Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

13 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
 
  
  
བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་དབང་བསྐུར་གྱི་མཚམས་སྦྱོར་དངོས་གྲུབ་འདོད་འཇོ།
  


13 occurrences of གཏེར་སྲུང་
[Clear Hits]

 
previousབླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་དབང་བསྐུར་གྱི་མཚམས་སྦྱོར་དངོས་གྲུབ་འདོད་འཇོ།next

བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་དབང་བསྐུར་གྱི་མཚམས་སྦྱོར་དངོས་གྲུབ་འདོད་འཇོ།


JKT015_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་དབང་བསྐུར་གྱི་མཚམས་སྦྱོར་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །


JKT015_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་ཀྲོ་དྷཱ་ཡ། འདིར་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་གཟུང་བར་འདོད་པས། སྟེགས་ཀྱི་ཁར་འབྲུ་ཚོམ་ལྔ་བཀོད་པའི་དབུས་སུ་དཔལ་གཏོར་ཙ་ཀྱིས་བརྒྱན་པ། དེའི་གཡས་གཡོན་དུ་སྨན་རག །མདུན་དུ་ཉེར་སྤྱོད་དང་སྔོན་གཏོར། ཉེ་ལོགས་ཅི་བདེ་བར་ལས་བུམ་སོགས་དགོས་པའི་ཡོ་བྱད་རྣམས་ལེགས་པར་བཤམ། བརྒྱུད་འདེབས་སྔོན་དུ་འགྲོ་བས་ལས་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་ཀྱི་རིམ་པ་གསལ་བཏབ་ལ། བཟླས་པ་ཅི་ནུས་དང་། ལས་བུམ་དུ་ཁྲོ་བོ་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་དང་གཡོན་མེའི་ཞགས་པ་ཐོགས་པར་གསལ་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཀྲོ་


JKT015_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ཧ་ཡ་གྲྭ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་ཅི་ནུས་བཟླས་མཐར། མཆོད་ཅིང་བསྟོད། ཧཱུྃ། ཞེས་བརྗོད་པ་ལས་ཀྱི་ཁྲོ་བོ་དབང་གི་བྱ་བ་མ་གྲུབ་བར་དུ་བཞུགས་པར་བསམ། ཆོས་སྲུང་གི་གཏོར་བསྔོ་དང་། ཚོགས་ལྷག་མའི་བར་གྲུབ་ནས་རིག་པའི་མེ་ཏོག་དོར་ནས་སློབ་དཔོན་བདག་ཉིད་འཇུག་པ་ནི། ཨོཾ་བཛྲ་ས་མ་ཡ་ཨོ། ཨཱབཛྲ་ས་མ་ཡ་ཨཱ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཨོ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧོ། ཞེས་ཏིང་ངེ་འཛིན་གྱི་


JKT015_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་སྔོན་དུ་འགྲོ་བས། སློབ་མ་འཇུག་པར་གསོལ་བ་གདབ་པ་ནི། ཨོཾ། རྡོ་རྗེའི་ཡེ་ཤེས་མཐོང་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་ལ། དེ་ནས་སློབ་མ་རྣམས་གྲལ་ལ་འཁོད་པར། ལས་བུམ་ཐོགས་ཏེ། ཇི་ལྟར་བལྟམས་པ་སོགས་བརྗོད། ཨོ་བཛྲ་ཀྲོ་དྷ་ཧ་ཡ་སོགས་དང་ཡི་གེ་བརྒྱ་པ་བཟླ་བཞིན་དུ་ཁྲུས་བྱ། བགེགས་གཏོར། ཨོ་ཀྲོ་དྷ་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བགེགས་ཀྱི་གཏོར་མ་འདོད་ཡོན་གྱི་དངོས་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀར་ཡ་ཛས་མགྲོན་དགུག །ཨོཾ་སརྦ་བིགྷཱན་ན་མསྶ་རྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱི༔ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིརཿ སོགས་ཀྱི་མཐར། ཨོཾ་བཛྲ་ཀྲོ་དྷ་སོགས་ནས་ཨོ་སུམྦྷ་ནི་སོགས་བརྗོད་ཅིང་བསྐྱེད། ཧཱུྃ༔ སྣང་སྲིད་དག་པ་རབ་འབྱམས་ལ༔ སོགས་ཀྱི་མཐར། བྷཾ་བཛྲ་ཀྲོ་དྷ་རཀྵ་རཀྟ་ཧཱུྃ༔ ཞེས་བརྗོད་པས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོ་ཅིས་


JKT015_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་ཆོད་མི་ཤིགས་པར་གྱུར་པའི་མོས་པ་མཛོད། དེ་ལྟར་ཁྲུས་བྱས། བགེགས་ཕྲལ། སྲུང་འཁོར་བསྒོམ་པ་རྣམས་སྔོན་དུ་སོང་ནས། སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ། །སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གསན་པར་བྱ་བའི་ཆོས་ནི། འཇམ་དཔལ་དབྱངས་དངོས་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་འདི་ཉིད་ལ། དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་ཞལ་མངོན་སུམ་དུ་བསྟན་ནས་ལེགས་པར་སྩལ་བའི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྐོར་ལས་བྱུང་བའི་བླ་མ་དྲག་པོ་རྟ་ཁྱུང་འབར་བ་གཉེན་པོ་གསུམ་ལྡན་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཟབ་མོ་འབུལ་བའི་སྐབས་སུ་བབ་པ་ཡིན། དེ་ལ་སྔོན་འགྲོ་སློབ་དཔོན་གྱིས་བགྱི་བར་འོས་པའི་ཆོས་རྣམས་གྲུབ་ནས། དངོས་


JKT015_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་། མཎྜལ་འབུལ་ཞིང་གསོལ་བ་འདེབས་པ་སོགས་སྔོན་དུ་འགྲོ་དགོས་པས་ཐོག་མར་བླ་མ་དང་ཡི་དམ་པདྨ་དྲག་པོ་ཐ་མི་དད་པའི་སྤྱན་སྔར་བྱིན་རླབས་gདབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་དབུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །སླར་ཡང་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དྲག་པོ་རྟ་ཁྱུང་འབར་བ་ལ་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅན་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་


JKT015_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་རྒྱུད་དག་པར་བྱས་པ་ལ་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་དང་དབྱེར་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དམིགས་མེད་སྙིང་རྗེ་ཆེན་པོའི་རྣམ་རོལ་ཕྱི་སྣོད་ཀྱི་འཇིག་རྟེན་འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁང་དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་གསལ་བའི་དབུས་སུ། པདྨ་ཉི་ཟླ་དུག་སྦྲུལ་བཅུ་གཉིས་བསྣོལ་བའི་གདན་གྱི་སྟེང་དུ་ཤེས་རིག་གི་ངོ་བོ་ཡི་གེ་ཧཱི༔དམར་པོ་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་ཡི་དམ་པདྨ་ཧེ་རུ་ཀའི་སྐུར་གྱུར་པ་ནི། འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོད༔ ཅེས་པ་ནས། ཡང་དག་ཐོད་ཁྲག་འཛིན༔ ཞེས་པའི་བར་གཞུང་ལྟར་ལ། དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་གྱི་ཚོགས་བསམ་མི་ཁྱབ་པ་འཕྲོས་པས་རང་བཞིན་གྱི་གནས་ནས་རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ཁམས་


JKT015_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས ཟམས་ཅད་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་ང་ས་པར་གྱུར་པའི་མོས་པ་མཛོད། ཧཱུྃ༔ དྲག་པོ་རྟ་ཁྱུང་ལྷ་ཚོགས་རྣམསཿ ཆོས་སྐུའི་ཀློང་ནས་ཐུགས་རྗེ་སྐྱེད༔ ལོངས་སྐུའི་རྣམ་རོལ་ཅིར་ཡང་བསྒྱུར སྤྲུལ་སྐུའི་དཀྱིལ་འཁོར་བརྟེན་པར་བཅས། དབང་བསྐུར་བྱིན་ཕོབ་རྟགས་མཚན་སྟོན༔ རྩ་སྔགས་མཐར། སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཕོ་ཕོ། ཞེས་པས་བྱིན་དབབ། མེ་ཏོག་གཏོར་ལ། ཏིཥྛ་བཛྲ་ཞེས་བརྗོད་ཅིང་བརྟན་པར་བྱ། གཏོར་ས་ལ། དེ་ལྟར་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞི་དབང་བསྐུར་བའི་སླད་དུ་གཏོར་མ་འདི་ཉིད་དབང་དྲག་རྟ་ཁྱུང་འབར་བར་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི། སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྒྱུད་ལ་སྩལ་བྱུང་སྙམ་པའི་མོས་པ་དུང་དུང་། ཅིག །ཅེས་བརྡ་སྦྱར་ལ་ལས་བུམ་སྤྱི་བོར་བཞག །ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ སོགས་ནས། བྱིན་གྱིས་རློབ་


JKT015_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ སྐུ་ཡི་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ དེས་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་སྐུའི་དབང་བསྐུར་ཐོབ། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས༔ ལུས་བླ་མ་དྲག་པོའི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ནས། གཤེགས་སུ་གསོལ༔ ངག་ལ་གསུང་གི་བྱིན་གྱིས་རློབས༔ གསུང་གི་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ དེ་རྗེས་འབྲེལ་བཟླས་ལུང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། །ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་གཡས་སྐོར་དུ་འཁོད་པས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་གི་ངོ་བོར་དག་པར་གྱུར་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས་ལན་གསུམ་བཟླས་མཐར། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ནུས་པ་སྔགས་ཀྱི་བྱིན་རླབས་མ་ལུས་


JKT015_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཨོཾ་ཡེ་དྷ་རྨ་སོགས་དང་བཅས་མེ་ཏོག་འཐོར། དེས་བླ་མ་དྲག་པོའི་རྟ་ཁྱུང་འབར་བའི་གསུང་གི་དབང་བསྐུར་ཐོབ། ཁྱེད་རང་རྣམས་ཀྱི་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས། ངག་བླ་མ་དྲག་པོའི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས་ནས་གཤེགས་སུ་གསོལ༔ ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས༔ ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལརྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ཐུགས་ཀྱི་དབང་བསྐུར་ཐོབ། ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས། ཡིད་བླ་མ་དྲག་པོའི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། སླར་ཡང་གཏོར་མ་སྤྱི་བོར་བཞག་ལ། ཨོཾ་ཨཱཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་དྲག་པོ། གྲུབ་ཆེན་རྗེ་འབངས་ཉེར་ལྔ། ཀུན་མཁྱེན་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར། འཇིགས་མེད་ཕྲིན་ལས་འོད་ཟེར། དྲིན་ཅན་རྩ་བའི་བླ་མ་ལ་སོགས་པ་རྩ་བ་དང་བརྒྱུད་པར་


JKT015_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་དམ་པ་བསྐུར་ནས། ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་ཕྱི་ནང་གི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བ་དང་། མཐུན་རྐྱེན་ཚེ་དང་བསོད་ནམས། དཔལ་དང་གྲགས་པ། ལུང་དང་རྟོགས་པའི་ཡོན་ཏན་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབས་ཏུ་གསོལ། རྩ་སྔགས་མཐར། ཛཧཱུྃ་བཾ་ཧོ༔ ཞེས་བརྗོད་པས། གཏོར་མའི་ལྷ་ལས་རང་འདྲ་གཉིས་པ་རེ་བྱུང་ནས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པ་ལ་བརྟེན་ནས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་གསུམ་དབྱེར་མེད་རོ་གཅིག་ཏུ་འདྲེས་ནས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པ་ལ། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་པའི་བདེན་ཚིག་གི་གླུ་དབྱངས་དི་རི་རི་སྒྲོགས་ཤིང་མེ་ཏོག་མནྡ་རའི་ཆར་ཆེན་པོ་ཕབ་པས་མངའ་གསོལ་བའི་མོས་པ་མཛོད། ཧོ༔ རིག་འཛིན་བརྒྱུད་པའི་བྱིན་རླབས་


JKT015_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སོགས་ཤིས་བརྗོད་ཇི་ལྟར་རིགས་པར་བྱ། དེས་དབང་གི་དངོས་གཞི་ལེགས་པར་གྲུབ་ནས། གནས་སྐབས་དེ་དག་ཏུ་ཐོབ་པའི་དམ་ཚིག་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། །བཀའ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ་ནས། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཤས་ཅིས་ཀྱང་སྤྱད་དུ་གསོལ། །དེ་ལྟ་བུ་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟག་པ་མེད་པའི་བསྔོ་བས་རྒྱས་འདེབས་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏོང་། ལྷག་མ་ནས་བརྩམས་ཏེ་རྗེས་ཆོག་ལས་གཞུང་ལྟར་བྱའོ། །ཞེས་པའང་དོན་གཉེར་ཅན་གྱི་ངོར། བློ་དམན་རྣམས་འཇུག་པ་བདེ་བའི་སླད། གཏེར་གཞུང་རྡོ་རྗེའི་ཚིག་རྐང་ཉིད་རྩ་བར་བཟུང་སྟེ་མཚམས་སྦྱོར་ཉུང་གསལ་


JKT015_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བཀླགས་ཆོག་ཏུ་བཀོད་པ་འདིའང་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་ཀྱིས་སྦྱར་བ་སྟེ། དགེ་བས་མཐའ་ཀླས་པའི་ཡིད་ཅན་ཐམས་ཅད་གནས་སྐབས་གཟའ་ཀླུ་རྒྱལ་གསུམ་ལ་སོགས་པའི་ནད་གདོན་ཉེར་འཚེའི་གཡུལ་ངོ་ལས་རྒྱལ་ཏེ། མཐར་ཐུག་རིགས་ཀུན་ཁྱབ་བདག་པདྨ་དྲག་པོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་ཅིག །རྒྱས་པར་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཆོག་སྒྲིགས་ལྟར་རྟོགས་པར་བྱ་བ་ཁོ་ནའོ།། སརྦ་དཱ་ཀ་ལྱཱ་ནཾ་བྷ་བ་ཏུ།། །།


previousབླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་དབང་བསྐུར་གྱི་མཚམས་སྦྱོར་དངོས་གྲུབ་འདོད་འཇོ།next