Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 expand section
 expand section
 expand section
 expand section
 expand section
 collapse section
གནས་དྲུག་པ་ལམ་དང་གང་ཟག་བསྟན་པ།
  
  
  
  
  
  
  
  
 expand section
 expand section
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousགནས་དྲུག་པ་ལམ་དང་གང་ཟག་བསྟན་པ།next

གནས་དྲུག་པ་ལམ་དང་གང་ཟག་བསྟན་པ།


GLG014_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེའི་སྣང་བ་འགོག་མེད་གཞོན་ནུ་ལ། །ཐུན་མཚམས་ལུས་ཕྲ་ཆགས་པས་རབ་འཁྱུད་པ། །འཇམ་མགོན་མི་ཡི་རང་གཟུགས་ཙོང་ཁ་པ། །ཐུབ་བསྟན་ཡོངས་ཀྱི་གཙུག་ན་མངོན་པར་རྒྱལ། །རྒྱལ་བ་གང་དེའི་རིང་ལུགས་འཛིན་པ་ལ། །ལ་ལུང་ཀུན་དུ་བཙལ་ཡང་འགྲན་པའི་ཟླ། །ཟླ་མེད་སྨྲ་བའི་དབང་ཕྱུག་ཆོས་ཀྱི་རྗེ། །རྗེ་བཙུན་དཀོན་མཆོག་ཆོས་འཕེལ་གསུང་རྒྱུན་བཞིན། །ཉམས་ལེན་སྤྱོད་པ་སྟོན་པ་དྲུག་པའི་གནས། །སྔ་རབས་སྒྲོས་ཙམ་སྐྱོར་ཟློས་ལྷུར་ལེན་པ། །སྤངས་ཏེ་ལེགས་བཤད་གསར་པའི་མནྡྷ་ར། །སྐལ་བཟང་ཟུར་ཕུད་མཛེས་པའི་ཐོད་དུ་འཆིང་། །གསུམ་པ་ཐོབ་བྱ་འགོག་ལམ་གྱི་བདེན་པ་གཏན་ལ་དབབ་པ་ལ། ལམ་གྱི་རྣམ་གཞག །གང་ཟག་གི་རྣམ་གཞག །ལམ་གྱི་ཁྱད་ཆོས་གཞན་བཤད་པ་དང་གསུམ། དང་པོ་ལ། ལམ་གྱི་ངོ་བོ། དམིགས་པ། སྒོམ་ཚུལ་ལོ། །དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བདེན་པ་མངོན་སུམ་དུ་མཐོང་བས་མཐོང་སྤང་དང་། བསྒོམས་པ་ལས་སྒོམ་སྤང་ཉོན་མོངས་སྤངས་པ་ཞེས་བཤད་པའི་མཐོང་ལམ་དང་སྒོམ་ལམ་ཇི་ལྟ་བུ་ཞེ་ན། སྒོམ་པའི་ལམ་ནི་ཆོས་ཅན། ཁྱོད་དེ་ལ་སྒྲས་བརྗོད་རིགས་ཀྱིས་ཟག་བཅས་ཟག་མེད་རྣམ་པ་གཉིས་ཡོད་དེ། ཁྱོད་ལ་དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་ཡོད་པའི་ཕྱིར། མཐོང་བ་ཞེས་བྱ་བའི་ལམ་ནི་ཆོས་ཅན། ཟག་པ་མེད་པ་ཁོ་ན་ཡིན་ཏེ། ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སྡུག་བསྔལ་བདེན་པ་ཡིན་ན། སྡུག་བསྔལ་ཡིན་པས་ཁྱབ་ཟེར་ན། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་སྡུག་བསྔལ་བདེན་པར་གྱུར་པའི་ཟག་བཅས་ཀྱི་ཚོར་བ་བདེ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེར་གྱུར་པའི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ག་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྡུག་བསྔལ་མ་ཡིན་པར་ཐལ། བདེ་བ་ཡིན་


GLG014_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །མཐོང་ལམ་རྗེས་ཐོབ་ཡེ་ཤེས་ལ་གནས་པའི་ཉན་ཐོས་འཕགས་པ་ཡོད་ཟེར་ན། མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཐོང་ལམ་མཉམ་གཞག་ཡེ་ཤེས་ཡིན་པར་ཐལ། མཐོང་ལམ་ཡིན་པའི་ཕྱིར། ཁྱབ་སྟེ། མཐོང་བ་ཞེས་བྱ་ཟག་པ་མེད། ཅེས་གསུངས་པའི་ཕྱིར། ཁ་ཅིག །མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་དང་། དབུགས་འབྱུང་རྔུབ་སོགས་སྒོམ་པའི་ཏིང་ངེ་འཛིན་གང་རུང་ཡིན་ན། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་བྱུང་བས་ཁྱབ་ཟེར་ན། བསམ་གཏན་དང་པོའི་ཉེར་བསྡོགས་སུ་གྱུར་པའི་མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་ཆོས་ཅན། བསམ་གཏན་གྱི་དངོས་གཞིའི་ལམ་ལ་བརྟེན་ནས་བྱུང་བར་ཐལ། དེ་གཉིས་གང་རུང་ཡིན་པའི་ཕྱིར། དེར་ཐལ། མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། དེར་ཐལ། དེ་ངོ་བོ་མ་ཆགས་པ་ཡིན་པ། བསམ་གཏན་དང་པོའི་དངོས་གཞི་གཉིས་པའི་དངོས་གཞི། གསུམ་པའི་དངོས་གཞི། བཞི་པའི་དངོས་གཞི། དང་པོའི་ཉེར་བསྡོགས། གཉིས་པའི་ཉེར་བསྡོགས། གསུམ་པའི་ཉེར་བསྡོགས། བཞི་པའི་ཉེར་བསྡོགས། བསམ་གཏན་ཁྱད་པར་ཅན་འདོད་ཁམས་དང་བཅུ་ལ་བརྟེན་ནས་སྐྱེ་བའི་ཕྱིར། ཁ་ཅིག །སྒོམ་ལམ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གཉིས་ཡོད་ཟེར་ན། འཇིག་རྟེན་པའི་སྒོམ་ལམ་དེ་སྒོམ་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒོམ་ལམ་ཐོབ་པའི་ཕྱི་རོལ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཁོ་ཁོ་རང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལམ་ཞུགས་ཀྱི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཕྱི་རོལ་པ་ཡིན་པའི་ཕྱིར། ཁ་ཅིག །བསམ་གཏན་དང་པོའི་དངོས་བཞི། གཉིས་པའི་དངོས་གཞི། གསུམ་པའི་དངོས་གཞི། བཞི་པའི་དངོས་གཞི། དང་པོ་གཉིས་པ་གསུམ་པ་བཞི་པ་རྣམས་ཀྱི་ཉེར་བསྡོགས། བསམ་གཏན་ཁྱད་པར་ཅན་དང་། འདོད་སེམས་རྩེ་གཅིག་པ་དང་བཅུ་པོ་གང་རུང་ཡིན་ན། མི་སྡུག་ཅེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ས་བཅུ་པོ་གང་


GLG014_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཡིན་པས་ཁྱབ་ཟེར་ན། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་བསམ་གཏན་བཞི་པའི་དངོས་གཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བསམ་གཏན་བཞི་པའི་དངོས་གཞི་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེའི་རྒྱུད་ལ་མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། མི་སྡུག་པ་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་ན་མི་ཡིན་དགོས་པའི་ཕྱིར། ཁ་ཅིག །མི་སྡུག་མ་ཆགས་ས་བཅུ་དང་། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ས་བཅུ་གང་རུང་ཡིན་ན། ས་ལམ་གཉིས་སུ་ཕྱེ་བའི་ས་ཡིན་པས་ཁྱབ་ཟེར་ན། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་གྱི་སེམས་རྟེན་དུ་གྱུར་པའི་བསམ་གཏན་བཞི་པའི་དངོས་གཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། རྩ་བར་འདོད་ན། ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཉན་ཐོས་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་འཕགས་པ་ཡོད་ཟེར་ན། མི་འཐད་པར་ཐལ། ཉན་ཐོས་ཀྱི་མཐོང་ལམ་ཐོབ་ནས་བྱང་སེམས་སུ་འགྱུར་བ་མེད་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་སྦྱོར་ལམ་རྩེ་མོ་ནས་ལོག་ནས་སངས་རྒྱས་སུ་འགྱུར་བ་ཡོད་ཅིང་། ཉན་ཐོས་ཀྱི་སྦྱོར་ལམ་བཟོད་པ་ནས་ལོག་ནས་སངས་རྒྱས་སུ་འགྱུར་བ་མེད་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། །གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སྦྱོར་ལམ་གྱི་ཐོབ་པ་སྦྱོར་ལམ། མཐོང་ལམ་གྱི་ཐོབ་པ་མཐོང་ལམ་ཡིན་ཟེར་བ་མི་འཐད་དེ། བྱང་སེམས་མཐོང་ལམ་པའི་རྒྱུད་ལ་སྦྱོར་ལམ་གྱི་ཐོབ་པ་ཡོད་པའི་ཕྱིར། ཁ་ཅིག །སྟོན་དང་བསེ་རུ་བྱང་ཆུབ་བར། །ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ཐར་པ་ཆ་མཐུན་ཡིན་ན། བྱང་སེམས་ཀྱི་ཐར་པ་ཆ་མཐུན་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། དེའི་སྐབས་ནས་དངོས་སུ་བསྟན་པའི་ཐར་པ་ཆ་མཐུན་དུ་གྱུར་པའི་རང་རྒྱལ་གྱི་དེ་ཡོད་པའི་ཕྱིར། དེར་ཐལ། གཞུང་འདིས་བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པ་དེས་
རང་རྒྱལ་གྱི་སྦྱོར་ལམ་དྲོད་ནས། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་བར་སྟན་ཐོག་གཅིག་ཏུ་བགྲོད་ཚུལ་དང་། སངས་རྒྱས་ཀྱིས་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ནས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་བར་སྟན་ཐོག་གཅིག་ཏུ་བགྲོད་ཚུལ་བསྟན་པའི་ཕྱིར། དེར་ཐལ། མྱུར་བ་སྲིད་པ་གསུམ་གྱིས་མཐར། ཞེས་པས། བརྩོན་འགྲུས་ཤིན་ཏུ་འབར་བའི་ཉན་ཐོས་ཚོགས་ལམ་པ་དེས་ཚེ་གསུམ་གྱི་མཐར་ཉན་ཐོས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པར་བསྟན་པའི་ཕྱིར།

ལམ་གྱི་དམིགས་པ་བཤད་པ།


GLG014_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལམ་གྱི་དམིགས་པ་ལ། བདེན་བཞི་བཤད། བདེན་གཉིས་བཤད་པ་གཉིས། དང་པོ་ནི། བདེན་པ་དག་ནི་ཆོས་ཅན། བཞིར་ཡོད་དེ། འགོག་ལམ་གྱི་བདེན་པ་དང་། སྡུག་ཀུན་གྱི་བདེན་པ་ཞེས་གོང་དུ་བཤད་པའི་བཞིར་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། དེ་བཞིན་དུ་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་སྟེ་གོ་རིམ་དེ་ལྟར་བསྟན་པ་ལ་རྒྱུ་མཚན་ཡོད་དེ། དེ་དག་བདེན་པ་མངོན་རྟོགས་ཇི་ལྟར་སྐྱེ་བའི་རིམ་པ་ལྟར་བསྟན་པའི་ཕྱིར། ཟག་བཅས་ཅི་རིགས་པ་མ་ལུས་པ་ཆོས་ཅན། སྡུག་བསྔལ་བདེན་པས་བསྡུས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གསུམ་པོ་གང་རུང་དང་ལྡན་ཞིང་དེ་དག་གི་བསྡུས་པའི་ཕྱིར། དེ་ལྟར་བསྡུས་ཚུལ་ཡོད་དེ། ཚོར་བ་ཡིད་དུ་འོང་བ་བདེ་བ་ནི་འགྱུར་བའི་སྡུག་བསྔལ་གྱིས་བསྡུས། ཡིད་དུ་མི་འོང་བ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་བསྡུས། དེ་ལས་བཏང་སྙོམས་གཞན་པའི་ཟག་པ་དང་བཅས་པ་རྣམས་ཏེ་གསུམ་པོ་ཐམས་ཅད་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བསྡུས་པའི་ཕྱིར། གཉིས་པ་ནི། བུམ་པ་ཆོས་ཅན། ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། ཆོས་གང་ཞིག །བཅོམ་པ་ན་རང་འཛིན་པའི་བློ་མི་འཇུག་པའི་ཕྱིར། བུམ་པའི་ཆུ་ཆོས་ཅན། དེ་ཡོད་དེ། ཡུལ་གཞན་དུ་བསལ་བ་ན་དེར་འཛིན་གྱི་བློ་མི་འཇུག་པའི་ཕྱིར། དེ་གཉིས་བཞིན་ཏེ་ལྟ་བུ་རྣམས་ཀུན་རྫོབ་ཏུ་ཡོད་དོ། །གཞན་གྱི་གཟུགས་དང་ཚོར་བ་སོགས་ཆོས་ཅན། དོན་དམ་དུ་ཡོད་པ་ཡིན་ཏེ། བཅོམ་བསལ་བྱས་ཀྱང་རང་འཛིན་པའི་བློ་མི་འདོར་བའི་ཆོས་ཡིན་པའི་ཕྱིར། གསུམ་པ་ལ། ལམ་ལ་


GLG014_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཚུལ་གྱི་སྒོ་ནས་མདོར་བསྟན། ལམ་སྒོམ་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། བདེན་པ་སྒོམ་པ་ལ་འཇུག་ཚུལ་ཁྱད་པར་བཞི་དགོས་ཏེ། དང་པོར་ངེས་འབྱུང་ཚུལ་ཁྲིམས་ལ་གནས་པ་དང་། དེའི་འོག་ཏུ་གསུང་རབ་མང་དུ་ཐོས་པ་དང་། དེའི་དོན་རིག་པས་བསམ་པ་དང་ལྡན་པ་དང་། དེ་ལས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སྒོམ་པ་ལ་ནི་རབ་ཏུ་སྦྱོར་དགོས་པའི་ཕྱིར། ཐོས་པ་དང་ལ་སོགས་པ་བསམ་སྒོམ་ལས་བྱུང་བའི་བློ་རྣམས་ནི་ཆོས་ཅན། ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། རིམ་པ་བཞིན་མིང་དང་མིང་དོན་གཉིས་ཀ་དང་། དོན་ལ་དམིགས་པའི་ཡུལ་ཙམ་ཡིན་པའི་ཕྱིར། །གཉིས་པ་ལ། ལམ་སྒོམ་པའི་གང་ཟག་དང་། སྒོམ་པའི་ཚུལ་དངོས་གཉིས། དང་པོ་ལ། གང་ཟག་གི་ངོ་བོ་མི་མཐུན་ཕྱོགས་དང་བཅས་པ། དེ་ལ་ལྡན་པའི་ཡོན་ཏན། རིགས་སུ་འཇོག་ཚུལ་དང་གསུམ། དང་པོ་ནི། ཆོག་མི་ཤེས་པ་དང་འདོད་པ་ཆེན་པོ་པ་རྣམས་ཆོས་ཅན། ལམ་སྒོམ་པའི་སྣོད་དུ་མི་རུང་སྟེ། དེའི་གེགས་དང་ལྡན་པའི་ཕྱིར། བགེགས་ཡོད་དེ་ལུས་འདུ་འཛི་དང་། སེམས་མི་དགེ་བའི་རྟོག་པ་གཉིས་ཡིན་ལ། སྣོད་ལ་དེ་གཉིས་པོ་རྒྱང་བསྲིངས་པ་དང་ལྡན་པ་ཅིག་དགོས་པའི་ཕྱིར། ཆོག་མི་ཤེས་པ་དང་། འདོད་པ་ཆེ་བ་དེ་དག་གི་ངོ་བོ་ཡོད་དེ། ཟས་གོས་སོགས་རྙེད་པ་ལ་ཡང་སྲེད་པ་ནི་སྔ་མ་དང་། མ་རྙེད་པ་འམ་ཉུང་ངུ་རྙེད་པ་ལ་ཡིད་མི་བདེ་བ་ནི་ཕྱི་མ་ཡིན་པའི་ཕྱིར། གཉིས་པ་དེ་ལ་ལྡན་པའི་ཡོན་ཏན་ནི། དེ་ལས་བཟློག་པ་འདོད་ཆུང་ཆོག་ཤེས་ནི་ཆོས་ཅན། སྔར་བཤད་པ་གཉིས་པོའི་གཉེན་པོ་དག་ཡིན་ཏེ། དེ་གཉིས་དངོས་སུ་སྤོང་བྱེད་ཡིན་པའི་ཕྱིར། འདོད་ཆུང་ཆོག་ཤེས་གཉིས་ནི་ཆོས་ཅན། དུ་མ་ཡོད་དེ། ཁམས་གསུམ་པོ་གང་རུང་དུ་གཏོགས་པ་རེ་དང་། དྲི་མ་མེད་པ་ཁོ་ན་ཉིད་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། འཕགས་པའི་རིགས་དེ་ཆོས་ཅན། ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། མ་ཆགས་པའི་རིགས་སུ་གནས་པའི་ཕྱིར། དེ་ཆོས་ཅན། འཕགས་པའི་རིགས་ཞེས་བརྗོད་པའི་འཕགས་ཆོས་སྐྱེ་བའི་གཞི་ཡིན་པའི་ཕྱིར། ཆོས་གོས། བསོད་སྙོམས།


GLG014_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

མལ་སྟན་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཞེས་གསུངས་པ་དེ་དག་ལས་དང་པོ་གསུམ་ནི་ཆོས་ཅན། ཆོག་ཤེས་པའི་བདག་ཉིད་ཡིན་ཏེ། ཆོག་མི་ཤེས་ཀྱི་གཉེན་པོ་ཡིན་པའི་ཕྱིར། རིགས་བཞིར་བསྟན་པ་ལ་རྒྱུ་མཚན་ཡོད་དེ། དང་པོ་གསུམ་གྱིས་འཕགས་པའི་ཚུལ་བསྟན། ཐ་མས་འཕགས་པའི་བྱེད་ལས་བསྟན་པའི་ཕྱིར། བཞིར་བསྟན་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཟས་གོས་སོགས་ལ་སྲེད་པ་སྐྱེ་བའི་གཉེན་པོ་བྱེད་པའི་ཕྱིར། དེ་ལྟར་བྱེད་དེ། འཕགས་རིགས་དང་པོ་གསུམ་གྱིས་བདག་གིར་འཛིན་པའི་དགོས་པ་ལ་རང་འདོད་སྐྱེས་པ་ནི་དེའི་དུས་སུ་ཞི་བར་བྱེད་པ་དང་། ཕྱི་མས་བདག་ལུས་ལ་བདག་གིར་འཛིན་པ་གཏན་དུ་ཞི་བར་བྱེད་པའི་ཕྱིར། གཉིས་པ་སྒོམ་ཚུལ་དངོས་ལ། ཞི་གནས་སྒོམ་ཚུལ་དང་། ལྷག་མཐོང་སྒོམ་ཚུལ་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། བདེན་པ་སྒོམ་པ་དེ་ལ་འཇུག་ཚུལ་ཡོད་དེ། འདོད་ཆགས་ལྷག་པར་གྱུར་པ་ན་མི་སྡུག་པ་སྒོམ་པ་ལ་འཇུག །རྣམ་རྟོག་ལྷག་པར་གྱུར་པ་ན་དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་སྒོམ་པ་ལ་འཇུག་པ་ཡིན་པའི་ཕྱིར། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀེང་རུས་སྒོམ་པ་ལ་འཇུག་པ་ཡིན་ཏེ། དེས་འདོད་ཆགས་མགོ་གནོན་དགོས་པའི་ཕྱིར། འདོད་ཆགས་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁ་དོག །དབྱིབས། རྙེད་བཀུར། རེག་བྱ་ལ་ཆགས་པ་རྣམས་ཡོད་པའི་ཕྱིར།གཉིས་པ་ལ། མི་སྡུག་པ་སྒོམ་ཚུལ་དང་། དབུགས་འབྱུང་རྔུབ་དྲན་པ་སྒོམ་ཚུལ་གཉིས། དང་པོ་ལ། དངོས་དང་། ཁྱད་ཆོས་གཉིས། དང་པོ་ལ། ལས་དང་པོ་པའི། ཅུང་ཟད་སྦྱང་བ་བྱས་པའི། ཡིད་ལ་བྱེད་པ་རྫོགས་པའི་སྒོམ་ཚུལ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ལས་དང་པོ་བས་དེ་སྒོམ་ཚུལ་ཡོད་དེ། རང་གི་དཔྲལ་བར་རུས་པ་སྒོམ་པ་ནས། རང་གི་ལུས་ཀེང་རུས་སུ་དམིགས་པར་ཕྱིའི་རྒྱ་མཚོའི་བར་དུ་སྤྲོ་ཞིང་། ཡང་རང་གི་ལུས་ཀེང་རུས་སུ་སྣང་བ་ལ་སྡུད་པ་ནི་དེ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཡོད་དེ་གཞན་སྔར་དང་འདྲ་བ་ལ།


GLG014_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པའི་ཚེ་རྐང་པའི་རུས་པ་ནས་ནི་ཐོད་པ་ཕྱེད་ཀྱི་བར་དུ་དམིགས་པ་སྔ་མ་བཏང་སྟེ་སྒོམས་པ་ལས། སྦྱང་བ་བྱས་པར་བཤད་པའི་ཕྱིར། གསུམ་པ་ནི། སྔར་དང་འདྲ་བ་ལ། སྨིན་མ་གཉིས་ཀྱི་བར་དུ་རུས་པ་མཐེ་བོང་ཙམ་བསྒོམས་ཏེ་དེ་ལ་སེམས་འཛིན་པས་ཡིད་ལ་བྱེད་པ་རྫོགས་པ་ཡིན་པའི་ཕྱིར། གཉིས་པ་ཁྱད་ཆོས་ནི། མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་ཆོས་ཅན། ངོ་བོ་ཡོད་དེ། མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར། ས་བཅུ་ལ་བརྟེན་ཏེ། བསམ་གཏན་བཞི། དེའི་ཉེར་བསྡོགས་བཞི། བསམ་གཏན་ཁྱད་པར་ཅན་དང་། འདོད་པ་ལ་བརྟེན་པ་ཡིན་པའི་ཕྱིར། དམིགས་པ་ཡོད་དེ། འདོད་པའི་སྣང་བ་ལ་འཇུག་པའི་ཕྱིར། གསར་དུ་སྐྱེད་པའི་རྟེན་ཡོད་དེ། གླིང་བཞིའི་མིས་སྐྱེད་པའི་ཕྱིར། གཉིས་པ་དབུགས་འབྱུང་རྔུབ་དྲན་པ་སྒོམ་པ་ལ། ཡུལ་ཅན་གྱི། སྒོམ་ཚུལ་གྱི། ཡུལ་གྱི་ཁྱད་པར་དང་གསུམ། དང་པོ་ནི། དབུགས་ནང་དུ་རྔུབ་པ་དང་། ཕྱིར་འབྱུང་དྲན་པ་ནི་ཆོས་ཅན། ངོ་བོ་ཡོད་དེ། ཤེས་རབ་ཀྱིས་བསྐྱེད་པའི་ཕྱིར། ས་ལྔ་ལ་བརྟེན་པ་ཡིན་ཏེ། བསམ་གཏན་གྱི་ཉེར་བསྡོགས་དང་པོ་གསུམ་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པ་ལ་བརྟེན་པ་ཡིན་པའི་ཕྱིར། སྤྱོད་ཡུལ་ཡོད་དེ། རླུང་ལ་དམིགས་པ་ཡིན་པའི་ཕྱིར། རྟེན་ཡོད་དེ། འདོད་པའི་ལྷ་རྣམས་དང་མི་རྣམས་ལ་སྐྱེ་བའི་ཕྱིར། ཕྱི་རོལ་པ་རྣམས་ཀྱིས་འདི་སྒོམ་པ་མ་ཡིན་ཏེ། དེའི་མན་ངག་མེད་པའི་ཕྱིར། གཉིས་པ་ནི། དབུགས་འབྱུང་རྔུབ་དྲན་པ་ཆོས་ཅན། སྒོམ་ཚུལ་ཁྱད་པར་ཅན་དང་ལྡན་ཏེ། བགྲང་བ་ལ་སོགས་པ་རྣམ་པ་དྲུག་གི་སྒོ་ནས་བྱེད་པའི་ཕྱིར། དྲུག་པོ་ཡོད་དེ། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་དང་ཡོངས་སུ་སྒྱུར་བ་དང་། །ཡོངས་སུ་དག་པ་དྲུག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བགྲང་བ་ཆོས་ཅན། ཡོད་དེ། དབུགས་ཕྱིར་རྒྱུ་བ་ནང་དུ་རྔུབ་པ། བགྲང་བ་ལ་མ་ནོར་བར་ཡིད་གཏོད་པ་ཡིན་པའི་ཕྱིར། རྗེས་འགྲོ་ཆོས་ཅན། ཡོད་དེ། དབུགས་རྔུབ་པ་དང་འབྱུང་བའི་འགྲོས་གནས་པའི་ཡུན་ཚད་ལ་ཡིད་གཏོད་པ་ཡིན་པའི་ཕྱིར། འཇོག་པ་ཆོས་ཅན། ཡོད་དེ། རླུང་སྣ་རྩེ་ནས་རྐང་པའི་མཐེ་བོང་གི་བར་དུ་གནས་པ་ལ་ཡིད་གཏད་པ་ཡིན་པའི་ཕྱིར། ཉེར་རྟོག་ནི་ཆོས་ཅན། ཡོད་དེ།
འབྱུང་བཞིའི་རླུང་དང་། ཕུང་པོ་ལྔ་སོ་སོར་བརྟགས་ཏེ་བསྒོམ་པ་ཡིན་པའི་ཕྱིར། ཡོངས་སྒྱུར་ཆོས་ཅན། ཡོད་དེ། སྦྱོར་ལམ་གྱི་གནས་སྐབས་སུ་རླུང་ལ་དམིགས་ནས་གོང་ནས་གོང་དུ་ཆོས་མཆོག་གི་བར་དུ་བློ་བསྐྱར་ནས་བསྒོམ་པ་ཡིན་པའི་ཕྱིར། ཡོངས་དག་ཆོས་ཅན། ཡོད་དེ། མཐོང་སྒོམ་གྱི་ལམ་ལ་འཇུག་པ་ཡིན་པའི་ཕྱིར། གསུམ་པ་ནི། དབུགས་རྔུབ་པ་དང་དབུགས་འབྱུང་བ་ཆོས་ཅན། ལུས་ས་གང་དུ་གཏོགས་པ་དེར་གཏོགས་ཏེ། ལུས་ཀྱི་ཆ་ཤས་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱད་ཆོས་བཞི་དང་ལྡན་ཏེ། སེམས་ཅན་ཞེས་བྱ་བ་དང་། དབང་པོས་མ་ཟིན་པ་དང་། རྒྱུ་མཐུན་ལས་བྱུང་བ་དང་། དྲན་པས་ཉེར་བཞག་ས་འོག་མ་ཡི་སྤྱོད་ལམ་དང་སྤྲུལ་པའི་ཡིད་ཀྱིས་དེ་གཉིས་ཀྱི་ཇི་ལྟ་བ་བཞིན་དུ་མི་རྟོགས་པའི་ཕྱིར།

ལྷག་མཐོང་སྒོམ་ཚུལ་བཤད་པ།


GLG014_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལྷག་མཐོང་སྒོམ་ཚུལ་ལ། དྲན་པ་ཉེར་གཞག །དྲོད་སོགས་བཞི། བདེན་པ་མངོན་རྟོགས་བཅུ་དྲུག་སྒོམ་ཚུལ་དང་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། ཆོས་དྲན་པ་ཉེར་གཞག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཞི་གནས་གྲུབ་པར་གྱུར་པ་ཡི་གང་ཟག་གིས་ལྷག་མཐོང་བསྒོམ་པར་བྱ་སྟེ། དེས་དྲན་པ་ཉེར་གཞག་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དེ་ཡང་སྒོམ་ཚུལ་ཁྱད་པར་ཅན་དང་ལྡན་ཏེ། ལུས་དང་ཚོར་བ་དང་། སེམས་དང་ཆོས་རྣམས་ལ་རང་སྤྱིའི་མཚན་ཉིད་གཉིས་སུ་ཡོངས་སུ་བརྟགས་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དྲན་པ་ཉེར་གཞག་ཆོས་ཅན། གསུམ་ཡོད་དེ། རང་བཞིན། འབྲེལ་པ། དམིགས་པ་རྣམས་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དང་པོ་ཡོད་དེ། ཐོས་བྱུང་དང་སོགས་པས་བསམ་པ་དང་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་རྣམས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གཉིས་པ་ཡོད་དེ། གཞན་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་འབྲེལ་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གསུམ་པ་ཡོད་དེ། ལུས། ཚོར་བ། སེམས། ཆོས་བཞི་ཡོད་པའི་ཕྱིར། རིམ་པ་དེ་ལྟར་བསྟན་པའི་རྒྱུ་མཚན་ཡོད་དེ། དང་པོར་ལུས་དྲན་པ་ཉེར་གཞག །དེ་ནས་ཚོར་བ། སེམས། ཆོས་དྲན་པ་ཉེར་གཞག་རྣམས་སྒོམ་པ་ནི་ཇི་ལྟར་སྐྱེ་བའི་རིམ་པ་ལྟར་ཡིན་པའི་ཕྱིར། དགོས་པ་ཡོད་


GLG014_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པའི་ཕྱིར། དེར་ཐལ། ལུས་ལ་གཙང་བ། ཚོར་བ་ལ་བདེ་བ། སེམས་ལ་རྟག་པ། ཆོས་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་རིམ་བཞིན་འཇོམས་པའི་ཕྱིར། གཉིས་པ་ནི། དྲན་པ་ཉེར་གཞག་ཆོས་ཅན། ཆོས་དྲན་པ་ཉེར་བཞག་ཞེས་བྱ་སྟེ། ལུས་ཚོགས་གཅིག་ལ་དམིགས་པ་ལ། གཞན་དེ་དག་ལ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པར་ལྟ་བའི་དྲན་པ་ཉེར་གཞག་སྒོམ་པའི་ཕྱིར། གཉིས་པ་དྲོད་སོགས་བཞི་ལ། གོ་རིམས། ཁྱད་ཆོས། ཞར་ལ་ཐེག་པ་གསུམ་གི་ལམ་བགྲོད་ཚུལ་དང་གསུམ། དང་པོ་ནི། དྲན་པ་ཉེར་གཞག་དེ་ཆོས་ཅན། བསྒོམས་པ་ལ་དགོས་པ་ཡོད་དེ། དེ་བསྒོམས་པ་ལས་སྦྱོར་ལམ་དྲོ་བར་གྱུར་པ་འབྱུང་བའི་ཕྱིར། སྦྱོར་ལམ་དྲོད་དེ་ནི་ཆོས་ཅན། དམིགས་རྣམ་གྱི་ཁྱད་པར་དང་ལྡན་ཏེ། དམིགས་པ་བདེན་བཞིའི་སྤྱོད་ཡུལ་ཅན་དང་། རྣམ་པ་མི་རྟག་པ་སོགས་བཅུ་དྲུག་པོ་ཅི་རིགས་གྱི་རྣམ་པ་ཅན་ཡིན་པའི་ཕྱིར། སྦྱོར་ལམ་དྲོ་བ་དེ་ལས་སྦྱོར་ལམ་རྩེ་མོ་སྐྱེ་བར་འགྱུར་ཏེ། དེ་དྲོ་བ་བསྒོམས་པ་ལ་བརྟེན་ནས་འབྱུང་བའི་ཕྱིར། རྩེ་མོ་དེ་ཡང་ཆོས་ཅན། དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། དྲོད་དེ་དང་འདྲ་བའི་ཕྱིར། དྲོད་རྩེ་གཉིས་ཀ་ཆོས་ཅན། ཆོས་དྲན་པ་ཉེར་གཞག་གིས་རྣམ་པ་གཏོད་པར་བྱེད་དེ། དེས་ཐོག་མར་དེ་གཏོད་པར་བྱེད་པའི་ཕྱིར། ལུས་དྲན་པ་ཉེར་གཞག་སོགས་གཞན་དག་གིས་ཀྱང་གོང་ནས་གོང་དུ་འཕེལ་བར་བྱེད་དེ། དེ་དག་གིས་ཆུང་ངུ་ལས་ཆེན་པོ་སོགས་འཕེལ་བར་བྱེད་པའི་ཕྱིར། རྩེ་མོ་དེ་ལས་སྦྱོར་ལམ་བཟོད་པ་ཆུང་འབྲིང་གཉིས་སྐྱེ་སྟེ། དེ་དེའི་རྒྱུ་ཡིན་པའི་ཕྱིར། བཟོད་པ་ཆུང་འབྲིང་རྣམ་པ་གཉིས་ཀྱི་དམིགས་རྣམ་ཆོས་ཅན། ཡོད་དེ། སྔ་མ་དེ་རྩེ་མོ་བཞིན་ཡིན་པའི་ཕྱིར། སྦྱོར་ལམ་བཟོད་པ་ཐམས་ཅད་ཆོས་ཅན། ཆོས་དྲན་པ་ཉེར་གཞག་གིས་འཕེལ་བར་བྱེད་དེ། དེས་གོང་ནས་གོང་དུ་འཕེལ་བའི་ཕྱིར། སྦྱོར་ལམ་བཟོད་པ་ཆེན་པོ་ཆོས་ཅན། དམིགས་པ་ཁྱད་པར་ཅན་དང་ལྡན་ཏེ།
འདོད་ཁམས་སུ་གཏོགས་པའི་སྡུག་བསྔལ་སྤྱོད་ཡུལ་དུ་བྱེད་པའི་ཕྱིར། དེ་ཆོས་ཅན། རྒྱུན་ཆགས་པ་མ་ཡིན་ཏེ། དུས་ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་ཏུ་ཟད་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་ཆོས་ཅན། ཁྱད་ཆོས་གཉིས་དང་ལྡན་ཏེ། བཟོད་པ་ཆེན་པོ་དེ་བཞིན་དུ་སྐད་ཅིག་མ་གཅིག་ཡིན་པ་དང་། འདོད་པར་གཏོགས་པའི་སྡུག་བསྔལ་ལ་དམིགས་པའི་ཕྱིར། སྦྱོར་ལམ་དྲོད་སོགས་བཞི་པོ་ཐམས་ཅད་ངོ་བོ་ཤེས་རབ་དྲན་པ་ཉེར་བཞག་ཡིན་ཡང་། འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ཡིན་ཏེ། དེའི་འཁོར་བསམ་གཏན་གྱི་སྡོམ་པ་གཟུགས་སུ་ཡོད་པའི་ཕྱིར། སྦྱོར་ལམ་གྱི་ཐོབ་པ་ནི་སྦྱོར་ལམ་དུ་མ་གཏོགས་ཏེ། འཕགས་པའི་རྒྱུད་ལ་སྦྱོར་ལམ་གྱི་ཐོབ་པ་ལྡན་པ་ཡོད་པའི་ཕྱིར། དེ་ལྟར་ན་ངེས་འབྱེད་ཆ་མཐུན་ཆོས་ཅན། རྣམ་པ་བཞི་ཡོད་དེ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་ཡོད་པའི་ཕྱིར།

ངེས་འབྱེད་ཆ་མཐུན་གྱི་ཁྱད་ཆོས་བཤད་པ།


GLG014_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཁྱད་ཆོས་ལ། ངོ་བོ། རྟེན་གྱི་ཁྱད་པར། བྲལ་ཐོབ་ཀྱི་ཁྱད་པར། དེ་ལ་ལྡན་པའི་ཡོན་ཏན། ལམ་གཞན་དུ་འཇུག་ཚུལ་དང་ལྔ། དང་པོ་ནི། ངེས་འབྱེད་ཆ་མཐུན་རྣམས་ཆོས་ཅན། ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། བསྒོམས་བྱུང་གཙོ་བོར་གྱུར་པ་ཡིན་པའི་ཕྱིར། །གཉིས་པ་ལ། སེམས་རྟེན་དང་། ལུས་རྟེན་གཉིས། དང་པོ་ནི། དེ་ཆོས་ཅན། ས་དྲུག་ལ་བརྟེན་ཏེ། བསམ་གཏན་བཞི་དང་། དེ་ལྟར་ན་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་དང་། བསམ་གཏན་ཁྱད་པར་ཅན་ལ་བརྟེན་པའི་ཕྱིར། བཙུན་པ་དབྱངས་སྒྲོག་ན་རེ། ངེས་འབྱེད་ཆ་མཐུན་གཉིས་ནི་ས་བདུན་པ་ལ་བརྟེན་པ་ཡིན་ཏེ། གཟུགས་ཀྱི་འོག་འདོད་ཁམས་ནའང་ཡོད་པའི་ཕྱིར་ཟེར་རོ། །གཉིས་པ་ནི། ངེས་འབྱེད་ཆ་མཐུན་རྣམས་ཆོས་ཅན། འདོད་པའི་རྟེན་ཅན་ཡིན་ཏེ། དང་པོ་གསུམ་གླིང་གསུམ་གྱི་མི་དང་། ཕྱི་མ་འདོད་ལྷ་དག་གི་ནང་ནས་སྐྱེད་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་ཆོས་ཅན། འཐོབ་ཚུལ་ཁྱད་པར་ཅན་དང་ལྡན་ཏེ། དང་པོ་བུད་མེད་ཀྱི་རྟེན་ལ་ཐོབ་པས་ཕྱིས་གཉིས་ཀའི་རྟེན་ཅན་འཐོབ་པ་ཡོད་ཅིང་། སྐྱེས་པའི་རྟེན་ལ་དེ་ཁོ་ན་འཐོབ་པར་འགྱུར་བའི་ཕྱིར། གསུམ་པ་བྲལ་ཐོབ་ཀྱི་ཁྱད་པར་ནི། དེ་དག་གཏོང་ཚུལ་ཡོད་དེ། འཕགས་པས་ནི་ངེས་འབྱེད་


GLG014_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མཐུན་དེ་དག །ས་བོར་ཞིང་འཕོས་པས་གཏོང་། འཕགས་པ་མ་ཡིན་པའི་གང་ཟག་གིས་ནི་འཆི་འཕོ་བས་གཏོང་བར་འགྱུར་བའི་ཕྱིར། ངེས་འབྱེད་ཆ་མཐུན་དང་པོ་གཉིས་ནི་ཆོས་ཅན། གཏོང་བའི་རྒྱུ་ཡོད་དེ། དང་པོ་གཉིས་ཀྱི་རྟེན་དྲོད་རྩེ་ལས་ཡོངས་སུ་ཉམས་པས་ཀྱང་གཏོང་བའི་ཕྱིར། བསམ་གཏན་གྱི་དངོས་གཞི་ལས་ངེས་འབྱེད་ཆ་མཐུན་སྐྱེས་པ་ན། ཚེ་དེ་ཉིད་ལ་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། དེའི་ཚེ་ཡིད་འབྱུང་ཤས་ཆེ་བའི་ཕྱིར། ངེས་འབྱེད་ཆ་མཐུན་ལས་རྣམ་པར་ཉམས་ནས་སླར་ཐོབ་པ་ན་སྔོན་མེད་གསར་དུ་ཐོབ་པ་ཡིན་ཏེ། དེ་དག་མ་འདྲེས་པ་དང་འབད་དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ངེས་འབྱེད་ཆ་མཐུན་ལས་རྣམ་པར་ཉམས་པ་དང་། ཡོངས་སུ་ཉམས་པ་གཉིས་ནི་ཆོས་ཅན། ངེས་འབྱེད་ཆ་མཐུན་དང་མི་ལྡན་པ་ཞེས་བྱ་སྟེ། དེ་དང་བྲལ་བའི་ཕྱིར། །བཞི་པ་ཡོན་ཏན་ནི། དེ་དག་ལས་ཉམས་ཀྱང་སྦྱོར་ལམ་རྩེ་མོ་ཐོབ་པ་ནས་དགེ་རྩའི་རྒྱུན་ཆད་མི་སྲིད་དེ། དེ་ནས་ལོག་ལྟའི་གོ་སྐབས་བཅོམ་པའི་ཕྱིར། སྦྱོར་ལམ་བཟོད་པ་ཆོས་ཅན། ཁྱོད་ཐོབ་ནས་ངན་སོང་དུ་མི་འགྲོ་སྟེ། ངན་སོང་དུ་མི་སྐྱེ་བའི་ཆོས་ཉིད་དེ་ནས་སོ་སོར་བརྟགས་མིན་གི་འགོག་པ་ཐོབ་པའི་ཕྱིར། ལྔ་པ་ནི། སྦྱོར་ལམ་དྲོད་རྩེ་གཉིས་ལ་སློབ་པའི་ཉན་ཐོས་རྣམས་ནི། རིགས་ལས་བཟློག་ནས་ནི་སངས་རྒྱས་སུ་འགྱུར་བ་ཡོད་དེ། དེ་དག་ནས་བྱང་སེམས་ཀྱི་ལམ་དུ་འཇུག་སྲིད་པའི་ཕྱིར། དྲོད་རྩེ་བཟོད་པ་གསུམ་ལས་རིགས་ལོག་ནས་གཞན་རང་རྒྱལ་དུ་འགྱུར་བ་སྲིད་དེ། དེ་གསུམ་ནས་རང་རྒྱལ་ལམ་དུ་འཇུག་པ་ཡོད་པའི་ཕྱིར། གསུམ་པ་ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་ནི། རང་རྒྱལ་ལས་ལོག་ནས་སངས་རྒྱས་སུ་འགྱུར་བ་མི་སྲིད་དེ། སྟོན་པ་སངས་རྒྱས་དང་བསེ་རུ་རང་སངས་རྒྱས་རྣམས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་གྱི་ལམ་རྣམས། བསམ་གཏན་གྱི་རབ་མཐའ་བཞི་པ་ལ་བརྟེན་ནས། སྟན་ཐོག་གཅིག་ལ་ཀུན་རྫོགས་པར་བྱེད་པའི་ཕྱིར། ངེས་འབྱེད་ཆ་མཐུན་དེ་ཡི་སྔོན་དུ་འགྲོ་བའི་ལམ་ཡོད་དེ། དེའི་སྔོན་དུ་ཐར་པ་ཆ་མཐུན་གྱི་ལམ་འགྲོ་དགོས་
པའི་ཕྱིར། ཉན་ཐོས་བརྩོན་འགྲུས་ཤིན་ཏུ་མྱུར་བ་སྲིད་པ་གསུམ་དུ་ཚོགས་བསགས་པས་འཁོར་བ་ལས་ཐར་བར་འགྱུར་ཏེ། དེས་ཚེ་དང་པོ་ལ་ཐར་པ་ཆ་མཐུན། གཉིས་པ་ལ་ངེས་འབྱེད་ཆ་མཐུན། གསུམ་པ་ལ་འཕགས་ལམ་རྣམས་རྫོགས་པར་སྐྱེད་ནུས་པའི་ཕྱིར། ཐར་པ་ཆ་མཐུན་ཆོས་ཅན། ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། ཐོས་བསམ་ལས་བྱུང་བའི་ཤེས་རབ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ལས་གསུམ་གྱིས་བསྡུས་ཏེ། ལུས་ངག་ཡིད་གསུམ་གྱི་ལས་ཀྱིས་བསྡུས་པའི་ཕྱིར། དེ་ཆོས་ཅན། རྟེན་ཁྱད་པར་ཅན་དང་ལྡན་ཏེ། གླིང་གསུམ་གྱི་མི་ཁོ་ན་ཡི་ནང་ནས་འཕེན་པ་སྟེ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར། སྨྲས་པ། སྲིད་པའི་སྡུག་བསྔལ་ལྷ་མིན་དཔུང་། །ཕ་མཐར་བྱེད་པའི་ཐེག་གསུམ་གྱི། །དགྲ་བཅོམ་གོ་འཕང་མིག་སྟོང་ཅན། །མངོན་དུ་བྱས་ཚེ་གཏན་གྱི་བདེའི། །གཞོམ་མེད་མྱང་འདས་རྩེ་བརྒྱ་པས། །སྒྲིབ་པའི་ས་འཛིན་རྐང་བཅག་ནས། །བདེ་ལེགས་རྒྱ་མཚོའི་བདུད་རྩི་ལ། །དགྱེས་དགུར་སྤྱོད་དེ་སྐལ་བ་བཟང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

བདེན་པ་མངོན་པར་མངོན་པར་རྟོགས་པ་བཅུ་དྲུག་སྒོམ་ཚུལ་བཤད་པ།


GLG014_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བདེན་པའི་མངོན་པར་རྟོགས་པ་བཅུ་དྲུག་སྒོམ་ཚུལ་ལ། གོ་རིམས། སའི་ཁྱད་པར། ཤེས་བཟོད་ཀྱི་ཁྱད་པར་དང་གསུམ། དང་པོ་ནི། འཇིག་རྟེན་པ་ཡི་ཆོས་མཆོག་ཆོས་ཅན། འབྲས་བུ་དང་ལྡན་ཏེ། ཁྱོད་ལས་ཆོས་ཀྱི་བཟོད་པ་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་བཟོད་དང་། ཆོས་ཤེས་གཉིས་དམིགས་པ་ཁྱད་པར་ཅན་དང་ལྡན་ཏེ། ཆོས་བཟོད་དེ་འདོད་ཁམས་ཀྱི་སྡུག་བསྔལ་ལ་དམིགས་ཤིང་། ཆོས་བཟོད་ཀྱི་རྗེས་དེ་ནས་ནི་འདོད་ཁམས་ཀྱི་སྡུག་བསྔལ་དེ་ཉིད་ལ་དམིགས་ནས་ཆོས་ཤེས་སྐྱེ་བར་འགྱུར་བའི་ཕྱིར། རྗེས་བཟོད་དང་རྗེས་ཤེས་གཉིས་ཀྱང་དམིགས་པ་ཁྱད་པར་ཅན་དང་ལྡན་ཏེ། གོང་དུ་བཤད་པ་དེ་བཞིན་དུ་འདོད་ཁམས་ཀྱི་སྡུག་བསྔལ་གྱི་ལྷག་མ་ཁམས་གོང་མའི་སྡུག་བསྔལ་ལ་དམིགས་ནས་རྗེས་བཟོད་དང་རྗེས་ཤེས་རིམ་པ་བཞིན་དུ་སྐྱེ་བའི་ཕྱིར། ཀུན་འབྱུང་ལ་སོགས་པའི་བདེན་པ་གཞན་གསུམ་ལ་དམིགས་ནས་མངོན་རྟོགས་སྐྱེ་ཚུལ་ཡང་དེ་བཞིན་ཡིན་ཏེ། འདོད་ཁམས་ཀྱི་ཀུན་འབྱུང་ལ་དམིགས་


GLG014_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀུན་འབྱུང་ཆོས་བཟོད་དང་ཆོས་ཤེས། ཁམས་གོང་གི་ཀུན་འབྱུང་ལ་དམིགས་ནས་ཀུན་འབྱུང་རྗེས་བཟོད་དང་རྗེས་ཤེས་སྐྱེ་ཞིང་འགོག་ལམ་གཉིས་ལའང་དེ་བཞིན་ཡིན་པའི་ཕྱིར། བདེན་པ་མངོན་རྟོགས་འདི་ལ་སེམས་བཅུ་དྲུག་ཡོད་དེ། གོང་དུ་བཤད་ཟིན་པ་དེ་ལྟར་ཏེ་དེའི་ཕྱིར། དེ་ཆོས་ཅན། རྣམ་པ་གསུམ་ཡོད་དེ། ཆོས་བཟོད་སོགས་མཐོང་བ་མངོན་རྟོགས། དེ་དང་མཚུངས་ལྡན་གྱི་སེམས་བྱུང་དམིགས་པ་མངོན་རྟོགས། དེའི་མཚན་ཉིད་སྐྱེ་འཇིག་སོགས་བྱ་བ་མངོན་རྟོགས་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། བདེན་པ་མངོན་པར་རྟོགས་པ་དེ་ནི་ཆོས་ཅན། བསམ་གཏན་ས་དྲུག་ལ་བརྟེན་པ་ཡིན་ཏེ། སྦྱོར་ལམ་ཆོས་མཆོག་དང་བརྟེན་ས་གཅིག་པའི་ཕྱིར། གསུམ་པ་ནི། སེམས་བཅུ་དྲུག་པོ་དེ་ཡང་ཆོས་ཅན། ཡོད་དེ། གོ་རིམ་བཞིན་དུ་བཟོད་པ་རྣམས་བར་ཆད་མེད་ལམ་དང་ཤེས་པ་རྣམས་རྣམ་གྲོལ་ལམ་གྱིས་བསྡུས་པའི་ཕྱིར་རོ། །སེམས་བཅུ་དྲུག་པོ་དེ་ལས་སྐད་ཅིག་དང་པོ་བཅོ་ལྔ་ནི་མཐོང་བའི་ལམ་ཡིན་ཏེ། དེ་རྒྱུད་དེས་སྔར་མ་མཐོང་བའི་དོན་གསར་དུ་མཐོང་བའི་ལམ་ཡིན་པའི་ཕྱིར། བཅུ་དྲུག་པ་ནི་སྒོམ་ལམ་མོ། །གཉིས་པ་གང་ཟག་གི་རྣམ་གཞག་ལ། ཞུགས་གནས་ཀྱི་རྣམ་གཞག་སྤྱིར་བསྟན་པ། ནང་ཚན་གྱི་སྒོ་ནས་བདུན་དུ་དབྱེ་བ། གང་ཟག་གི་རིགས་བསྡུ་བ་དང་གསུམ། དང་པོ་ལ། རྒྱུན་ཞུགས་དང་ཆགས་བྲལ་སྔོན་སོང་གི་རྣམ་གཞག །འབྲས་བུ་རིམ་གྱིས་པའི་རྣམ་གཞག་གཉིས། དང་པོ་ནི། བདེན་པ་མངོན་རྟོགས་དེ་དག་ཏུ་གནས་པའི་གང་ཟག་ལ་གཉིས་ཡོད་དེ། དབང་པོ་རྣོ་བ་ཆོས་ཀྱི་རྗེས་འབྲང་དང་། དབང་རྟུལ་དད་པའི་རྗེས་འབྲང་གཉིས་ཡོད་པའི་ཕྱིར། གང་ཟག་དེ་གཉིས་སྔོན་འཇིག་རྟེན་པའི་ལམ་གྱི་སྒོམ་པས་སྤང་བར་བྱ་བ་ཅུང་ཟད་ཀྱང་མ་སྤངས་ན་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པའི་ཕྱིར། དེ་གཉིས་འདོད་པའི་ཉོན་མོངས་གཅིག་ནས་རྣམ་པ་ལྔའི་བར་ཙམ་བཅོམ་པ་དེ་ཡང་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཡིན་པའི་ཕྱིར། དེ་གཉིས་འདོད་པའི་ཉོན་མོངས་དགུ་པ་ཚུན་ཆད་དེ་དེ་མ་གཏོགས་པ་དྲུག་གམ་བདུན་ན་བརྒྱད་


GLG014_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་ནི་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་གྱི་གནས་པ་མ་ཡིན་ཏེ། དེ་ལ་ཞུགས་པ་ཞེས་བྱ་བའི་ཕྱིར། གང་ཟག་དེ་གཉིས་ཀྱི་སྔ་རོལ་དུ་འདོད་པ་འམ་ཡང་ན་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་ཚེ་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ཏེ། དེའི་ཚེ་དེ་གཉིས་ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པ་ཡིན་པའི་ཕྱིར། གང་ཟག་གང་ཞིག་འབྲས་བུ་གང་ལ་ཞུགས་པ་དེ་ནི་ཆོས་ཅན། བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པའི་ཚེ་འབྲས་གནས་ཞེས་བྱ་སྟེ། དེའི་ཚེ་བཅུ་དྲུག་པའི་རྟོགས་པ་ཐོབ་ལ་མ་བཏང་བ་ཡིན་པའི་ཕྱིར། དེའི་ཚེ་དབང་པོ་རྣོ་རྟུལ་གྱི་གང་ཟག་དེ་དག་ལ་མིང་ཁྱད་པར་ཅན་ཡོད་དེ། དབང་རྟུལ་ལ་དད་པས་མོས་པ་དང་། དབང་རྣོན་ལ་མཐོང་བས་ཐོབ་པ་ཞེས་བྱ་བ་ཡིན་པའི་ཕྱིར། རྒྱུན་ཞུགས་ཀྱི་འབྲས་གནས་ཁྱད་པར་དུ་བྱ་བའི་ཕྱིར་མི་བརྩོན་པའི་རྒྱུན་ཞུགས་ནི་ཆོས་ཅན། ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་མ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་གང་ཞིག །འབྲས་བུ་ཁྱད་པར་ཅན་གྱི་ལམ་ཐོབ་པ་མེད་པ་དེའི་ཕྱིར་ཞུགས་པ་ཕྱི་མ་ལ་རིགས་འགྲེ། གཉིས་པ་ལ། སྤང་བྱ་སྤོང་ཚུལ་དང་། ཞུགས་གནས་ཀྱི་རྣམ་གཞག་དངོས་གཉིས། དང་པོ་ནི། འདོད་པའི་ས་ལ་སྔར་བཤད་པ་དེ་བཞིན་དུ་བསམ་གཏན་དང་པོའི་ས་དང་སྲིད་རྩེའི་བར་གྱི་ས་ན་ཉེས་པ་རྣམ་པ་དགུ་ཡོད་དེ། དེ་སྒོམ་སྤང་ཆུང་འབྲིང་ཆེན་པོ་གསུམ། དེ་རེ་རེ་ལའང་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་ཡོད་པའི་ཕྱིར། ཉེས་པ་དགུ་ཡོད་པ་དེ་བཞིན་དུ། སྒོམ་ལམ་གྱི་ཡོན་ཏན་དགུ་རྣམས་ཡོད་དེ། སྒོམ་ལམ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ཀྱི་རེ་རེ་ལའང་དེ་དག་ན་ཆུང་ངུ་དང་ལ་སོགས་པ་ཆེན་པོའི་ཆེན་པོ་བར་ཐ་དད་པ་རྣམས་ཡོད་པའི་ཕྱིར། གཉིས་པ་ལ། རྒྱུན་ཞུགས་ཞུགས་གནས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་ཞུགས་གནས་ཏེ་བཞི། དང་པོ་ལ། ཞུགས་པ་དང་། གནས་པ་གཉིས། དང་པོ་བཤད་ཟིན། གཉིས་པ་ལ། རྣམ་པ་དང་། ཁྱད་པར་གཉིས་ལས། དང་པོ་ནི། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཆོས་ཅན། ཁྱོད་ཀྱི་འཇོག་བྱེད་ཡོད་དེ། རྒྱུན་ཞུགས་འབྲས་གནས་ཙམ་པོ་བ་གང་ཞིག །


GLG014_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པས་སྤང་བར་བྱ་བ་ཅུང་ཟད་ཀྱང་མ་ཟད་ཅིང་། མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་ལེན་པའི་རིགས་སུ་གནས་པ་དེ་ཡིན་པའི་ཕྱིར། །གཉིས་པ་ནི། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་ཆོས་ཅན། ཁྱོད་ཀྱི་འཇོག་བྱེད་ཡོད་དེ། རྒྱུན་ཞུགས་འབྲས་གནས་ཁྱད་པར་བ་གང་ཞིག །འདོད་པའི་སྒོམ་སྤང་རྣམ་པ་གསུམ་མམ་རྣམ་པ་བཞི་ལས་གྲོལ་བ་དང་། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ། ཚེ་གཉིས་སམ་གསུམ་དུ་འདོད་པའི་ལྷ་མི་གང་རུང་གི་རིགས་ནས་རིགས་སུ་སྐྱེ་བ་ལེན་པའི་རིགས་སུ་གནས་པ་དེ་ཡིན་པའི་ཕྱིར། གཉིས་པ་ཕྱིར་འོང་ཞུགས་གནས་ལ། ཞུགས་པ་དང་། འབྲས་གནས་གཉིས། དང་པོ་ནི། འབྲས་གནས་དེ་ཉིད་འདོད་པའི་སྒོམ་སྤང་རྣམ་པ་ལྔའི་བར་དུ་བཅོམ་ཞིང་སྤངས་ནས། དྲུག་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་ཉན་ཐོས་ཆོས་ཅན། དེ་ལྔ་སྤངས་པ་གང་ཞིག །ཕྱིར་འོང་ཞུགས་པ་ཡིན་ཏེ། དེ་ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཡིན་པའི་ཕྱིར། གཉིས་པ་ལ། ཙམ་པོ་བ་དང་། ཁྱད་པར་བ་གཉིས་ལས། དང་པོ་ནི། འདོད་ཉོན་དྲུག་པ་ཟད་པར་གྱུར་པ་ན། དེ་ནི་ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་ཞིང་། ལྷའི་ནང་ནས་མིའི་ནང་དུ་ལན་ཅིག་ཕྱིར་འོང་བའི་ཕྱིར། གཉིས་པ་ནི། འབྲས་བུ་ལ་གནས་པ་དེ་ཉིད་ཉེས་པ་སྟེ་འདོད་པའི་སྒོམ་སྤང་གི་ཆ་བདུན་ནམ་བརྒྱད་ཟད་པ་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ། མྱ་ངན་ལས་འདའ་བ་ལ་ཚེ་གཅིག་ལུས་པའི་ཚེ། དེ་ཉིད་ལ་ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱ་སྟེ། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་འདོད་ཉོན་དགུ་པས་བར་དུ་ཆོད་ཅིང་། དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་གིས་བར་དུ་ཆོད་པའི་ཕྱིར། གསུམ་པ་ཕྱིར་མི་འོང་ཞུགས་གནས་ལ། ཞུགས་པ་དང་། འབྲས་གནས་གཉིས་ལས། དང་པོ་ནི། འབྲས་གནས་དེ་ཆོས་ཅན། འབྲས་བུ་གསུམ་པ་ཕྱིར་མི་འོང་གི་འབྲས་བུ་ལ་ནི་ཞུགས་པའང་ཡོད་དེ། དེ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཡིན་པའི་ཕྱིར། །གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི། འབྲས་གནས་དེ་ཆོས་ཅན། འདོད་པའི་ཉོན་མོངས་དགུ་ཟད་པར་སྤངས། སྲིད་རྩེའི་ཉོན་མོངས་དགུ་པ་


GLG014_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་པའི་ཚེ་ཕྱིར་མི་འོང་ཞེས་བྱ་སྟེ། དེའི་ཚེ་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པས་འདོད་པར་ཕྱིར་མི་འོང་པའི་ཕྱིར། གཉིས་པ་ལ། གཟུགས་སུ་ཉེར་འགྲོ །གཟུགས་མེད་དུ་ཉེར་འགྲོ། །མཐོང་ཆོས་ཞི། ཚེ་ཡོངས་གྱུར། ལུས་མངོན་བྱེད་དང་ལྔ། དང་པོ་ལ། རྩ་བའི་སྒོ་ནས་ལྔར་དབྱེ། ཡན་ལག་གི་སྒོ་ནས་དགུར་དབྱེ། དེ་དག་གི་ཁྱད་པར། སྐྱེས་བུ་དམ་པའི་འགྲོ་བ་ངོས་གཟུང་བ་དང་བཞི། དང་པོ་ནི། ཕྱིར་མི་འོང་དེ་ནི་ཆོས་ཅན། རྣམ་པ་ལྔ་ཡོད་དེ། བར་སྲིད་ལ་བརྟེན་ནས་དེ་མངོན་དུ་བྱེད་པ་བར་འདའ། སྐྱེས་ཙམ་ནས་མྱ་ངན་ལས་འདའ་བ་སྐྱེས་འདའ། དེ་ཡང་འདུ་བྱེད་དང་བཅས་ནས་མྱ་ངན་ལས་འདའ་བ་དང་། འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གོང་དུ་འཕོ་རྣམས་ཡོད་པའི་ཕྱིར། ཕྱིར་མི་འོང་གོང་དུ་འཕོ་བ་དེ་ནི་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། བསམ་གཏན་སྤེལ་སྒོམ་བྱས་ནས་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། མ་བྱས་པར་སྲིད་རྩེའི་མཐར་ཐུག་འགྲོ་བ་གཉིས་ཡོད་པའི་ཕྱིར། ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་དེ་ཆོས་ཅན། གསུམ་དུ་ཡོད་དེ། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་ཞིང་འཕར་བ་རྣམས་ཡོད་པའི་ཕྱིར། ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་ལས་གཞན་སྲིད་རྩེའི་མཐར་ཐུག་འགྲོ་བ་ཆོས་ཅན། ཁྱོད་ཀྱི། རྒྱུ་ཡོད་དེ། བསམ་གཏན་སྤེལ་སྒོམ་མ་བྱས་ཤིང་། ཞི་གནས་ཤས་ཆེ་བའི་དབང་གིས་ཁྱོད་འབྱུང་བའི་ཕྱིར། གཉིས་པ་ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་བ་དེ་ལ་དགུར་བཤད་དེ། ཕྱིར་མི་འོང་བར་འདའ་བ་ལ་མྱུར་བ། མྱུར་བ་མ་ཡིན་པ། རིང་མོ་ནས་འདའ་བ་དང་གསུམ། སྐྱེས་འདའ་བ་ལ་སྐྱེས་ཙམ་དང་། འདུ་བྱེད་དང་བཅས་མ་བཅས་གསུམ། གོང་འཕོ་བ་ལ་འཕར་བ་སོགས་གསུམ་སྟེ་དགུ་ཡོད་པའི་ཕྱིར། གསུམ་པ་ནི། དེ་ལྟར་དབྱེ་བ་ལ་རྒྱུ་མཚན་ཡོད་དེ། དགུ་པོ་དེ་དག་གི་ནི་ཁྱད་པར་རྣམས་ལས་དང་། དབང་པོ་དང་། ཉོན་མོངས་པའི་བྱེ་བྲག་ལས་དེ་ལྟར་འབྱུང་བའི་ཕྱིར། བར་འདའ་བ་གསུམ་མངོན་པར་འགྲུབ་པའི་ལས་ཅན་དབང་རྣོན་ཉོན་མོངས་ཆུང་ངུ་སྐྱེས་འདའ་གསུམ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དབང་པོ་དང་ཉོན་མོངས་འབྲིང་། གོང་འཕོ་གསུམ་དེས་ཤེས་པར་


GLG014_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བཞི་པ་ནི། སྐྱེས་བུ་དམ་པའི་འགྲོ་བ་ཆོས་ཅན། ཁྱོད་ལ་བདུན་ཡོད་དེ། སྔར་གྱི་དགུ་པོ་ལས། གོང་དུ་འཕོ་བ་མ་ཕྱེ་བར་གཅིག་ཏུ་བགྲངས་པས་དེ་ལྟར་འབྱུང་བའི་ཕྱིར། དེ་ཆོས་ཅན། དམ་པ་ཞེས་བྱ་བའི་རྒྱུ་མཚན་ཡོད་དེ། དགེ་ལས་ཁོ་ནར་འཇུག་ཅིང་། དམ་པ་མིན་པ་ལ་མི་འཇུག་པ་དང་། འདོད་པ་ལས་སོན་ཞིང་། ཆགས་བྲལ་སླར་ཕྱིར་མི་འོང་བའི་ཕྱིར་རོ། །གཉིས་པ་གཟུགས་མེད་ཉེར་འགྲོ་ནི། གཞན་གཟུགས་མེད་ཉེ་བར་འགྲོ་བ་ནི་ཆོས་ཅན། བཞི་ཡོད་དེ། སྐྱེས་འདའ་བ་གསུམ། གཞན་གོང་དུ་འཕོ་བའི་མིང་ཅན་དང་བཞི་ཡོད་པའི་ཕྱིར། །གསུམ་པ་མཐོང་ཆོས་བཞི་ནི། ཤེས་བྱ་ཆོས་ཅན། གཞན་མཐོང་ཆོས་བཞི་ཡོད་དེ། མཐོང་ལམ་ཐོབ་པའི་ཚེ་འདི་ཉིད་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་དེ་ཡིན་པའི་ཕྱིར། བཞི་པ་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་ལ། དངོས་དང་། ཞར་བྱུང་བསམ་གཏན་སྤེལ་སྒོམ་བཤད་པ་གཉིས། དང་པོ་ནི། འདོད་པར་ཚེ་རབས་ལན་གྲངས་དུ་མར་ཡོངས་སུ་གྱུར་པ་སྟེ་བླངས་པའི་ཕྱིར་མི་འོང་དེ་ཡིན་པའི་ཕྱིར། ཁྱོད་གཞག་ཏུ་ཡོད་དེ། འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཞེས་བྱ་བའི་ཕྱིར། དེ་འདྲའི་འཕགས་པ་ཆོས་ཅན། འདོད་ཁམས་ལས་གཞན་གཟུགས་ཁམས་སུ་འགྲོ་བ་མེད་དེ། འདོད་པའི་རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། འདོད་པར་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་དེ་དང་ཁམས་གོང་མར་སྐྱེས་པའི་འཕགས་པ་ནི་ཆོས་ཅན། ཡོངས་སུ་ཉམས་པ་དང་དབང་པོ་འཕོ་བ་མི་བསྟེན་ཏེ། དབང་པོ་ཡོངས་སུ་སྨིན་པ་དང་རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར། གཉིས་པ་ལ། སྤེལ་སྒོམ་བྱེད་པའི་ཚུལ། གྲུབ་པའི་ཚད། བྱས་པའི་དགོས་པ། སྤེལ་སྒོམ་གྱི་འབྲས་བུ་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། བསམ་གཏན་སྤེལ་སྒོམ་བྱེད་ཚུལ་ཡོད་དེ། དང་པོར་བསམ་གཏན་བཞི་པ་སྤེལ་བར་བྱེད་པའི་ཕྱིར། །གཉིས་པ་ནི། སྤེལ་སྒོམ་གྲུབ་པའི་ཚད་ཡོད་དེ། བསམ་གཏན་ཟག་བཅས་ཟག་མེད་སྐད་ཅིག་མ་རེ་རེ་ལ་ནི་བསྲེ་ཐུབ་པ་རྣམས་ནི་སྤེལ་སྒོམ་གྲུབ་པ་ཡིན་པའི་ཕྱིར། གསུམ་པ་ནི། སྤེལ་སྒོམ་བྱེད་པའི་རྒྱུ་མཚན་ཡོད་དེ། ཕྱིར་མི་འོང་དབང་རྣོན་རྣམས་གནས་གཙང་མར་སྐྱེ་བ་དང་། མཐོང་ཆོས་ལ་བདེ་བར་གནས་


GLG014_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་སྒོམ་པ་དང་། དབང་རྟུལ་རྣམས་ཉོན་མོངས་པས་འཇིགས་པའི་ཕྱིར་ཡང་སྒོམ་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། གནས་གཙང་མའི་སྐྱེ་བ་ལ་མི་ཆེ་བ་སོགས་ལྔ་ཁོ་ནར་ཡོད་དེ། དེའི་རྒྱུ་བསམ་གཏན་སྤེལ་སྒོམ་དེ་ནི་རྣམ་པ་ལྔ་ཁོ་ནར་ངེས་པའི་ཕྱིར། ལྔ་པ་ནི། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ཆོས་ཅན། ལུས་ཀྱི་ཆ་མངོན་སུམ་བྱེད་པ་ཞེས་འདོད་དེ། མྱང་འདས་དང་འདྲ་བའི་འགོག་པའི་བདེན་པ་ལུས་ཀྱིས་མངོན་དུ་བྱེད་པའི་ཕྱིར་མི་འོང་ཡིན་པའི་ཕྱིར། བཞི་པ་དགྲ་བཅོམ་ཞུགས་གནས་ལ། ཞུགས་པ་དང་། འབྲས་གནས་གཉིས་ལས། དང་པོ་ནི། བསམ་གཏན་དང་པོའི་སྒོམ་སྤང་གཅིག་སྤངས་ནས་སྲིད་རྩེའི་བར་སྒོམ་སྤང་བརྒྱད་ཟད་པའི་ཕྱིར་མི་འོང་ཆོས་ཅན། དགྲ་བཅོམ་གྱི་འབྲས་བུ་ཉིད་ལ་ཞུགས་པ་ཡིན་ཏེ། དེ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཡིན་པའི་ཕྱིར། སྲིད་རྩེའི་སྒོམ་སྤང་དགུ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་ཕྱིར་མི་འོང་ཡང་ཆོས་ཅན། རྟགས་གསལ་སྔར་བཞིན། བར་ཆད་མེད་ལམ་དེ་ནི་ཆོས་ཅན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་པ་ཡིན་ཏེ་ཕྲ་རྒྱས་ཉོན་མོངས་ཐམས་ཅད་འཇོམས་ནུས་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ། ཁྱད་ཆོས་རྒྱས་པར་བཤད་པ། འབྲས་གནས་ཀྱི་དབྱེ་བ་དང་གསུམ། དང་པོ་ནི། ཟད་པ་ཤེས་པའི་ཡེ་ཤེས་ཆོས་ཅན། ཐོབ་པའི་དུས་ཡོད་དེ། སྲིད་རྩེའི་སྒོམ་སྤང་དགུ་པ་དེ་ཟད་པའི་འགོག་པ་ཐོབ་པ་དང་དུས་མཚུངས་པའི་ཕྱིར། གཉིས་པ་ལ། ཆགས་བྲལ་གྱི་རྣམ་གཞག་དང་། དགེ་སྦྱོང་ཚུལ་འབྲས་ཀྱི་རྣམ་གཞག་གཉིས། དང་པོ་ལ། ལམ་གང་གིས་ཆགས་པ་དང་བྲལ་བ། བྲལ་ཐོབ་སྐྱེ་བའི་ཚུལ། ས་གང་གི་ཆགས་པ་དང་བྲལ་བ། ལམ་གྱི་དམིགས་པ་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་ཚེ་གང་ཟག་དེ་ལ་མི་སློབ་པ་དང་དགྲ་བཅོམ་པ་ཞེས་བྱ་སྟེ། དེའི་ཚེ་ཐོབ་དགོས་མཐའ་དག་ཐོབ་ཟིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྲིད་རྩེ་ལས་འཇིག་རྟེན་པའི་ལམ་གྱིས་ཆགས་པ་དང་འབྲལ་མི་ནུས་ཏེ། དེའི་འདོད་ཆགས་དང་འབྲལ་བ་ལ་འདས་ལམ་ཁོ་ན་དགོས་པའི་ཕྱིར། སྲིད་རྩེ་ལས་གཞན་པའི་ས་ལས་འདོད་ཆགས་དང་བྲལ་ཚུལ་རྣམ་
པ་གཉིས་ཡོད་དེ། འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འདོད་ཆགས་དང་བྲལ་བ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བའི་འཕགས་པ་ལ་བྲལ་བའི་ཐོབ་པ་རྣམ་པ་གཉིས་ཡོད་དེ། འདས་མ་འདས་གཉིས་ཡོད་པའི་ཕྱིར། ཁ་ཅིག་ན་རེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་བ་རྣམ་པ་གཉིས་ཡོད་དེ། ས་གོང་མའི་ལམ་བཏང་ཡང་དེའི་ཉོན་མོངས་པ་དང་མི་ལྡན་པ་ཡོད་པའི་ཕྱིར་ཟེར་བ་ལ་ཁྱབ་པ་མེད་དེ། སྲིད་རྩེའི་ཕྱེད་ལས་གྲོལ་བ་ལ་ལམ་སྔ་མ་བཏང་ཡང་ཉོན་མོངས་དང་མི་ལྡན་པ་དང་། བསམ་གཏན་དང་པོའི་གོང་སར་སྐྱེས་པ་བཞིན་དུ་སྔར་གྱི་ཉོན་མོངས་དང་མི་ལྡན་པའི་ཕྱིར།

ས་གང་གིས་ཆགས་པ་དང་བྲལ་བ་བཤད་པ།


GLG014_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ས་གང་གི་ཆགས་པ་དང་བྲལ་བ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཟག་མེད་མི་ལྕོགས་མེད་པ་ཡིས། རང་ས་གོང་ས་འོག་ས་ཐམས་ཅད་ལས་འདོད་ཆགས་དང་འབྲལ་བར་བྱེད་ནུས་ཏེ། དེས་ས་གསུམ་པོ་དེའི་དངོས་གཉེན་བྱེད་ནུས་པའི་ཕྱིར། གསུམ་པ་མན་ཆད་ཀྱི་ས་གསུམ་ལས་རྒྱལ་བ་སྟེ། འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་ས་གཉིས་ལས་འཐོབ་སྟེ། བསམ་གཏན་གྱི་དངོས་གཞི་འམ་ཉེར་བསྡོགས་ལས་ཐ་མའི་རྣམ་གྲོལ་ལམ་འཐོབ་པའི་ཕྱིར། བཞི་པ་སོགས་ཀྱིས་མཐའི་རྣམ་གྲོལ་ལམ་ནི་ཆོས་ཅན། ཉེར་བསྡོགས་ལས་འཐོབ་པ་མ་ཡིན་ཏེ། དངོས་གཞི་ཁོ་ན་ལས་འཐོབ་པའི་ཕྱིར། ཟག་མེད་ཀྱི་བསམ་གཏན་བཞི་གཟུགས་མེད་དང་པོ་གསུམ། བསམ་གཏན་ཁྱད་པར་པ་སྟེ་བརྒྱད་ཀྱིས་རང་ས་དང་གོང་ས་ལས་རྒྱལ་བར་བྱེད་ནུས་ཏེ། དེ་དེ་ལ་ཆགས་པ་དང་བྲལ་བར་བྱེད་ནུས་པའི་ཕྱིར། བཞི་པ་དམིགས་རྣམ་ལ། དངོས་དང་། དཀྱུས་མ་གཉིས། དང་པོ་ནི། འཇིག་རྟེན་པའི་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་ཆོས་ཅན། དམིགས་པ་ཡོད་དེ། གོ་རིམ་བཞིན་དུ་རྣམ་གྲོལ་ལམ་གྱིས་གོང་ས་ལ་ཞི་སོགས་ཀྱི་རྣམ་པ་ཅན་གྱི་སྤྱོད་ཡུལ་དུ་བྱེད། བར་ཆད་མེད་ལམ་གྱིས་འོག་ས་ལ་རགས་སོགས་ཀྱི་རྣམ་པ་ཅན་གྱི་སྤྱོད་ཡུལ་དུ་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དགྲ་
བཅོམ་པ་མི་གཡོ་བའི་ཆོས་ཅན་ཡིན་ན་དེའི་ཟད་པ་ཤེས་པའི་ཡེ་ཤེས་ལས་བྱུང་བའི་འབྲས་བུ་ཡོད་དེ། མི་སྐྱེ་བར་ཤེས་པའི་བློ་གྲོས་འབྱུང་བའི་ཕྱིར། གལ་ཏེ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་མ་ཡིན་ན། ཟད་པ་ཤེས་པའི་ཡེ་ཤེས་ལས་ཆོས་གཉིས་འབྱུང་སྟེ། དེའི་ཟད་པ་ཤེས་པའི་ཡེ་ཤེས་སམ། མི་སློབ་པའི་ལྟ་བ་འབྱུང་བའི་ཕྱིར། ལྟ་བ་དེ་ནི་ཆོས་ཅན། དགྲ་བཅོམ་པ་ཐམས་ཅད་ལ་ཡོད་དེ། དེ་དབང་པོ་རྣོ་རྟུལ་གཉིས་ཀ་ལ་ཡོད་པའི་ཕྱིར།

དགེ་སྦྱོང་ཚུལ་གྱི་འབྲས་བུའི་རྣམ་བཞག་བཤད་པ།


GLG014_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དགེ་སྦྱོང་ཚུལ་འབྲས་ཀྱི་རྣམ་གཞག་ལ། ངོ་བོ་དབྱེ་བ་དང་བཅས་པ། རྩོད་པ་སྤོང་བ། དོགས་པ་དཔྱད་པ། འཐོབ་ཚུལ་དང་བཞི། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། དགེ་སྦྱོང་གི་ཚུལ་ནི་ཆོས་ཅན། ངོ་བོ་ཡོད་དེ། དྲི་མེད་ཟག་མེད་ཀྱི་བར་ཆད་མེད་ལམ་ལ་འཇོག་པའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཆོས་ཅན། གཉིས་སུ་ཡོད་དེ། འདུས་བྱས་དང་འདུས་མ་བྱས་གཉིས་སུ་ཡོད་པའི་ཕྱིར། དེ་དག་སོ་སོར་བརྒྱད་ཅུ་རྩ་དགུ་ཡོད་དེ། མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་བརྒྱད། ཟད་པ་འགོག་བདེན་དང་བཅས་པ། ས་དགུའི་སྒོམ་སྤང་སྤངས་པའི་རྣམ་གྲོལ་ལམ་དགུ་དགུ་བརྒྱད་ཅུ་རྩ་གཅིག །ཟད་པ་འགོག་བདེན་དང་བཅས་པ་རྣམས་ཡོད་པའི་ཕྱིར། རྒྱུ་མཐུན་དང་བྲལ་འབྲས་གཉིས་སུ་ཡོད་དེ། རྣམ་གྲོལ་ལམ་རྒྱུ་མཐུན་དང་། འགོག་བདེན་རྣམས་བྲལ་འབྲས་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། འབྲས་བུ་བཞི་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། དེ་ཐོབ་པའི་ཟག་མེད་ཡིན་ན། ཅིག་ཤོས་ཐོབ་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དགེ་སྦྱོང་ཚུལ་གྱི་སོ་སོར་བརྟགས་འགོག་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། འགོག་བདེན་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། རང་དོན་སྤངས་པ་ཕུན་ཚོགས་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། སངས་འཕགས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་བཞིའི་ནང་གི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པའི་གང་ཟག་ཡིན་པར་ཐལ། འདོད་པ་གང་ཞིག །དང་པོ་གསུམ་ལ་


GLG014_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་མེད་པའི་ཕྱིར། འདོད་ན། དགྲ་བཅོམ་འབྲས་གནས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་དམན་གྱི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །རྒྱུན་ཞུགས་ཡིན་ན། དབང་པོ་རྣོ་རྟུལ་དེ་དག་ཏུ། ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་རྒྱུན་ཞུགས་ཡིན་པས་ཁྱབ་ཟེར་ན། མཐོང་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་ཉོན་མོངས་ལྔ་པ་ལ་ཆགས་པ་དང་བྲལ་བའི་རྒྱུན་ཞུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་གཞུང་དེའི་སྐབས་ནས་དངོས་སུ་བསྟན་པའི་རྒྱུན་ཞུགས་ཡིན་པར་ཐལ། རྣམ་ལྔའི་བར་བཅོམ་གཉིས་པ་ལ། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དེ་ཡིན་པའི་ཕྱིར། ཁ་ཅིག །མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་གང་ཟག་ཡིན་ན། རྒྱུན་ཞུགས་ཡིན་པས་ཁྱབ་ཟེར་ན། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཉན་ཐོས་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེ་ཡོད་པའི་ཕྱིར། འདོད་ན། འཕགས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་རྒྱུན་ཞུགས་འབྲས་གནས་ཡོད་ཟེར་ན། མི་འཐད་པར་ཐལ། རྒྱུན་ཞུགས་འབྲས་གནས་ཡིན་ན་སྒོམ་ལམ་པ་ཡིན་དགོས་པའི་ཕྱིར། དེར་ཐལ། རྒྱུན་ཞུགས། ཕྱིར་འོང་། ཕྱི་མི་འོང་གི་འབྲས་གནས་གསུམ་པོ་གང་རུང་ཡིན་ན་སྒོམ་ལམ་པ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་རྟོགས་པ་ཐོབ་དགོས་པ་གང་ཞིག །དེ་སྒོམ་ལམ་དུ་འདོད་དགོས་པའི་ཕྱིར། ཁ་ཅིག །ཕྱིར་འོང་ཞུགས་པ་ཡིན་ན། གཉིས་པ་ལ། དགུ་པ་ཚུན་ཆད་ཟད་པ་ཡིན། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཕྱིར་འོང་ཞུགས་པ་ཡིན་པས་ཁྱབ་ཟེར་ན། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། འབྲས་བུ་ཐོད་རྒལ་བ་ཡིན་པར་ཐལ། གཞུང་འདིའི་སྐབས་


GLG014_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དངོས་སུ་བསྟན་པའི་དེ་ཡིན་པའི་ཕྱིར། ཁ་ཅིག །རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཡིན་ན། འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་ངེས་པས་ཁྱབ་ཟེར་ན། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ལ་ངེས་མ་ངེས་གཉིས་ཡོད་པའི་ཕྱིར། དེར་ཐལ། དགེ་འདུན་ཉི་ཤུ་ཆེན་མོ་ལས། །ལན་བདུན་པ་ལ་སྐྱེ་འཕགས་གཉིས། །འཕགས་པ་ལ་ཡང་ངེས་མ་ངེས། །ཞེས་གསུངས་པའི་ཕྱིར། འདོད་ན། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཡིན་པར་ཐལ། དེ་གང་ཞིག །འདོད་པའི་ཕྱིར། ཁ་ཅིག །ཐ་མའི་ཆ་མཐུན་ལྔ་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་གང་ཟག་དེ་ཡིན་ན། ཕྱིར་མི་འོང་ཞུགས་པ་ཡིན་པས་ཁྱབ་ཟེར་ན། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཉན་ཐོས་ཀྱི་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར་ཏེ། ཉན་ཐོས་དགྲ་བཅོམ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་དེ་ཡོད་པའི་ཕྱིར། འདོད་ན། འཕགས་པ་ཡིན་པར་ཐལ་ལོ། ཁ་ཅིག །ཕྱིར་འོང་ཞུགས་པ་ཡིན་ན། མཐོང་ལམ་པ་ཡིན་པས་ཁྱབ་ཟེར་ན། འདོད་ཉོན་དྲུག་པའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་པའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྒོམ་ལམ་པ་ཡིན་པའི་ཕྱིར། དེར་ཐལ། རྒྱུན་ཞུགས་འབྲས་གནས་ཡིན་པའི་ཕྱིར། ཁ་ཅིག །ཕྱིར་མི་འོང་འབྲས་གནས་ཡིན་ན། དེ་དགུ་ཟད་པས་ཕྱིར་མི་འོང་། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཕྱིར་མི་འོང་འབྲས་གནས་ཡིན་པས་ཁྱབ་ཟེར་ན། འབྲས་བུ་ཐོད་རྒལ་བའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཡིན་ན། གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པས་ཁྱབ་ཟེར་ན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་སྲིད་རྩེའི་མཐར་ཐུག་འགྲོ་ཆོས་ཅན། དེར་ཐལ། དེའི་


GLG014_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། ཁ་ཅིག །དགྲ་བཅོམ་པ་ཡིན་ན། དགྲ་བཅོམ་དྲུག་འདོད་དེ་དག་ལ། །ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་དགྲ་བཅོམ་པ་ཡིན་པས་ཁྱབ་ཟེར་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སངས་རྒྱས་གཉིས་དང་ཉན་ཐོས་བདུན། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དགྲ་བཅོམ་འབྲས་གནས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །བྱང་ཆུབ་ཡིན་ན། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཡིན་པས་ཁྱབ་ཟེར་ན། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པའི་རྒྱུད་ཀྱི་ཟད་པ་ཤེས་པའི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་བྱང་ཆུབ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་དེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཡོད་པར་ཐལ་ལོ། །འདོད་མི་ནུས་ཏེ། དགྲ་བཅོམ་དབང་རྟུལ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དགེ་སྦྱོང་ཚུལ་གྱི་འབྲས་བུ་བརྒྱད་བཅུ་རྩ་དགུ་བཤད་པས་མདོ་ལས་འབྲས་བུ་བཞིར་གསུངས་པ་དང་འགལ་བའི་སྐྱོན་མེད་དེ། བཞིར་བཞག་པ་ལ་རྒྱུ་མཚན་རྣམ་པ་ལྔ་སྲིད་པའི་ཕྱིར། དེ་སྲིད་དེ། འབྲས་བུ་ལ་ཞུགས་ལམ་སྔོན་དུ་བཏང་བ་དང་། གཞན་ཟག་མེད་ཀྱི་ལམ་ཐོབ་པ་དང་། ཟད་པ་སྟེ་སྤངས་པ་བསྡོམས་པ་དང་། ཆོས་ཤེས་བཞི་རྗེས་ཤེས་བཞི་སྟེ་ཤེས་པ་བརྒྱད་ཚན་ཐོབ་པ་དང་། མི་རྟག་སོགས་རྣམ་པ་བཅུ་དྲུག་རྟོགས་པ་ཐོབ་པའི་སྒོ་ནས་དེ་ལྟར་བཤད་པའི་ཕྱིར། གསུམ་པ་ནི། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཕྱིར་འོང་དང་། ཕྱིར་མི་འོང་གི་འབྲས་བུ། དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་བའི་སྐྱོན་མེད་དེ། འཇིག་རྟེན་པ་ཡི་ལམ་གྱིས་ཐོབ་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ནི་མཐོང་ལམ་གྱིས་ཐོབ་པའི་སྤངས་པ་དང་། སྒོམ་ལམ་གྱིས་ཐོབ་པའི་སྤངས་པར་བསྲེས་པ་དང་། ཟག་མེད་ཀྱི་ཐོབ་པ་ཡང་འཛིན་པའི་ཕྱིར། གོང་དུ་བཤད་པའི་དགེ་སྦྱོང་ཚུལ་དེ་ཉིད་ཆོས་ཅན། ཚངས་


GLG014_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཞེས་བཤད་པའི་རྒྱུ་མཚན་ཡོད་དེ། ཉོན་མོངས་སྤོང་པའི་ལམ་ཡིན་པའི་ཕྱིར། ཚངས་པ་ཡི་འཁོར་ལོ་ཆོས་ཅན། སྐོར་བ་པོ་ཡོད་དེ། ཚངས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐོར་བའི་ཕྱིར། མཐོང་ལམ་གྱི་ངོ་བོར་གྱུར་པའི་འཕགས་ལམ་ཡན་ལག་བརྒྱད་ཆོས་ཅན། ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཕྱིར། དེར་ཐལ། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ལ་རྟེན་པར་བྱེད་པའི་ལྟེ་བ། སྡུད་ཅིང་མྱུར་བར་འགྲོ་བའི་མུ་ཁྱུད། གཅོད་པར་བྱེད་པའི་རྩིབས་གསུམ་དང་ལྡན་པ་ལྟར། འཕགས་ལམ་ཡན་ལག་བརྒྱད་པོ་དེ་བསྡུ་ན་བསླབ་པ་གསུམ་དུ་འདུ་ཞིང་། དེ་རྣམས་སྔ་མ་གསུམ་དང་ཆོས་མཚུངས་པའི་ཕྱིར། བཞི་པ་འཐོབ་ཚུལ་ནི། ཤེས་བྱ་ཆོས་ཅན། འདོད་པར་དགེ་སྦྱོང་ཚུལ་གྱི་འབྲས་བུ་གསུམ་འཐོབ་སྟེ། དེར་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་གི་འབྲས་བུ་གསུམ་འཐོབ་པའི་ཕྱིར། ཐ་མ་དགྲ་བཅོམ་པའི་འབྲས་བུ་ནི་ཁམས་གསུམ་དུ་འགྲོ་བ་སྟེ། འདོད་གཟུགས། གཟུགས་མེད་རྣམས་སུ་འཐོབ་པའི་ཕྱིར། སྔར་བཤད་པ་གསུམ་པོ་དེ་རྣམས་ཁམས་གོང་མར་མི་འཐོབ་སྟེ། དེ་ན་དེའི་རྟེན་ལ་མཐོང་ལམ་གསར་སྐྱེ་མེད་པའི་ཕྱིར། དེར་ཐལ། གཟུགས་མེད་ཁམས་ན་འཆད་ཉན་མེད། གཟུགས་ཁམས་ན་སྐྱོ་ཤས་མི་སྐྱེ་བའི་ཕྱིར་དང་། མདོ་ལས་ཀྱང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གང་ཟག་ལྔ་ནི་འདིར་རྩོམ་ཞིང་དེ་མཐར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། སྨྲས་པ། ལམ་གྱི་བགྲོད་ཚུལ་འཁྲུལ་མེད་སྟོན་མཁས་པའི། །ཡོངས་འཛིན་དེད་དཔོན་དྲིན་ལས་མྱང་འདས་ཀྱི། །རིན་ཆེན་གླིང་དུ་བགྲོད་པའི་གོ་རིམ་འགྲོས། །མ་ནོར་སྟོན་པ་དབྱིག་གཉེན་མཁས་པའི་ལུགས། །མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་བོ་ཞེས། །རང་སྡེའི་གྲུབ་མཐའ་སྨྲ་བ་འགའ་འདོད་ཀྱང་། །ཐོབ་བྱ་མཐར་ཐུག་དགྲ་བཅོམ་རྣམ་གསུམ་གྱི། །གོ་འཕང་ཡིན་ཕྱིར་ལུགས་འདིར་གསལ་བར་འཆད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དགྲ་བཅོམ་འབྲས་གནས་ཀྱི་དབྱེ་བ་སོགས་བཤད་པ།


GLG014_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དགྲ་བཅོམ་འབྲས་གནས་ཀྱི་དབྱེ་བ་ལ། མཚན་གཞིའི་སྒོ་ནས་དྲུག་ཏུ་དབྱེ། འབྲས་བུ་ཉམས་པ་ཡོད་མེད་ལ་དཔྱད། དབང་པོ་འཕོ་ཚུལ། དགྲ་བཅོམ་པ་དགུར་ཡོད་ཚུལ་དང་བཞི། དང་པོ་ནི། དགྲ་བཅོམ་པ་ལ་དྲུག་ཏུ་འདོད་དེ། ཡོངས་སུ་ཉམས་པའི་ཆོས་ཅན། བདག་གསོད་པའི་ཆོས་ཅན། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན། རྟོགས་པའི་སྐལ་བ་ཅན་གྱི་ཆོས་ཅན། རྗེས་སུ་སྲུང་བའི་ཆོས་ཅན། མི་གཡོ་བའི་ཆོས་ཅན་རྣམས་སུ་ཡོད་པའི་ཕྱིར། དྲུག་པོ་དེ་དག་ལས། དང་པོ་ལྔ་ནི་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། དད་པས་མོས་པ་ལས་སྐྱེས་པའི་ཕྱིར། ལྔ་པོ་དེ་དག་ཆོས་ཅན། རྣམ་གྲོལ་དུས་དང་སྦྱོར་བ་ཟེར་བའི་རྒྱུ་མཚན་ཡོད་དེ། མྱང་འདས་མངོན་དུ་བྱེད་པ་ལ་ཡོ་བྱད་དང་། ནད་མེད་པ་དང་། ཡུལ་ཁྱད་པར་ཅན་ལ་ལྟོས་དགོས་པའི་ཕྱིར། དགྲ་བཅོམ་མི་གཡོ་བའི་ཆོས་ཅན་ཆོས་ཅན། མི་གཡོ་བ་ཟེར་བའི་རྒྱུ་མཚན་ཡོད་དེ། དབང་པོ་མི་གཡོ་བ་སྟེ་མི་ཉམས་པའི་དགྲ་བཅོམ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། དུས་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་པའི་རྒྱུ་མཚན་ཡོད་དེ། དབང་པོ་མི་གཡོ་བའི་དགྲ་བཅོམ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། རྒྱུ་ཡོད་དེ། མཐོང་བས་ཐོབ་པའི་རྒྱུ་ལས་བྱུང་བའི་ཕྱིར། དགྲ་བཅོམ་པ་དེ་དག་ལའང་རིགས་གཉིས་སུ་ཡོད་དེ། ཁ་ཅིག་དང་པོ་ནས་དེའི་རིགས་དང་། ཁ་ཅིག་སྦྱངས་པའི་ཡོན་ཏན་ལས་མི་གཡོ་བར་འགྱུར་བའི་ཕྱིར། གཉིས་པ་ནི། དགྲ་བཅོམ་པ་དང་པོ་ལྔ་ལ་ཉམས་པར་འགྱུར་བ་ཡོད་དེ། ཉམས་པའི་ཆོས་ཅན་མ་གཏོགས་པ་བཞི་ནི་རིགས་ལས་ཉམས་པར་འགྱུར། ལྔ་ག་འབྲས་བུ་ལས་ཉམས་པར་འགྱུར་བའི་ཕྱིར། རང་གི་དང་པོར་འབྲས་བུ་གང་ཐོབ་པ་ལས་ཉམས་པར་འགྱུར་བ་མ་ཡིན་ཏེ། དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པར་བྱས་པའི་ཕྱིར། དགྲ་བཅོམ་པར་མ་ཟད། ཉན་ཐོས་སློབ་པ་དང་འཕགས་པ་མ་ཡིན་པ་སོ་སོ་སྐྱེ་བོའང་རིགས་དྲུག་དང་ལྡན་པ་ཡོད་དེ། ཉམས་པའི་ཆོས་


GLG014_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནས་མི་གཡོ་བའི་བར་གྱི་དེ་ལྡན་ཡོད་པའི་ཕྱིར། མཐོང་ལམ་ལ་གནས་པ་ལ་ནི་དེ་ལ་གནས་བཞིན་དུ་དབང་པོ་འཕོ་བ་མེད་དེ། དེ་ནི་ཤིན་ཏུ་ཡུན་ཐུང་བའི་ཕྱིར། ཡོན་ཏན་ལས་ཡོངས་སུ་ཉམས་པ་ལ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། ཡོན་ཏན་ཐོབ་པ་ལས་ཉམས་པ་དང་། མ་ཐོབ་པ་ལས་ཉམས་པ་དང་ཐོབ་བྱ་མངོན་དུ་མི་བྱེད་པས་ཉེར་སྤྱད་ལས་ཉམས་པ་རྣམས་སུ་ཡོད་པའི་ཕྱིར། སྟོན་པ་སངས་རྒྱས་ལ་ཉམས་པ་གཅིག་ཡོད་དེ། ཐ་མ་ཉེར་སྤྱད་ལས་ཉམས་པ་ཡོད་པའི་ཕྱིར། དགྲ་བཅོམ་མི་གཡོ་བའི་ཆོས་ཅན་ལ་ཉམས་པ་གཉིས་ཡོད་དེ། ཉེར་སྤྱད་ལས་ཉམས་པ་དང་། བར་མ་མ་ཐོབ་པ་ལས་ཀྱང་ཉམས་པ་ཡོད་པའི་ཕྱིར། དགྲ་བཅོམ་གཞན་ལ་ཉམས་ཚུལ་ཡོད་དེ། དེ་དེ་ཡི་རྣམ་པ་གསུམ་ག་ཡོད་པའི་ཕྱིར། དེ་ལྟར་ཉམས་པས་དགྲ་བཅོམ་འཁོར་བར་སྐྱེ་བའི་སྐྱོན་མེད་དེ། དེ་ནི་འབྲས་བུ་ལས་ཉམས་པ་སོར་མ་ཆུད་ཀྱི་བར་དུ་འཆི་བ་མེད་ཅིང་། འབྲས་བུ་དང་འགལ་བའི་བྱ་བ་མ་ཡིན་པ་དེ་མི་བྱེད་པའི་ཕྱིར། དཔེར་ན་རྩལ་པོ་ཆེ་འདྲེད་ཀྱང་འགྱེལ་བུབ་མི་འོང་བ་བཞིན་ནོ། །གསུམ་པ་དབང་པོ་འཕོ་ཚུལ་ནི། རྟོགས་པའི་སྐལ་པ་ཅན་མི་གཡོ་བར་དབང་པོ་འཕོ་བ་ལ། རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་དགུ་ལ་བརྟེན་དགོས་ཏེ། དེ་སྔར་དབང་པོ་རྟུལ་པོའི་རིགས་ཤིན་ཏུ་བསྟེན་པའི་ཕྱིར་རོ། །དད་པ་དང་མོས་པ་མཐོང་བས་ཐོབ་པར་དབང་པོ་འཕོ་བ་ལ། བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་དུ་མ་བརྟེན་མི་དགོས་ཏེ། དེ་གཉིས་རེ་རེ་ནས་འཕོ་ནུས་པའི་ཕྱིར་རོ། །འཕགས་པའི་གང་ཟག་དབང་པོ་འཕོ་བའི་ལམ་ཡོད་དེ། ཟག་མེད་ཀྱི་ལམ་ལ་བརྟེན་ནས་འཕོ་བའི་ཕྱིར། དབང་པོ་འཕོ་བའི་རྟེན་ཡོད་དེ། མིའི་ནང་དུ་དབང་པོ་འཕེལ་ཞིང་འཕོ་བའི་ཕྱིར། མི་སློབ་པ་དབང་པོ་འཕོ་བ་ལ་ཟག་མེད་ས་དགུ་ལ་བརྟེན་ཏེ། བསམ་གཏན་ས་དྲུག་དང་གཟུགས་མེད་དང་པོ་གསུམ་ལ་བརྟེན་དགོས་པའི་ཕྱིར། སློབ་པ་དབང་པོ་འཕོ་བ་ན་ས་དྲུག་ལ་བརྟེན་དགོས་ཏེ།


GLG014_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ས་དྲུག་ལ་བརྟེན་དགོས་པའི་ཕྱིར། དབང་པོ་འཕོ་བའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་དབང་རྟུལ་གྱི་དབང་པོ་འཕེལ་བས་འབྲས་བུ་ཁྱད་པར་ཅན་བཏང་སྟེ། དབང་རྣོན་གྱི་འབྲས་བུ་ཕྱི་མ་ཐོབ་པར་འགྱུར་བའི་ཕྱིར། བཞི་པ་ནི། དགྲ་བཅོམ་པ་ལ་དབང་པོའི་སྒོ་ནས་དགུར་ཡོད་དེ། རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་དང་། ཉན་ཐོས་བདུན་དང་དགུར་ཡོད་པའི་ཕྱིར། དགུ་པོ་དེ་ཆོས་ཅན། དབང་པོ་རྣམ་པ་དགུ་དབྱེ་བ་ཅན་ཡིན་ཏེ། དབང་པོ་རྣོན་པོའི་རྣོན་པོ་ནས་རྟུལ་པོའི་རྟུལ་པོའི་བར་ཡོད་པའི་ཕྱིར། ཉན་ཐོས་ཀྱི་གང་ཟག་བདུན་པོ་དེ་དག་སྦྱོར་བ་དང་། དབང་པོ་དང་། སྙོམས་འཇུག་དང་། རྣམ་པར་གྲོལ་བ་བཞི་གས་རྫོགས་པར་བྱས་པ་ཡིན་ཏེ། དད་པའི་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་གཉིས་ནི་སྦྱོར་བས་རྫོགས། དད་མོས་པ་དང་མཐོང་ཐོབ་གཉིས་ནི་དབང་པོ་དང་། ལུས་མངོན་བྱེད་སྙོམས་འཇུག་གིས་རྫོགས། ཤེས་རབ་ཀྱིས་རྣམ་གྲོལ་ནི་ཉོན་མོངས་ལས་རྣམ་པར་གྲོལ་བས་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་སྙོམས་འཇུག་དང་། ཤེས་རབ་གཉིས་ཀས་རྫོགས་པར་བྱས་པའི་ཕྱིར། གསུམ་པ་གང་ཟག་གི་རིགས་བསྡུ་བ་ནི། ཉན་ཐོས་བདུན་པོ་དེ་དག་ཀྱང་ཆོས་ཅན། བསྡུ་ན་དྲུག་ཏུ་འདུ་སྟེ། འདི་ལྟར། མཐོང་སྒོམ་མི་སློབ་ལམ་གསུམ་ལ་གང་ཟག་གཉིས་གཉིས་འཇོག་པའི་ཕྱིར། འགོག་པའི་སྙོམས་འཇུག་ཐོབ་པའི་དགྲ་བཅོམ་པ་ཆོས་ཅན། ཉོན་མོངས་པ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀ་ལས་རྣམ་པར་གྲོལ་ཏེ། དེ་གཉིས་སྤངས་པའི་ཕྱིར། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཆོས་ཅན། སྙོམས་འཇུག་གི་སྒྲིབ་པ་ལས་མ་གྲོལ་ཏེ། ཁྱོད་ཀྱིས་ནི་ཅིག་ཤོས་ཉོན་མོངས་པའི་སྒྲིབ་པ་ཙམ་བཅོམ་པའི་ཕྱིར། ཞར་ལ་ཡན་ལག་གི་རྫོགས་ཚུལ་ནི། ཤེས་བྱ་ཆོས་ཅན། སློབ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་གསུམ་ཡོད་དེ།
སྙོམས་འཇུག་དང་། དབང་པོ་དང་། འབྲས་བུ་རྣམས་ཀྱིས་ཡོངས་སུ་རྫོགས་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། རྫོགས་ཚུལ་ཡོད་དེ། ཕྱིར་མི་འོང་དད་མོས་པ་ལུས་མངོན་བྱེད་མ་ཡིན་པ་ནི་འབྲས་བུ་ཁོ་ནས་རྫོགས། ཡིན་པ་ནི་འབྲས་བུ་དང་སྙོམས་འཇུག་གཉིས་ཀྱིས་རྫོགས། མཐོང་ཐོབ་པ་ལུས་མངོན་བྱེད་ནི། དེ་གསུམ་གས་རྫོགས་པའི་ཕྱིར། ཆོས་གཉིས་ཀྱིས་མི་སློབ་པ་ཡོངས་སུ་རྫོགས་ཏེ། དབང་པོ་དང་སྙོམས་འཇུག་གཉིས་ཀྱིས་ཡོངས་སུ་རྫོགས་པའི་ཕྱིར།

ལམ་གྱི་ཁྱད་ཆོས་གཞན་བཤད་པ།


GLG014_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལམ་གྱི་ཁྱད་ཆོས་གཞན་བཤད་པ་ལ། ལམ་གྱི་དབྱེ་བ་སྤྱིར་བསྟན། བྱང་ཆུབ་ཕྱོགས་མཐུན་བྱེ་བྲག་ཏུ་བཤད་པ། ལམ་གྱི་ཐོབ་པའི་རྣམ་གྲོལ་ལམ་ངོས་གཟུང་བ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། མདོར་ན་འབྲས་བུ་ཐོབ་པར་བྱེད་པའི་ལམ་ནི་རྣམ་པ་བཞི་ཡོད་དེ། ཁྱད་པར་གྱི་ལམ་དང་། རྣམ་གྲོལ་གྱི་ལམ་དང་། བར་ཆད་མེད་པའི་ལམ་དང་། སྦྱོར་བའི་ལམ་ཞེས་བྱ་བ་རྣམས་ཡོད་པའི་ཕྱིར། ཡང་ན་ལམ་དེ་ལ་དཀའ་བ་དང་། སླ་བའི་ལམ་གཉིས་ཡོད་དེ། བསམ་གཏན་གྱི་དངོས་གཞི་དག་ལ་བརྟེན་པའི་ལམ་རྣམས་སླ་ཞིང་ས་གཞན་ཉེར་བསྡོགས་དང་གཟུགས་མེད་དག་ལ་བརྟེན་པའི་ལམ་རྣམས་དཀའ་བ་ཡིན་པའི་ཕྱིར། ཡང་ལམ་དེ་ལ་མངོན་པར་ཤེས་པ་བུལ་པ་དང་མྱུར་བ་གཉིས་སུ་ཡོད་དེ། བློ་སྟེ་དབང་པོ་རྟུལ་པོའི་ལམ་རྣམས་མངོན་ཤེས་བུལ་བ། གཅིག་ཤོས་དབང་རྣོན་གྱི་ལམ་རྣམས་མངོན་ཤེས་མྱུར་བ་ཡིན་པའི་ཕྱིར། དེ་ཆོས་ཅན། མུ་བཞི་ཡོད་དེ། སླ་བ་ལ་མྱུར་བུལ་གཉིས་དང་། དཀའ་བ་ལ་མྱུར་བུལ་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། སྒྲ་བཤད་དབྱེ་བ་དང་བཅས་པ། ལམ་གང་དུ་འཐོབ་པ། ས་གང་ལ་བརྟེན་ནས་འཐོབ་པ། ཤེས་ནས་དད་པ་འཐོབ་པའི་ཚུལ་དང་བཞི། དང་པོ་ནི། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཆོས་ཅན། བྱང་ཆུབ་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་ལམ་གྱི་བསླབ་བྱ་རྫོགས་པའི་ལམ་ཡིན་པའི་ཕྱིར། སྡེ་ཚན་བདུན་གྱི་སུམ་ཅུ་རྩ་བདུན་ཆོས་ཅན། བྱང་ཆུབ་དེའི་ཕྱོགས་མཐུན་ཡིན་ཏེ། དེ་དང་མཐུན་པའི་ལམ་ཡིན་པའི་ཕྱིར། དེ་ཡང་མིང་གི་སྒོ་ནས་སུམ་ཅུ་རྩ་


GLG014_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཡོད་ཅིང་། རྗེས་སུ་ན་བཅུར་འདུས་ཏེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། དགའ་བ་དང་། རྟོག་པ་དང་། ཚུལ་ཁྲིམས་དང་། ཤིན་ཏུ་སྦྱངས་པ་རྣམས་སུ་འདུས་པའི་ཕྱིར། དེ་ལྟར་འདུས་ཏེ། དྲན་པ་ཉེར་གཞག་བཞི་ནི་ཤེས་རབ་ཀྱིས་བསྡུས། ཡང་དག་སྤོང་བ་སྒོ་གསུམ། ཡང་དག་འཇོག་ཅེས་བྱ་བ་ནི་བརྩོན་འགྲུས་ཀྱིས་བསྡུས། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཕྱིར། སྡེ་ཚན་གསུམ་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་ཡིན་ཞེས་བཤད་པ་ནི་གཙོ་བོ་སྨོས་པ་ལ་དགོས་པ་ཡོད་དེ། སྦྱོར་བྱུང་གི་ཡོན་ཏན་ཀུན་ཀྱང་བསྡུས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཡོན་ཏན་སྡེ་ཚན་བདུན་གྱི་གོ་རིམ་ངེས་ཏེ། རིམ་པ་བཞིན་དུ་ལས་དང་པོ་ལ་ཚོགས་ལམ་གྱི་སྐབས་སུ་དྲན་པ་ཉེར་གཞག་བཞི་དག་དང་། ངེས་འབྱེད་ཆ་མཐུན་བཞི་ལ་རིམ་བཞིན་ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ་རྣམས་དང་ནི། སྒོམ་ལམ་ལ་བྱང་ཆུབ་ཡན་ལག་བདུན། མཐོང་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་དང་འཕགས་ལམ་གྱི་ཡན་ལག་ཆོས་ཅན། ཟག་པ་མེད་པ་ཡིན་ཏེ། ལམ་གྱི་བདེན་པ་ཡིན་པའི་ཕྱིར། གསུམ་པ་ནི། དྲན་པ་ཉེར་གཞག་སོགས་ཆོས་ཅན། རྣམ་པ་གཉིས་ཡོད་དེ། ཟག་བཅས་དང་ཟག་མེད་གཉིས་ཡོད་པའི་ཕྱིར། བསམ་གཏན་དང་པོ་ན་བྱང་ཕྱོགས་སོ་བདུན་པོ་ཐམས་ཅད་ཀྱི་རིགས་ཡོད་དེ། དྲན་པ་ཉེར་གཞག་ནས་བྱང་ཆུབ་ཡན་ལག་གི་བར་ཡོད་པའི་ཕྱིར། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ན་སུམ་ཅུ་རྩ་དྲུག་ཡོད་དེ། དེ་ན་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མ་གཏོགས་པ་


GLG014_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར། བསམ་གཏན་གཉིས་པ་ལ་སུམ་ཅུ་རྩ་དྲུག་ཡོད་དེ། ཡང་དག་པའི་རྟོག་པ་མ་གཏོགས་པ་ཡོད་པའི་ཕྱིར། བསམ་གཏན་གསུམ་པ་དང་བཞི་པ་ན་སུམ་ཅུ་རྩ་ལྔ་ཡོད་དེ། དགའ་བ་དང་རྟོག་པ་དེ་གཉིས་མ་གཏོགས་པ་གཞན་རྣམས་དེ་གཉིས་ན་ཡོད་པའི་ཕྱིར། བསམ་གཏན་གྱི་ཉེར་བསྡོགས་གཞན་རྣམས་དང་བསམ་གཏན་བར་ཁྱད་པར་ཅན་ལའང་སུམ་ཅུ་རྩ་ལྔ་ཡོད་དེ། སྔར་གྱི་དེ་གཉིས་མ་གཏོགས་པ་ཡོད་པའི་ཕྱིར། གཟུགས་མེད་དང་པོ་གསུམ་ནའང་སུམ་ཅུ་རྩ་གཉིས་ཡོད་དེ། སྔར་གྱི་གཉིས་པོ་དེ་དང་ཚུལ་ཁྲིམས་ཀྱི་ཡན་ལག་དག་དང་ལས་ཀྱི་མཐའ་དང་། འཚེ་བ་མ་གཏོགས་པ་ཡོད་པའི་ཕྱིར། འདོད་པ་ཁམས་དང་སྲིད་རྩེ་ན་ཉི་ཤུ་རྩ་གཉིས་ཡོད་དེ། དེ་གཉིས་ན་བྱང་ཆུབ་ཡན་ལག་དང་ནི་འཕགས་ལམ་ཡན་ལག་མ་གཏོགས་པ་ཡོད་པའི་ཕྱིར། བཞི་པ་ཤེས་ནས་དད་པ་འཐོབ་པའི་ཚུལ་ནི། བདེན་པ་དང་པོ་གསུམ་མངོན་སུམ་དུ་མཐོང་ན་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་འཐོབ་པ་ཡིན་ཏེ། མི་ཕྱེད་པའི་དད་པ་འཐོབ་པ་ཡིན་པའི་ཕྱིར། ལམ་གྱི་བདེན་པ་མངོན་པར་རྟོགས་པ་ན་སངས་རྒྱས་དང་དེའི་དགེ་འདུན་དག་ལ་ཡང་ཤེས་ནས་དད་པ་འཐོབ་སྟེ། དེ་ལ་མི་ཕྱེད་པའི་དད་པ་འཐོབ་པའི་ཕྱིར། དམིགས་ཡུལ་གྱི་ཆོས་ཆོས་ཅན། དུ་མ་ཡོད་དེ། བདེན་པ་དང་པོ་གསུམ་དང་། རང་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་རྣམས་སུ་ཡོད་པ་ཡིན་པའི་ཕྱིར། ཤེས་ནས་དད་པ་ཐོབ་པ་ཆོས་ཅན། རྗེས་སུ་བསྡུ་ན་གཉིས་སུ་འདུ་སྟེ། དད་པ་དང་ཚུལ་ཁྲིམས་དྲི་མེད་ཀྱི་ཟག་པ་མེད་པ་གཉིས་སུ་འདུ་བའི་ཕྱིར། གསུམ་པ་ལམ་གྱི་ཐོབ་པའི་རྣམ་གྲོལ་ལ། རྣམ་གྲོལ་ལམ་གྱི་དབྱེ་བ་སྤྱིར་བསྟན། རྣམ་གྲོལ་ལམ་འཐོབ་ཚུལ། འདུས་མ་བྱས་རྣམ་གྲོལ་བྱེ་བྲག་ཏུ་བཤད་པ། ཡིད་འབྱུང་དང་ཁྱད་པར་གྱི་ཆགས་བྲལ་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། སློབ་པའི་ཡན་ལག་ཏུ་རྣམ་གྲོལ་མ་བཤད་པའི་རྒྱུ་མཚན་ཡོད་དེ། སློབ་པ་ནི་ཉོན་མོངས་པས་བཅིངས་


GLG014_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། ཉོན་མོངས་བཅོམ་པ་འདུས་མ་བྱས་ཀྱི་རྣམ་གྲོལ་དང་། མོས་པ་འདུས་བྱས་ཀྱི་རྣམ་གྲོལ་ལམ་དང་གཉིས་ཡོད་པའི་ཕྱིར། འདུས་བྱས་རྣམ་གྲོལ་ལམ་དེ་ཆོས་ཅན། མི་སློབ་པའི་ཡན་ལག་ཡིན་ཏེ། དེའི་མངོན་རྟོགས་ཡིན་པའི་ཕྱིར། དེ་ཉིད་ཆོས་ཅན། རྣམ་གྲོལ་ལམ་གཉིས་ཡོད་དེ། སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། སེམས་གང་རྣམ་པར་གྲོལ་བ་དང་། ལམ་གང་གི་སྟོབས་ཀྱིས་རྣམ་པར་གྲོལ་བ་གཉིས། དང་པོ་ནི། བྱང་ཆུབ་ཏུ་ཇི་སྐད་བཤད་པའི་ཤེས་པ་མི་སློབ་པའི་སེམས་ནི་ཆོས་ཅན། རྣམ་པར་གྲོལ་བར་འགྱུར་ཏེ། སྒྲིབ་པ་སྐྱེ་འགྱུར་མ་འོངས་པ་ལས་གྲོལ་བར་འགྱུར་བའི་ཕྱིར། གཉིས་པ་ནི། འགག་པར་འགྱུར་བ་དང་། ད་ལྟར་བའི་ལམ་ནི་ཆོས་ཅན། སྒྲིབ་པ་རབ་ཏུ་སྤོང་སྟེ། ངོ་སྐལ་གྱི་སྒྲིབ་པ་འཇོམས་པའི་ཕྱིར། གསུམ་པ་འདུས་མ་བྱས་རྣམ་གྲོལ་བྱེ་བྲག་ཏུ་བཤད་པ་ནི། ཁམས་དེ་ལ་གསུམ་ཡོད་དེ། འདུས་མ་བྱས་ཉིད་འགོག་པའི་ཁམས་ཞེས་བྱ་བ་དང་། འདོད་ཆགས་ཀུན་ཟད་པ་འདོད་ཆགས་དང་བྲལ་བའི་ཁམས་དང་། དེ་དེ་ལས་གཞན་ཉོན་མོངས་སྤངས་པའི་ཁམས་དག་ཡོད་པའི་ཕྱིར། འགོག་པའི་ཁམས་ཞེས་བྱ་བ་ཆོས་ཅན། བཞི་ཡོད་དེ། སྡུག་བསྔལ་མཐོང་སྤང་སྤངས་པ་ནས། ལམ་མཐོང་སྤང་སྤངས་པའི་བར་ཡོད་པའི་ཕྱིར། བཞི་པ་ནི། སྡུག་བསྔལ་ལ་ཆོས་བཟོད་དང་ཤེས་པ་དང་། རྒྱུ་ཀུན་འབྱུང་ལ་ཆོས་བཟོད་དང་ཤེས་པ་རྣམས་ཀྱིས་འཁོར་བ་ལས་ཡིད་འབྱུང་བར་འགྱུར་ཏེ། དེས་ཟག་བཅས་ཀྱི་དངོས་པོ་ལ་སྐྱོན་དུ་ལྟ་བའི་ཕྱིར། ཤེས་བཟོད་གང་གིས་ངོ་སྐལ་གྱི་སྒྲིབ་པ་སྤོང་བར་འགྱུར་བ་ཀུན་གྱིས་འདོད་ཆགས་དང་འབྲལ་བར་འགྱུར་ཏེ། བྲལ་བའི་ཐོབ་པ་འདྲེན་པའི་ཕྱིར། དེ་ལྟ་ན་ནི། མངོན་རྟོགས་དེ་ལ་ཡིད་འབྱུང་ལ་སྒྲིབ་པ་མི་སྤོང་། དེའི་ཅིག་ཤོས། གཉིས་ག་ཡིན་མིན་ཏེ་མུ་བཞི་སྲིད་དེ། སྡུག་ཀུན་གྱི་ཤེས་པ་བཞི་ནི་
ཡིད་འབྱུང་བའི་ལམ་ཡིན་ལ། འདོད་ཆགས་དང་བྲལ་བའི་ལམ་མ་ཡིན་པའི་མུ། སྡུག་ཀུན་གྱི་བཟོད་པ་བཞི་ནི་གཉིས་ཀ་ཡིན་པའི་མུ། འགོག་ལམ་གྱི་བཟོད་པ་བཞི་ནི། ཆགས་བྲལ་གྱི་ལམ་ཡིན་ལ། ཡིད་འབྱུང་བའི་ལམ་མ་ཡིན་པའི་མུ། འགོག་ལམ་གྱི་ཤེས་པ་བཞི་ནི། གཉིས་ཀ་མ་ཡིན་པའི་མུ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གནས་དྲུག་པ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ཏེ། ལམ་དང་གང་ཟག་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་ལེགས་པར་བཤད་པའི་ཕྱིར།སྨྲས་པ། གང་ཞིག་སྤང་བྱའི་རྙོག་པ་ཀུན་བསལ་བས། །ཐོབ་བྱའི་ལམ་གྱི་རྫིང་བུ་རྣམ་པར་དྭངས། །ཡེ་ཤེས་གཟུགས་བརྙན་སྟོང་ཕྲག་འཆར་བ་ཡི། །ཡང་དག་བགྲོད་པའི་གོ་རིམ་མ་ནོར་མཛེས། །དཀར་འཇམ་ཆུ་འཛིན་བུ་མོའི་ཕང་བ་ནས། །ཆལ་ཆིལ་གཡོ་བའི་ཆར་རྒྱུན་བབས་པ་ན། །ཞིང་པའི་སྙིང་ལ་དགའ་བ་ཆེར་སྐྱེད་ན། །ཐར་པ་འདོད་རྣམས་ཚུལ་འདིར་ཅིས་མི་དགའ། །ཅུང་ཟད་སེམས་ཀྱི་གནས་ཆ་རྙེད་པ་ལ། །ས་ལམ་མཐོན་པོར་བགྲོད་པའི་ཁུར་འཁྱེར་ན། །སྲིད་རྩེའི་བར་དུ་ཕྱིན་ནས་ཕྱིར་ལོག་པའི། །མུ་སྟེགས་བྱེད་ལ་སངས་རྒྱས་ཟེར་རམ་ཅི། །གཞུང་ལུགས་འདི་འདྲར་བཤད་པའི་ལམ་གྱི་འགྲོས། །ཅུང་ཟད་བཤད་པའི་དགེ་ཚོགས་ཇི་སྙེད་ཀྱིས། །གྲངས་མེད་འགྲོ་རྣམས་ལོག་པའི་ལམ་སྤངས་ཏེ། །ཐེག་གསུམ་མི་སློབ་གོ་འཕང་ཐོབ་གྱུར་ཅིག །ཆོས་མངོན་པ་མཛོད་གསལ་བར་བྱེད་པ། ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས། གནས་དྲུག་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ། །


previousགནས་དྲུག་པ་ལམ་དང་གང་ཟག་བསྟན་པ།next