Nitartha Digital Library
Tibetan
 
previousགསུང་རྩོམ་ཕྲན་ཚེགས་ཀྱི་སྐོར།next

གསུང་རྩོམ་ཕྲན་ཚེགས་ཀྱི་སྐོར།

༈ དེང་དུས་གཟུངས་མ་ཐོབ་པའི་གདུལ་བྱའི་སྐྱེ་བོའི་ངོར། །མི་ཡི་ཁྱུ་མཆོག་རྒྱལ་བ་ཐུབ་དབང་ཁྱོད་ཉིད་ནི། །སླར་ཡང་སྤྲུལ་པའི་ཟློས་གར་མངོན་པ་མིང་ཚིག་སོགས། །བརྗོད་པའི་གཞིར་གྱུར་སཾ་བོད་ཡི་གེའི་གཟུགས་ཉིད་དགེ །ཁྱད་པར་བརྡ་དོན་རྟགས་གསུམ་རབ་རྫོགས་པའི། །གཞི་ལམ་འབྲས་བུའི་ཡི་གེའི་བཀོད་པ་ཀུན། །མཚོན་བྱེད་ཡིག་གཟུགས་འདི་ཀོ་བྲིས་པའི་མཐུས། །འགྲོ་ཀུན་རྣམ་མཁྱེན་ས་ལ་རེག་གྱུར་ཅིག །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །དུས་ཀུན་དགེ་ཞིང་ཤིས་པར་ཤོག །བོད་ལྕགས་སྦྲུལ་ལོའི་ཟླ་༡༡པའི་དམར་ཕྱོགས་དགའ་བ་གསུམ་པའི་དུས་སུ་རྒན་བུ་པད་ཚེ་ནས་བྲིས་པ་དགེ །

༈ རྨད་བྱུང་ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་ཀྱིས་དྲངས། །སྨོན་ལམ་ལྔ་བརྒྱའི་སྣང་བའི་མུ་ཁྱུད་འཛིན། །རྣམ་གསུམ་ཆོས་ཀྱི་འོད་སྟོང་ཀུན་ནས་འགྱེད། །སྟོན་མཆོག་ཐུབ་པའི་དབང་པོས་དགེ་ལེགས་སྩོལ། །འཕགས་བོད་མཁས་དང་གྲུབ་པའི་དབང་ཕྱུག་ཆེ། །མི་བསྲུན་ལྷ་འདྲེའི་ཚོགས་ཀུན་དམ་འོག་བཅུག །བསིལ་ལྡན་མཁའ་ལ་མདོ་སྔགས་སྣང་བས་ཁྱབ། །མཚོ་སྐྱེས་རྒྱལ་བ་མཆོག་གིས་ཤིས་པ་སྩོལ། །བསྟན་པའི་རྩ་བ་ཆོས་འདུལ་སྣང་བས་ཁྱབ། །རྣལ་འབྱོར་དབུ་མའི་ཤིང་རྟའི་ལམ་སྲོལ་ཕྱེས། །གངས་ལྗོངས་བསྟན་པའི་སྣང་བྱེད་ཆོས་ཀྱི་རྗེ། །མཁན་ཆེན་ཞི་བ་འཚོ་ཡི་བཀའ་དྲིན་དྲན། །མཁན་སློབ་རྣམ་གཉིས་སྨོན་ལམ་སྟོབས་ཀྱིས་དྲངས། །འཕགས་བོད་པཎ་གྲུབ་ལོ་ཙཱའི་སྡེ་ཚོགས་བཙུགས། །དྲི་མེད་རྒྱལ་བསྟན་འདྲེན་པའི་ཤིང་རྟ་ཆེ། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གཙུག་གིས་བསྟེན། །མཁས་བཙུན་བཟང་པོའི་རྣམ་ཐར་མཆོག་གིས་མཛེས། །གང་དང་འབྲེལ་བའི་རབ་བྱུང་ཐོས་ཚུལ་ལྡན། །ཁྱིམ་ན་གནས་ཀྱང་གནའ་བོའི་ཚུལ་ལུགས་འཆང༌། །མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གཏན་གྱི་སྐྱབས། །

༈ འཕགས་མ་དབྱངས་ཅན་མཆོག་གི་བརྡ་སྤྲོད་གཞུང༌། །ལེགས་བཤད་འོད་བརྒྱའི་སྣང་བས་གསལ་བ་འདིས། །ཕུན་ཚོགས་སྡེ་བཞི་དགེ་བཅུའི་དཔལ་ལྡན་པའི། །མདོ་སྔགས་ཆོས་ཚུལ་ལྷུན་གྲུབ་འབྱུང་གནས་སུ། །དམ་པའི་ཚུལ་དགུའི་ལེགས་ཕྱུག་མཁས་བཙུན་མཆོག །རྨེ་རུ་ལྷ་སྲས་མཆོག་གིས་ཡོན་སྦྱར་ནས། །སྤར་དཔོན་ཤཱཀྱ་པུཎྱ་རྣམ་གཉིས་ཀྱིས། །ཆོས་སྦྱིན་ཆད་མེད་སྤེལ་བའི་ལེགས་བྱས་མཐུས། །བཅུ་ཕྲག་རིག་པའི་པད་ཚལ་ལེགས་པར་རྒྱས། །བཤད་སྒྲུབ་ཉི་ཟླའི་འོད་སྣང་ཆེར་འབར་ཞིང༌། །བསྟན་པའི་རྒྱལ་མཚན་མི་ཉམས་སྲིད་རྩེར་བསྒྲེངས། །འགྲོ་ཀུན་རྒྱལ་བའི་དབང་པོར་འགྱུར་བར་ཤོག ། ཅེས་པ་འདི་ནི་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ་ཀྱི་ཆེད་དང༌། བརྡ་སྤྲོད་ཀྱི་གཞུང་ལུགས་ཕྱོགས་བརྒྱར་འཕེལ་བའི་ཆེད་དུ་སྤར་དུ་ལེགས་བསྐྲུན་སྐབས། མཁན་མིང་དགེ་ལེགས་ཆོས་འཕེལ་ནས་སྨྲས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

༈ དེ་ཚུལ་ཤེས་བྱའི་ཆོས་ཚུལ་ནམ་མཁའི་མཐའ། །གཞལ་བའི་རྣམ་དཔྱོད་མཚུངས་པ་མེད་པ་ཡིས། །ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་ནས། །འཕགས་པའི་དགོངས་པ་དབྱེར་མེད་རྟོགས་པར་ཤོག །

༈ ཟག་མེད་མཁྱེན་རབ་མཁའ་ལྟར་མཐའ་ཀླས་ཤིང༌། །བརྩེ་ཆེན་ཐུགས་རྗེ་འགྲོ་ཁམས་ཡོངས་ལ་ཁྱབ། །ནུས་པའི་ཕྲིན་ལས་འཛམ་གླིང་བསྟན་འགྲོའི་གསོས། །མཁན་ཆེན་བླ་མ་འཇིགས་མེད་མཚན་གྱིས་སྐྱོངས། །

༈ ཕུག་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོའི་དབྱར་གནས་གཙོ་བོར་གྱུར་བའི་གཞི་གསུམ་ཕྱག་བཞེས་ཐུབ་བསྟན་གསལ་བའི་སྣང་བྱེད་ཅེས་བྱ་བ་བཞུགས་སོ། །

ན་མོ་མཉྫུ་ཤྲཱི་ཡེ། །རྨད་བྱུང་བརྩེ་དང་སྙིང་སྟོབས་མཆོག་ལ་ཕྱོགས་བཅུའི་རྒྱལ་བས་པདྨ་དཀར་པོ་ལྟ་བུར་བསྔགས། །བགྲང་ཡས་བསྐལ་བར་བརྩོན་པའི་གོ་ཆ་རབ་ཏུ་བརླིང་བས་ཚོགས་ཆེན་རྒྱ་མཚོ་ཡོངས་བསྲུབས་པས། །སྤངས་དང་རྟོགས་པའི་ཆ་ཤས་རབ་རྫོགས་ཆོས་ཀྱི་སྐུ་ལྡན་གཟུགས་སྐུའི་མཚན་དཔེའི་ཉིན་བྱེད་དབང༌། །བདག་སོགས་སྙིགས་འགྲོའི་མགོན་དུ་ཡོངས་ཤར་རྣམ་འདྲེན་བཞི་པ་ཟས་གཙང་སྲས་པོ་གཏན་གྱི་སྐྱབས་སུ་རྟག་ཏུ་བསྟེན། ༡ །སྐུ་གསུམ་རྒྱལ་བའི་དངོས་ཀུན་གཅིག་ཏུ་བཟླུམ། །ཟག་མེད་ཡེ་ཤེས་ཕུང་པོ་མཚན་དཔེར་ཤར། །རྡོ་རྗེའི་སྐུ་བརྙེས་མཚོར་འཁྲུངས་རྒྱལ་བའི་དབང༌། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོར་བསྟེན། ༢ །ཚད་མེད་གཟུངས་དང་ཏིང་འཛིན་སྤྲིན་ཆེན་ལས། །ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ཀུན་ནས་འབེབས། །ཆོས་འདུལ་བདུད་རྩིའི་ཆུ་གཏེར་འཕེལ་བའི་མགོན། །མཁན་ཆེན་བྱང་ཆུབ་སེམས་དཔའ་གངས་ཅན་མིག ༣ །དྲི་མེད་རྒྱལ་བསྟན་རྣམ་དག་གང་གཱའི་ཀླུང༌། །སྙིང་སྟོབས་བརྩོན་པའི་ཤུགས་ཀྱིས་ལེགས་དྲངས་ནས། །ཆོས་ཚུལ་ཡན་ལག་བརྒྱད་ལྡན་དག་བྱེད་ཆབ། །ཀུན་ནས་འགྱེད་མཛད་ཆོས་རྒྱལ་ལོ་པཎ་བསྔགས། ༤ །སྨོན་ལམ་སྟོབས་དང་ཐུགས་བསྐྱེད་དཔུང་ཤུགས་ཀྱིས། །གསང་ཆེན་སྔ་འགྱུར་བསྟན་པའི་བ་དན་མཆོག །གངས་ལྗོངས་བསྟན་འགྲོ་ཡོངས་ཀྱི་བླ་རུ་འདེགས། །ཆོས་རྗེ་སྨིན་གླིང་ཡབ་སྲས་སྤྱི་བོས་བསྟེན། ༥ །མཁྱེན་རབ་དགོངས་པའི་རྩལ་ཆེན་རབ་རྫོགས་ལུང་དང་རིགས་པའི་གད་རྒྱངས་སྒྲོགས། །ཕས་རྒོལ་སྨྲ་ངན་མཐའ་དག་འཇིགས་ལ་ལྷག་པའི་ལྷ་ཡིས་མི་འཇིགས་སྤོབས་པ་ཀུན་ནས་བྱིན། །འཆད་རྩོད་རྩོམ་པའི་གཡུ་རལ་བཀྲ་བས་གངས་ལྗོངས་མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་གི་རྒྱན། །ས་གསུམ་ཁྱོན་ན་འགྲན་པའི་ཟླ་བྲལ་སྨྲ་བའི་སེང་གེ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་བསྔགས། ༦ །

༈ སླར་སྨྲས་པ། ཤཱཀྱའི་རྒྱལ་པོ་དེ་ཡིས་ཡང་དང་ཡང༌། །འདི་ནི་བསྟན་དང་སྟོན་པ་གཉིས་ཀ་ཞེས། །བསྔགས་པའི་ཆོས་འདུལ་རིན་པོ་ཆེ་ཡི་མཛོད། །མི་ཟད་བདུད་རྩི་འདི་ལ་སུ་མི་གུས། ༡ །གཏིང་ཟབ་འཁོར་བའི་རྒྱ་མཚོ་ཆེན་པོ་ལ། །ཉོན་མོངས་ཆུ་སྲིན་བྱེ་བས་བཟུང་བ་ལས། །བརྒལ་ནས་གླིང་བཞི་གཉེར་བའི་མགྲོན་པོ་ལ། །ཆོས་འདུལ་རིན་ཆེན་གྲུ་བོ་འདི་ཉིད་ཡིན། ༢ །ངེས་འབྱུང་རྩ་བ་བརྟན་པའི་ཚུལ་ཁྲིམས་ལྗོན། །སྤང་བླང་ཡལ་ག་རྒྱས་པའི་འདབ་སྟོང་ལྡན། །འཕགས་པའི་ནོར་བདུན་འབྲས་བུ་འདོད་དགུར་ཅན། །དཔག་བསམ་ལྗོན་བཟང་འདི་ལ་ཅིས་མི་གུས། ༣ །ཡོངས་རྫོགས་ཁྲིམས་ཀྱི་རྩ་བ་རབ་བརྟན་པའི། །གཞི་གསུམ་ལྷབ་ལྷུབ་མཚམས་སྤྲིན་དར་ཟབ་མཛེས། །འཆལ་སྤྱོད་གཡའ་ཡི་མ་གོས་རིན་ཆེན་ཏོག །འདུལ་འཛིན་དམ་པ་བསྟན་པའི་རྒྱལ་མཚན་ཏེ། ༤ །ཤཱཀྱའི་སྲས་དང་དཀར་ཕྱོགས་ལྷ་རྣམས་ལ། །ཀུན་དགའི་བ་དན་ཉིད་དུ་འགྱུར་ན་ཡང༌། །བདུད་དང་མུ་སྟེགས་ནག་པོའི་ཕྱོགས་ཀུན་ལ། །མྱ་ངན་སྦྱིན་བྱེད་དབང་པོའི་མཚོན་ཆར་གྱུར། ༥ ། བདག་འདྲ་ཐོས་ཆུང་དམན་པའི་ཚུལ་ཅན་གྱིས། །གཞི་གསུམ་ཕྱག་ལེན་འདེབས་པ་འོས་མིན་ཡང༌། །དམ་པའི་བཀའ་གསུང་ལྡོག་པར་མ་ནུས་པའི། །ལྷག་བསམ་དག་པའི་ཚུལ་གྱིས་ཟིན་བྲིས་བགྱིས། ༦ །ཚུལ་འདིར་འབད་པའི་དགེ་ཚོགས་འཛམ་བུའི་འབྲས། །ཀུན་མཁྱེན་དགོངས་པའི་མ་དྲོས་མཚོར་ལྷུང་བ། །ཆུད་མི་འཛའ་བའི་དོན་གཉིས་ལྷུན་གྲུབ་པའི། །རྒྱལ་བའི་གསེར་ཁམས་ཉིད་དུ་འགྲུབ་པར་ཤོག ༧ །ཕན་བདེ༵འི་འབྱུང་གནས་གཏེར་ཆེན༵་ཡབ་སྲས་ཀྱི། །རིང་ལུགས་ཆོས༵་ཚུལ་ཉི་ཟླའི་དཀྱིལ་འཁོར༵་བཞིན། །བསླབ་གསུམ་ལྷུན༵་པོ༵འི་ཕྲག་ནས་ཉེར་མཛེས་ཏེ། །བསྟན་སྲིད་འོད་སྣང་གླིང༵་བཞིར་ཁྱབ་གྱུར་ཅིག ༨ ། ཁྱད་པར་ལུས་ཅན་ཀུན་གྱི་ཕན་བདེའི༵་སྒོ། །ཐུབ་ཆེན༵་རྒྱལ་བའི་བསྟན་པ་ལུང་རྟོགས་ཆོས༵། །ཕྱོགས་ཀྱི་འཁོར༵་ཡུག་ཀུན་ཏུ་དར་རྒྱས་ནས། །བཀྲ་ཤིས་དཔལ་གྱིས་འཛམ་གླིང༵་ཁྱབ་གྱུར་ཅིག །ཕུག་དགོན་དབྱར་གནས་ལག་ལེན་རྙིང་པའི་དབུ་མཇུག་ཏུ་ཀུན་གཟིགས་མཁན་ཆེན་བླ་མས་མཛད་པ་ལགས།

༈ བག་ཡོད་ཁྲིམས་ཀྱི་རྩ་བ་མངོན་པར་བརླིང་། །བདེན་བཞིའི་གཏམ་གྱི་ཁོ་ལག་སྟུག་པོར་བྲིས། །གནང་བཀག་རྗེས་སུ་འདོམས་པའི་འབྲས་ཁུར་ཅན། །ཆོས་འདུལ་ཡོངས་འདུས་འཁྲི་ཤིང་འདི་འང་རྨད། །

༈ ན་མོ་ཤྲཱི་མ་ཧཱ་སུ་ཁཿཔདྨ་ཀ་ར་ཡེ། ཀ་དག་མཉམ་ཉིད་མཐའ་བྲལ་དབྱིངས་ན་ཆོས་སྐུའི་སྟོན༵་པ༷་ཀུན་ཏུ་བཟང་། །བདུན་ལྡན་གར་གྱིས་རྣམ་པར་རོལ་བ་ལོངས་སྐུའི་སྟོན༵་པ༷་པད་དཀར་འཆང་། །གང་འདུལ་བཀོད་པའི་མཚན་མཆོག་བརྒྱད་ལྡན་སྤྲུལ་སྐུའི་སྟོན༵་པ༷་མཚོ་སྐྱེས་རྗེ། །སྐུ་གསུམ་མངའ་བདག་གངས་ཅན་མགོན་གཅིག་ཨོ་རྒྱན་པདྨའི་ཞབས་ལ་འདུད། །མཆོག་ཏུ་རབ་ཟབ༵་ཟ༵བ་མོའི་ལམ་གྱི་དཔྱིད། །གསང་སྔགས་ཐབས་མཆོག༵་མཆོག༵་ལ་ལེགས་ཞུགས་ནས། །དོན་གཉིས་ལྷུན་གྲུ༵བ་གྲུ༵བ་པ་མཆོག་གི་དངོས། །སྐུ་བཞིའི་རྒྱལ་ཐ༵བས་ཐ༵བས་ཆེན་ལམ་གྱིས་སྒྲུབ། །འདི་ན་དབང་རྫོགས་དམ་ཚིག་སྲོག་ལྡན་ཞིང་། །བསྐྱེད་རྫོགས་ལམ་གྱི་དེ་ཉིད་ལ་མཁས་པས། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་སྒྲུབ་ཆེན་ཚུལ། །མ་སྨད་ཇི་བཞིན་གྲུབ་འདི་ངོ་མཚར་ཕུལ། །དེ་ལ་འདིར་རྨད་བྱུང་རྡོ་རྗེ་ཐེག་པའི་ཆོས་ཚུལ་མཐའ་དག་གི་ཡང་སྙིང་། བགྲང་ཡས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག དཔལ་ལྡན་བླ་མ་སྒྲུབ་པའི་ཉེ་ལམ་ཟབ་མོ་གང་ཞིག གྲུབ་བརྙེས་རིག་འཛིན་གོང་མའི་ཕྱག་སྲོལ་ཇི་ལྟ་བ་བཞིན་མཐོང་བ་བརྒྱུད་པའི་ཐབས་ཚུལ་གསེར་གྱི་ཉག་ཐག་ལ། མན་ངག་ནོར་བུའི་ཕྲེང་བས་ཀུན་ནས་མཛེས་བཞིན། ཚོམ་བུ་ཚོགས་སྒྲུབ་ཆེན་མོ་ལེགས་པར་གྲུབ་པས་སྣོད་བཅུད་ཀྱི་དགེ་མཚན་སྤེལ། ཉེས་ཚོགས་ཀྱི་རྒུད་པ་སེལ། བསྟན་པའི་རྒྱལ་མཚན་ཚུགས། དད་ལྡན་གཏོང་ཕོད་ཅན་གྱི་ཚོགས་རྫོགས། དམ་ལྡན་སྒྲུབ་པ་པོ་མཆོག་རྣམས། སྣང་བ་དག་མཉམ་ཆེན་པོ་ལྷ་དང་བླ་མའི་རང་བཞིན་དུ་ཤར་ནས་འབྲེལ་ཚད་དོན་ལྡན། གྲོལ་བ་བཞི་ལྡན་དུ་གྱུར་བའི་ངོ་མཚར་ཉིན་མོར་བྱེད་པའི་འོད་སྣང་འབུམ་དུ་བརྡལ་བས། སྒྲུབ་པ་ཆེན་པོའི་དངོས་གཞི་ཡོངས་སུ་གྲུབ་ཟིན་ནས། རྗེས་ཀྱི་བྱ་བ་མཐར་རྒྱས་ཀྱི་ཆེད་དུ། ཞི་བ་དང་རྒྱས་པའི་སྦྱིན་སྲེག་རྒྱུད་སྡེ་ཟབ་མོ་ལས་བྱུང་བ་ལྟར་བགྱིད་པ་ལ། ཐོག་མར་ཞི་བའི་སྲེག་བླུགས་བསིལ་བྱེད་བདུད་རྩིའི་དགའ་སྟོན་འགྱེད་པ་ལ། ཕྱི་དང་ནང་གི་དེ་ཉིད་བཅུ་ལ་མཁས་པའི་རྡོ་རྗེ་སློབ་དཔོན་སོགས། གཉིས་པ་རྒྱས་པའི་སྦྱིན་སྲེག་ཚོགས་གཉིས་ནོར་བུའི་བང་མཛོད་ཆེན་པོ་ལས། འདོད་རྒུའི་རིན་ཆེན་ཆར་དུ་འབེབས་པའི་ཐབས་ཚུལ་རྨད་དུ་བྱུང་བའི་ཆོ་ག་ལེགས་པར་བསྒྲུབ་པ་ལ། ཐོག་མར་ལྟ་དགོངས་ཕུལ་དུ་བྱུང་ཞིང་། བཀའ་གཏེར་དག་སྣང་གི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་བའི་སློབ་དཔོན་སོགས།

སླར་སྨྲས་པ། ༡ །རྣམ་དཀར་བསོད་ནམས་དཔག་བསམ་ལྗོན་པའི་རྩེར། །ངེས་གསང་ལམ་གྱི་འབྲས་བཟང་ལེགས་དུད་པས། །མཐའ་ཡས་འགྲོ་བའི་དོན་གཉིས་ཡོངས་གྲུབ་ནས། །སྐུ་བཞིའི་རྒྱལ་ཐབས་མཆོག་ལ་འགོད་གྱུར་ཅིག ༢ །ཀུན་རྨོངས་མུན་པའི་དངོས་པོ་འཇོམས་བྱེད་ཅིང་། །ཕན་བདེའི་འདབ་སྟོང་བཞད་པའི་གཉེན་གཅིག་པུ། །དྲི་མེད་རྒྱལ་བསྟན་རྟ་བདུན་དབང་པོ་ཉིད། །འགྲོ་ཁམས་གླིང་བཞིའི་མཁའ་ལ་རྟག་འཆར་ཤོག ༣ །ཚོགས་གཉིས་རྒྱ་མཚོ་ཆེ་ལས་ལེགས་འཁྲུངས་པའི། །བརྒྱུད་གསུམ་བླ་མའི་བྱིན་རླབས་ནོར་བུའི་སྤྲིན། །རབ་ཡངས་ཀུན་གསལ་ཁྱོན་ལ་ལེགས་དཀྲིགས་ཏེ། །དགེ་ལེགས་བཀྲ་ཤིས་གསར་བའི་ཆར་འབེབས་ཤོག །

༈ དེ་ཡང་། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་སྤྱི་རྒྱུད། རྩ་རྒྱུད་གསང་བ་སྙིང་པོ་ལས། ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཐམས་ཅད་ཅི་འདོད་དང་། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །མཛོད་ལྡན་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོ་ནི། །འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱེད། །ཅེས་སོགས་དང་། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལས། ཆོས་ཀུན་མཉམ་པའི་ངང་རྟོགས་ན། །བསྒུལ་ཞིང་བསིགས་པ་ཐམས་ཅད་ཀུན། །ཕྱག་རྒྱ་ཡིན་པར་དཔའ་བོས་གསུངས། །རང་གི་ལྷ་ཡི་ཏིང་འཛིན་གྱི། །སྟངས་སྟབས་འདི་ལ་གང་གནས་པ། །སངས་རྒྱས་ཉིད་ཀྱང་སྐྲག་འགྱུར་ན། །དྲེག་པའི་ཚོགས་ལྟ་སྨོས་ཅི་དགོས། །ཞེས་དང་། གཞན་ཡང་རྡོ་རྗེ་རིགས་ཀྱི་རྒྱུད་སོགས། གསང་རྒྱུད་རྒྱ་མཚོ་ལས་ཀྱང་གསུང་བའི་དོན། བཀའ་བབས་དམ་པ་སྐལ་ལྡན་རྒྱལ་པོ་ཛཿནས་མཁས་པ་མི་གསུམ། ལོ་ཙཱ་བ་ཆེན་པོ་རྨ་གཉགས་རྣམ་གཉིས་དང་། དཔལ་གྱི་མི་བརྒྱད་ལས་རིམ་པར་གསང་ཆེན་བསྟན་པའི་སྣང་བྱེད་ཨོ་རྒྱན་གཏེར་བདག་གླིང་བ། ལོ་ཆེན་དྷརྨ་ཤྲཱི་སོགས་རིག་འཛིན་བརྒྱུད་པ་བར་མ་ཆད་པ་ལས་འོངས་པའི་ཁྲག་འཐུང་ཁྲོ་བོའི་རྩ་འཆམ། མཐོང་བརྒྱུད་ཀྱི་ཕྱག་བཞེས་མ་ཉམས། ཞལ་ཤེས་ཀྱི་དྲོད་རླངས་མ་ཡལ་བ་ལྟ་བ་དག་མཉམ་ཆེན་པོས་གདེང་གིས་ཟིན། སྒོམ་པ་ཏིང་ངེ་འཛིན་ལས་སུ་རུང་བས། སྣང་སྤྱོད་ལྷ་དང་དཀྱིལ་འཁོར་གྱི་ཕྱག་རྒྱས་ཐེབས་པའི་རྨད་བྱུང་རྡོ་རྗེའི་ཟློས་གར་ལ་རང་བྱན་ཚུད་པས། སྣང་སྤྱོད་དཔལ་ཆེན་པོའི་དལ་དུ་ཤར་བས། ཐབས་ཆེན་གསང་བའི་ཆོ་འཕྲུལ་ཀྱི་བཀོད་པས། མཐོང་ཐོས་རིག་པ་འཛིན་པར་སྨིན་ཅིང་། གྲོལ་བ་བཞི་ལྡན་ལུས་སྣང་སྐུ་ཡི་དཀྱིལ་འཁོར་དུ་བསྒྱུར་བའི་མི་ཤིགས་རྡོ་རྗེའི་གར་སྟབས་ཁྲག་འཐུང་ཁྲོ་བོའི་རྣམ་རོལ་དུ་སྟོན་པ་ལ།

༈ སླར་སྨྲས་པ། ༡ །ངེས༵་ངེས༵་ལུང་རིགས་མན་ངག་བུམ་བཟང་ལས། །ཟ༵བ་ཟ༵བ་གདམས་པའི་སྙིང་པོ་ཨ་མྲྀ་ཏ། །མ༵ང་མ༵ང་རིག་འཛིན་བརྒྱུད་པ་ལས་འོངས་པ། །ཞིབ༵་ཞིབ༵་ལག་ལེན་བསྟར་འདི་ངོ་མཚར་རྨད། ༢ །རྨད་བྱུང་བསྙེན་སྒྲུབ་རྣམ་བཞིའི་གསེར་འཁོར་གྱིས། །དག་མཉམ་ལྷ་ཡི་དལ་ལ་དབང་བསྒྱུར་ཏེ། །ཁ་སྦྱོར་བདུན་ལྡན་སྐུ་གསུམ་རྒྱལ་ས་རུ། །རྣམ་མང་འགྲོ་ཀུན་ཚེ་འདིར་བཀྲི་གྱུར་ཅིག ༣ །བསྟན༷་པའི༷་སྦྱིན་བདག་ཚེ་དཔལ་ལྷ་ལ་འགྲན། །བསྟན༷་འཛི༷ན་སྐྱེས་བུས་བཤད་སྒྲུབ་ཆོས་མཛོད་སྤེལ། །བསྟན༷་པ༷་རྒྱ་མཚོའི་ཡང་བཅུད་སྔ་འགྱུར་བའི། །བསྟ༵ན༷་སྲིད༷་མདོ་སྔགས་ཆོས་ཀྱིས་སྐྱོངས་གྱུར་ཅིག ༤ །བཀྲ་ཤིས་གང་ཞིག་ཕུན་ཚོགས་ལེགས་དགུས་འབྱོར། །རྣམ་དཀར་ཚོགས་གཉིས་ནོར་བུའི་གཏེར་ལ་སྤྱོད། །དགེ་མཚན་སྙན་པའི་ལྷ་ཡི་རྔ་ཆེན་ལྡིར། །བདེ་ལེགས་སྣང་བས་ས་གསུམ་ཡོངས་ཁྱབ་ཤོག །སརྦ་དཱ་ཀ་ལཾ།

༈ གནམ་གང་། བྱིན་རླབས་བདུད་རྩིའི་གྲུ་ཆར་འབེབ་མཁས་གསུམ་ལྡན་བརྒྱུད་པའི་བླ་མ་དང་། །གྲུབ་གཉིས་འདོད་དགུའི་ཕུན་ཚོགས་འཇོ་བ་ཞི་དང་ཁྲོ་བོའི་ཡི་དམ་ལྷ། །རྣམ་བཞིའི་ཕྲིན་ལས་ནོར་བུའི་ཞགས་པས་བརྟན་གཡོ་འཆང་མཛད་ཌཱ་ཀིའི་ཚོགས། །བསྟན་པའི་བ་དན་སྲིད་རྩེར་སྒྲེང་མཁས་ཆོས་སྲུང་བཅས་པས་དགེ་ལེགས་རྩོལ། །རྨད་བྱུང་གསང་ཆེན་ཐབས་ཀྱི་ཆེ་བ་གང་། །དགེ་མཚན་བྱེ་བའི་ལང་ཚོ་ངོམ་བཞིན་དུ། །ཕུན་ཚོགས་སྡེ་བཞི་འགུགས་པའི་འཕྲུལ་ཐབས་བཅས། །བསྟན་འགྲོའི་ལེགས་ཚོགས་སྤེལ་ལ་མངོན་དུ་ཕྱོགས། །རྒྱ་ཆེན་དབྱིག་ལྡན་ཁྱོན་ཀུན་ཡོངས་འགེངས་པའི། །བགྲང་ཡས་སྤྱན་གཟིགས་ནོར་བུའི་བང་མཛོད་འབུམ། །རྨད་བྱུང་ཏིང་འཛིན་སྔགས་ཀྱིས་ལེགས་སྤེལ་ནས། །རྩ་གསུམ་ཆོས་སྲུང་དགྱེས་པའི་སྤྲིན་དུ་སྤྲོ། །སོགས།

༈ སླར་སྨྲས་པ། མདོ་སྔགས་ཆོས་ཚུལ་སྣང་བྱེད་དཀྱིལ་འཁོར་ཟུང་། །རྨད་བྱུང་བཤད་དང་སྒྲུབ་པའི་རླུང་ཤུགས་ཀྱིས། །འགྲོ་ཁམས་གླིང་བཞིའི་མཁའ་ལ་ལེགས་དྲངས་ནས། །ཕན་བདེའི་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཕྱི་སྣོད་གསང་ཆེན་འོག་མིན་ཞིང་དུ་གྱུར། །ནང་བཅུད་འགྲོ་ཁམས་སྐུ་བཞིའི་ངོ་བོར་རྫོགས། །བརྟན་གཡོའི་དངོས་ཀུན་དག་པ་ཆེན་པོར་ཤར། །སྣང་སྲིད་དཀྱིལ་འཁོར་རོལ་བར་གྱུར་ཅིག་གུ། །སྟེང་ནས་རྩ་གསུམ་ལྷ་ཡིས་བྱིན་ཆེན་འབེབས། །བར་དུ་མཆོག་ཐུན་ནོར་བུའི་གཏེར་ལ་སྤྱོད། །ས་ཀུན་ཕན་བདེའི་སྣང་བས་ཡོངས་ཁྱབ་ནས། །ཕུན་ཚོགས་དཔལ་གྱི་དགེ་བས་ཤིས་གྱུར་ཅིག །

༈ རྨད་བྱུང་གཟུངས་དང་མི་ཟད་སྤོབས་པ་ཡིས། །བཅུ་ཕྲག་ཤེས་བྱའི་གནས་ལ་དབང་འབྱོར་ནས། །ཕུན་ཚོགས་ལེགས་བྱས་སྒོ་བརྒྱ་ཀུན་ནས་འགྱེད། །དོན་གཉིས་ལྷུན་གྲུབ་དགེ་མཚན་ཡོངས་ཁྱབ་ཤོག །ཚད་མེད་ཡོན་ཏན་རྒྱ་མཚོའི་སྤྲིན་ཆེན་བཀོད། །ཕན་བདེའི་ལེགས་ཚོགས་མཐའ་ཡས་ཀུན་ནས་འཇོ། །རྣམ་གྲོལ་བྱང་ཆུབ་གསུམ་གྱི་འབྱུང་གནས་ཆེ། །བསླུ་མེད་མཆོག་གསུམ་གཏན་གྱི་སྐྱབས་སུ་བསྟེན། །སྲིད་ན་མངོན་འཕགས་མཆོག་གསུམ་ལྷ་དང་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །སྣོད་ཀྱི་དཔལ་འཕེལ་ལེགས་དགུའི་ཕུན་ཚོགས་དགེ་བའི་དུས་སྟོན་དར་བབ་ཅིང་། །བཅུད་ཀྱི་འགྲོ་བ་རྣམ་དཀར་ལས་ལྡན་བདེ་སྐྱིད་དགའ་བའི་སྣང་བ་མཆོག་གིས་ཀུན་ནས་ཁྱབ། །སྡེ་བཞིའི་ཕུན་ཚོགས་བཀྲ་ཤིས་མི་ཟད་འདོད་པ་འཇོ་བས་ཤིས་གྱུར་ཅིག །

༈ ཉེར་དགུ། ཤྲཱི་མ་ཧཱ་སུ་ཁ་བཛྲ་དྷ་རཱ་ཡ་ན་མཿ མཐའ་བྲལ་ཆོས་སྐུའི་མཁའ་དཀྱིལ་ཡངས་པ་ལས། །རབ་ཁྲོའི་གཟུགས་སྐུ་གར་དགུའི་ཉམས་ཀྱིས་རྩེན། །དྲག་པོའི་ཕྲིན་ལས་རྡོ་རྗེའི་མེ་ཆར་འབེབས། །ཁྲག་འཐུང་འཇམ་དཔལ་ཁྲོས་པའི་ལྷ་ལ་འདུད། །ཤིན་ཏུ་རབ་བརླིང་མི་ཤིགས་བདུན་ལྡན་གྱི། །དམ་བཅའ་དཔའ་བའི་མངོན་སྤྱོད་རྡོ་རྗེའི་མཚོན། །མི་བཟད་ཆོ་འཕྲུལ་འབར་བ་ཟོར་གྱི་ལས། །དྲག་ཤུལ་ཕྲིན་ལས་རྔམ་པའི་ལས་ལ་འཇུག ། ཕུན་ཚོགས་ལེགས་བྱས་གཡས་འཁྱིལ་དངོས་པོ་གང་། །རྨད་བྱུང་ཕན་བདེའི་དབྱངས་སྙན་ཀུན་ནས་འཇེབས། །སྲིད་ཁམས་རྨོངས་པའི་གཉིད་ལས་སློང་བྱས་ནས། །ཐར་མཆོག་ཞི་བའི་གླིང་དུ་ཕྱིན་གྱུར་ཅིག །

༈ གནམ་གང་གཏོར་གཤེགས། གུ་རུ་ཛ་ཡ་སཱ་ར་ཡེ་ན་མཿ ༡ མཐའ་དང་བྲལ་བ་འཕོ་མེད་རྟག་པ་ཆོས༷་ཀྱ་སྐུ༷་མཆོག་ཀུན་གསལ་ནམ་མཁའི་མེ་ལོང་ཤིན་ཏུ་དྲི་བྲལ་ལ། །མ་འགགས་རོལ་བ་ངེས་པ་ལྔ་ལྡན་ལོང༷ས་སྤྱོ༷ད་རྫོག༷ས་སྐུ༷་ལྷུན་གྲུབ་བཀོད་པའི་ཆ་ཤས་ཡོངས་གང་འབྱམས་སུ་ཀླས། །སྣ་ཚོགས་གྲངས་མེད་ཐུན་མོང་གདུལ་བྱ་འདྲེན་པའི་དེད་དཔོན་སྤྲུ༷ལ་བ་སྐུ༷་ཡི་ཟེར་ཕྲེང་འཇོ་བས་ཞིང་ཀུན་འགེངས། །སྐུ་གསུམ་སྟོན་པ་བརྒྱུད་པར་བཅས་ཀུན་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས་ནས་དགེ་ལེགས་ནོར་བུའི་གྲུ་ཆར་ཕོབས། ༢ །རྣམ་འདྲེན་སྟོང་ལས་སྙིང་སྟོབས་གོ་ཆ་མཆོག༵ །མཆོག༵་ཏུ་རྨད་བྱུང་མདོ་སྔགས་ཆོས་ཚུལ་མཆོག༵ །མཆོག༵་ཐུན་སྒྲུབ་པའི་མཛོད་འཆང་དགེ་འདུན་མཆོག༵ །མཆོག༵་གསུམ་རིན་ཆེན་གཏན་གྱི་སྐྱབས་སུ་བསྙེན། ༣ །དྲི་མེད་རྒྱལ་བའི་བསྟན་པ་བདུད་རྩིའི་མཚོ། །གང་གི་ཡང་བཅུད་གསང་ཆེན་སྔ་འགྱུར་གྱི། །རིང་ལུགས་ཆེ་བ་དྲུག་གིས་རབ་འཕགས་པ། །འཛིན་སྐྱོང་སྤེལ་བའི་མཁས་གྲུབ་རྣམས་ལ་འདུད། ༤ །བྱིན་རླབས་ནོར་བུའི་མཛོད་འཆང་བླ་མ་དང་། །གྲུབ་གཉིས་ཆར་དུ་འབེབས་པའི་ཡི་དམ་ལྷ། །ཕྲིན་ལས་གཉེར་ཁ་འཛིན་པའི་ཌཀྐིའི་སྡེས། །བདེ་ལེགས་ཤིས་པའི་སྣང་བ་འབུམ་སྩོལ་ཅིག ༥ །བསླུ་མེད་རྡོ་རྗེའི་ཐ་ཚིག་གིས་བཅིང་བས། །བདུད་ཚོགས་འཇོམས་པའི་ཕྲིན་ལས་མེ་ཆར་འབེབ། །རྒྱལ་བསྟན་བ་དན་འདེགས་པའི་དཔུང་ཤུགས་བཙན། །བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱིས་དུས་ཀུན་སྐྱོངས། །ཞེས་ཤིས་པ་བརྗོད་པའི་སྙན་ཚིག་ཨུཏྤལ་གསར་བའི་ཕྲེང་བ་སྔོན་དུ་བསྟར་ནས། འདིར་རྩ་གསུམ་བསྟན་སྲུང་རྒྱ་མཚོ་རྣམས་ལ་སྔར་བཅོལ་ཕྲིན་ལས་རབ་འབྱམས་སྒྲུབ་པའི་གཏང་རག་དང་། སླད་ནས་ལེགས་ཚོགས་བྱེ་བའི་འབྱུང་གནས་རྒྱལ་བསྟན་ནོར་བུའི་བང་མཛོད་སྐྱོང་བའི་ཕྲིན་ལས་ཀྱི་གཉེར་ཁ་གཏོད་པའི་ཆེད་དུ་ཐུགས་དམ་སྐོང་བའི་རྫས་མཆོག རྟེན་བསྐང་མཐུན་པའི་ཡོ་བྱད། འདོད་དགུ་འཇོ་བའི་དཀོར་ནོར། སྣ་ཚོགས་སྤྱན་གཟིགས་ཀྱི་ཕྲེང་བ་རྣམས་ཚར་དུ་དངར་ཞིང་ཤེས་པ་བཞི་ལྡན་གྱི་དམ་རྫས་གཏོར་མའི་མཆོད་སྤྲིན་ཟག་མེད་ཏིང་འཛིན་གྱི་རོལ་བས་འདོད་དགུ་ཕུན་ཚོགས་ཀྱི་རྣམ་པར་སྤྲོས་ཏེ་སྙན་འཇེབས་རོལ་མོའི་བརྡས་བསྐུལ། འགྱུར་ཁུག་དབྱངས་ཀྱི་རྟས་དྲངས། བདུད་རྩིའི་སྐྱེམས་ཀྱིས་མདུན་བསུས། མོས་འདུན་དད་པས་ཤུགས་བསྐྱོད། ཏིང་འཛིན་སྔགས་རྒྱས་རྒྱས་བཏབ་ནས། མཁའ་ཁྱབ་འགེངས་བའི་མཆོད་སྤྲིན་རབ་འབྱམས་སྤྲོ་བ་ལ་ཐོག་མར་སོགས།

༈ སླར་ཡང་དགེ་ལེགས་སུ་བྱ་བའི་ཚིགས་སུ་བཅད་པས་ཤིས་པ་བརྗོད་པ། ༡ །རྨད་བྱུང་ཚོགས་གཉིས་འདོད་པ་འཇོ་མཛ༷ད་མཛ༷ད་བཟང་ལྡན་པའི་རིག་གྲོལ་སྡེ༷། །སྡེ༷་སྣོད་གསུམ་གྱི་ཆོས་ཚུལ་རྒྱལ་མཚ༷ན་མཚ༷ན་ཉིད་རབ་རྫོགས་ལུང་གིས་ཆོས། །ཆོས༷་བཞིན་ལེགས་བཟུང་རྣམ་དག་འདུལ་ཁྲིམ༷ས་ཁྲིམ༷ས་གཙང་ལྡན་པས་རྒྱལ་བསྟན་མཆོག༷མཆོག༷་ཏུ་རབ་སྔགས་ཕན་བདེའི་གཏེར་གང༷་གང༷་ཞིག་སྲིད་མཐར་རྒྱས་གྱུར་ཅིག ༢ །སྟེང་ན་རྩ་གསུམ་ལྷ་ཡི་སྤྲིན་ཕུང་འཁྲིགས། །བར་དུ་གྲུབ་གཉིས་ནོར་བུའི་ལྗོན་བཟང་རྒྱས། །འོག་ན་ལྷ་མའི་འདུ་བས་མཆོད་ཕྲེང་བསྟར། །ཕུན་ཚོགས་རྫོགས་ལྡན་དུས་བཟང་ངོམ་གྱུར་ཅིག ༣ །རྨད་བྱུང་ཐུབ་བསྟན་འོད་སྣང་མཁའ་མཐར་ཁྱབ། །ཕུན་ཚོགས་སྡེ་བཞིའི་དུས་སྟོན་ཀུན་ནས་དར། །བསྟན་སྲུང་རྒྱ་མཚོས་རྣམ་བཞིའི་ཕྲིན་ལས་སྒྲུབ། །ས་གསུམ་ཕན་བདེའི་སྣང་བས་ཁྱབ་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ། །

༈ སླར་ཡང་བདེ་ལེགས་སུ་བྱ་བའི་ཚིགས་སུ་བཅད་པས་ཤིས་པ་བསྒྲུབ་པ། གྲུབ༵་གཉིས་འདོད་པ་འཇོ་བའི་མ་ཎི་ཀཿ གྲུབ༵་མཆོག་རིག་འཛིན་ཡོངས་ཀྱི་ཐུགས་བཅུད་མཆོག ། གྲུབ༵་པ་བཞི་ལྡན་གསང་ཆེན་ཟབ་ལམ་གྱིས། །གྲུབ༵་པའི་འབྲས་བཟང་མཆོག་གི་ངོ་མཚར་ངོམ། །རྣམ་དག་དམ་ཚིག་གཙང་བའི་དག་བྱེད་རྒྱུན། །བསྐྱེད་རྫོགས་ལམ་གྱི་ལྦུ་འཕྲེང་གཡོ་བཞིན་དུ། །མན་ངག་ཞལ་ཤེས་འགྲོས་ཀྱིས་ལེགས་དྲངས་ཏེ། །ཟུང་འཇུག་ཆོས་སྐུའི་རྒྱ་མཚོར་འདྲེན་གྱུར་ཅིག །མཐའ་བྲལ་ཆོས་དབྱིངས་ལྷ་ལམ་ཡངས་པའི་ངོས། །རྣམ་དག་སྐུ་བཞིའི་ཆུ་འཛིན་བརྡལ་བ་ལས། །ངེས་གསང་བདུད་རྩིའི་གྲུ་ཆར་ལེགས་ཕབ་པས། །ཕན་བདེའི་དོན་ཀུན་འཇོ་བས་ཤིས་གྱུར་ཅིག །སརྦ་དཱ་ཀ་ལྱ་ནཾ་བྷ་བནྟུ། དགེའོ།། །།

༈ རྣམ་འདྲེན་སྟོང་ལས་རྨད་བྱུང་སྙིང་སྟོབས་བཙན། །ཕུལ་བྱུང་སྨོན་ལམ་ལྔ་བརྒྱའི་སྙིགས་ལྔའི་འགྲོ། །ཀུན་ནས་མི་གཏོང་ལྷ་མའི་སྟོན་པ་མཆོག །མཉམ་མེད་ཐུབ་པ་མཆོག་ལ་གུས་ཕྱག་འཚལ། །ཐུབ་པ་མཆོག་གིས་རྣམ་བཞིའི་འཁོར་གྱི་དབུས། །བསྟན་དང་སྟོན་པ་གཉིས་ཀར་རབ་བསྔགས་པའི། །བསྟན་པའི་ནང་མཛོད་ཆོས་འདུལ་རིན་ཆེན་ལ། །དད་གུས་སྤྲོ་བས་ཀུན་ནས་དྭངས་བས་འདུད། །ཐར་མཆོག་རིན་ཆེན་ཕུན་ཚོགས་ནོར་གླིང་དུ། །འདྲེན་པའི་ཤིང་རྟ་ངེས་འབྱུང་ཚུལ་ཁྲིམས་ལ། །ལེགས་པར་གནས་པའི་ངུར་སྨིག་འཛིན་པའི་སྡེས། །བསིལ་ལྡན་ལྗོངས་ཀུན་ཡོངས་སུ་གང་བར་ཤོག །དགེ་ལེགས་བྱེ་བའི་གཏེར་ཆེན་སྣང་བའི་མཛོད། །ཟག་མེད་ཡོན་ཏན་རྒྱ་མཚོའི་ཕུང་པོ་ཅན། །སྟོན་དང་བསྟན་པ་དེ་འཛིན་འཕགས་པའི་སྡེར། །དད་གསུམ་ལྡན་པའི་ཕྱག་གིས་ལན་བརྒྱར་འདུད། །ངེས་འབྱུང་བློ་ཡི་ལྗོན་བཟང་རྒྱས་ཚོགས་ལ། །དྲི་མེད་སྤོང་བདུན་འདབ་སྟོང་རྣམ་པར་བཞད། །ཐར་དང་རྣམ་མཁྱེན་འབྲས་བཟང་རབ་སྨིན་ནས། །ཕུལ་བྱུང་དགེ་མཚན་སྣང་བས་ཡོངས་ཁྱབ་ཤོག །

༈ སྲིད་ན་མངོན་འཕགས་མཆོག་གསུམ་ལྷ་དང་རྩ་གསུམ་རྒྱ་མཚོའི་བྱིན་བརླབས་དང་། །སྣོད་ཀྱི་དཔལ་འཕེལ་ལེགས་དགུའི་ཕུན་ཚོགས་དགེ་བའི་དུས་སྟོན་དར་བབ་ཞིང་། །བཅུད་ཀྱི་འགྲོ་བ་རྣམ་དཀར་ལས་ལྡན་བདེ་སྐྱིད་དགའ་བའི་སྣང་བ་མཆོག་གིས་ཀུན་ནས་ཁྱབ། །སྡེ་བཞིའི་ཕུན་ཚོགས་བཀྲ་ཤིས་མི་ཟད་འདོད་པ་འཇོ་བས་ཤིས་གྱུར་ཅིག །

༈ ཨོཾ་སྭ་སྟི། ༡ །རྨད་བྱུང་བདེ་ལྡན་ཞིང་མཆོག་ཉིད་ན་འོད་མཚན་སྟོང་འབར་རྒྱལ་བ་དང་། །ལྷོ་ཕྱོགས་གྲུ་འཛིན་རི་བོའི་སྤོ་རུ་སྙིང་རྗེའི་གཏེར་ཆེན་པད་དཀར་འཆང་། །རྔམ་བརྗིད་དྲག་པོའི་གནས་མཆོག་རྣམས་སུ་གར་དགུའི་རྣམ་རོལ་རྟ་མཆོག་དབང་། །རྣམ་གསུམ་གཅིག་བསྡུས་རྡོ་རྗེའི་སྐུ་བརྙེས་མཚོ༵་སྐྱེས༵་བླ༷་མ༷ར་དད་ཕྱག་བརྩེགས། ༢ །སྤངས་རྟོགས་ཆ་ཤས་ཡོངས་རྫོགས་ཐུ༷བ་པའི༵དབ༷ང་། །ཞི་བསིལ་བདུད་རྩིའི་སྒོ་མོ་དམ༷་པ༷འི་ཆོས༷། །རིག་གྲོལ་ནོར་བུའི་གཏེར་འཆང་དགེ༷་འདུ༷ན་ཏེ། །རིན་ཆེན་རྣམ་གསུམ་སྙིང་གི་པདྨོར་བསྟེན། ༣ །རྨད་བྱུང་ཆེ་བ་དྲུག་ལྡན་རཏྣའི་ཁྲིར། །མངོན་མཛེས་ལྟ་སྒོམ་སྤྱོད་པའི་མིག་སྟོང་བཀྲ། །རྒྱལ་བསྟན་སུམ་རྩེན་གནས་ལ་མངའ་དབང་མཛད། །སྔ༵་འགྱུ༷ར་པཎ༷་གྲུ༷བ་རིག༵་འཛིན༵་བསྔགས་འོས་མཆོག ༤ །ཁྱད་པར་མཁས་པ་མི་བཞིའི་གདམས་ངག་གསང་མཛོད་རྫོགས་པར་འཛིན་མཛད་ཀུ༷་མཱ༷་ར༷། །ཡང་ཟབ་སེམས་ཀློང་མདོ་ཡི་སྐལ་ལྡན་ཤིང་རྟ་ལྗོངས་འདིར་འབེབ་མཛད་བུ༷དྡྷ༷་ཛྙཱ། །གསང་ཆེན་ཡོ་ག་གསུམ་གྱི་བསྟན་པའི་སྣང་བྱེད་ཧེ་རུ་ཀ་པ་ཟུ༷ར་གྱི༷་རིག༵ས། །ངེས་གསང་བསྟན་པའི་བབས་སོ་གསུམ་ཞེས་ཉི་ཟླ་ལྟ་བུར་ཡོངས་སུ་གྲགས་དེ་རྒྱལ། ༥ །ཕུལ་བྱུང་ཟབ་གཏེར་འདོད་འབྱུང་བུམ་བཟང་ལས། །སྨིན་གྲོལ་གདམས་པའི་དགོས་དགུ་ཀུན་ནས་སྩོལ། །བསིལ་ལྡན་འགྲོ་བའི་ཕན་བདེའི་གཉེན་གཅིག་པུ། །གུ༷་རུ༷་ཆོས༵་ཀྱི༵་དབ༷ང་ཕྱུ༷ག་སྤྱི་བོས་མཆོད། ༦ །བཀའ་གཏེར་དག་སྣང་ཆོས་ཆར་ཀུན་ལ་འབེབས། །སྐལ་ལྡན་རེ་བ་སྐོང་བའི་ཀླུ་ཡི་དབང་། །རིག་འཛིན་གཏེར༵་བད༷ག་གླིང༵་བ༷་ཡབ་སྲས་ལ། །སོར་བཅུའི་པདྨོ་འཛུམ་པས་དད་ཕྱག་བརྩེགས། ༧ །སྤྲོས་ལས་རབ་འདས་འོད་གསལ་ཆོས་ཀྱི་སྐུ། །རྣམ་བཅས་དག་པའི་ཕྱག་རྒྱར་ཡོངས་རོལ་བས། །སྣ་ཚོགས་དངོས་སྣང་དག་པ་ཆེན་པོ་རུ། །ལེགས་པར་འཆར་བའི་ལྷ་ཡི་བཀོད་པ་ངོམ། ༨ །དེ་ཡང་ཕུན་ཚོགས་ལེགས་བྱས་འབུམ་གྱི་དགའ་སྟོན་རྣམ་པར་རྩེན་པའི་གསར་ཚེས་ཀྱི་གནམ་ལོ་འདི་ལ་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ་རཀྟཱ་ཀྵི་ཞེས་པ་དང་། དེ་ཉིད་བོད་སྐད་དུ་བསྒྱུར་ན་བདེ་མཆོག་སྟོད་འགྲེལ་ལས་མིག་དམར་ཞེས་འབོད་པ་དང་ཤར་ཕྱོགས་མ་ཧཱ་ཙི་ནིའི་ཡུལ་དུ་སྲོག་ཁམས་ཡན་ལག་བརྒྱད་ལྡན་གྱི་དག་བྱེད་ཟླ་བའི་མ་མ་ཉིད་ལ་ལུས་ཁམས་ག་བུར་གསར་བའི་ཁ་དོག་ལ་འགྲན་པའི་སྲ་མཁྲེགས་གཅོད་པའི་ཁམས་ཀྱིས་བརྟན་ཞིང་དབང་ཐང་བསོད་ནམས་བྱེ་བའི་འབྲས་བུས་སྤ་བའི་འདོད་དགུ་འབྱུང་བའི་ལྗོན་བཟང་གིས་མཛེས་པའི་ལྷ་གོས་ཀླུབ་ཤིང་། རླུང་རྟ་མ་རྒད་གཞོན་ནུའི་ཁ་དོག་ལ་འགྲན་པའི་ལས་ཤུགས་རྣམ་དཀར་གྱི་ཡལ་འདབ་ཕྱོགས་བརྒྱར་བྲེས་པའི་སྐེད་ཆིངས་ཀྱིས་མཛེས་པ་ཕོ་བྲང་གླིང་དགུའི་དབུས་ན་རབ་དམར་བྱེ་རུའི་ཚོན་གྱིས་བཙོས་པའི་མཱ་ཀུ་ར་བཀྲག་ཏུ་འཚེར་བ་སྡེ་བཞིའི་དུས་སྟོན་དར་བའི་སྒོ་འབྱེད་འབྱུང་བ་བཞི་ལྡན། དབང་དྲག་ཕྲིན་ལས་ཀྱི་བྱེད་པོ་ས་སྐྱེས་གཞོན་ནུའི་ཀླུང་དང་ལྡན་པ། དེ་ཡང་ཕུན་ཚོགས་དབང་ཁམས་དང་བསྟུན་པའི་མིང་ཤིང་ཕོ་བྱི་བ་ཞེས་པའི་ལོའི་ནམ་མཁའི་ནོར་བུ་བྱང་ཕྱོགས་དྷ་ན་པ་ཏིའི་ཕྱོགས་ལ་མངོན་པར་ཆས་པས། ཚེ་དཔལ་ཡོན་ཏན་གྱི་ཉིན་མོའི་སྣང་བ་སྟོབས་སུ་གྱུར་བ་ཆུ་ཤེལ་དབང་པོ་ཉི་མའི་ལྷ་ལྡན་དང་། རྩེ་བའི་ཟླ་བའི་དཀར་ཕྱོགས་རིག་སྔགས་འཆང་བའི་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས། སྐལ་བཟང་ཕྱི་རབས་ཀྱི་རྗེས་འཇུག་རྣམས་བསྟན་རྩ་དམ་ཆོས་འདུལ་བ་ལ་གཟུད་པའི་ཕྱིར། སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་བའི་ཚེས་བཅུའི་དུས་མཆོད་ཆེན་མོ་བསིལ་ལྡན་གྲུབ་བརྙེས་ཡོངས་ཀྱི་གཙུག་རྒྱན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་དང་དག་སྣང་གི་བཀོད་པ་ལྟར། ཨོ་རྒྱན་སྨིན་གྲོལ་གླིང་བའི་ཕྱག་བཞེས་ཀྱིས་བརྒྱན་ནས། སྒྲུབ་པ་ཟབ་མོའི་ཁོག་ཕུབ་པ་དང་འབྲེལ་ཏེ། སྣོད་བཅུད་ལྷ་དང་དཀྱིལ་འཁོར་གྱི་བཀོད་པར་སྟོན་པ་དག་སྣང་སྒྱུ་མའི་རོལ་བ་རྣམ་དག་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་བསྒྱུར་བའི་ལྷ་འཆམ་ཆེན་མོ་ལ། ཐོག་མར་སོགས༴

སྨྲས་པ། ༡ །སྐུ་གསུམ་རྒྱལ་བ་ཀུན་གྱི་གསང་གསུམ་དངོས། །མཉམ་མེད་བླ་མ་མཆོག་དང་དབྱེར་མེད་པའི། །རྡོ་རྗེའི་སྐུ་བརྙེས་པདྨ་སཾ་བྷ་ཝས། །བྱང་ཆུབ་བར་དུ་དགྱེས་པས་སྐྱོང་གྱུར་གཅིག ༢ །མཆོག་ཏུ་མི་འགྱུར་བདེ༷་ཆེན༷་ཆོས༷་ཉིད་ཁམས། །རབ་འབྱམས་དཀྱིལ་འཁོར༷་རྒྱ་མཚོར་ཡོངས་ཤར་ཏེ། །ལྷུན༷་གྲུབ་སྣང་བཞིའི་དེ་ཉིད་མངོན་གྱུར་པས། །བསྟན་པའི་སྙིང་པོ༷་ཕྱོགས་བརྒྱར་ཁྱབ་གྱུར་གཅིག ༣ །རྣམ་དག་བསླབ་གསུམ་ནོར་བུའི་རྒྱན་བཟང་ལྡན༷། །ལྡན༷་གྲོལ་ཡོན་ཏན་བརྒྱད་ལྡན་འདུས་པའི་སྡེ༵། །སྡེ་སྣོད་གསུམ་གྱི་ཆོས་ཚུལ་བྱ་བ་མཆོག༷ །མཆོག༷་ཏུ་སྒྲུབ་པས་དུས་ཀུན་འདའ་བར་ཤོག ༤ །ཕུལ་བྱུང་ཁྱད་ཆོས་བཞི་ལྡན་ཟབ་གཏེར་གྱི། །མྱུར་ལམ་གསེར་གྱི་ཤིང་རྟ་ལ་ཞོན་ནས། །དཔལ་རི་པདྨ་འོད་ཀྱི་གནས་མཆོག་ཏུ། །འགྲོ་ཚོགས་མཐའ་དག་དཀྲི་བར་གྱུར་གཅིག་གུ། ༥ །རྨད་བྱུང་དགེ་ལེགས་བྱེ་བའི་དཔལ་སྟེར་བའི། །རིན་ཆེན་གསུམ་ཞེས་གྲགས་པའི་བྱིན་རླབས་ཀྱིས། །ཕན་བདེའི་འོད་སྣང་འབུམ་དུ་བརྡལ་བ་ཡི། །བཀྲ་ཤིས་དགེ་བས་ས་གསུམ་ཡོངས་ཁྱབ་ཤོག ། དགེའོ། །དགེའོ། །བཀྲ་ཤིས།། །།

༈ ཕུན་ཚོགས་དགེ་ལེགས་བྱེ་བའི་འབྱུང་གནས་ཚོགས་གཉིས་འོ་མཚོ་བསྲུབས་པ་ལས། །ལེགས་འཁྲུངས་སྐུ་གསུམ་ཆ་ཤས་ཡོངས་གང་མཁྱེན་བརྩེའི་འོད་སྣང་སྟོང་དུ་བརྡལ། །ཕན་བདེའི་པདྨོའི་འདབ་བརྒྱ་འགྱེད་པའི་ཐུགས་བརྩེའི་ཕྲིན་ལས་ས་གསུམ་ཁྱབ། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ཀྱིས་བདེ་ལེགས་སྣང་བས་དུས་ཀུན་སྐྱོངས། །གྲུབ་མཆོག་རིག༵་འཛིན༵་ཡོངས་ཀྱི་གཙུག་གི་རྒྱན། །རྨད་བྱུང་མཛད་པས་འ༵གྲོ་ཁམས་འདུལ༵་བའི་གཉེན། །གསང་ཆེན་བསྟན་པའི་སྣང་བྱེད་གཏེར༵་བདག༵་གླིང༵་། །སྨིན་གྲོལ་གདམས་པ༵་འབུམ་གྱི་མཛོད་ཁྱོད་བསྔགས། །རྣམ་དག་ཐུགས་བསྐྱེད་བརྟན་པ་ནོར་འཛིན་གཞིར། །མཛད་ཕྲིན་ཡོངས་འདུ་ས་བརྟོལ་ཀུན་ནས་རྒྱས། །གྲུབ༵་གཉིས་འབྲས་བཟང་སྩོལ་བའི་དཔག་བསམ་དབང༵་། །ཆོས་རྗེ་པ༵དྨ༵་རིན༵་ཆེན༵་གཙུག་གི་རྒྱན། །ཞེས་དམ་པའི་ཡུལ་ལ་བསྟོད་བསྔགས་ནོར་བུའི་ཕྲེང་བ་སྔོན་དུ་བསྟར་ནས། དེ་ལ་འདིར། རྒྱ་ཆེ་བ་རྒྱུད་སྡེ་དང་། ཟབ་མོ་གཏེར་ཕྱོགས་ཀྱི་དགོངས་པ་བཞིན་བསྙེན་སྒྲུབ་རྣམ་བཞིའི་སྒོ་ནས། སྒྲུབ་པ་ཆེན་པོ། གྲུབ་བརྙེས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལ། ཞལ་ཤེས་མན་ངག་གིས་ཟུར་བརྒྱན་ཏེ་ལེགས་པར་གྲུབ་ཟིན་ནས། རྗེས་ཀྱི་བྱ་བ་མཐའ་རྒྱས་སུ་བྱ་བ་ལ། བསྙེན་པའི་ཁ་སྐོང་ཞིང་ནུས་པ་ལ་སྟོངས་འདེབས་པ་ཕྲིན་ལས་རབ་འབྱམས་སྒྲུབ་པ་ལ་དབང་འབྱོར་ཕྱིར། ཇི་སྐད་དུ། གང་ཞིག་བསྲེག་བྱ་བཟའ་ལ་སྟོབ་པ་དང་། །གདན་གསུམ་ལུས་དཀྱིལ་ཚིམས་པ་དྲུག་གིས་མཆོད། །རྩ་ཁམས་རྣལ་འབྱོར་ཞུ་བདེས་མཉེས་པ་ལ། །ཕྱི་ནང་གསང་བའི་སྤྱིན་བསྲེག་ཞེས་སུ་གྲགས། ཞེས་པ་ལྟར་གསུམ་ལས། དང་པོ་ལྟར་ཕྱག་ལེན་དུ་བགྱིད་པ་ལ། གནས་དང་། དུས་དང་། ཆས་གོས། འདུག་སྟངས། ཐབ་དང་། རྫས་དང་། སྟོངས་ཀྱི་སེམས་སོགས་བསྲེགས་བླུགས་ཀྱི་ཆོ་གའི་ཡན་ལག་ལྔ་ཕྲག་གསུམ་དང་ལེགས་པར་ལྡན་པས་ཞི་བའི་ཕྲིན་ལས་རྣམ་དཀར་བདུད་རྩིའི་འོད་སྣང་འགྱེད་ཅིང་། རྒྱས་པའི་ཕྲིན་ལས་འབྱོར་བ་དྲུག་ལྡན་ནོར་བུའི་བང་མཛོད་ཀྱི་སྒོ་འཕར་དབྱེ་བའི་ཞི་རྒྱས་ཀྱི་སྦྱིན་སྲེག་གི་ལས་རིམ་སོགས།

༈ སླར་སྨྲས་པ། ཟག་མེད་དགོངས་ཀློང་ཡངས་པའི་ཀུན་གསལ་ངོས། །བསྐྱེད་རྫོགས་ལམ་གྱི་ཆུ་འཛིན་ཀུན་ནས་དཀྲིགས། །གྲུབ་གཉིས་ཆར་རྒྱུན་འབེབ་པས་འགྲོ་ཁམས་ཀུན། །ཁ་སྦྱོར་བདུན་གྱི་དཔལ་ལ་རོལ་གྱུར་ཅིག །བཤད་དང་སྒྲུབ་པའི་གཤོག་ཟུང་བསྐྱོད་པ་ཡི། །རིག་གྲོལ་ཡོན་ཏན་བརྒྱད་ལྡན་གཉིས་སྐྱེས་ཁྱུ། །ཀུན་ནས་ལེགས་བསྡུད་ཆོས་འཁོར་པདྨའི་མཚོ། །དཀར་ཕྱོགས་ཟླ་བའི་དཔལ་བཞིན་རྒྱས་གྱུར་ཅིག ། དྲི་མེད་ཚད་མ་གསུམ་གྱིས་ལེགས་གྲུབ་པའི། །རྣམ་དག་མདོ་སྔགས་ཆོས་ཀྱི་གདུགས་དཀར་པོ། །སྲིད་འགྲོའི་དུཿཁའི་ཚ་གདུང་འཇོམས་པའི་གཉེན། །མི་ཉམས་སྲིད་པའི་རྩེ་རུ་བསྒྲེང་གྱུར་ཅིག །བཀྲ་ཤིས་གང་ཞིག་རྩ་གསུམ་ལྷ་ཡི་མཐུས། །བཀྲ་ཤིས་དགེ་མཚན་བྱེ་བའི་སྒྲ་དབྱངས་སྒྲོག །བཀྲ་ཤིས་དཔལ་གྱི་སྣང་བས་ཡོངས་ཁྱབ་ནས། །བཀྲ་ཤིས་དགེ་ལེགས་དུས་ཀུན་རྒྱས་གྱུར་ཅིག །དགེའོ། །མངྒ་ལཾ།། །།

༈ ༡ གང་མཚན་གྲགས་པ་དཀར་པོའི་འོད་ཀྱི་རྡུལ། །ཕྲ་མོ་རེས་ཀྱང་རྨོངས་ཆེན་བསྙལ་བའི་མུན། །བསལ་མཛད་རིན་ཆེན་གསུམ་གྱི་སྣང་བ་དེས། །སྲིད་མཐར་ཐུག་གི་བར་དུ་སྐྱོངས་མཛོད་ཅིག ༢ །ཚོགས་གཉིས་གསེར་སྦྱང་ལས་གྲུབ་མཚན་དཔེའི་སྐུ། །མཁྱེན་བརྩེའི་འོད་ཟེར་སྟོང་གིས་འཁྱུད་པའི་གཟིས། །སྲིད་ཞིའི་ཁམས་ལ་སྣང་བའི་དཔལ་སྟེར་བའི། །ཐུབ་དབང་ཤཱཀྱ་སེང་གེས་དགེ་ལེགས་སྩོལ། ༣ །དཔལ་གྱི་མགུར་ལས་དྲུག་ཅུའི་དབྱངས་ཀྱི་སྒྲས། །བསྙད་པའི་ཆོས་མཆོག་ཞི་བསིལ་བདུད་རྩིའི་སྒོ། །ཀུན་གྱི་བཅུད་དྲིལ་སྐྱབས་མཆོག་ཆོས་ཚུལ་ཉིད། །ལུང་རྟོགས་བསྟན་པའི་སྙིང་པོར་གཅིག་ཏུ་ངེས། ༤ །འཆད་རྩོད་རྩོམ་གསུམ་བཤད་པའི་བྱ་བ་དང་། །ཐོས་བསམ་སྒོམ་གསུམ་སྒྲུབ་པའི་ཉམས་ལེན་དང་། །འཛིན་སྐྱོངས་སྤེལ་གསུམ་ལས་ཀྱི་འཁོར་ལོ་ཡིས། །སྡེ་སྣོད་འཛིན་པས་ས་གསུམ་མཛེས་གྱུར་ཅིག ༥ །རྣམ་དག་ཁྲིམས་ཀྱི་རྩ་བ་རབ་བརྟན་ཅིང་། །རྨད་བྱུང་རྒྱལ་སྲས་སྤྱོད་པའི་ཁོ་ལག་ཡངས། །གསང་ཆེན་སྨིན་གྲོལ་འབྲས་བུས་རབ་ཕྱུག་པའི། །དྲི་མེད་རྒྱལ་བསྟན་ཀུན་ཏུ་གསལ་གྱུར་ཅིག ༦ །རྣམ་དག་ལེགས་བཤད་རྒྱ་མཚོ་ལས་འོངས་པའི། །ཟབ་ཡངས་ཆོས་ཚུལ་ཡིད་བཞིན་སྙིང་པོའི་སྤྲིན། །ས་གསུམ་འགྲོ་བའི་བླ་མ་རྟག་འཆར་བས། །ཕན་བདེའི་ཆར་གྱིས་འཇིག་རྟེན་ཁྱབ་པར་ཤོག ༧ །དེ་མཐུས་ལུས་ཅན་བདེ་གཤེགས་སྙིང་པོ་ཅན། །མཐའ་དག་རིག་ཁམས་དགེ་བའི་གསོས་ཐེབས་ནས། །བྱང་ཆེན་སྤྱོད་པའི་མྱུ་གུ་འཕེལ་བ་ལས། །སྒྲིབ་བྲལ་སྐུ་བཞིའི་འབྲས་བུ་མངོན་གྱུར་ཤོག ༨ །གནས་སྐབས་སུ་ཡང་འཇིག་རྟེན་ཁམས་ཀུན་ཏུ། །བསོད་ནམས་ཆར་ལྡན་དུས་ཀྱིས་བསྐྱེད་བསྲིང་པའི། །འབྱོར་ཞིང་རྒྱས་ལ་བདེ་སྐྱིད་ལོ་ལེགས་པའི། །རྫོགས་ལྡན་བཀྲ་ཤིས་སྣང་བས་གང་བར་ཤོག ༩ །ཁྱད་པར་སྐྱེ་དགུའི་མགོན་གཅིག་རྫོགས་ཆེན་པ། །གྲུབ་དབང་ཆོས་ཀྱི་ཉི་མ་ཡབ་སྲས་ཀྱི། །ཞབས་པད་རྡོ་རྗེས་ཁམས་སུ་རྟག་བརྟན་ནས། །ཕྲིན་ལས་འོད་ཀྱིས་ཕྱོགས་ཀུན་ཁྱབ་པར་ཤོག ༡༠ །འཆད་རྩོད་རྩོམ་པའི་སྙན་དབྱངས་ཆོས་ཀྱི་སྒྲས། །བག་མེད་ལེ་ལོའི་གཉིད་ལས་ཀུན་བསླངས་ཏེ། །མནོག་ཆུང་གྲོང་གི་ཆོ་གས་མི་བྲེལ་བར། །ཐོས་བསམ་བསྒོམས་པས་ཉིན་མཚན་འདའ་བར་ཤོག ༡༡ །པད་མོའི་མཚོ་ལ་ངང་བ་འདུ་བ་ལྟར། །ཚུལ་གནས་མང་དུ་ཐོས་དང་བསམ་ལྡན་པའི། །ངུར་སྨྲིག་འཆང་བས་ལྗོངས་འདི་ཡོངས་གང་ནས། །བསོད་ནམས་ཞིང་གིས་ཀུན་ཏུ་མཛེས་པར་ཤོག ༡༢ །མདོར་ན་སྲིད་ཞིའི་དགེ་ལེགས་ཇི་སྙེད་པ། །འབྱུང་བའི་སྒོ་གཅིག་ཐུབ་བསྟན་རིན་པོ་ཆེ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་བརྟན་པའི། །བཀྲ་ཤིས་སྣང་བ་མཆོག་གིས་སྐྱོང་བར་ཤོག ། ས་གསུམ་དབང་བྱེད་སོགས།

༈ དེ་ཡང་བསྐལ་བཟང་རྣམ་འདྲེན་སྟོང་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཐུགས་སྙིང་རྗེ་ཆེན་པོའི་གོ་ཆ་མཆོག་ཏུ་བརླིང་ཞིང་། རྒྱལ་བ་གཞན་གྱི་གདུལ་བྱའི་ཡུལ་དུ་མ་གྱུར་པ། རང་རེ་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས་སྨོན་ལམ་ཆེན་པོ་ལྔ་བརྒྱས་ཡོངས་སུ་བཟུང་ཞིང་། ཐུགས་རྗེ་དང་བཀའ་དྲིན་རྨད་དུ་བྱུང་བ། བདག་ཅག་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་ཐུབ་པ་ཆེན་པོ་མཆོག་གི་མཚན་ཙམ་རྣ་བས་ཐོས་པ་ཡང་ཕྱིར་མི་ལྡོག་པར་གསུངས་པ་དང་། མོས་ལྡན་སྐལ་བཟང་གི་སྐྱེས་བུ་རྣམས་ཀྱི་དད་གསུམ་གྱི་མྱུ་གུ་བསྐྱེད་བསྲིང་བའི་ཆེད་དང་། མང་ཐོས་ཚུལ་ལྡན་རྣམ་དཔྱོད་ཀྱི་ཤེས་རབ་ཀུན་ནས་རྒྱས་པ་རྣམས་ཀྱི་སྙན་དབང་གསེར་གྱི་པད་མོ་རྣམ་པར་མཛེས་པ་དང་། རང་གིས་ཀྱང་སྟོན་པ་ཐུགས་རྗེ་ཅན་དེའི་བཀའ་དྲིན་རྗེས་སུ་གསོ་བའི་ཆེད་དུ་སྟོང་གསུམ་མི་མཇེད་ཀྱི་ཞིང་འདིར་མཆོག་གི་སྤྲུལ་བའི་སྐུའི་མཛད་པའི་ཚུལ་ལས་བརྩམ་སྟེ་ལེགས་བཤད་གཏམ་གྱི་མཆོད་སྤྲིན་སྤྲོ་བས་བྱ་བ་ཐམས་ཅད་དོན་དང་བཅས་ཤིང་བཀྲ་ཤིས་མཐའ་རྒྱས་སུ་བགྱིས་པའོ། །

༈ དེ་ཡང་བྱིན་རླབས་བདུད་རྩིའི་བུམ་བཟང་། དངོས་གྲུབ་རྒྱ་མཚོའི་གཏེར་མཛོད། རྣམ་བཞིའི་ཕྲིན་ལས་ཀྱི་བྱེད་པོ། མཁྱེན་རབ་རྒྱ་མཚོ་ལྟར་གཏིང་ཟབ་པ། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲགས་པ། གསང་ཆེན་སྔ་འགྱུར་བསྟན་པའི་ཉི་མ། གངས་ཅན་མཁས་གྲུབ་ཡོངས་ཀྱིས་གཙུགས་རྒྱན། འཛམ་གླིང་མཛེས་པའི་རྒྱན་གཅིག་མཁན་ཆེན་བླ་མ་རྡོ་རྗེ་འཆང་གི་མཚན་དཔེའི་སྐུ་མཆོག་གང་ཉིད་མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་ངེས་ལེགས་བྱང་ཆུབ་མཆོག་ལ་འགོད་པའི་འབྲེལ་ཚད་དོན་ལྡན་ཆེན་པོ་མཆོག་ཉིད་བདག་སོགས་སྐལ་བཟང་འགྲོ་བའི་གཙུག་རྒྱན་དུ་ཐོབ་ཅིང་གདམས་ངག་དང་རྗེས་བསྟན་གྱི་གསུང་གི་གསང་བ་ཟབ་མོ་ནོད་པའི་ཕུན་སུམ་ཚོགས་པའི་དུས་འདིར་མཚོ་འཁྲུངས་རྒྱལ་བའི་ཞལ་སྐྱིན་མཁན་ཆེན་སྤྲུལ་བའི་སྐུ་མཆོག་ཉིད་ཀྱིས་དབུ་མཛད།

༈ ཁྱད་པར་དུ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག རྒྱལ་བསྟན་ཡོངས་རྫོགས་ཀྱི་སྣང་བྱེད་ཆེན་པོ་མཁན་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་མཆོག་གང་ཉིད་བྱམས་མགོན་བསྟན་པའི་ཉི་མ་འཇིག་རྟེན་གྱི་ཁམས་འདིར་མ་ཤར་གྱི་བར་དུ་མི་ཤིགས་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་རྣམ་བཞིའི་ཕྲིན་ལས་ཀྱིས་ཡངས་པའི་ས་ཆེན་ཡོངས་ལ་དབང་བསྒྱུར་ཏེ་རྣམ་དཀར་ཆོས་ཀྱི་སྣང་བ་ཆེན་པོའི་ས་གསུམ་ཀུན་ཏུ་ཁྱབ་པར་རྩ་གསུམ་བསྟན་སྲུང་རྒྱ་མཚོ་དང་བཅས་པས་དགེ་མཚན་ཤིས་པའི་སྣང་བ་དང་། བཀྲ་ཤིས་མཐའ་རྒྱས་ཀྱི་ཕུན་ཚོགས་དགེ་བའི་ཆར་ཆེན་པོ་ཀུན་འབེབ་པར་མཛོད་ཅིག

༈ དེ་ལྟར་རྣམ་དག་ལུང་དང་རིགས་པའི་སྐྱེད་ཚལ་ལས། དོན་བཟང་ལེགས་བཤད་གཏམ་གྱི་ཨུཏྤལ་གྱི་ཆུན་པོ་ཕྲེང་བར་བསྟར་བས་འཕགས་ཚོགས་འདུས་པའི་སྡེ་གསེར་རིའི་ཕྲེང་བ་ཚར་དུ་དངར་བའི་སྙན་དབང་དགྱེས་པའི་མཆོད་སྤྲིན་དུ་ཕུལ་བའི་རྣམ་དཀར་ལེགས་བྱས་ཀྱི་མཐུས། སྲིད་ཞིའི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་དྲི་མེད་རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་ཡུན་དུ་གནས་ཤིང་བསྟན་འཛིན་སྐྱེས་བུ་དམ་པ་རིག་གྲོལ་འདུས་པའི་སྡེ་བཅས་ཞབས་པད་རྡོ་རྗེའི་ཆོས་བདུན་གྱི་ཁམས་སུ་བརྟན་ཞིང་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་བརྒྱན་བཞིན། ལུང་སྡེ་སྣོད་གསུམ་ལ་འཆད་ཉན། ལམ་བསླབ་པ་གསུམ་ལ་ཉམས་ལེན་གྱིས། རྨད་བྱུང་རྒྱལ་བསྟན་གྱི་གདུགས་དཀར་སྲིད་རྩེར་བསྒྲེངས་ཤིང་ཡིད་ཅན་མཐའ་དག་རྣམ་དཀར་དམ་པའི་ཆོས་ལ་སྤྱོད་ནས། གནས་སྐབས་ཚད་མེད་དགའ་བདེའི་དུས་སྟོན་དར་བས། རྫོགས་ལྡན་གསར་བའི་དཔལ་ལ་རོལ་བཞིན། མཐར་ཐུག་སྐུ་གསུམ་ཡེ་ཤེས་ལྔའི་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་རྫོགས་ཤིང་། ཕྲིན་ལས་འོད་སྣང་དཀར་བོ་འབུམ་གྱིས་གདུལ་འགྲོའི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པའི་རྣམ་མཁྱེན་རྫོགས་པའི་སངས་རྒྱས་མཆོག་གི་གོ་འཕང་གི་རྒྱལ་ཐབས་མཆོག་ལ་འགོད་པའི་ཐུགས་སྨོན་གནང་འཚལ།

༈ ༡ རྨད་བྱུང་བརྩོན་པའི་བགྲང་ཡས་བསྐལ་མང་དུ། །ཚོགས་ཆེན་རྒྱ་མཚོ་བསྲུབས་པས་ལེགས་འཁྲུངས་ཤིང༌། །ངོ་མཚར་སྨོན་ལམ་ལྔ་བརྒྱས་ཆེར་བརླིང་བ། །སྟོན་མཆོག་རྣམ་འདྲེན་བཞི་པ་གཏན་གྱི་སྐྱབས། ༢ །རྣམ་ཀུན་མཆོག་ལྡན་ཨེ་དབྱིངས་གཉུག་མའི་མཁར། །འཕོ་བྲལ་བདེ་བའི་ཝཾ་ཡིག་ག་བུར་དབང༌། །ཟུང་འཇུག་ཤེས་དང་ཤེས་བྱའི་ཁྱབ་བདག་ཆེ། །དཔལ་ལྡན་དུས་ཀྱི་འཁོར་ལོ་གཙུག་གིས་བསྟེན། ༣ །རབ་དཀར་ཀཻ་ལ་ཤས་མཛེས་གངས་ལྗོངས་འདིར། །དྲི་མེད་རྒྱལ་བསྟན་འདྲེན་པའི་ཤིང་རྟ་ཆེ། །མཁན་སློབ་ཆོས་རྒྱལ་རྒྱ་བོད་ལོ་པཎ་གྱི། །སྐུ་དྲིན་ཀུན་གསལ་ཁྱོན་གྱིས་འཆིང་ནུས་མིན། ༤ །ཟླ་ཞུན་མདངས་ཀྱི་མུ་ཁྱུད་ཟླུམ་པའི་དབུས། །རིན་ཆེན་ཆ་བསགས་ནོར་བུའི་ཕོ་བྲང་དབུས། །གསང་ཆེན་རྡོ་རྗེའི་རྣལ་འབྱོར་གསལ་མཛད་པའི། །འཕགས་ཆེན་རྣམ་རོལ་གདན་རབས་སོ་གཉིས་བསྔགས། ༥ །རྒྱལ་ཀུན་ཡེ་ཤེས་དངོས་པོ་ཇི་སྙེད་པ། །བསྡུས་པའི་རང་གཟུགས་འཇམ་མགོན་སྨྲ་བའི་སེང༌། །ངུར་སྨིག་གར་རོལ་རྗེ་བཙུན་ཙོང་ཁ་པ། །ཡབ་སྲས་བརྒྱུད་བཅས་དད་བརྒྱས་ཕྱག་གིས་བསྟེན། ༦ །དུས་ཀྱི་འཁོར་ལོའི་དགོངས་དོན་གངྒཱའི་ཀླུང༌། །རྣམ་དཔྱོད་ཧུབ་ཀྱིས་བདེ་བླགས་དྲངས་བྱས་ནས། །ཟག་མེད་དགོངས་ཀློང་ཡངས་པར་ལེགས་བསྐྱིལ་བའི། །རྒྱ་མཚོའི་མཚན་ལྡན་རྣམ་གསུམ་བསྔགས་འོས་མཆོག ༧ །རྩིས་རིགས་བཻཌཱུར་དཀར་པོའི་དོ་ཤལ་མཆོག །བསྐྲུན་པའི་བྱེད་པོ་ལྷ་སྲས་ས་རའི་མཚན། །ལུང་རིགས་འོད་སྣང་འབུམ་བརྡལ་ཉིན་བྱེད་དབང༌། །འདྲེན་པའི་ཤིང་རྟ་ཆོས་དཔལ་རྒྱ་མཚོར་འདུད། །དེ་ལྟར་རྨད་བྱུང་ཡོན་ཏན་འབུམ་ལྡན་པའི། །བསྔགས་འོས་དམ་པར་བསྟོད་བསྔགས་ནོར་བུའི་ཕྲེང༌། །རྨད་བྱུང་དད་པའི་སོར་མོས་ལེགས་བསྟར་ནས། །དངོས་དོན་གཏམ་གྱི་བརྗོད་བྱ་འདི་ལྟ་སྟེ། །


previousགསུང་རྩོམ་ཕྲན་ཚེགས་ཀྱི་སྐོར།next