Nitartha Digital Library
Tibetan
 
previousཚུལ་ཤིང་ཅོད་པཎ་གྱི་སྐོར།next

ཚུལ་ཤིང་ཅོད་པཎ་གྱི་སྐོར།

༈ ན་མོ་ཤཱ་ས་ནསྱ་པ་ཏི་སརྦ་ཛྙཱ་མ་ཧཱ་མུ་ན་ཡེ། བསྟན་པའི་བདག་པོ་ཐམས་ཅད་མཁྱེན་པ་ཐུབ་པ་ཆེན་པོ་ལ་ཕྱག་འཚལ་ལོ། །བགྲང་ཡས་ཞིང་གི་རྒྱལ་དང་དེ་སྲས་ཀྱིས། །པདྨ་དཀར་པོ་ལྟ་བུར་ཆེར་བསྔགས་པ། །བསྐལ་བཟང་རྣམ་འདྲེན་བཞི་བ་ཤཱཀྱའི་རྒྱལ། །མཉམ་མེད་སྟོན་པ་མཆོག་དེ་གཏན་གྱི་སྐྱབས། ༡ །བག་ཡོད་ཁྲིམས་ཀྱི་རྩ་བ་མངོན་པར་བརླིང་། །བདེན་བཞིའི་གཏམ་གྱི་ཁོ་ལག་སྟུག་པོར་བྲིས། །གནང་བཀག་རྗེས་སུ་འདོམས་པའི་འབྲས་ཁུར་ཅན། །ཆོས་འདུལ་ཡོངས་འདུའི་འཁྲི་ཤིང་འདི་ཡང་རྨད། ༢ །རིག་དང་གྲོལ་བའི་ཆུ་གཏེར་བསྲུབ་ལས་སྐྱེས། །ལུང་དང་རིགས་པའི་རྟ་བདུན་བཞོན་པས་དྲངས། །བཤད་དང་བསྒྲུབ་པའི་འོད་སྟོང་འགྱེད་མཁས་པའི། །ཚོགས་མཆོག་ཉིན་མོར་བྱེད་ལ་གཅིག་ཏུ་གུས། ༣ །ཕྱག་ན་པད་མོས་གདུལ་ཞིང་གངས་ལྗོངས་འདིར། །རྒྱལ་བསྟན་ཐོག་མར་འདྲེན་པའི་ཤིང་རྟ་ཆེ། །རྨད་བྱུང་ཆེ་བ་དྲུག་ལྡན་སྔ་འགྱུར་པའི། །པཎ་གྲུབ་རྒྱལ་བ་གཉིས་པ་རྣམས་ལ་འདུད། ༤ །དགེ་ལེགས་དབྱར༵་གྱི་ལང་ཚོ་དར་ལ་བབས། །ག༵ནས་བསྲུང་དཔལ་གྱི་འདབ་བརྒྱ་གྲོལ་བ་དེར། །འ༵དུས་པའི་བཞུགས་གྲངས་བརྗོད་པའི་བྷྲ་མ་ར། །སྙན་ཚིག་མགྲིན་རྔ་འཁྲོལ་ལ་རྣམ་པར་ཕྱོགས། ༥ །ངེས་གསང་བསྟན་པའི་གན་མཛོད་གཅིག་གྱུར་ཞིང་། །ཟླ་བྲལ་མཁས་དང་གྲུབ་པའི་འབྱུང་གནས་ཆེ། །བསྟན༵་གཉིས༵་དར༵་རྒྱ༵ས་གླིང༵་གི་ཆོས་སྡེ་འདིར། །རབ་རྒྱལ་༡༦ནང་ཚན་ཆུ་མོ་ཕག་གི་ལོར། ༦ །འགལ་འཁྲུལ་རྙོགས་པ་དངས་བའི་གཞི་གསུམ་མཚོར། །བརྟན་མཁས་གཤོག་ཡངས་ངོམས་པའི་བསྙེན་རྫོགས་དང་། །ཁྲིམས་བཅུའི་པད་རྩས་འཚོ་བའི་དགེ་སྦྱོང་བཅས། །ཡོན་གནས་དམ་པ་མཚན་མཆོག་༣༢གྲངས་ལྡན་ཉིད། ༧ །རབ་བསྔགས་ཕན་ཡོན་བཅུ་ལྡན་དབྱར༵་གྱི་གཞིར། །ལེགས་གན༵ས་ཐོས་བསམ་ནོར་བུའི་སྒྲོན་མེ་ཡིས། །རྨོངས་པའི་མུན་པ་འཇོམས་དང་འགྲན་བཞིན་དུ། །བསྟན་རྩ་ཆོས་འདུལ་ཚུལ་དེ་གསལ་བར་བྱས། ༨ །དྲི་མེད་སྤོང་བདུན་རྩ་བ་རབ་ཏུ་བརྟན། །ཤེས་རབ་གསུམ་གྱི་ཡལ་འདབ་ཕྱོགས་བརྒྱར་བྲེས། །བཤད་སྒྲུབ་ཆོས་ཀྱི་འབྲས་བཟང་ཀུན་ནས་སྨིན། །རྒྱལ་བསྟན་དཔག་བསམ་སྙེ་མ་རྒྱས་གྱུར་ཅིག ༩ །བསྟན༵་པའི་སྙིང་པོ་གསང་ཆེན་སྔ་འགྱུར་གྱི། །རྨད་བྱུང་རིང་ལུགས་ཁྱད་འཕགས་བཀའ་གཏེར་གཉིས༵། །འགྲན་གྲལ་མཁས་གྲུབ་བྱེ་བས་ལེགས་བཟུང་ནས། །སྲིད་མཐར་ད༵ར་རྒྱ༵ས་འཛམ་གླིང༵་རྒྱན་གྱུར་ཅིག ༡༠ །བཀྲ་ཤིས་གང་ཞིག་མཆོག་གསུམ་ཡིད་བཞིན་དབང་། །རྣམ་དག་དད་དམ་རྒྱལ་མཚན་རྩེར་མཆོད་པས། །ཕན་བདེ་ནོར་བུའི་གྲུ་ཆར་རྟག་འཇོ་ཞིང་། །དགེ་ལེགས་འོད་སྣང་གསར་བས་ཁྱབ་གྱུར་ཅིག ༡༡ །སརྦཱ་དཱ་ཀ་ལྱ་ཎ་བྷ་ཝནྟུ། དགེའོ། །དགེའོ། །དགེའོ། །

༈ མ་ཧཱོ་པ་སནྡྷི་ཤཱནྟ་རཀྵི་ཏཱ་ཡ་ན་མཿཤཱ་སསྱ་ཤཱུ་ར། བསྟན་པའི་ཉི་མ་མཁན་ཆེན་ཞི་བ་འཚོ་ལ་གུས་པས་ཕྱག་འཚལ་ལོ། །བགྲང་ཡས་ཚོགས་ཟུང་རིན་ཆེན་ཁམས་ལས་གྲུབ། །རྨད་བྱུང་སྐུ་བཞིའི་བང་རིམ་ཀུན་ནས་བརྗིད། །དམ་ཆོས་འོད་སྟོང་བཀྲ་བས་རྣམ་པར་མཛེས། །སྟོན་མཆོག་ཤཱཀྱའི་རྒྱལ་པོ་གཙུག་གིས་བསྟེན། ༡ །སྒྲིབ་གཉིས་དྲི་མ་འཁྲུད་པ་ལྷ་ཡི་ཆུ། །ཕུན་ཚོགས་འདོད་པ་འཇོ་བའི་དཔག་བསམ་ཤིང་། །ཕན་བདེ་ནོར་བུའི་གཏེར་ཆེན་ལུང་རྟོགས་ཀྱི། །ཆོས་ཚུལ་དྲི་མེད་གང་ལ་དད་རྒྱས་བསྟེན། ༢ །རྣམ་དག་ཁྲིམས་ཀྱི་ལུས་སྟོབས་ཀུན་ནས་རྒྱས། །ཟབ་ཡངས་ཏིང་འཛིན་བསླབ་པའི་གོས་བཟང་བཀྲ། །ཤེས་རབ་གསུམ་གྱི་ནོར་བུའི་རྒྱན་མཆོག་མཛེས། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་གུས་པས་བསྙེན། ༣ །རྨད་བྱུང་ཆེ་བ་དྲུག་གིས་མངོན་པར་འཕགས། །བཀའ་གཏེར་ཆོས་ཚུལ་བྱེ་བའི་གྲུ་ཆར་འབེབས། །བགྲངས་ཡས་མཁས་དང་གྲུབ་པའི་གཤེགས་ཤུལ་མཆོག །གསང་ཆེན་སྔ་འགྱུར་པ་ཞེས་བསྔགས་འོས་ཆེ། ༤ །ལེགས་བཤད་འཆ༵ད་ལ་དཔལ་ལྡན་ཕྱོགས་ཀྱི་གླང་། །རྩོད༵་པའི་ཁྱུ་མཆོག་སློབ་དཔོན་ཆོས་ཀྱི་གྲགས། །རྩོམ༵་པའི་རྣམ་དཔྱོད་མཁས་མཆོག་དཔའ་བོ་དངོས། །ཁྱབ་བདག་ཟེ་ཆེན་པ་ཞེས་གྲགས་དེ་རྒྱལ། ༥ །དེ་ཡང་མིག་དམར་ཞེས་པ་ཤིང་བྱིའི་ལོའི། །ཕུན་ཚོགས་དབྱར༵་གྱི་དུས་སྟོན་དར་བབས་ཚེ། །ཆོས་སྤྱོད་བཅུ་ཡིས་ལེགས་གནས༵་འདུས་པའི་སྡེ། །སྤོང་བདུན་རྫོགས་པ་འཕགས་ལམ་ཡན་ལག་གྲངས། ༦ །རྣམ་དག་ཁྲིམས་བཅུའི་རྩ་བ་ཀུན་ནས་བརླིང་། །ལེགས་བྱས་ཡལ་འདབ་ཕྱོགས་བརྒྱར་རབ་ངོམས་པའི། །དྲི་མེད་བསླབ་པས་རྒྱུད་བསྡམ་དགེ་སྦྱོང་གྲངས། །བཅུ་ཕྲག་གཉིས་ལ་ཕར་ཕྱིན་དྲུག་ལྡན་ཚུལ། ༧ །ཕུན་ཚོགས་ལེགས་སྤྱད་བཟང་པོའི་དྲི་བསུང་ལྡངས། །ཐོས་བསམ་བསྒོམ་པའི་འདབ་བརྒྱ་ཀུན་ནས་རྒྱས། །དོན་གཉིས་གྲུབ་པའི་བདུད་རྩིའི་ཟིལ་དངར་གཡོ། །དམ་པའི་ཚུལ་དགུས་ཐུབ་བསྟན་མཛེས་གྱུར་ཅིག ༨ །རྒྱལ་བསྟན༵་ལུང་དང་རྟོགས་པའི་རིན་ཆེན་མཛོད། །རྨད་བྱུང་བཤད་དང་བསྒྲུབ་པ་གཉིས༵་ཀྱིས་མཛེས། །གསང་ཆེན་སྔ་འགྱུར་རིང་ལུགས་དར༵་ཞིང༵་རྒྱས༵། །འགྲོ་ཁམས་གླིང༵་བཞི་ཡོངས་ལ་ཁྱབ་གྱུར་ཅིག ༩ ། དགེའོ། །མངྒ་ལམ། ཚན་པ་འདི་གཉིས་ཀ་ཀུན་གཟིགས་མཁན་ཆེན་བླ་མས་རྒྱལ་བསྟན་ཡང་དར་སྐབས་ཁྱབ་བདག་རྒྱལ་བ་ཞེ་ཆེན་དགོན་དུ་འདུལ་བ་གཞི་གསུམ་གྱི་བསྟན་པ་སླར་གསོ་གནང་སྐབས་ཚུལ་ཤིང་གི་ཅོད་པན་དུ་ལྗགས་རྩོམ་གནང་བ་ལགས།

༈ ༡ རྨད་བྱུང་སྙིང་སྟོབས་གོ་ཆ་གཅིག་ཏུ་བརླིང༌། །བགྲང་ཡས་ཚོགས་གཉིས་གསེར་གྱི་ཤིང་རྟས་དྲངས། །རྣམ་གསུམ་ཆོས་ཀྱི་འོད་སྣང་འབུམ་དུ་བརྡལ། །སྟོན་མཆོག་ཉི་མའི་གཉེན་གྱིས་དགེ་ལེགས་སྩོལ། ༢ །ཆོས་རྗེ་རྣམ་འདྲེན་ཐུབ་པ་ཆེན་པོ་དེས། །འཁོར་ཚོགས་གསེར་རི་ལྟ་བུ་འབུམ་གྱི་དབུས། །བཅུ་ཕྲག་དྲུག་ལྡན་དབྱིངས་ཀྱིས་ཡོངས་བསྔགས་པའི། །ཆོས་འདུལ་བདུད་རྩིའི་མཛོད་ལ་གཅིག་ཏུ་གུས། ༣ །ལུང་རྟོགས་ཡོན་ཏན་བྱེ་བའི་དཔལ་གྱིས་ཕྱུག །རྒྱལ་བསྟན་རིན་ཆེན་མཛོད་གྱི་སྒོ་བརྒྱ་འགྱེད། །གདུལ་འགྲོ་ཐར་མཆོག་ཞི་བའི་དཔལ་ལ་འགོད། །འཕགས་ཚོགས་དགེ་འདུན་སྡེ་ལ་དད་ཕྱག་བརྩེགས། ༤ །མཐའ་ཡས་ཤེས་བྱའི་དཀྱིལ་འཁོར་ཇི་སྙེད་ཀུན། །མཁྱེན་པའི་རྩལ་ཆེན་རྫོགས་པས་ལེགས་གཞལ་ནས། །མདོ་སྔགས་བསྟན་པའི་བ་དན་སྲིད་རྩེར་བསྒྲེང༌། །སྔ་འགྱུར་ལོ་པཎ་ཚོགས་ལ་དང་བས་འདུད། ༥ །རྣམ་བཞིའི་ཕྲིན་ལས་དཔག་བསམ་ལྗོན་བཟང་ལས། །ཕུན་ཚོགས་སྡེ་བཞིའི་འབྲས་མཆོག་ཆར་དུ་བསྙིལ། །རྒྱལ་བསྟན་རིན་ཆེན་མཛོད་ཀྱི་གཉེར་འཛིན་པའི། །བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱིས་ཤིས་པ་སྩོལ། ༦ །དེ་ཡང་ཀྵ་ཡ་ཀ་ཞེས་ཟད་བྱེད་ལོའི། །ཕུན་ཚོགས་དབྱར་གྱི་དུས་སྟོན་དར་བ་ལ། །གཞི་གསུམ་ཕྱག་བཞེས་དག་པའི་སྐྱེད་ཚལ་དུ། །དགྱེས་རོལ་རིག་གྲོལ་ནོར་བུའི་དཔལ་འཛིན་ཞིང༌། ༧ །བརྟན་མཁས་ཡོན་ཏན་བྱེ་བའི་རྒྱན་འཆང་བའི། །བསྙེན་རྫོགས་འཕགས་ལམ་ཡན་ལག་གྲངས་ཀྱིས་བརྗིད། །རྣམ་དག་ཁྲིམས་བཅུའི་རྒྱན་ལྡན་གསུངས་དབྱངས་གྲངས། །སྐྱོན་བྲལ་རྨད་བྱུང་དྲང་སྲོང་དཔལ་གྱིས་འཁྱུད། ༨ །འདི་ན་མཆོག་གསུམ་ནམ་མཁའི་ནོར་བུ་ཡི། །བྱིན་བརླབས་འོད་སྣང་འབུམ་བརྡལ་གཟི་བྱིན་གྱིས། །ཕན་བདེའི་འདབ་སྟོང་ཀུན་ནས་རྒྱས་པ་དང༌། །བསྟན་འགྲོའི་དགེ་མཚན་དར་བའི་དཔྱིད་དུ་གྲུབ། ༩ །རྣམ་དག་ལུང་གི་སྒྲ་བརྒྱ་ཀུན་ནས་འཇེབས། །རིག་ལམ་འོད་ཕྲེང་གཡོ་བས་རྨོངས་མུན་གཞིལ། །མན་ངག་བདུད་རྩིའི་གྲུ་ཆར་སྙིང་ལ་སིམ། །དྲི་མེད་རྒྱལ་བསྟན་ཕྱོགས་མཐར་རྒྱས་གྱུར་ཅིག ༡༠ །རྣམ་དཀར་ཡན་ལག་བརྒྱད་ལྡན་བདུད་རྩིའི་ཀླུང༌། །རྣམ་མཁྱེན་རྒྱ་མཚོ་མཆོག་ལ་ལེགས་གཞོལ་བས། །རྣམ་མང་བགྲང་ཡས་འགྲོ་ཁམས་ཇི་སྙེད་ཀུན། །རྣམ་འདྲེན་རྒྱལ་བའི་དབང་པོར་གྱུར་ཅིག་གུ ༡༡ །དགེ་བཅུའི་ལམ་སྲོལ་ལྷུན་པོ་ལྟ་བུར་བརྟན། །འཇིག་རྟེན་ཁམས་ཀུན་སུམ་རྩེན་དཔལ་གྱིས་འཁྱུད། །རྨད་བྱུང་དགའ་བདེའི་འོད་སྣང་སྲིད་མཐར་ཁྱབ། །ས་གསུམ་བཀྲ་ཤིས་དགེ་བས་མཛེས་གྱུར་ཅིག །དགེའོ། །འདི་ནི་སྔ་འགྱུར་རྒྱལ་བ་ཕུག་ཁང་དགོན་དུ་རབ་རྒྱལ་མེ་སྟག་ལོའི་དབྱར་གནས་ཀྱི་ཚུལ་ཤིང་གི་ཅོད་པན་དུ་ལྗགས་རྩོམ་གནང་བ་ལགས།


previousཚུལ་ཤིང་ཅོད་པཎ་གྱི་སྐོར།next