Nitartha Digital Library
Tibetan
གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་བསྲུང་ཤ་ཟ་ཧོར་མོའི་ཟ་ངུ་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྔགས་བསྲུང་ཤ་ཟ་ཧོར་མོའི་ཟ་ངུ་།next

སྔགས་བསྲུང་ཤ་ཟ་ཧོར་མོའི་ཟ་ངུ་།

སྔགས་བསྲུང་ཤ་ཟ་ཧོར་མོའི་ཟ་ངུ་བཞུགས་སོ༔

ན་མོ་གུ་རུ་བཛྲ་རཱ་ཛ་ཟ་ཡེ༔ དམར་བྱང་སྲིད་པ་གསུས་ ༼ གསུམ་དཔྱད། ༽ རོལ་བ༔ འདི་ལ་གཏོར་མ་ཇ་ཆང་སྐྱེམས༔ དར་ཟབ་ལ་སོགས་གང་འབྱོར་བ༔ བཤམས་ལེགས་སྔགས་དང་ཕྱག་རྒྱས་བརླབས༔ ཀྱཻ༔ གསོན་ཅིག་དགོངས་ཤིག་མ་ཆེན་མོ༔ སྔགས་སྲུང་རྒྱལ་མོ་སྤུན་དེ་ ༼ སྡེ་དཔྱད། ༽ དགུ༔ འཁོར་ཚོགས་ནག་མོ་འབུམ་དང་བཅས༔ དམ་ཚིག་གཉན་པོ་གཏའ་རུ་བཞག༔ དུས་གསུམ་རྒྱལ་བའི་ཕྲིན་ལས་མ༔ བསྟན་སྲུང་ཆེན་མོ་ཁྱོད་བརྟེན་པ༔ རྣལ་འབྱོར་ལས་བཞི་བསྒྲུབ་པའི་སླད༔ རྣོ་དཔལ་ལས་ཀྱི་མཚོན་ཆར་བརྟེན༔ སྡང་བའི་དགྲ་པོ་ལས་ངན་གྱིས༔ མི་ལ་ཐོ་འཚམས་ལྷ་ལ་བརྙེས༔ གནོད་སྦྱོར་རྣམ་པ་སྣ་ཚོགས་བྱས༔ ཞིང་བཅུ་རང་བཞིན་ཤུགས་ཀྱིས་ཚང་༔ ལྷག་པར་ཡོངས་ལ་འཚེ་བའི་ཕྱིར༔ སྲུང་མ་གཉན་པོ་ལས་ལ་བཀོལ༔ རྦད་བསྐུལ་གཏོར་ཟོར་སྣ་ཡང་གཏད༔ སངས་རྒྱས་བསྟན་པའི་ཆེ་བ་ངོམ༔ བྱང་ཆུབ་སེམས་དང་ལྡན་པ་ཡིས༔ བསད་པ་གསོ་བའི་བརྟུལ་ཞུགས་སྤྱོད༔ སླར་ཡང་སྲིད་དང་བསྟུན་པའི་སྒོ༔ འཁོན་སྡུམ་འཁྲུགས་བཅོས་བྱས་པ་ལས༔ ཞུ་བཤགས་འཇལ་གསུམ་བླངས་ན་ཡང་༔ མི་དང་འདུམ་ཀྱང་ལྷ་མཆོག་ཁྱོད༔ བདེན་རྫུན་དྲང་ཤན་མཁྱེན་བཞིན་དུ༔ སྡུག་ཡུས་རང་ལ་མ་ཆེ་ཤིག༔ སྐྲ་དང་གོས་ཀྱི་དུམ་བུ་དང་༔ བསྲུང་མདུད་ལ་སོགས་བྱིན་རླབས་རྟེན༔ གང་ལྟར་བཅིངས་པ་ཐམས་ཅད་ཀུན༔ སྲོག་གཅོད་བདུད་དུ་ད་ཕོབ་ཅིག༔ སྡང་བའི་དགྲ་བོས་བདག་ལ་ཉེས༔ བདག་གིས་མ་མཐོང་ཁྱེད་ཀྱིས་མཁྱེན༔ ཆད་པ་བཅད་ལ་རིམ་གྲོ་བགྱིས༔ དེ་ཀུན་སྲོག་གི་གཤེད་དུ་ཕོབ༔ ཇི་ལྟར་འཇིག་རྟེན་ཡ་རབས་ཀྱང་༔ དགྲ་ལ་སྡང་ཞིང་རང་ལ་བྱམས༔ ཀློང་ཡངས་ཆེན་པོ་འཚལ་བ་དང་༔ ཚེ་གཅིག་དགའ་སྡུག་རྟག་ཐུབ་ལྟར༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ ཡེ་ཤེས་ལྷ་མོ་སྤྲུལ་འཁོར་བཅས༔ དགའ་སྡུག་རེ་དོགས་མ་སྐྱེན་པར༔ སྡང་བའི་དགྲ་ལ་ཟ་ངུ་གྱིས༔ སྔགས་འཆང་རྣམས་ཀྱང་དབུ་འཕང་བསྟོད༔ སངས་རྒྱས་བསྟན་པའི་ཆེ་བ་བསྐྱེད༔ ལྷ་ཁྱོད་དྲག་རྩལ་རང་གཟུགས་སྟོན༔ མ་ཟད་བར་དུ་ཟ་ངུ་གྱིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྒྱ༔ མ་འགྱང་མྱུར་དུ་ཟ་ངུ་གྱིས༔ མ་ཐུབ་བར་དུ་མ་དེངས་ཤིག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་འདི་ཡང་གྲོགས་མཆེད་དམ་པ་ཟླ་གྲགས་ཀྱིས་བསྐུལ་ངོར་སྔགས་མིང་ག་གཱ་ཨ་བྷྱེས་ཡེ་ཤེས་སྒྱུ་འཕྲུལ་རོལ་བའི་ཀློང་མཛོད་ནས་དག་པར་ཕབ་པས་ཡི་གེ་པ་ནི་དེ་ཉིད་དོ༔ བཀྲ་ཤིས། །ཀྱཻ༔ སྔགས་བསྲུང་ཤ་ཟ་ཧོར་མོ་དགོངས་སུ་གསོལ༔ བསྟན་པའི་དགེ་འདུན་བདག་གི་གཉེར་གཏད་པ༔ ཁྱེད་ཀྱི་ཐུགས་རྗེའི་བརྩེ་བར་གཟིགས་ནས་ཀྱང་༔ བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་པར་མཛོད༔ བདག་ལ་གཞན་དག་དབང་དུ་མ་ཟོར་བའི༔ སྔར་བྱས་ཐམས་ཅད་རྟགས་དང་མཚན་མ་སྟོན༔ ད་ཕྱིན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད༔ གལ་ཏེ་ཡོན་ཏན་དགེ་མཚན་མེད་གྱུར་ན༔ བདག་ཀྱང་ཡིད་བསད་གཞན་དག་ཁ་ཟེར་འགྱུར༔ ཁྱེད་ལྟོས་དོན་མེད་གྱུར་བའི་གྱ་ཚོམ་ལ༔ སྣང་བ་དམ་པ་སྦྱིན་པའི་དཔྱིད་པོར་མཛོད༔ གནས་སྐབས་སུ་ཡང་བར་ཆད་ཀུན་ཞི་ནས༔ མཐར་ཐུག་མཆོག་གི་དངོས་གྲུབ་གྲུབ་པ་ཡི༔ དབང་བཞི་མ་འཁྱོལ་སྟོངས་འདེབས་ཁྱོད་ལ་གཏམ༔ དེ་སླད་རབ་འབྱམས་ཕྲིན་ལས་ཉིན་མོར་བྱེད༔ ཡིད་ཀྱི་གདུང་བ་སེལ་བའི་འོད་ཟེར་ཅན༔ སྐྱེ་དགུའི་སྨོན་ལམ་གནས་སུ་གྱུར་བ་ལ༔ ཁྱོད་གཅིག་ལྷ་ཡི་བུ་མཆོག་ལས་མཐར་སོན༔ སྔོན་ལས་ངན་ལ་སྙད་དེ་མ་འདོག་ཤིག༔ སྟོང་ལ་རྟེན་འབྱུང་རུང་བ་གཞིར་བཞག་ནས༔ ཐུགས་རྗེ་མེད་པའི་མངོན་རྟགས་མཐར་བྱས་པའི༔ དབུས་གནས་ལུང་མ་བསྟན་དེའི་ཟང་ཐལ་མཛོད༔ ཞེས་ཀྱང་ག་གཱ་ཨ་བྷྱེའི་སོ། །སརྦ་མངྒ་ལཾ༔


previousསྔགས་བསྲུང་ཤ་ཟ་ཧོར་མོའི་ཟ་ངུ་།next