Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ཐབས་མཁས་སྦྱོར་བ་བཤད་པ།
  expand section
  expand section
  expand section
  expand section


 
previousཐབས་མཁས་སྦྱོར་བ་བཤད་པ།next

ཐབས་མཁས་སྦྱོར་བ་བཤད་པ།


GLG013_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་སྦྱོར་བ་བཤད་པ། གསུམ་པ་སྤྲུལ་སྐུའི་རྒྱུ་ཐབས་མཁས་སྦྱོར་བ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་ཐབས་ལ་མཁས་པའི་སྦྱོར་བ་འཆད་ཚུལ་ཡོད་དེ། རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བསྒྲུབས་པ་ནི་ཐབས་ལ་མཁས་པས་སྐལ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱ་དགོས་པར་འཆད་པའི་ཕྱིར། གཉིས་པ་ནི། ཡུལ་དང་ཡུལ་ཅན་སྦྱོར་བ་ཅན་གྱི་སྦྱོར་བ་འདི་ནི་ཆོས་ཅན། ཁྱོད་ལ་བཅུ་ཡོད་དེ། བདུད་བཞིའི་དགྲ་རྣམས་ལས་ནི་འདས་པ་སོགས་ཡོད་པའི་ཕྱིར། གསུམ་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡུལ་རྣམ་པ་བཅུ་མངོན་སུམ་དུ་བྱ་བ་ལ་འགྲོ་ལ་ཕན་པ་དུས་དང་། མི་ཕན་པ་དུས་མ་ཡིན་པར་ཤེས་པའི་སྦྱོར་བ་ནི་ཐབས་ལ་མཁས་པའི་སྦྱོར་བ་སྟེ། དེ་ལ་བཅུ་ཡོད་དེ། བདུད་བཞི་པོ་ལས་འདས་པའི་ཐབས་མཁས་སྦྱོར་བ་སོགས་ཡོད་པའི་ཕྱིར། ས་བཅུ་པའི་ཡེ་ཤེས་ཆོས་ཅན། ལྷའི་བུའི་བདུད་དང་། ལ་སོགས་པ་ཉོན་མོངས་པ་འཆི་བདག་ཕུང་པོའི་བདུད་རགས་པ་ལས་འདས་པ་ཡིན་ཏེ། བར་ཆད་ཀྱི་ཆོས་ལས་ཡང་དག་པར་བརྒལ་བའི་ཕྱིར། དེ་ཆོས་ཅན། ཆོས་ཐམས་ཅད་ལ་དོན་དམ་པར་མི་གནས་པར་ཐ་སྙད་དུ་གནས་པའི་སྦྱོར་བ་དང་ལྡན་ཏེ། ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་བསྒོམས་པའི་ཕྱིར། དེ་ཆོས་ཅན། གཞན་གྱི་དོན་སྔོན་གྱི་སྨོན་ལམ་


GLG013_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤུགས་ཀྱིས་འཕངས་པ་བྱེད་པ་དང་ལྡན་ཏེ། གཞན་དོན་ལྷུན་གྲུབ་ཀྱི་སྨོན་ལམ་གྲུབ་པའི་ཕྱིར། དེ་ཆོས་ཅན། ཉན་རང་དང་ཐུན་མོང་མ་ཡིན་པའི་དེ་དང་ལྡན་ཏེ། གཞན་དོན་བྱེད་པའི་དཀའ་བ་སྤྱད་པ་ཐམས་ཅད་ཤིན་ཏུ་གོམས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། ཆོས་ཐམས་ཅད་ལ་འཛིན་པ་མེད་པ་དང་ལྡན་ཏེ། ས་ལམ་གྱི་ཆོས་དཀར་པོ་གོམས་པར་བྱས་པ་རྣམས་བདེན་པར་འཛིན་པས་རྣམ་པར་དག་པས་ཁྱད་པར་དུ་བྱས་པའི་ཕྱིར། དེ་ཆོས་ཅན། ཆོས་ཀྱི་ངོ་བོ་མི་དམིགས་པའི་དེ་དང་ལྡན་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གོམས་པར་བྱས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། རྒྱུའི་མཚན་མ་བདེན་པར་མེད་པ་དང་ལྡན་ཏེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཉིད་གོམས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། འབྲས་བུ་ལ་སྨོན་པ་བདེན་པར་མེད་པ་དང་ལྡན་ཏེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་གོམས་པར་བྱས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། ཕྱིར་མི་ལྡོག་པའི་རྟགས་དང་ལྡན་ཏེ། ཕྱིར་མི་ལྡོག་པ་ལས་བརྩམས་ཏེ་དྲི་བ་སྔོན་དུ་བཏང་བ་ཅན་ལ་ཕྱིར་མི་ལྡོག་པའི་རྟགས་ཁྱད་པར་ཅན་ཐོབ་པ་དང་རྗེས་སུ་མཐུན་པའི་ཕྱིར་མི་ལྡོག་པའི་ཆོས་བརྗོད་པས་རང་ཉིད་དེར་གོ་བར་ནུས་པའི་ཕྱིར། དེ་ཆོས་ཅན། རྟོགས་པ་ཚད་མེད་པའི་ཐབས་ལ་མཁས་པ་དང་ལྡན་ཏེ། རིག་པའི་གནས་ལྔ་ལ་མཁས་ཤིང་གནས་ལུགས་ཀྱི་དོན་བསྐལ་པ་དུ་མར་གོམས་པར་བྱས་པས། དྲི་བའི་ལན་ལྡོན་པར་བྱེད་པའི་ཐབས་ཀྱི་ཡུལ་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་རྒྱུ་ལས་ཉོན་གྱིས་བྱུང་བའི་ཟག་བཅས་ཀྱི་ཕུང་པོ་གང་ཞིག །གཙོ་བོར་དམན་པའི་ལྷག་མེད་མྱང་འདས་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པ་དེ་ཉོན་མོངས་པའི་བདུད་ཀྱི་མཚན་ཉིད།


GLG013_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་གང་ཞིག །གཙོ་བོར་དམན་པའི་ལྷག་བཅས་མྱང་འདས་ཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པ་དེ་ཉོན་མོངས་པའི་བདུད་ཀྱི་མཚན་ཉིད་ཟེར་ན། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཉོན་མོངས་ཆོས་ཅན། ཕུང་པོའི་བདུད་ཡིན་པར་ཐལ། ཉེར་ལེན་གྱི་ཕུང་པོ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཉན་ས་ལས། དེ་ལ་ཕུང་པོ་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཙོ་བོར་ལྷག་མེད་མྱང་འདས་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པ་མ་ཡིན་པར་ཐལ། ཅིག་ཤོས་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཉོན་མོངས་པའི་བདུད་ཡིན་པའི་ཕྱིར། འདོད་ན། དེ་ཡིན་པར་ཐལ་། ཕུང་པོའི་བདུད་ཡིན་པའི་ཕྱིར། ཁ་ཅིག །སྡུག་བསྔལ་བདེན་པ་ཡིན་ན། ཕུང་པོའི་བདུད་མངོན་གྱུར་བ་ཡིན་པས་ཁྱབ་ཟེར་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླ། ཁ་ཅིག །བདུད་རིགས་ཀྱི་གང་ཟག་ཡིན་ན། ལྷའི་བུའི་བདུད་མངོན་གྱུར་བ་ཡིན་པས་ཁྱབ་ཟེར་ན། བདུད་རིགས་ཀྱི་དུད་འགྲོ་ཆོས་ཅན་། དེར་ཐལ། དེའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། །བདུད་རིགས་ཀྱི་ཀླུ་ཡོད་པའི་ཕྱིར། འདོད་ན། ལྷ་ཡིན་པར་ཐལ་ལོ། ཁ་ཅིག །ལྷའི་བུ་དགའ་རབ་དབང་ཕྱུག་གིས་དགེ་བའི་ཆོས་ལ་བར་ཆད་བརྩམས་པའི་ཚེ་ལྷའི་བུའི་བདུད་ཡིན་གྱི། ལྷའི་བུ་དགའ་རབ་དབང་ཕྱུག་ལྷའི་བུའི་བདུད་མ་ཡིན་ཟེར་ན། ཡིན་པར་ཐལ། ཉན་ས་ལས། ལྷའི་བུའི་བདུད་ནི་འདོད་པའི་ཁམས་སུ་སྐྱེས་པའི་ལྷའི་བུ་དབང་ཕྱུག་ཐོབ་པ་དག་ཉེ་བར་འོང་བ་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར། ཁ་ཅིག །བདུད་བཞི་གང་རུང་ཡིན་


GLG013_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ན། སྤང་བྱ་ཡིན་པས་ཁྱབ་ཟེར་ན། བྱང་སེམས་རྒྱུན་མཐའ་པའི་མཚན་དཔེས་སྤྲས་པའི་ལུས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཕུང་པོའི་བདུད་ཕྲ་མོ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བསྐལ་པ་དུ་མར་ཚོགས་གཉིས་རྒྱ་ཆེན་པོས་བསྒྲུབས་པའི་མཚན་དཔེས་སྤྲས་པའི་ལུས་ཡིན་པའི་ཕྱིར། ཁ་ཅིག །ཐེག་དམན་གྱི་མཐོང་ལམ་ནས་ལྷའི་བུའི་བདུད་བཅོམ་སྟེ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པའི་ཕྱིར། དམན་པའི་ལྷག་བཅས་མྱང་འདས་ཐོབ་ནས་ཉོན་མོངས་པའི་བདུད་བཅོམ་སྟེ། ཉོན་སྒྲིབ་མ་ལུས་པ་སྤངས་པའི་ཕྱིར། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་ཐོབ་ནས་འཆི་བདག་གི་བདུད་བཅོམ་སྟེ། ཚེའི་འདུ་བྱེད་བྱིན་གྱིས་བརླབ་པ་ལ་དབང་བའི་ཕྱིར། དམན་པའི་ལྷག་མེད་མྱང་འདས་ཐོབ་ནས་ཕུང་པོའི་བདུད་བཅོམ་ཏེ། ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ཕུང་པོ་བཅོམ་པའི་ཕྱིར་ཟེར་ན། བདུད་བཞི་མ་ལུས་པ་བཅོམ་པའི་གང་ཟག་ཡིན་ན། སངས་འཕགས་ཡིན་དགོས་པར་ཐལ། ཐེག་ཆེན་གྱི་དབང་དུ་བྱས་ན་བདུད་བཞི་མ་ལུས་པ་བཅོམ་པ་དང་སངས་རྒྱས་ཐོབ་པ་དུས་མཉམ་པའི་ཕྱིར། འདོད་ན། ལྷག་མེད་མྱང་འདས་ལ་གནས་པའི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་ཀྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཚོགས་ལམ་པ་དེ་བདུད་བཞི་མ་ལུས་པ་བཅོམ་པའི་གང་ཟག་ཡིན་པར་ཐལ། ལྷག་མེད་མྱང་འདས་ལ་གནས་པའི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་གྱིས་བདུད་བཞི་མ་ལུས་པ་བཅོམ་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེས་ལྷའི་བུའི་བདུད་བཅོམ། ཉོན་མོངས་པའི་བདུད་བཅོམ། འཆི་བདག་གི་བདུད་བཅོམ། ཕུང་པོའི་བདུད་བཅོམ་པའི་ཕྱིར། དང་པོ་དེར་ཐལ། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པའི་


GLG013_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། གཉིས་པ་དེར་ཐལ། ཉོན་སྒྲིབ་མ་ལུས་པ་སྤངས་པའི་ཕྱིར། གསུམ་པ་དེར་ཐལ། ཚེའི་འདུ་བྱེད་བྱིན་གྱིས་བརླབ་པ་ལ་དབང་བའི་ཕྱིར། བཞི་པ་དེར་ཐལ། ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ཕུང་པོ་བཅོམ་པའི་ཕྱིར། གཉིས་པ་རང་ལུགས་ནི། བདུད་བཞིའི་ནང་ཚན་གང་ཞིག །རང་རྒྱུ་ལས་ཉོན་གྱི་དབང་གིས་བྱུང་བའི་ཟག་བཅས་ཀྱི་ཕུང་པོ་དང་། མ་རིག་བག་ཆགས་ཀྱི་ས་ལ་བརྟེན་དགོས་པ་གང་རུང་དེ་ཕུང་པོའི་བདུད་ཀྱི་མཚན་ཉིད། དེ་གང་ཞིག །གཙོ་བོར་ཐར་པ་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པ་དེ་ཉོན་མོངས་པའི་བདུད་ཀྱི་མཚན་ཉིད། དེ་གང་ཞིག །སྲོག་གི་དབང་པོ་རང་དབང་མེད་པར་འགག་པའི་ཆའི་རིགས་སུ་གནས་པ་དེ་འཆི་བདག་གི་བདུད་ཀྱི་མཚན་ཉིད། དེ་གང་ཞིག །བདུད་གཞན་གསུམ་ལས་འདའ་བ་ལ་བར་དུ་གཅོད་ཅིང་འདོད་ལྷའི་རིགས་སུ་གཏོགས་པ་དེ། ལྷའི་བུའི་བདུད་ཀྱི་མཚན་ཉིད། ཉེན་ལེན་གྱི་ཕུང་པོ་ལྔ་དང་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལ་བརྟེན་ནས་བྱུང་བའི་ཡིད་ལུས་ལྟ་བུ་དང་པོའི་མཚན་གཞི། རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་ལྟ་བུ་གཉིས་པའི་མཚན་གཞི། ལས་ཉོན་གྱི་དབང་གིས་སྲོག་དབང་རང་དབང་མེད་པར་འགག་པ་གསུམ་པའི་མཚན་གཞི། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་ལྟ་བུ་བཞི་པའི་མཚན་གཞི། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག་ཉོན་མོངས་པའི་བདུད་མངོན་གྱུར་བ་ཡིན་ན། ཉོན་མོངས་ཡིན་དགོས་པར་ཐལ། ལྷའི་བུའི་བདུད་མངོན་གྱུར་བ་ཡིན་ན། ལྷའི་བུ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁོ་ན་རེ། ལྷའི་བུ་དགའ་རབ་དབང་ཕྱུག་ཆོས་ཅན། སྤང་བྱ་ཡིན་པར་ཐལ། ལྷའི་བུའི་བདུད་ཡིན་པའི་ཕྱིར། འདོད་ན། ཁྱོད་རྒྱུན་ཆད་པར་ཐལ། ཁྱོད་སྤང་བྱ་ཡིན་པའི་ཕྱིར། འདོད་ན།


GLG013_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་ཐལ། ཁྱོད་འཚང་རྒྱ་བའི་ཕྱིར་ཟེར་ན། ཁྱི་རྒན་རྒྱ་བོ་ཆོས་ཅན། ཁྱོད་རྒྱུན་མི་འཆད་པར་ཐལ། ཁྱོད་འཚང་རྒྱ་བའི་ཕྱིར། འདོད་མི་ནུས་ཏེ། ངན་འགྲོའི་རྒྱུན་ཆད་པའི་ཕྱིར། མ་གྲུབ་ན། ངན་འགྲོ་ཆོས་ཅན། ཁྱོད་ཀྱི་རྒྱུན་ཆད་པར་ཐལ། ཁྱོད་སྤང་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། སྡིག་པའི་གྲོགས་པོ་ཆོས་ཅན། རྒྱུན་ཆད་པར་ཐལ། སྤང་བྱ་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། སྡིག་པའི་གྲོགས་པོ་རྟག་ཏུ་སྤང་བྱ་ཞིང་། །དགེ་བའི་གྲོགས་པོ་དག་ལ་བསྟེན་པར་བྱ། །ཞེས་གསུངས་པའི་ཕྱིར། གསུམ་པ་སྐབས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། སྐབས་བཞི་པའི་འགྲེལ་པའོ་སྟེ་སྐབས་བཞི་པའི་ཚིག་དོན་མཐའ་དག་ལེགས་པར་བཤད་པ་ཡིན་ཏེ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་བཤད་པའི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། གསུང་རབ་ཆར་སྤྲིན་སྟུག་པོ་ལས་འོངས་པའི། །ལེགས་བཤད་འདོད་པ་འཇོ་བའི་གྲུ་ཆར་རྒྱུན། །རབ་དཀར་གླེགས་བུའི་སྣོད་དུ་ལེགས་བབས་ཀྱི། །དོན་གཉེར་ཙ་ཀོ་ར་རྣམས་ད་འཐུང་ཞིགཐ། ཚིག་ཚོགས་ལོ་མའི་ཕང་ཕུང་ཆེས་ན་དོན་གྱི་འབྲས་བུ་སྒྲིབ་བྱེད་ཅིང་། །རྗོད་བྱེད་ཡལ་གས་ཧ་ཅང་དབེན་ན་བརྗོད་བྱའི་གང་བུ་རྫོགས་མི་འགྱུར། །གཉིས་ཀར་མ་ལྷུང་དབུ་མའི་ཚུལ་དེ་བདག་འདྲའི་བླུན་པོས་སྨྲ་བར་དཀའ། །མི་ཤེས་ཤེས་རྫུའི་ཚུལ་འཆོས་མེད་ན་དེང་དུས་མི་ཡི་ཁྱུར་མི་ཚུད། །མ་འདྲེས་ཚིག་དོན་འདབ་མ་ལེགས་འཛུམ་ཞིང་། །དགག་སྒྲུབ་ཟེའུ་འབྲུ་གཡོ་བའི་བསྟན་བཅོས་རྣམས། །མཐོང་ཚེ་བློ་ཡི་ཉིན་བྱེད་དགའ་སྤྲོ་དང་། ཁེངས་པའི་ས་མོས་ཟུམ་པ་མཉམ་དུ་བྱས། །དེ་ལྟར་བཞི་པའི་རྩ་འགྲེལ་དོན་གྱི་ཁུངས། ཁུངས་ལྡན་བསྟན་བཅོས་དཔང་


GLG013_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་རྨོངས་རྟུལ་ངག །ངག་འཆལ་ལོག་པར་བརྗོད་པའི་ཚུལ་རྣམས་ཀུན། །ཀུན་གསལ་ཕ་མཐར་གཏད་ཕྱིར་ཚུལ་འདི་བཤད། །ཅེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས། སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།མངྒ་ལཾ།། །།


previousཐབས་མཁས་སྦྱོར་བ་བཤད་པ།next