Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽

4 occurrences of ཁྲོལ་བུ་
[Clear Hits]


  
 expand section
  
 expand section
  
  
  
  
 expand section
  
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
 
  
གཏོར་འབུལ་དང་སྡེ་བརྒྱད་འབུམ་བསྐུལ།
  
  
  


4 occurrences of ཁྲོལ་བུ་
[Clear Hits]

 
previousགཏོར་འབུལ་དང་སྡེ་བརྒྱད་འབུམ་བསྐུལ།next

གཏོར་འབུལ་དང་སྡེ་བརྒྱད་འབུམ་བསྐུལ།

༄༅། །གཏོར་འབུལ་དང་སྡེ་བརྒྱད་འབུམ་བསྐུལ་ཞེས་བྱ་བ་བཞུགས་སོ། །

༄༅། །ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་གཏོར་མས་གང་། །སྐྱེ་འཆི་མེད་པར་མཆོད་པར་འབུལ། །ཕྱི་ནམ་མཁའ་ཡངས་པའི་གཏོར་གཞོང་དུ། །ནང་འབྱུང་བ་བཞི་ཡི་གཏོར་མས་གང་། །རང་གསལ་རང་དག་མཆོད་པ་འབུལ། །བཀའ་རྫོགས་པ་ཆེན་པོའི་གཏོར་གཞོང་དུ། །ཐེག་པ་རིམ་དགུའི་གཏོར་མས་གང་། །མ་འདྲེས་ཡོངས་རྫོགས་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་པའི་གཏོར་གཞོང་དུ། །ས་བཅུ་དག་པའི་གཏོར་མས་གང་། །ཕྱི་ནང་མེད་པར་མཆོད་པ་འབུལ། །ཀུན་བཟང་ཡངས་པའི་གཏོར་གཞོང་དུ། །རྣམ་ཤེས་ཚོགས་བརྒྱད་གཏོར་མས་གང་། །འཕེལ་འགྲིབ་མེད་པའི་མཆོད་པ་འབུལ། །ལུས་ངག་ཡིད་གསུམ་གཏོར་གཞོང་དུ། །སྐུ་གསུམ་ཡོངས་རྫོགས་གཏོར་མས་གང་། །བརྗོད་དུ་མེད་པའི་མཆོད་པ་འབུལ། །སྐྱེ་འགགས་མེད་པའི་གཏོར་གཞོང་དུ། །རིག་པ་ཚོགས་དྲུག་གཏོར་མས་གང་། །འགགས་པ་མེད་པའི་མཆོད་པ་འབུལ། །སེམས་ཉིད་གཉུག་མའི་གཏོར་གཞོང་དུ། །ཤ་ཁྲག་དོན་སྙིང་གཏོར་མས་གང་། །ཆགས་ཞེན་མེད་པའི་མཆོད་པ་འབུལ། །ཤུ་བྷཾ།

༈ ཕྱི་འཆི་བདག་གཤིན་རྗེ་མན་ཆད་ནས། །ལས་ཀྱི་གཤིན་རྗེ་ཡན་ཆད་ལ། །གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར། །འདིར་གཤེགས་ཤ་ཁྲག་མཆོད་པ་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག །བསམ་པ་ཙམ་གྱིས་འགྲུབ་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཨེ་ཀ་ཙ་ཏི་མན་ཆད་ནས། །སྲིད་པའི་མ་མོ་ཡན་ཆོད་ལ། །མ་མོ་འབུམ་གྱི་འཁོར་གྱིས་བསྐོར། །གཟའ་ཆེན་བརྒྱད་པོ་མན་ཆད་ནས། །རྒྱུ་སྐར་ཉེར་བརྒྱད་ཡན་ཆོད་ལ། །སྡེ་བརྒྱད་དྲེགས་པ་འབུམ་གྱིས་བསྐོར། །དགའ་བོ་འཇོག་པོ་མན་ཆད་ནས། །ཀླུ་བདུད་མགོ་དགུ་ཡན་ཆོད་ལ། །ཀླུ་བདུད་འབུམ་གྱི་འཁོར་གྱིས་བསྐོར། །ཡམ་ཤུད་དམར་པོ་མན་ཆད་ནས། །སྐྱེས་བུ་ལུང་བཙན་ཡན་ཆོད་ལ། །བཙན་དམག་འབུམ་གྱི་འཁོར་གྱིས་བསྐོར། །རྒྱལ་པོ་པེ་ཧར་མན་ཆད་ནས། །འགོང་པོ་སྤུན་དགུ་ཡན་ཆོད་ལ། །འགོང་པོ་འབུམ་གྱི་འཁོར་གྱིས་བསྐོར། །ཡ་བདུད་རྒྱལ་པོ་མན་ཆོད་ནས། །ནག་པོ་ཏྲག་མེད་ཡན་ཆོད་ལ། །བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར། །མ་བདུད་རྒྱལ་མོ་མན་ཆོད་ནས། །བདུད་མོ་ནག་མོ་ཡན་ཆོད་ལ། །བདུད་མོ་འབུམ་གྱི་འཁོར་གྱིས་བསྐོར། །བསྟན་མ་བཅུ་གཉིས་མན་ཆད་ནས། །གྲོང་ཡུལ་འདྲེ་མོ་ཡན་ཆོད་ལ། །འདྲེ་མོ་འབུམ་གྱི་འཁོར་གྱིས་བསྐོར། །སྐྱེ་གནས་ཕ་མ་མན་ཆོད་ནས། །ལན་ཆགས་གནོད་བྱེད་ཡན་ཆོད་ལ། །ལན་ཆགས་འབུམ་གྱི་འཁོར་གྱིས་བསྐོར། །གུང་གི་རྒྱལ་མོ་མན་ཆོད་ནས། །གཟའ་ཡི་སྨན་མོ་ཡན་ཆོད་ལ། །སྨན་མོ་འབུམ་གྱི་འཁོར་གྱིས་བསྐོར། །འདིར་བྱོན་ཤ་ཁྲག་མཆོད་པ་འབུལ། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག །བསམ་པ་ཙམ་གྱིས་འགྲུབ་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །སྡེ་བརྒྱད་འབུམ་བསྐུལ་ལགས་སོ། །དྲི་མེད་འོད་ཟེར་གྱིས་མཛད་པ་དགེའོ།། །།


previousགཏོར་འབུལ་དང་སྡེ་བརྒྱད་འབུམ་བསྐུལ།next