ཚུལ། །སྒྲོལ་མཛད་འཕགས་མ་སྒྲོལ་མ་ལ། །བདག་ཅག་བདག་དོན་མིན་པར་འདུད། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་སྒྲོལ་མར་གསལ་བའི་སྙིང་གར་ཏཱཾ། དེའི་འོད་ཀྱིས་རྗེ་བཙུན་མ་འཁོར་བཅས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་དང༌། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། སྭ་བྷཱ་ཝ་བརྗོད་པས་དེ་ཐམས་ཅད་རང་བཞིན་མེད་པར་བསྒོམ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྲིཾ་ལས་དཔག་བསམ་ཤིང་གི་ཡལ་ག་བྲིཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་སྒྲོལ་མ་ཡིད་བཞིན་ནོར་བུ་སྐུ་མདོག་སེར་མོ་ལང་ཚོ་
ལ་བབ་པ། གཡོན་ངོས་སུ་བརྟེན་པའི་དཔག་བསམ་ཤིང་གི་ཡལ་ག་ལས་ཕྱག་གཡོན་པས་ཡིད་བཞིན་ནོར་བུའི་འབྲས་བུ་འཐོག་པར་མཛད་ཅིང༌། གཡས་པས་སེམས་ཅན་ལ་སྦྱིན་པའི་ཚུལ་གྱིས་བསྣམས་པ། པད་ཟླའི་གདན་ལ་སྒེག་པའི་སྟབས་ཀྱིས་བཞེངས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙིང་གར་ཟླ་བ་ལ་བྲིཾ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བྲིཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དབང་གི་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུངས་ཤིང༌། དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། རང་མཚུངས་ཀྱི་སྐུ་དཔག་ཏུ་མེད་པར་སྤྲུལ་ནས། སེམས་ཅན་རྣམས་ཀྱི་དབུལ་བའི་སྡུག་བསྔལ་ཞི་བར་བྱས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་བཟླའོ། །འཇུག་ཏུ་དགེ་བ་བསྔོ་ཞིང༌། ཨོཾ་མུཿ ཞེས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། །མཆོད་ཆོག་ནི། མཎྜལ་གྲུ་བཞི་པ་ཚོམ་བུ་ཅན་མཆོད་གཏོར་གཙང་མས་བསྐོར་བ་ཞིག་བཤམ། བསངས་སྦྱངས། སྟོང་པའི་ངང་ལས་མཎྜལ་འབྱུང་བཞིའི་དཀྱིལ་འཁོར་ལ་གནས་པའི་རི་རབ་ལྷུན་པོར་གྱུར། དེའི་སྟེང་དུ་པཾ་ལས་པདྨ་ནས་དབུ་བརྒྱན་ཀྱི་བར་བདག་བསྐྱེད་བཞིན་ལྷ་མོ་བསྐྱེད། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར་ནས་ཕུལ།
སྣ་ཚོགས་ཆུ་སྐྱེས་བསིལ་ཟེར་ཅན་སྟེང་བྲིཾ་ལས་བྱུང་བའི་ལྷ་མོ་ནི། །དཔག་མེད་གཟི་ལྡན་གཞོན་སྒེག་ཉི་མའི་འོད་འདྲ་རྒྱན་རྣམས་ཀྱིས་སྤྲས་པ། །ཉེས་པའི་སྐྱོན་སྤངས་སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་ཞིང་དེའི་རེ་སྐོང་ཕྱིར། །འཕགས་མ་སྒྲོལ་མ་ཡིད་བཞིན་ནོར་བུ་ཞེས་གྲགས་དེ་ཡིས་སྒྲུབ་པོ་བདག་སྐྱོངས་ཤིག །གཞན་ཡང་ཕྱག་འཚལ་ཉེར་གཅིག་སོགས་བསྟོད་པ་ཅི་ཤེས་ཀྱིས་བསྟོད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དྷ་ནཾ་མེ་དེ་ཧི་སྭཱཧཱ། ཞེས་གང་འོས་བཟླ་ཞིང་འདོད་དོན་གསོལ་བ་དྲག་ཏུ་བཏབ། དྷ་ནཾ་གི་གནས་སུ་དམིགས་གསལ་ཡོད་ན་དེའི་མིང་འཇུགགཏོར་མ་བསང་སྦྱངས། སྐད་ཅིག་གིས་པདྨའི་དབྱིབས་ཅན་རིན་པོ་ཆེའི་གཏོར་སྣོད་ཡངས་པར་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འཕགས་མ་འཁོར་འཇིག་རྟེན་སྐྱོང་བ་དཔག་ཏུ་མེད་པ་དང་བཅས་པ་བཛྲ་ས་མཱ་ཛཿ མཆོད་ཡུལ་གྱི་གཙོ་བོ་དང་འཕགས་མ་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿ ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་ཕུལ། གོང་གི་སྔགས་དང་བཅས་པས་འདོད་དོན་གསོལ་བ་བཏབ། དགེ་བའི་རྩ་བ་བསྔོ། ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། བསྙེན་པ་སོང་ནས་གོང་གི་ལས་སྔགས་དང་བཅས་པའི་རྒྱས་པའི་སྦྱིན་བསྲེག་ཀྱང་ཅི་འགྲུབ་བྱའོ། །རྗེས་གནང་བྱེད་པར་འདོད་པས་སྒྲུབ་ཚུལ་ནི། གོང་དུ་བཤད་མ་ཐག་པའི་བདག་མདུན་དེ་ཉིད་ཡིན་ལ། ལས་སྔགས་ཀྱིས་གསོལ་བ་འདེབས་པ་ལན་གཉིས་པོ་དེ་མི་དགོས། རྗེས་གནང་དངོས་གཞི་ནི་སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང༌། ཐུགས་ཕྱག་མཚན་བསྟིམ་པ་རྣམས་ཡིན་ཏེ། རྗེས་གནང་སྤྱི་དང་ཁྱད་པར་མེད་ལ། རྗེས་ཆོག་ཀྱང་སྤྱི་དང་འདྲ་བར་བྱའོ། །མི་ཀུན༵་ནོར་སྒྲུབ་
ལ་དག༵འ་ཡང༌། །ལྷག་པའི་ལྷ་མཆོག་སྒྲུབ་པ་ཉུང༌། །པཎ་ཆེན་རཏྣ་རཀྵི་ཏའི། །འཚོ་བའི་སྙིང༵་པོ༵་ཨེ་མ་ཧོ། སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དེར་རྒྱས་འཕེལ། འདིའི་བརྒྱུད་པ། ཨ་བྷ་ཡཱ་ཀ་ར། སུ་ཙ་རི་ཏ། ཨཱ་ནནྡཱ་ཀ་ར་གུཔྟ། རཏྣ་རཀྵི་ཏ། ཏི་ཀིརྟི་ཤྲཱི་བྷ་དྲ་བོད། །
སྒྲོལ་མ་དམར་མོ་ས་ལུགས་ཀྱི་སྒྲུབ་ཐབས།
ཨོཾསྭཱ་སྟི། རྒྱལ་བ་ཐམས་ཅད་བསྐྱེད་མཛད་ཡུམ། །ལྷ་མོ་སྒྲོལ་མ་ལ་བཏུད་ནས། །དམར་མོ་དབང་བསྡུད་སྒྲུབ་ཐབས་ནི། །ཅུང་ཟད་བདག་གིས་བྲི་བར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་སྟེ། ཤཱུ་ནྱ་ཏས་སྟོང་བར་སྦྱངས། སྟོང་པའི་ངང་ལས་རང་སེམས་ཨ་ལས་ཟླ་བ་དམར་པོའི་སྟེང་དུ་ཏཱཾཾ་ལས་ཨུཏྤལ་ཏཱཾ་གིས་མཚན་པའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་སྒྲོལ་མ་དམར་མོ་བཞད་ཅིང་ཆགས་པའི་ཉམས་ཅན། གཡས་ལྕགས་ཀྱུ་པུས་མོའི་སྟེང་དུ་འཛིན་ཞིང༌། གཡོ་ཨུཏྤལ་དམར་པོའི་སྡོང་བུ་སྙན་གྱི་ཐད་ཀར་ཁ་བྱེ་ཞིང་རྩ་བ་ཞགས་པའི་རྣམ་པ་ཅན་ཐུགས་ཀར་འཛིན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེས་བརྒྱན་པ། སྤྱན་གསུམ་དང་ལྡན་པའོ། །སྙིང་གར་ཟླ་བ་ལ་ཧྲཱིཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན། སྙིང་གར་ཨུཏྤལ་དང་ཟླ་བ་ལ་ས་བོན་སྔགས་
འཕྲེང་དང་བཅས་པ་གསལ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་སཾ་ཏཱ་རེ་ཎཱི་ཧྲིཿསྭཱ་ཧཱ། ཞེས་ཅི་འགྲུབ་བཟླ་ཞིང་འབུམ་ཕྲག་བཅོ་ལྔས་བསྙེན་པའོ། །དེ་ནས་ཨོཾ་ཏཱ་རེ་ཏུཏྟཱ་རེ་སཾ་ཏཱ་རེ་ཎཱི་ཡེ་ཆེ་གེ་མོ་དབང་དུ་བསྡུས་ཤིགརཏྣ་སིདྡྷི་ཝ་ཤཾ་ཀུ་རུ་ཧྲཱིཿསྭཱཧཱ། ཞེས་ལས་སྔགས་འབུམ་ཕྲག་གཅིག་བཟླས་ཏེ། བསྙེན་པ་རྫོགས་པ་ཡིན་ནོ། །ཐུན་མཚམས་སུ་ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་དགེ་བ་བསྔོ། དཀར་གཏོར་དང་མེ་ཏོག་དམར་པོ་ལ་སོགས་པའི་མཆོད་པ་བཤམ། མཆོད་པ་བྱིན་རླབས་སྤྱི་དང་མཐུན། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྒྲོལ་མ་འཁོར་བཅས་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། སྙིང་པོའི་མཐར། ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་འབུལ། ཨརྒྷཾ་ལ་སོགས་པའི་མཆོད། འདོད་ཆགས་རྣམ་དག་ལྷ་མོ་ནི། །དབང་གི་ལྷ་མོ་དཔལ་ཆེན་མོ། །འཇིག་རྟེན་གསུམ་རྣམས་གཡོ་མཛད་མ། །སྒྲོལ་མ་དེ་ལ་གུས་པས་འདུད། །ཅེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། རྣམས་སྤྱི་དང་འདྲ། ཚུལ་དེའི་སྒོ་ནས་བསྙེན་པ་མཐར་ཕྱིན་ན། འཁོར་ལོ་འབའ་ཞིག་ལ་བརྟེན་པ་དང༌། མཆོད་རྟེན་བཅའ་བ་ལ་སོགས་པ་དབང་གི་ལས་ཚོགས་སྒྲུབ་པར་བྱ་སྟེ། དབང་བསྡུད་གཞན་ལས་སྟོབས་ཆེ་ཞིང་བཀྲ་ཤིས་པ་ཡིན་ནོ། །ཡང་ལུགས་གཅིག་ལ་གཏོར་སྔགས་གཉན་སྒྲོལ་གྱི་སྐབས་སུ་འཆད་པར་འགྱུར་བ་དང་འདྲ་བ་ལས། སརྦ་པི་སཾ་རིའི་ཚབ་ཏུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཆེ་གེ་མོ་ཝ་ཤཾ་མ་ན་ཡ་སྭཱཧཱ། ཞེས་
བཏགས་པའི་ལུགས་ཀྱང་ཡོད། ངག་དབང་གྲགས་པའི་མན་ངག་ལ་སྐད་ཅིག་གིས་བསྐྱེད་པ་དང༌། རྡོ་རྗེའི་སྐྱིལ་ཀྲུང་ཕྱག་གཡས་མཆོག་སྦྱིན། གཡོན་མེ་ཏོག་དམར་པོ་འོད་རྣོན་པོ་ཅན་འཛིན་པར་བསྒོམ་པ་ནི་ཁྱད་པར་རོ། །འདི་རྡོ་རྗེ་གདན་པ་བསོད་ནམས་འབྱུང་གནས་དང༌། ངག་དབང་གྲགས་པའི་མན་ངག་གུང་སྤྲོས་པ། གཉན་ལོཙྪ་བའི་གདམས་པའོ། །འདིའི་རྗེས་གནང་ནི། རྗེས་གནང་གི་བྱ་བ་སྤྱི་དང་མཚུངས་ཤིང༌། ཁྱད་པར་རྗེ་གནང་གི་གཞི་འགོད་པ་དང༌། ལུང་གསུམ་སྦྱིན་པ་སྒྲུབ་ཐབས་བརྒྱ་རྩའི་ཆོ་ག་ཇི་ལྟ་བ་བཞིན་ཡིན་ལ། སྙིང་པོ་དང་ལས་སྔགས་གཉིས་ཀར་ལ་བཟླས་ལུང་བྱེད། ཐུགས་ཀྱི་རྗེས་གནང་མི་དགོས་སོ། །རྒྱུད་ཀུན༵་ལས་ནི་དབང་བསྡུད་ལྷ། །སྒྲོལ་མ་ཁོ་ན་དག༵འ་བར་བསྔགས། །རྒྱུད་ལས་འབྱུང་བའི་སྙིང༵་པོ༵་ལས། །བསྙེན་པའི་ཆོ་ག་དེ་ཙམ་ལགས། །སྒྲོལ་མ་དམར་མོ་ས་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་སྒྲོལ་མ་སེར་མོ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། རྗེ་བཙུན་སྒྲོལ་མ་སྒྲུབ་པའི་ཐབས། ཁྱད་འཕགས་ཤིན་ཏུ་རྙེད་དཀའ་བ། །ནོར་སྦྱིན་མ་ཡི་རིམ་པ་ནི། །མདོར་བསྡུས་བདག་གིས་བཤད་པ་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་བར་སྦྱངས། བསྲུང་འཁོར་གཞལ་ཡས་ཁང་དང་བཅས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཏཱཾ། དེའི་འོད་ཀྱི་འཕྲོ་འདུ་ལས་སྒྲོལ་མ་ནོར་སྦྱིན་མ་ལྗང་ཁུ་ཕྱག་གཡས་མཆོག་སྦྱིན་དང་འཕྲེང་བ་ཅན། གཡོན་གཉིས་ཨུཏྤལ་དང༌། པོ་ཏི་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །སྤྱི་བོ་དཔྲལ་བ་སྤྱན་དང་མགྲིན། །དཔུང་པ་སྙིང་ག་
ལྟེ་བ་གསང༌། །པུས་མོ་གཉིས་དང་ཞབས་དག་ལ། །གསང་སྔགས་རྒྱལ་པོ་ཡི་གེ་བཅུའི། །ཡི་གེ་རེ་རེ་བཀོད་པར་བྱ། ཤར་དུ་རྡོ་རྗེ་སྒྲོལ་མ་ནག་མོ། ལྷོ་རུ་རིན་ཆེན་སྒྲོལ་མ་སེར་མོ། །ནུབ་ཏུ་པདྨ་སྒྲོལ་མ་དམར་མོ། བྱང་དུ་སངས་རྒྱས་སྒྲོལ་མ་དཀར་མོ་རྣམས་རིགས་བཞིའི་ཕྱག་མཚན་འཛིན་པ། མེ་སོགས་མཚམས་བཞིར་མེ་ཏོག་སྒྲོལ་མ་དཀར་མོ། བདུག་པ་སྒྲོལ་མ་ནག་མོ། མར་མེ་སྒྲོལ་མ་སེར་མོ། དྲིའི་སྒྲོལ་མ་དམར་མོ། དེ་རྣམས་ཟླ་བ་ལ་གནས་ཤིང༌། ཞི་བའི་ཉམས་ཅན་ནོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ནག་མོ། ལྷོ་སྒོར་ཞགས་པ་མ་སེར་མོ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་དྲིལ་བུ་མ་སེར་མོ། འདི་རྣམས་གཡས་བརྐྱང་གི་ཉི་མ་ལ་གནས་ཤིང་ཁྲོ་མོའི་ཆ་བྱད་རྫོགས་པའོ། །ཡེ་ཤེས་པ་སྤྱན་འདྲེན་དང༌། དབང་བསྐུར་རྒྱས་བཏབ་སྤྱི་དང་འདྲ་བ་ལས། གཙོ་མོ་ལ་དོན་གྲུབ་པས་དབུ་བརྒྱན། འཁོར་རྣམས་ལ་གཙོ་མོ་ཉིད་ཀྱི་ངོ་བོར་གྱུར་པ་རིན་པོ་ཆེ་རེ་རེས་དབུ་བརྒྱན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ད་ནཾ་མེ་ད་ད་སྭཱཧཱ། ཞེས་ཅི་འགྲུབ་བཟླའོ། །སྙིང་གའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གྱུར། དེ་རྣམས་འོད་དུ་ཞུ། དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་རང་གི་སྙིང་གར་བསྡུ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། མཆོད་པ་བྱིན་རླབས་སྤྱི་དང་མཐུན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨུཏྤ་
ལའི་ཕྱག་རྒྱ་བཅས་ཏེ། ཨ་ཀཱ་རོ་ལན་བཅུ་གཅིག་གིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ་སོགས་སྤྱི་དང་མཐུན་པའི་མཐར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མུཿ ཞེས་གཤེགས་སུ་གསོལ། འདིའི་རྗེས་གནང་གི་བྱ་བ་ཡང་ཁ་ཆེ་པཎ་ཆེན་གྱི་ལུགས་ཀྱི་སྒྲོལ་ལྗང་དཀྱུས་མ་ཉིད་ཀྱིས་རིགས་འགྲེའོ། །ཀུན༵་ནས་རྙེད་དཀའ་ཆེས་དཀོན་ པ། །ཕུན་ཚོགས་དག༵འ་སྟོན་དཔག་མེད་ཅིང༌། །ནོར་སྦྱིན་སྒྲོལ་མའི་སྒྲུབ་ཐབས་ཀྱི། །སྙིང༵་པོ༵་འདི་ཙམ་བདག ་གིས་སྤེལ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་སྒྲོལ་མ་ནོར་སྦྱིན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་སྒྲོལ་ ཨོཾ་སྭཱ་སྟི། སངས་རྒྱས་ཀུན་གྱིས་བྱིན་རླབས་པའི། །དཔལ་གྱི་ལྷ་མོ་སྒྲོལ་མ་ལ། །བཏུད་ནས་དེའི་སྒྲུབ་ཐབས་རིམ། །ཤིན་ཏུ་རྙེད་དཀའ་བྲི་བར་བྱ། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་གི་སྙིང་གར་ཟླ་བ་ལ་ཏཱཾ་སེར་པོའི་འོད་ཀྱིས་ཐ་མལ་གྱིས་ལུས་སྦྱངས་ཏེ། སྒྲོལ་མ་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་སྒྲོལ་མ་སེར་མོ། གཡས་མཆོག་སྦྱིན་དང༌། གཡོན་རིན་པོ་ཆེས་མཚན་པའི་ཨུཏྤལ་ལ་སེར་པོ་བསྣམས་པ། པད་ཟླ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་སུ་ཛམྦྷ་ལ་སེར་པོ། གཏེར་གྱི་བུམ་པ་ལ་གནས་པ་བི་ཛ་པུ་ར་ཀ་དང༌། ནེའུ་ལེ་འཛིན་པ། གཡོན་དུ་རྣམ་ཐོས་སྲས་སེར་པོ་སེང་གེ་ལ་ཆིབས་པ། ནོར་བུས་མཚན་པའི་བེ་ཅོན་དང༌། ནེའུ་ལེ་འཛིན་པ། ཐུགས་ཀར་ཟླ་བ་ལ་ཏཱཾ། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་
མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ་པར་གསོལ་བ་བཏབ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་ཛམྦྷེ་མོ་ཧེ་སྭཱཧཱ། ཞེས་འབུམ་ཕྲག་བཅུ་བཟླའོ། །ཨོཾ་ཛཾ་བྷེ་མོ་ཧེ་བ་སུ་མ་མ་ཀུ་རུ་སྭཱཧཱ། ཞེས་འབུམ་ཕྲག་གཅིག་བཟླས་པའི་བསྙེན་པའོ། །བྲིས་སྐུ་ལ་སྟོད་གཡོགས་སེར་པོ་དང༌། མེ་ཏོག་སེར་པོས་མཆོད། གཏོར་མ་འབུལ་ཚུལ་སྒྲོལ་མ་ནོར་སྦྱིན་དང་འདྲའོ། །འདི་ལ་བཟླས་ལུང་ཕོག་པས་ཆོག །རྗེས་གནང་མི་དགོས་སོ། །ལོངས་སྤྱོད་སྒྲུབ་པའི་གདམས་ངག་ནི། །ཀུན༵་ལས་ཁྱད་འཕགས་བཀྲ་ཤིས་པ། །སྒྲོལ་མའི་སྒྲུབ་ཐབས་རབ་དག༵འ་འདི། །བསྒྲུབས་ན་སྙིང༵་པོ༵འི་དོན་དང་མཇལ། །པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་སྒྲོལ་མ་སེར་མོ་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
རྨི་ལམ་སྒྲོལ་མའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། གང་ཞིག་བསྒྲུབས་བའི་རྨི་ལམ་དུ། །ཞལ་སྟོན་ལུང་སྟོན་ཐོབ་འགྱུར་བའི། །སྒྲུབ་ཐབས་ཟླ་བའི་བཤེས་གཉེན་གྱི། །གཞུང་བཞིན་ཅུང་ཟད་བཤད་པར་བྱ། །སུ་ག་ཏ་ཤྲཱི་ལས་བརྒྱུད་པའི་མན་ངག་འདི་ལ་གཙང་སྦྲ་དང་ལྡན་པས། སྐྱབས་སེམས་ཡན་ལག་བདུན་པ་སྤྱི་དང་མཐུན་པར་བྱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་སརྦ་བིགྷྭཱ་ཏཱ་ཊ་ཧ། སརྦ་པ་པཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་དྲག་ཏུ་བཟླས་པས་བགེགས་བསལ། ནམ་མཁའ་སྔོན་པོའི་དབུས་སུ་པཾ་ལས་པད་དཀར་དང་ཟླ་བ་ལ་ཏཱཾ་ལས་རང་ཉིད་སྒྲོལ་མ་སྐུ་མདོག་དཀར་མོ། ཞག་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤལ་
སྔོན་པོ་འཛིན་པ་ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཅན། དར་མཐིང་ཀའི་སྟོད་གཡོགས་དང༌། མུ་ཏིག་གི་རྒྱན་ཅན་དོན་ཡོད་གྲུབ་པས་དབུ་བརྒྱན་པ། ཁྱད་པར་གཞན་སྒྲོལ་མ་སྤྱི་དང་མཚུངས་པའོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མདུན་དུ་མཎྜལ་མཆོད་པ་དང་བཅས་པ་བཤམས་ལ། མཎྜལ་གྱི་དབུས་སུ་སྒྲོལ་མ་སྐད་ཅིག་གིས་བཞུགས་པར་མོས་ལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་སྭཔྣ་ཏཱ་རེ་སྭཱཧཱ། འབུམ་ཕྲག་ཉི་ཤུ་རྩ་བཞིའི་བསྙེན་པའོ། །ཐུན་འཇོག་ཁར་དགེ་བ་བསྔོ། ལས་སྦྱོར་ནི། གཞོན་ནུ་མའི་སྟོན་མོ་སྔོན་དུ་སོང་ནས། དཀར་གསུམ་མངར་གསུམ་གྱི་ཞལ་ཟས། གུ་གུལ་མར་མེ་རྣམས་མང་དུ་བཤམས་ལ། མཎྜལ་མཆོད་པ་གསོལ་བཏབ་དང་བཅས་པ་རྒྱས་པར་བྱས་ནས། ཨོཾ་སྭཔྣ་ཏཱ་ར། སྭཔྣ་ཨ་ཝ་ལོ་ཀི་ནི། ཏྲཻ་ལོ་ཀྱ་ནི། དརྴ་ནི། ཏྲཻ་ལོ་ཀྱ་གིར་ཛ་ནི། བྷུ་ཏཾ་བྷ་ཝཾ། བྷ་ཝི་ཤཾ ཤུ་བྷ་ཤུ་བྷཾ་ཏཾ་མཾ། ས་དྱ་ཀ་ཏ་ཡ་སྭཱཧཱ། ཞེས་བརྒྱ་རྩ་བཟླས་པས་གསལ་སྣང་སྟོན་པར་འགྱུར་རོ། །འདི་ལ་རྗེས་གནང་སོགས་ནི་མི་དགོས་སྒོམ་ལུང་ཙམ་གྱིས་ཆོག་པ་ཡིན་ནོ། ཁྲོ་ཕུའི་མན་ངག་ཀུན༵་ཏུ་དག༵འ། །རྒྱ་གཞུང་སྙིང༵་པོ༵འི་ཡིད་བརྟན་བཅས། །མངོན་ཤེས་འདོད་པས་འདི་སྒྲུབ་བྱ། །ལྷ་འདྲེ་སྒྲུབ་རྣམས་ཤིན་ཏུ་སྨད། །རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། སྡུག་བསྔལ་ཐམས་ཅད་སྤངས་ནས་ནི། །མྱ་ངན་འདས་པའི་བདེ་སྟེར་མ། །སྒྲོལ་མ་འཁོར་བཅས་ལ་བཏུད་ནས། །ལྷ་ལྔའི་སྒྲུབ་ཐབས་བྲི་བར་བྱ། །འདི་ལ་རྒྱས་པར་ཚོགས་བསོག་སོགས་བཤད་ཀྱང༌། བསྡུ་ན་སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བ་ལ་ཏཱཾ་ཞུ་བ་ལས་ཐིག་ལེ་དཀར་པོ། དེ་ལས་ཨུཏྤལ་ཏཱཾ་གིས་མཚན་པ་འོད་ཀྱི་འཕྲོ་འདུ་ཅན། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྒྲོལ་མ་ལྗང་སྔོན་ཕྱག་གཡས་སྐྱབས་སྦྱིན་དང༌། གཡོན་ཨུཏྤལ་འཛིན་པ། གཡས་བརྐྱང་གི་ཕྱེད་ཀྲུང་གིས་བཞུགས་པ། དེའི་ཤར་དུ་སོ་སོར་འབྲང་མ་དཀར་མོ། ནོར་བུ་དང་བུམ་པས་མཚན་པའི་པད་དཀར་འཛིན་པ། ལྷོར་འོད་ཟེར་ཅན་མ་སེར་མོ་རྡོ་རྗེ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། ནུབ་ཏུ་ཕག་མོ་དམར་མོ་ཕག་གདོང་ཅན། བྱང་དུ་རལ་གཅིག་མ་ནག་མོ་ཤིན་ཏུ་ཁྲོས་པ། དེ་གཉིས་ཀའང་སྟག་ལྤགས་དང་བཅས་ཤིང་གྲི་ཐོད་འཛིན་པ། ཐམས་ཅད་ཀྱང་སྤྱན་གསུམ་མ། སྐྱིལ་ཀྲུང་གིས་བཞུགས་པའོ། །ཙནྡྲ་གོ་མིའི་སྒྲུབ་ཐབས་ལྟར་ན། གཡས་སུ་འོད་ཟེར་ཅན་མ། ཕག་མོ། གཡོན་དུ་ཁྲོ་གཉེར་ཅན་མ། རལ་གཅིག་མ་ལྟ་བུ་དང༌། ནོར་བུ་འཛིན་མ་སེར་མོ་ནོར་བུ་དང༌། པདྨ་བུམ་པས་མཚན་པ་བསྣམས་པའོ། །དང་པོ་གཉིས་ཅུང་ཟད་ཁྲོ། ཐ་མ་ཞི་བའོ། །གང་ལྟར་ཡང་སྙིང་གར་པད་ཟླ་ལ་ཏཱཾ། ཡེ་ཤེས་པ་སྤྱན་འདྲེན་དང་དབང་བསྐུར་རྒྱས་གདབ་སྤྱི་དང་འདྲ་བ་ལས་གཙོ་མོ་ལ་དོན་གྲུབ། འཁོར་རྣམས་ལ་
རིམ་པས་རྣམ་སྣང༌། རིན་འབྱུང༌། སྣང་མཐའ། མི་བསྐྱོད་པ་རྣམས་ཀྱིས་དབུ་བརྒྱན། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མཆོད་བསྟོད་སྒྲོལ་མ་སྤྱི་དང་མཐུན་པར་བྱ། བཟླས་པའི་དམིགས་པ་གསལ་བཏབ་ལ། ཡི་གེ་བཅུ་པ་ཉིད་བཟླ་ཞིང༌། བསྙེན་པ་སོང་ནས་གྲུབ་པའི་ཚེ་ཡི་གེ་བརྒྱད་ལ། མ་མ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་ཞུ་བ་དང༌། མ་མ་པུཥྟིཾ་ཀུ་རུ་བཽ་ཥཊ། ཅེས་རྒྱས་པ་དང༌། ཝ་ཥཊ་ཏྲཻ་ལོ་ཀྱ་ཝ་ཤཾ་ཀུ་རུ་ཝ་ཥཊ། ཅེས་དབང་དང༌། ཧཱུཾ་ཕཊ་ཤཱ་ཏྲུན་མཱ་ར་ཡ་ཕཊ། ཅེས་དྲག་པོ་སྟེ། ཤམ་བུ་དེ་རྣམས་བཏགས་པ་འབུམ་ཕྲག་རེ་རེ་བཟླའོ། །ཐུན་འཇོག་ཁར་འཁོར་རྣམས་རང་གི་སྙིང་གར་བསྡུ། རང་ཉིད་མི་དམིགས་པར་བསམ་སྟེ་དགེ་བ་བསྔོ། འདིར་གཏོར་ཆོག་ནི་གཉན་སྒྲོལ་གྱི་སྐབས་དང་འདྲ་ལ། རྗེས་གནང་ནི་སྒྲུབ་ཐབས་རྒྱ་མཚོ་དང་འདྲའོ། །ཀླུ་སྒྲུབ་ཞལ་ལུང་ཇོ་བོ་ལས། །བརྒྱུད་པར་གྲགས་པ་ཀུན༵་དང་ནི། །གཞུང་[ལོ་ཙ་བ་གཡུ་མཚོ་དངོས་གྲུབ་སོགས། །]གཞན་གཞན་གྱིས་བསྒྱུར་བ་རྣམས། །མཐུན་ཕྱིར་དག༵འ་བས་སྙིང༵་པོ༵ར་དྲིལ། །སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །ཙནྡྲ་གོ་མིས་མཛད་པའོ། །
ཕྱག་བརྒྱད་སྒྲོལ་མའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཕྲིན་ལས་ལྷ་མོ་སྒྲོལ་མ་དང༌། །སྐྱབས་ཀྱི་དམ་པ་རིན་ཆེན་གསུམ། །ཀུན་འདུས་བླ་མ་ལ་བཏུད་ནས། །ཕྱག་བརྒྱད་སྒྲོལ་མའི་སྒྲུབ་ཐབས་བཤད། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ལས་ཨུཏྤ་ལ་ཏཱཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་སྒྲོལ་མ་སྐུ་ལུས་དང་ཞལ་བཞི་ལྗང་བ་ལ་སྤྱན་གསུམ་གསུམ་མངའ་བ།
ཕྱག་དང་པོ་གཉིས་ཨུཏྤ་ལའི་ཕྱག་རྒྱ་ཐུགས་ཀར་འཆང་བ། ལྷག་མ་གཡས་གསུམ། བགྲང་འཕྲེང༌། མདའ། འཁོར་ལོ། གཡོན་གསུམ་རྒྱལ་མཚན། གཞུ། བུམ་པ་འཛིན་པ། གཡས་བརྐྱང་གི་རོལ་པས་བཞུགས་ཤིང་དར་དང་རིན་པོ་ཆེའི་བརྒྱན་པའོ། །དེ་ནས་གནས་གསུམ་བྱིན་རླབས། ཡེ་ཤེས་པ་གཞུག་པ་དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་འདྲ་ཞིང༌། ཨརྒྷཾ་ལ་སོགས་པས་མཆོད། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད། འཇིགས་པ་བརྒྱད་སྐྱོབས་ཀྱི་ལྷ་མོ་སྤྲོས་ནས། སེམས་ཅན་རྣམས་སྐྱོབ་པར་མོས་ཤིང༌། ཡི་གེ་བཅུ་པ་ཅི་ནུས་སུ་བཟླས། རྩ་སྔགས་ཀྱང་ཉེར་གཅིག་རེ་བཟླའོ། །རྗེས་མི་དམིགས་པའི་ངང་ནས་དགེ་བ་བསྔོ། ཐུན་མཚམས་སུ་མཚན་བརྒྱ་དང་ཕྱག་འཚལ་ཉེར་གཅིག་ཅི་ནུས་སུ་འདོན། གཏོར་ཆོག་གཉན་སྒྲོལ་གྱི་སྐབས་དང་འདྲ་ཞིང༌། སློབ་མ་རྗེས་སུ་འཛིན་པའི་ཚུལ་ཡང་བཀའ་གདམས་ལྷ་བཞིའི་སྒྲོལ་མ་དང་འདྲའོ། །ཀླུ་སྒྲུབ་ལུགས་སུ་ཀུན༵་ནས་གྲགས། །སྒྲོལ་མའི་སྒྲུབ་ཐབས་དག༵འ་བདེ་བསྐྱེད། །རྒྱ་བོད་གཞུང་གི་ཡང་སྙིང༵་ཙམ། །གསལ་པོ༵ར་བརྗོད་ལ་ཉེས་པ་ཅི། །ཕྱག་བརྒྱད་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
རྗེ་བཙུན་མ་ཀཱ་པ་ལི་ཏཱ་རའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། དོན་དམ་ཤེས་རབ་ཕ་རོལ་ཕྱིན། །ལྷ་མོའི་ཚུལ་གྱི་སྐུར་བསྟན་ནས། །འགྲོ་བའི་རེ་སྐོང་བར་ཆད་སེལ། །སྒྲོལ་མ་ལ་འདུད་སྒྲུབ་ཐབས་བྲི། །སྐྱབས་སེམས་སྔོན་དུ་བཏང་ནས། རང་གི་སྙིང་གའི་འོད་ཀྱིས་བླ་མ་ཡི་དམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་དང་ཚད་མེད་བཞི་སྤྱི་དང་
མཐུན། སྭ་བྷཱ་ཝས་སྟོང་པར་སྦྱངས། པད་ཟླའི་སྟེང་དུ་རང་སེམས་ཏཱཾ་ཡིག་ལྗང་ཁུའི་འཕྲོ་འདུ་ལས་རང་ཉིད་འཕགས་མ་སྒྲོལ་མ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་འཛུམ་བག་དང་ལྡན་ཞིང༌། སིནྡྷུ་རའི་མདོག་ཅན་གྱི་རས་བཟང་པོས་དབུ་སྐྲ་བཅིངས་པ། གཡས་མཆོག་སྦྱིན་དང༌། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་སྔོན་པོའི་སྡོང་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། མཉམ་པའི་སྟབས་ཀྱིས་བཞེངས་པ། ལྗོན་ཤིང་རབ་ཏུ་རྒྱས་པ་ལ་རྒྱབ་བརྟེན་པའི་རྣམ་པ་ཅན་ནོ། །གནས་གསུམ་བྱིན་རླབས་དབང་བསྐུར་རྒྱས་བཏབ་སོགས་སྤྱི་དང་མཐུན་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན། སྙིང་གར་པད་ཟླ་ལ་ས་བོན་སྔགས་འཕྲེང་དང་བཅས་པ་གསལ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། མཐར་སྣོད་བཅུད་ཐམས་ཅད་རང་ལ་ཐིམ། རང་ཡང་ཏཱཾ་ལ་ཐིམ། དེ་ཡང་མི་དམིགས་པར་བསམ། སླར་ཡང་རང་གི་སྙིང་གའི་འོད་ཀྱིས་མདུན་གྱི་ནམ་མཁའ་རྗེ་བཙུན་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཕྱག་འཚལ་ཉེར་གཅིག་ཅི་ནུས་སུ་འདོན། དཀར་གཏོར་ཞིག་བཤམས་ལ། བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་བཾ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་རླབས། ཡི་གེ་བཅུ་པའི་མཐར་ཨོཾ་ཨཱཿཧཱུཾ་ལན་བདུན་གྱིས་ཕུལ། མཆོད་བསྟོད་བྱས་ལ་གསོལ་བ་དྲག་ཏུ་བཏབ། རྗེ་བཙུན་མ་རང་གི་སྤྱི་བོར་ཐིམ། དགེ་བ་བསྔོ། འདི་ལ་རྗེས་གནང་ མེད། སྒོམ་ལུང་འབོགས་པ་ཙམ་ཡིན་ཏེ། རིགས་བདག ་གི་རྒྱས་འདེབས་ཡན་ཆད་ཀྱི་མངོན་རྟོགས་སྒོམ་དུ་བཅུག་
ལ་ཡི་གེ་བཅུ་པ་བརྒྱ་རྩ་རེའི་རྗེས་བཟློས་བྱེད་དུ་བཅུགདེ་མན་ཆད་ཀྱི་དམིགས་པ་རྣམས་ཚར་གཅིག་བཤད་པས་དོན་འགྲུབ་པ་ཉིད་དོ། །འདི་ཀཱ་པ་ལི་ཏཱ་རའི་སྒྲུབ་ཐབས་ཡིན། ཞལ་བསྒྱུར་ཏཱ་ར་བསྒོམ་པར་འདོད་ན། གཞན་འདྲ་བ་ལས་ཞབས་སེམས་དཔའི་སྐྱིལ་ཀྲུང་མཛད་པ་ནི་ཁྱད་པར་རོ། །ཀུན༵་ལ་མཚན་ཡང་མ་གྲགས་པའི། །སྒྲུབ་ཐབས་དཱ་ན་ཤྲཱི་ལས། །ལེགས་བརྒྱུད་སྟག་ལུག་ཐང་བའི་སྲོལ། །རབ་དག༵འི་སྙིང༵་པོ༵་ངོ་མཚར་རྨད། །རྗེ་བཙུན་མ་ཀཱ་པ་ལི་ཏཱ་རའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
འཕགས་མ་ཙུནྡྷ་ཏཱ་རའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། གང་ཞིག་བསྒོམ་པ་ཙམ་གྱིས་ནི། ཁམས་གསུམ་དབང་དུ་བསྡུད་པ་དང༌། །ནད་རྣམས་མ་ལུས་སེལ་འགྱུར་བ། །སྐུལ་བྱེད་སྒྲོལ་མ་དེ་ལ་འདུད། །སྐྱབས་སེམས་དང་ཚད་མེད་བཞི་སྔོན་དུ་འགྲོ་བས། སེམས་དམིགས་མེད་དུ་མཉམ་པར་བཞགདེ་ནས་སེང་ལྡེང་གི་སྡོང་པོ་ཡལ་ག་ལོ་འདབ་རྒྱས་པའི་རྩ་བར་པད་ཟླ་ལ་ཏཱཾ་ལས་རང་ཉིད་སྒྲོལ་མ་སྐུ་མདོག་དམར་ཞིང་དྭངས་པ། བ་སྤུའི་ཁུང་བུ་རེ་ནས་འོད་ཟེར་དམར་པོའི་དྲ་བ་འགྱེད་པ། དབུ་སྐྲ་གྲོལ་བ་མུ་ཏིག་དམར་པོའི་ཆུན་པོ་བཅིངས་པ། ཕྱག་གཡས་པི་ཙུ་རའི་ཤིང་གི་འབྲས་བུ་ནང་སེར་ལ་ཁ་སྔོ་བ་པུས་མོའི་སྟེང་དུ་འཛིན་ཞིང༌། གཡོན་པོ་ཏིས་མཚན་པའི་ཨུཏྤ་ལ་དམར་པོ་ཐུགས་ཀར་འཛིན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། མུ་ཏིག་གཙོ་བོར་གྱུར་པའི་དར་དང་རིན་པོ་ཆེས་བརྒྱན་པའོ། །ཐུགས་ཀར་པད་ཟླ་ལ་ཏཱཾ་ཡིག་སྔགས་འཕྲེང་དང་བཅས་པ་གསལ་བཏབ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཅི་ནུས་བཟླ།
མཐར་ལྷ་སྐུ་མི་དམིགས་པར་བསམས་ལ་དགེ་བར་བསྔོ། གཏོར་མའི་ཆོ་ག་ནི། ཀཱ་པ་ལི་ཏཱ་ར་དང་འདྲ་བ་ལ། སློབ་མ་རྣམས་ལ་བསྒོམ་ལུང་འབོགས་པའི་ཚུལ་ནི། སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཇི་ལྟར་རིགས་པ་ཞིག་བྱས་ལ། གོང་བཞིན་མངོན་རྟོགས་སྒོམ་དུ་བཅུག་ལ། སྔགས་ཉེར་གཅིག་གི་བཟླས་ལུང་སྦྱིན་པས་འགྲུབ་པ་ཉིད་དོ། །ཀུན༵་ལས་ཉམས་ལེན་ཁྱེར་བདེ་བ། །རབ་ཏུ་ཟབ་པ་ཡིད་དག༵འི་གནས། །རྩེ་གཅིག་བསྒོམས་ན་དངོས་གྲུབ་ཀྱི། །སྙིང༵་པོ༵་ལེན་པ་ཤིན་ཏུ་བླ། །འཕགས་མ་ཙུནྡྷ་ཏཱ་རའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བདུན་པའོ།། །།གཅིག་ཞུས། དར་རྒྱས་འཕེལ། དགེའོ། །