Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  collapse section
   
   
   
   
   
   
   
   
   
   
   
   
   
སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བཤད་པ།
   
   
  expand section
  expand section
  expand section
  expand section


 
previousསྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བཤད་པ།next

སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བཤད་པ།


GLG013_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བཤད་པ། གསུམ་པ་སྐུ་གསུམ་འགྲུབ་བྱེད་ཀྱི་ལམ་ཁྱད་པར་ཅན་བཤད་པ་ལ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང་། ལོངས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ་དང་། སྤྲུལ་སྐུའི་རྒྱུ་ཐབས་ལ་མཁས་པའི་སྦྱོར་བ་གསུམ། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དེའི་འོག་ཏུ་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མཚན་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཀྱི་སྦྱོར་བ་འཆད་ཚུལ་ཡོད་དེ། སློབ་པའི་ཚོགས་ཀྱི་ཆོས་མྱུར་དུ་ཐོབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་


GLG013_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ཀླན་ཀ་དང་། དེ་སྤང་བ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ས་བརྒྱད་པ་བ་ཆོས་ཅན། སྲིད་དང་ཞི་བར་བདེན་པར་མི་རྟོག་པ་ཡིན་ཏེ། དེ་རྟོགས་པའི་སྒོ་ནས་བདེན་འཛིན་མངོན་གྱུར་བ་སྐྱེ་མི་རུང་དུ་བྱས་པའི་ཕྱིར། སྲིད་ཞི་བདེན་པར་མེད་དེ། སྲིད་ཞིས་བསྡུས་པའི་ཆོས་རྣམས་དོན་དམ་པར་མ་གྲུབ་པ་རྨི་ལམ་དང་འདྲ་བའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག །དག་སའི་ཡེ་ཤེས་ཡིན་ན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་པས་ཁྱབ་ཟེར་ན། ས་བརྒྱད་པ་བའི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཡེ་ཤེས་ཆོས་སྐུའི་ཐུན་མོང་མ་ཡིན་པའི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །སྲིད་ཞི་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྲིད་ཞི་མཉམ་ཉིད་སྦྱོར་བའི་མཚན་ཉིད་ཟེར་ན། དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། གཙོ་བོར་ཡེ་ཤེས་ཆོས་སྐུའི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པའི་ཕྱིར། ཁ་ཅིག །བདེན་འཛིན་སྐྱེ་བའི་གོ་སྐབས་བཅོམ་པའི་ཡེ་ཤེས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད་ཟེར་ན། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བདེན་འཛིན་སྤངས་པར་ཐལ། དེ་སྐྱེ་བ་སྤངས་པའི་ཕྱིར། དེར་ཐལ། དེ་སྐྱེ་བའི་གོ་སྐབས་བཅོམ་པའི་ཕྱིར། འདོད་མི་ནུས། ཁ་ཅིག །གཉིད་ཡིན་ན་མི་དགེ་བ་ཡིན་པས་ཁྱབ་ཟེར་ན། དགེ་བའི་གཉིད་ཆོས་ཅན། དེར་ཐལ། དེའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། དེ་ཡོད་པའི་ཕྱིར། རྨི་ལམ་ན་སྟོང་ཉིད་སྒོམ་པ་ཡོད་པའི་ཕྱིར། དེར་ཐལ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །རྨི་ལམ་དུ་


GLG013_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གཅོད་པ་རྨིས་ནས་སད་དུས་སུ་མངོན་ཞེན་དྲག་པོས་གསོས་བཏབ་པ་ལ་བརྟེན་ནས། སྲོག་གཅོད་ཀྱི་ལས་ལམ་ཡོངས་སུ་རྫོགས་པ་ཡོད་ཟེར་ན། དེ་འདྲའི་མི་བསད་པའི་སྲོག་གཅོད་ཀྱི་ལས་ལམ་ཡོངས་སུ་རྫོགས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྨི་ལམ་གྱི་མི་དེ་མི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན་ཁྱོད་མི་མ་ཡིན་པར་ཐལ། ཁྱོད་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྨི་ལམ་ན་མི་བསད་པ་རྨིས་པ་ལ་མངོན་ཞེན་དྲག་པོས་གསོས་བཏབ་པས་མི་བསད་པའི་ལས་ལམ་རྫོགས་པར་འབྱུང་བ་ཡོད་པར་ཐལ། དེ་ལས་ལས་ལམ་འབྱུང་བ་ཡོད་པའི་ཕྱིར་ན་མ་ཁྱབ། གཉིས་པ་རང་ལུགས་ནི། རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་བདེན་འཛིན་མངོན་གྱུར་བ་སྐྱེ་བའི་གོ་སྐབས་ཟད་པར་བཅོམ་པའི་དག་སའི་ཡེ་ཤེས་གང་ཞིག །གཙོ་བོར་ཡེ་ཤེས་ཆོས་སྐུའི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད། སྨྲས་པ། རབ་དཀར་ལྷག་བསམ་རྒྱུད་ལས་ཉེར་དྲངས་པའི། །རྣོན་པོའི་ཐལ་འགྱུར་འདས་ལྡན་འཕངས་པ་ལས། །གཞན་སྙིང་ཚལ་པར་འགས་པ་གཙོར་སྟོན་པའི། །ང་རྒྱལ་སྐད་གསང་སྒྲོགས་པའི་ཚུལ་ལུགས་མིན། །ཨེ་མ་མཁའ་ལྟར་ཡངས་པའི་བློ་གྲོས་ཀྱིས། །གཞན་ལ་སྨད་ཀྱངའཁོན་དུ་འཛིན་མེད་པ། །གཏན་ཚིགས་རིག་པ་རྒྱས་པས་ལུས་ངག་གིས། །བྱ་བ་མཐའ་དག་དགེ་ལ་ངང་གིས་འགྲོ། དེ་ཕྱིར་གངས་ཁྲོད་བསྟན་པ་མཐའ་དག་གི །མཛེས་རྒྱན་དངོས་སྟོབས་རིགས་པ་སྨྲ་བའི་སྡེ། །རྣམ་དཔྱོད་ཉི་མའི་འོད་ཚོ་ཤར་བ་ན། །གྲུབ་རིགས་ཕལ་གྱི་ཨུཏྤལ་དཀར་པོ་ཟུམ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ནི།


GLG013_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག །ལས་འབྲས་མེད་པར་ཐལ། ཆོས་ཅན་དོན་དམ་པར་མེད་པའི་ཕྱིར་ན་མ་ཁྱབ། དེ་ལ་སོགས་པའི་ཀླན་ཀའི་ལན་ནི། མདོ་ལས་ཇི་སྐད་བཤད་པར་ཟད་པས་སྤང་བར་བྱ་བའི་ཕྱིར། གསུམ་པ་ལ། དངོས་ཀྱི་དོན། ཀླན་ཀ་སྤང་པ། དེ་སྒྲུབ་པའི་དོན་གསུམ་ལས། དང་པོ་ནི། ས་བརྒྱད་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། འཁོར་བ་དང་མྱ་ངན་འདས་པ་དག་ལ་དོན་དམ་པར་ངོ་བོ་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པས་ན་འཁོར་འདས་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ་། མི་མཐུན་པ་འཁོར་བ་དང་། གཉེན་པོ་རྣམ་པར་བྱང་བ་རྣམས་ཐ་སྙད་དུ་སྣང་བརྙན་ཙམ་གྱི་ངོ་བོས་རྨི་ལམ་དང་འདྲ་བར་རྟོགས་པའི་ཕྱིར། གཉིས་པ་ལ། ཀླན་ཀ་དང་། དེའི་ལན་ནོ། །དང་པོ་ནི། ཁ་ཅིག །ཉིན་བར་ཡང་མི་དགེ་བ་བཅུ་དང་། སྦྱིན་པ་གཏོང་བ་ལ་སོགས་པ་མེད་པར་ཐལ། ཆོས་ཐམས་ཅད་བདེན་སྟོང་རྨི་ལམ་དང་འདྲ་བ་ཉིད་ཡིན་པའི་ཕྱིར། རྒྱུ་མཚན་དེས་ན་གཉིད་མ་ལོག་པའི་གནས་སྐབས་ནའང་། གཉིད་ལོག་པའི་གནས་སྐབས་བཞིན་དུ་དགེ་མི་དགེ་ལ་སོགས་པ་མེད་པར་འགྱུར་བ་མ་ཡིན་ནམ། ཞེས་བྱ་བའི་ཀླན་ཀ་རྣམས་ཀྱི་ལན་ནི་འཆད་པར་འགྱུར་བ་ཆོས་ཅན། གཉིས་པ་ལ། ཁྱབ་པ་མ་ངེས་པའི་ལན་དང་། དཔེ་མ་གྲུབ་པའི་ལན་ནོ། །དང་པོ་ལ། ཉན་ཐོས་སྡེ་པས་རང་གི་ལུགས་ལ་ཁྱབ་པ་མ་ངེས་པའི་དཔེ་བཀོད་པ་དང་། དེ་དབུ་མ་པ་ལ་ཡང་མཚུངས་ཚུལ་ལོ། །དང་པོ་ལ་གཉིས། བློ་དོན་དམ་པའི་ངོར་གསད་བྱ་གསོད་བྱེད་མ་གྲུབ་པར་རང་གིས་ཁས་བླངས་པ་དང་། བློ་ཀུན་རྫོབ་པ་རྟོག་པའི་ངོར་གྲུབ་པར་རང་གིས་ཁས་བླངས་པ་གཉིས་ལས། དང་པོ་ནི། ཚུལ་ཇི་ལྟར་ཕྱི་རོལ་གྱི་དོན་སྨྲ་བའི་ལུགས་ལ། བློ་དོན་དམ་པར་དབང་ཤེས་མ་འཁྲུལ་བའི་གཟུང་ངོར། གསོད་བྱེད་སུས་ཀྱང་གསད་བྱ་སུ་ཡང་བསད་པའི་མི་དགེ་བ་


GLG013_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་དང་། ཆ་ཅན་དང་། རྒྱུན་ཅན་དུ་སྣང་བ་ཡང་མེད། མ་བསད་པ་དགེ་བའི་ལས་ལམ་གྱི་དེ་ཡང་མ་ཡིན། སུས་ཀྱང་སུའི་ནོར་མ་བྱིན་པར་བླངས་པ་ཡང་མེད། མ་བླངས་པ་ཡང་མ་ཡིན་པར་ཐལ། ཉན་ཐོས་སྡེ་གཉིས་ཀྱི་ལུགས་ལ། དེའི་གཟིགས་ངོར་ཆ་དང་ཆ་ཅན་སྣང་བ་མེད་པའི་ཕྱིར། དེར་ཐལ། དེའི་ངོར་སྐད་ཅིག་མ་དང་རྡུལ་ཕྲན་ཉིད། སྐད་ཅིག་མ་ཉིད་ཀྱིས་ཕྱིས་འབྱུང་བའི་རྒྱུ་མེད་པར་འཇིག་པ་ཡིན་པའི་ཕྱིར། དེའི་གྲུབ་མཐའ་ལས་ཀྱང་། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་འབྱུང་བས་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་ལས་ལས་སྐྱེ་བར་བཤད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཀུན་རྫོབ་རྟོག་པའི་ངོར་དགེ་མི་དགེ་གཞག་ཏུ་ཡོད་དེ། དོན་དམ་པར་དབང་ཤེས་མ་འཁྲུལ་བའི་གཟུང་ངོར་དེ་འཇོག་ཅེས་བྱ་བ་ལ་སོགས་པའི་ཕྱོགས་ལ་ཀུན་རྫོབ་ཡུལ་དུ་གསད་བྱའི་སྲོག་གི་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་གསོད་བྱེད་ཀྱི་བསྐྱེད་པ་ལ། གསད་བྱ་དང་གསོད་པ་པོ་ལ་སོགས་པ་རྟོགས་པའི་སྒོ་ནས་སྲོག་གཅོད་པ་ལ་སོགས་པ་རྣམ་པར་འཇོག་པའི་ཕྱིར། དཔེར་ན་ཚུལ་བཞིན་མ་ཡིན་པ་བྱེད་པ་ལ་སོགས་པ་དང་ལྡན་པ་ལ་མི་དགེ་བ་ལ་སོགས་པ་འཇོག་པ་དང་འདྲ་བའི་ཕྱིར། གཉིས་པ་ནི། དེ་བཞིན་དུ། དགེ་མི་དགེ་ཐ་སྙད་དུ་ཡོད་དེ། དངོས་པོ་བདེན་མེད་རྨི་ལམ་དང་འདྲ་ཡང་། ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་བཟང་ངན་དེ་དང་མཐུན་པའི་དོན་གྱི་དངོས་པོ་ལ་སོགས་པ་ལ་མངོན་པར་ཞེན་པས་ཐ་སྙད་དུ་འཐད་དོ་ཞེས་བྱ་བ་ལ་སོགས་པའི་ཀུན་རྫོབ་ལ་བརྟེན་ནས་ཁྱབ་པ་མ་ངེས་པའི་ལན་དེ་དང་། དོན་དམ་ལ་ལྟོས་ཏེ་འདོད་པའི་ལན་དེ་གཉིས་ཀྱིས་ལན་ཏེ། འདིར་ཕྱོགས་གཞན་མདོ་ལས་གསུངས་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་དཔེ་མ་གྲུབ་པ་ལ། དབུ་མ་པ་
དང་། དོན་སྨྲ་བ་གཉིས་ལས། དང་པོ་ནི། རྟགས་མ་ངེས་པ་ལས་གཞན་ཡང་། ངེད་དབུ་མ་པ་ལ་རྨི་ལམ་ལ་སོགས་པའི་མཐུན་དཔེ་ཡང་མ་གྲུབ་སྟེ། ཉི་ཤུ་པ་ལས། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན། །ཞེས་བྱ་བས་རྨི་ལམ་གྱི་ལས་འབྲས་སྟོབས་དམན་པ་ཙམ་ཡིན་གྱི། ལས་གསོག་པ་ཡོད་པར་ངེས་ཀྱང་འདོད་པའི་ཕྱིར། གཉིས་པ་ནི། དཔེ་དེ་བཞིན་དུ། ངེད་ལ་ཡང་དེ་མ་གྲུབ་པར་ཐལ། རྨི་ལམ་ལ་དགེ་བ་དང་མི་དགེ་བ་སྤྱད་ནས། སད་པའི་གནས་སྐབས་ན། ཀྱེ་མ་བདག་གིས་བྱས་སོ་ལེགས་པར་བྱས་སོ་ཞེས་རྗེས་སུ་ཡི་རང་ནས་རྗེས་ཀྱི་གནས་སྐབས་ཀྱི་སེམས་ཀྱིས་མངོན་པར་ཞེན་པའི་སེམས་ཀྱི་གསོས་བཏབ་ན་འབྲས་བུ་འབྱིན་པར་འདོད་པ་དེའི་ཕྱིར། གསུམ་པ་ནི། འཁོར་བ་དང་། མྱ་ངན་ལས་འདས་པ་ནི་བདེན་སྟོང་དུ་མཉམ་པ་ཉིད་དུ་གྲུབ་པ་ཡིན་ཏེ། དེ་ལ་གནོད་བྱེད་བཀོད་པའི་རྟགས་མ་ངེས་ཤིང་ཡང་དག་པའི་མཐུན་དཔེ་མ་གྲུབ་པའི་ཕྱིར།


previousསྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བཤད་པ།next