Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

13 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
རིག་འཛིན་ཚེ་དབང་གྲངས་གསོག་སོགས་ཀྱི་ཚེ་ཉེ་བར་བསྡུས་པ་འཆི་མེད་བདུད་རྩིའི་ཡང་སྙིང་།
 
  
  
  


13 occurrences of གཏེར་སྲུང་
[Clear Hits]

 
previousརིག་འཛིན་ཚེ་དབང་གྲངས་གསོག་སོགས་ཀྱི་ཚེ་ཉེ་བར་བསྡུས་པ་འཆི་མེད་བདུད་རྩིའི་ཡང་སྙིང་།next

རིག་འཛིན་ཚེ་དབང་གྲངས་གསོག་སོགས་ཀྱི་ཚེ་ཉེ་བར་བསྡུས་པ་འཆི་མེད་བདུད་རྩིའི་ཡང་སྙིང་།


JKT015_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཚེ་དབང་གྲངས་གསོག་སོགས་ཀྱི་ཚེ་ཉེ་བར་བསྡུས་པ་འཆི་མེད་བདུད་རྩིའི་ཡང་སྙིང་ཞེས་བྱ་བ་བཞུགས་སོ།


JKT015_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷུ འདིར་རིག་འཛིན་ཚེ་དབང་གྲངས་གསོག་ཚེ། ཐོག་མར་གཞུང་ལྟར་དབང་རྒྱས་པ་ཚར་གཅིག་སོང་ནས། སླར་ཡང་དབང་གཉིས་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། །ཅེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འཆི་མེད་མགོན་པོ་པདྨ་འབྱུང་༔ སྲོག་གི་འཇིགས་པས་སྐྲག་པ་ལ༔ ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས༔ ཚེ་ཡི་དབང་དང་དངོས་གྲུབ་སྩོལ༔ དེ་ནས་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་བདེར་གཤེགས་ཀུན་འདུས་འཆི་མེད་པདྨ་འབྱུང་གནས་སུ་གསལ་བཞིན་པའི་རིགས་བདག་ཚེ་དཔག་མེད་མགོན་ཡབ་


JKT015_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ནས་བདེ་ཆེན་བྱང་ཆུབ་ཀྱི་སེམས་བདུད་རྩིའི་རྣམ་པ་ཅན་དཔག་ཏུ་མེད་པ་བབས། སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་ཁྱབ་པས་འཆི་མེད་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། སྤྲོ་ན། ཧཱུྃ༔ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ སོགས་དང་། བསྡུ་ན་རྩ་སྔགས་ཀྱི་མཐར། བཛྲ་ཛྷཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཧཱུྃ་བཾ་ཧོ༔ཞེས་བརྗོད་ཅིང་བྱིན་དབབ། ཏིཥྛ་བཛྲ་ཞེས་བརྗོད་ཅིང་མེ་ཏོག་འཐོར་ལ་བརྟན་པར་བྱ། སླར་ཡང་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ། བདག་མདུན་ཚེ་དཔག་མེད་པར་གསལ་བའི་ཐུགས་ཀ་ནས་


JKT015_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་གཟི་བྱིན་དྭངས་བཅུད་ཚེ་དཔལ་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ཊྛལྟར་བསྡུས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། །ཨོཾ། རང་སྣང་ཟངས་མདོག་དཔལ་གྱི་རི༔ ལྔ་ལྡན་རང་བྱུང་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཚོགས་དང་བཅས། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ འཁོར་འདས་ལམ་གསུམ་བཅུད་སྡུས་ལ། །བླ་ཚེ་ཆད་ཉམས་ཡར་བ་ཀུན། །ཡེ་ཤེས་ཀློང་དགུའི་དབྱིངས་སུ་སྐྱིལ། །འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་སྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད། དེ་ནས་ཚེ་བུམ་སྤྱི་བོར་བསྐུར༔ ཧཱུྃ༔ སྣང་སྲིད་གཞོན་ནུ་བུམ་པའི་སྐུ༔ སྐྱེ་འཆི་བྲལ་བའི་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་མགྲིན་པར་གཏད་ལ༔ ཧཱུྃ༔ བདེ་ཆེན་ཡུམ་ལྔའི་བྷནྡྷ་རུ༔ འཆི་མེད་བྱང་


JKT015_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བདུད་རྩིར་འཁྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ ཚེ་རིལ་སྙིང་གར་གཏུགས་ལ༔ ཧཱི བརྟན་གཡོའི་ཁམས་དང་སྟོབས་བཅུའི་དཔལ༔ ཡོངས་ཀྱི་བཅུད་འདུས་ཚེའི་རིལ་བུ༔ རིགས་ཀྱི་བུ་ལ་བྱིན་པ་ཡིས༔ རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོག༔ རྩ་སྔགས་དང་། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དངོས་གཞིའི་དབང་བསྐུར་མཐར། ཨ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ༔ ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པས༔ ཡེ་ཤེས་ལྔ་ལ་སྐྱེ་འཆི་མེདཿ སྐུ་ལྔའི་དབྱིངས་སུ་ཚེ་སྦས་པ༔ རིགས་ལྔའི་རྒྱལ་བས་ཀྱང་།མི་གཟིགས༔ དྷརྨ་དྷཱ་ཏུ་བཛྲ་རཀྵ༔ ཞེས་པས་རྒྱས་བཏབ་ནས། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཅེས་སོགས་ཀྱིས་ཤིས་པ་བརྗོད། སླར་ཡང་དབང་གསུམ་པ་ཞུ་བའི་ཡོན་དུ་སོགས་སྦྲེལ་ལ་ཚར་གྲངས་ཇི་ཙམ་འོས་པ་བསྐུར་ལ། མཐར་བཀྲ་ཤིས་པའི་རྫས་རྟགས་དང་། རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱིས་མངའ་གསོལ། ཤིས་བརྗོད་ཀྱི་མེ་ཏོག་འཐོར། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་དབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱའོ། །ཞེས་པའང་ཀུན་མཁྱེན་བླ་མའི་བྱིན་རླབས་སྙིང་དབུས་སུ་ཞུགས་པའི་གཞོན་ནུ་ཨ་བྷ་ཡས་ཉེར་མཁོའི་ཆེད་


JKT015_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྤེལ་བ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousརིག་འཛིན་ཚེ་དབང་གྲངས་གསོག་སོགས་ཀྱི་ཚེ་ཉེ་བར་བསྡུས་པ་འཆི་མེད་བདུད་རྩིའི་ཡང་སྙིང་།next