Nitartha Digital Library
Tibetan
 
previousདུས་གོའི་སྐོར།next

དུས་གོའི་སྐོར།

༈ རྨད་བྱུང་སྙིང་སྟོབས་བརྩོན་པའི་རླུང་ཤུགས་ཀྱིས། །ལེགས་དྲངས་སྐུ་བཞིའི་ཆ་རྫོགས་ཉིན་བྱེད་དབང་། །ས་གསུམ་སྐྱེ་དགུའི་རྨོངས་མུན་ཀུན་ནས་གཞིལ། །སྟོན་མཆོག་རྣམ་འདྲེན་བཞི་བས་དགེ་ལེགས་སྩོལ། །ཕུལ་བྱུང་ཚངས་སྤྱོད་ཡོན་ཏན་བཞི་ཡིས་སྤ། །འཕགས་ལམ་ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆར། །སྒྲིབ་གཉིས་དྲི་མ་འཁྲུད་ལ་ཆེས་དཔའ་བའི། །ལུང་རྟོགས་དམ་ཆོས་ཕན་བདེའི་མཛོད་དེར་འདུད། །རྣམ་དག་བསླབ་པ་གསུམ་གྱི་རྩ་བ་བརྟན། །རྨད་བྱུང་ཤེས་རབ་གསུམ་གྱི་ཁོ་ལག་རྒྱས། །མཁྱེན་ནུས་བརྩེ་བ་གསུམ་གྱི་འདབ་སྟོང་བཞད། །རིག་གྲོལ་འབྲས་བུ་དུད་པའི་དགེ་འདུན་བསྔགས། །དེ་ལྟར་ཡུལ་དམ་པ་རྣམས་ཀྱི་ཡོན་ཏན་ལ་བསྔགས་པའི་སྙན་ཚིག་ཨུཏྤལ་གསར་བའི་ཕྲེང་བ་བསྟར་བས་ལམ་ཡངས་པོར་ཕྱེས་ནས། དེ་ཡང་ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཆོས་ཀྱི་རྒྱལ་བོ་མཆོག་གི་སྤྲུལ་བའི་སྐུ་གང་ཉིད་ཀྱིས། བསྟན་པའི་རྩ་བ་དམ་ཆོས་འདུལ་བར་རབ་ཏུ་བྱུང་ནས། རྣམ་དག་འདུལ་ཁྲིམས་གཙང་མའི་རྒྱན་བཟང་བཞེས་པའི་དུས་ཀྱི་ངེས་པ་བརྗོད་པ། ད་ལོའི་ལོ་འདི་ཉིད། སྟོད་འགྲེལ་གྱི་བརྡ་ལས་བྱུང་བའི་སཾ་སྐྲྀ་ཏ་འོད་གསལ་ལྷ་ཡི་སྐད་དུ་བྱིངས་རྐྱེན་རྣམ་འགྱུར་གསུམ་གྱིས་བསྒྲུབ་པས། སྲ་མཱ་དཱི་ཏེ། བོད་ཀྱི་སྐད་དུ་བསྒྱུར་ན་རབ་མྱོས་ཞེས་པ། འབྱུང་རྩིས་པའི་ལུགས་ཀྱིས་ལྕགས་ཕོ་རྟ་ཞེས་འབོད་པ་ཡིན། ལོ་ལ་ཟླ་བ་བཅུ་གཉིས་ཡོད་པའི་ནང་ཚན། དཔྱིད་ཀྱི་དུས་ཟླ་བ་བཞི་ཡོད་པའི་བཞི་བ་སྟེ། དབྱར་འབྲིང་ཆུ་སྟོད་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་ལྔ་བའི། སྔ་དྲོའི་ཆ་གུང་ཚིག་མ་ཡོལ་བ་གྲིབ་ཚད་རྐང་བ་གཉིས་ཀྱི་དུས་སུ། བཀྲ་ཤིས་པའི་གནས་མཆོག་བདེ་ཆེན་ཆོས་འཁོར་ལྷུན་པོའི་གཙུག་ལག་ཁང་འཆི་མེད་འོད་སྣང་གྲུབ་པའི་དགའ་ཚལ་ཆེན་པོར། མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བཤེས་གཉེན་དམ་པ་དགེ་ལེགས་དཔལ་ལྡན་དཔལ་བཟང་པོ་ཞེས་བགྱི་བ་དང་། སློབ་དཔོན་སྡེ་སྣོད་འཛིན་པ་དགེ་ལེགས་ཆོས་འཕེལ་དང་། གཞན་ཡང་སྡོམ་བརྩོན་འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་དུས་གོ་བ། དགེ་སློང་སྡེ་སྣོད་འཛིན་པ་དཔལ་ལྡན་བྱང་ཆུབ་དང་། གྲོགས་དན་པ་འདུལ་བ་འཛིན་པའི་དགེ་སློང་དགེ་ལེགས་ཡེ་ཤེས་སོགས་དགེ་འདུན་འདུས་པའི་དབུས་སུ། རབ་ཏུ་བྱུང་ནས་དགེ་ཚུལ་གྱི་དངོས་པོ་ཉིད་དུ་ལེགས་པར་གྲུབ་པས། བསྙེན་བསྐུར་གྱི་གནས་དང་གནས་མ་ཡིན་པ་རྣམས་ལེགས་པར་ཐུགས་ལ་ངེས་བཞིན། དྲན་ཤེས་བག་ཡོད་ཀྱི་སྒོ་ནས་བསླབ་པ་རིན་པོ་ཆེ་ལ་གཅེས་སྤྲས་ཀྱིས། དགག་སྒྲུབ་ཀྱི་གནས་རྣམས་ཕྲ་ཞིབ་ཀྱིས་སྤང་བླང་ལེགས་པར་བགྱིས་ནས། དམ་ཆོས་འདུལ་བའི་སྡེ་སྣོད་ལས་ཇི་སྐད་གསུངས་བ་ལྟར་ཕྱག་ལེན་ལ་ཐེབ་པ་ཞིག་བྱེད་འཚལ། སླར་ཡང་ཚིགས་སུ་བཅད་པས་ཆེད་དུ་བརྗོད་པ། རྨད་བྱུང་ཐར་མཆོག་ནོར་བུའི་གླིང་ཆེན་པོར། །བགྲོད་པའི་ཤིང་རྟ་ངེས་འབྱུང་ཚུལ་ཁྲིམས་ལ། །ལེགས་པར་གནས་པའི་ངུར་སྨྲིག་འཛིན་པའི་སྡེ། །ས་གསུམ་ཁྱབ་པས་རྒྱལ་བསྟན་མཛེས་གྱུར་ཅིག །ངེས་འབྱུང་བློ་ཡི་ལྗོན་བཟང་རྒྱས་པའི་རྩེར། །དྲི་མེད་སྤོང་བདུན་འདབ་སྟོང་རྣམ་པར་བཞད། །ཕུལ་བྱུང་དོན་གཉིས་འབྲས་བཟང་ཆེར་སྨིན་ནས། །དགེ་ལེགས་ཕན་བདེའི་ས་གསུམ་ཁྱབ་གྱུར་ཅིག །རྣམ་དག་ཐུགས་བསྐྱེད་གསེར་སྦྱང་ལས་གྲུབ་པའི། །མཛད་ཕྲིན་རྩིབས་སྟོང་བཀྲ་བའི་འཁོར་ལོ་ཡིས། །གངས་ལྗོངས་བསྟན་འགྲོའི་ཁྱོན་ལ་དབང་བསྒྱུར་ནས། །མི་ཤིགས་ཆོས་ཀྱི་ཁྲི་ལ་བརྟན་གྱུར་ཅིག །ཕུག་ཁང་མཆོག་སྤྲུལ་ལ་གནང་།

༈ རྨང་བྱུང་ཚོགས་གཉིས་རྒྱ་མཚོ་བསྲུབ་ལས་འཁྲུངས། །ཐུགས་བསྐྱེད་རྟ་བདུན་ཤུགས་ཀྱིས་ལེགས་པར་དྲངས། །ལུང་རྟོགས་ཆོས་ཀྱི་འོད་སྣང་འབུམ་དུ་བརྡལ། །སྟོན་མཆོག་རྣམ་འདྲེན་བཞི་བ་གཏན་གྱི་སྐྱབས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་ལས། །སྟོན་དང་བསྟན་པ་གཉིས་གྱུར་སྡེ་སྣོད་མཆོག །བསྟན་པའི་ནང་མཛོད་ཆོས་འདུལ་དྲི་མེད་ཉིད། །སྐལ་བཟང་གདུལ་བྱའི་ཐར་ལམ་མཆོག་ཏུ་ངེས། །རྣམ་དག་ཁྲིམས་ཀྱི་གྲུ་གཟིངས་ལེགས་པར་བསྡམས། །མ་སྨད་ཤེས་རབ་གསུམ་གྱི་བ་དན་མཛེས། །ཕུལ་བྱུང་ངེས་འབྱུང་རླུང་གིས་རབ་སྐྱོད་ན། །ཐར་མཆོག་ནོར་བུའི་གླིང་ལ་ཡུད་ཀྱིས་བགྲོད། །དེ་ལྟར་དམ་པའི་ཡུལ་ལ་བསྔགས་པའི་ཚིག་ཕྲེང་སྔོན་དུ་བསྟར་ནས། དེ་ཡང་ད་ལོའི་ལོ་འདི་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ། ཤུཀླ་ཧ་སྟེ། བོད་ཆེན་པོའི་སྐད་དུ། དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་སྟེ། དེ་ལ་དུས་ཚིག་གསུམ་དུ་དབྱེ་བའི་དཔྱིད་ཀྱི་དུས་བཤོལ་དང་བཅས་པའི་ཟླ་བ་ལྔ་ཡོད་པའི་དཔྱིད་ཟླ་གཉིས་པ་ཕྱི་མ། ས་གའི་ཟླ་བའམ་དཔྱིད་ཟླ་ཐ་ཆུང་གི་དམར་ཕྱོགས་ཟླ་ཐེབས་ཀྱི་མར་ངོ་ལ་གྲལ་ཚེས་༡༥ཡོད་པའི་གྲལ་ཚེས་བཅུ་གསུམ་པའི་སྔ་དྲོའི་དུས། གུང་ཚིག་མ་ཡོལ་གྲིབ་ཚད་སྐྱེས་བུ་༡དང་རྐང་བ་༣གྱི་དུས་སུ་བཀྲ་ཤིས་པའི་གནས་མཆོག་བདེ་ཆེན་ཆོས་འཁོར་ལྷུན་པོའི་ཡང་དབེན་ཀློག་པ་ཐོས་བསམ་པའི་འདུ་ཁང་ལུང་རྟོགས་ནོར་བུའི་དགའ་ཚལ་དུ། མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོན་ན། བསྒྲུབ་བརྩོན་སྡེ་སྣོད་འཛིན་པ། ལྔ་ཕྲུག་ཏུ་སྦྱར་བའི་ཡོན་ཏན་གྱིས་ཕྱུག་པ། དགེ་ལེགས་དཔལ་ལྡན་བཟང་པོ་དང་། ལས་ཀྱི་སློབ་དཔོན་མཁན་པོ་དགེ་ལེགས་ཆོས་འཕེལ་དཔལ་བཟང་པོ་ཞེས་བགྱི་བ་དང་། གསང་སྟེ་སྟོན་པའི་སློབ་དཔོན། གནས་བརྟན་སྡེ་སྣོད་འཛིན་པ་བརྟན་མཁས་གཉིས་ལྡན་མཁན་པོ་འཇམ་དཔལ་བསྟན་འཛིན་བཟང་པོ་ཞེས་བགྱི་བ་དང་། དུས་གོ་བ། མང་ཐོས་སྡེ་སྣོད་འཛིན་པ། གནས་བསྟན་བཙུན་པའི་ཁྱུ་མཆོག་མཁན་པོ་འཕྲིན་ལས་འོད་ཟེར་མཆོག་དང་། གྲོགས་དན་པ། དགེ་སློང་སྡེ་སྣོད་འཛིན་པ་དགེ་ལེགས་ཡེ་ཤེས་དང་། ཁ་སྐོང་བ་གནས་བརྟན་དགེ་སློང་དམ་པ་ཤེས་རབ་བསྟན་འཛིན་སོགས་ཡུལ་དབུས་སུ་བསྙེན་པར་རྫོགས་པའི་ལས་ཀྱི་དགེ་འདུན་གྱི་གྲངས་བཞིན་འདུལ་བ་འཛིན་པའི་དགེ་སློང་དམ་པ། ཁ་སྐོང་བའི་ཆོས་བཅུ་གསུམ་ལྡན་པའི་བཅུ་ཚོགས་ཀྱི་དབུས་སུ། བསྙེན་པར་རྫོགས་པའི་དངོས་པོར་ལེགས་པར་གྲུབ་པས། དྲན་ཤེས་བག་ཡོད་མཆོག་ལ་བརྟེན་ནས་སྤོང་བདུན་འཁོར་དང་བཅས་པའི་འདུལ་ཁྲིམས་རིན་པོ་ཆེ་མིག་འབྲས་ལྟར་གཅེས་སྤྲས་ཀྱིས་བསྲུང་སྟེ། ཤེས་རབ་གསུམ་གྱི་སྣང་བས་ལུང་སྡེ་སྣོད་གསུམ་ལ་མཁས་ཤིང་། མངོན་རྟོགས་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་ནས། མཉམ་མེད་སྟོན་པ་མཆོག་གི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བགྱིས་ནས། དོན་གཉིས་ལྷུན་གྱིས་གྲུབ་པའི་རྣམ་མཁྱེན་གྱི་རྒྱལ་ཐབས་ལ་རོལ་བར་གྱིས་ཤིགསླར་སྨྲས་པ། སྲས་དང་བཅས་པའི་རྒྱལ་བའི་བྱིན་རླབས་གཟིས། །དམ་པའི་ཚུལ་དགུའི་འདབ་བརྒྱ་ཀུན་ནས་བཞད། །རྣམ་དཀར་ཕྲིན་ལས་འོད་སྣང་ས་གསུམ་ཁྱབ། །མངོན་རྟོགས་འབྲས་བཟང་སྨིན་པས་ཤིས་གྱུར་ཅིག །དགེའོ། །མངྒལཾ། མཁན་ཨོ་རྒྱན་རིག་འཛིན་སོགས་ལ་གནང་།

༈ རྣམ་འདྲེན་སྟོང་ལས་རྨད་བྱུང་སྙིང་སྟོབས་ཅན། །ཕུལ་བྱུང་སྨོན་ལམ་ལྔ་བརྒྱའི་སྙིགས་ལྔའི་འགྲོ། །ཀུན་ནས་མི་གཏོང་ལྷ་མའི་རྣམ་འདྲེན་མཆོག །མཉམ་མེད་སྟོན་པ་མཆོག་དེར་གུས་པས་འདུད། །ཐུབ་པ་མཆོག་དེས་རྣམ་བཞིའི་འཁོར་གྱི་དབུས། །བསྟན་དང་སྟོན་པ་གཉིས་ཀར་རབ་བསྔགས་པའི། །བསྟན་པའི་ནང་མཛོད་ཆོས་འདུལ་རིན་ཆེན་ལ། །དད་གུས་སྤྲོ་བས་ཀུན་ནས་དྭངས་བས་འདུད། །དེ་ཡང་ད་ལོའི་ལོ་འདི། པྲ་བྷ་ཝ་སྟེ། རབ་བྱུང་ཞེས་པ་མེ་ཡོས་ཀྱི་ལོའི་དུས་ཟླ་བ་བཞིའི་གསུམ་པ། དབྱར་ཟླ་ར་བ་སྣོན་གྱི་ཟླ་བ་ཡིན། ཟླ་བ་ལ་ཡར་མར་ངོར་གཉིས་ལས་མར་ངོ་། གྲལ་ཚེས་བཞི་པའི། ཕྱི་དྲོའི་དུས། ཉི་མ་བཞི་ཆ་ལུས་པ། གྲིབ་ཚད་སྐྱེས་བུ་གཅིག་གི་དབུས་སུ། བཀྲ་ཤིས་གཙུག་ལག་ཁང་། འཆི་མེད་འོད་སྣང་གྲུབ་པ་ལུང་རྟོགས་ཆོས་ཀྱི་མཛོད་ཁང་ཞེས་བགྱི་བར། མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་པ། སྡེ་སྣོད་འཛིན་པ་བརྟན་མཁས་ཀྱི་མངའ་བདག་དགེ་ལེགས་དཔལ་ལྡན་ཞེས་བགྱི་བ་དང་། ལས་ཀྱི་སློབ་དཔོན། མཁན་པོ་དགེ་ལེགས་ཆོས་འཕེལ་བཟང་པོ་དང་། གསང་སྟོན་པ་མཁན་པོ་མཁས་བཙུན་གཉིས་ལྡན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་། དུས་གོ་བ། བསྟན་མཁས་ཀྱི་ཡོན་ཏན་གཉིས་ཀྱིས་མཛེས་པ་མཁན་པོ་འཇམ་དཔལ་བསྟན་འཛིན་ཞེས་བགྱི་བ་སོགས་དང་། ཁ་སྐོང་བ་འདུལ་འཛིན་དྲི་མེད་འོད་ཟེར་སོགས་དགེ་འདུན་འདུས་པའི་ཚོགས་ཀྱི་དབུས་སུ། བསྙེན་པར་རྫོགས་པའི་དངོས་པོར་ལེགས་པར་གྲུབ་པས། སྤོང་བསྒྲུབ་གནང་གསུམ་གྱི་བསླབ་པ་རྣམས་མིག་འབྲས་ལྟར་གཅེས་པར་སྲུངས་ཤིགངེས་འབྱུང་བློ་ཡི་ལྗོན་བཟང་རྒྱས་པའི་རྩེར། །དྲི་མེད་སྤོང་བདུན་འདབ་བརྒྱ་རྣམ་པར་བཞད། །ཐར་དང་རྣམ་མཁྱེན་འབྲས་བཟང་རབ་སྨིན་ནས། །ཕུལ་བྱུང་དགེ་མཚན་སྣང་བ་ཡོངས་ཁྱབ་ཤོག །དགེའོ། །བཀྲ་ཤིས། མངྒ་ལཾ། མཁན་བསམ་གཏན་རྡོ་རྗེ་སོགས་ལ་གནང་།

༈ རྨད་བྱུང་ཐུགས་བསྐྱེད་སྙིང་སྟོབས་ཉིན་མོར་བྱེད། །སྨོན་ལམ་ལྔ་བརྒྱའི་འོད་སྣང་ཆེར་བདོ་བས། །སྙིགས་ལྔའི་མུན་པ་གཏན་དུ་གཞིར་བའི་གཉེན། །མཉམ་མེད་སྟོན་པ་མཆོག་དེ་གཙུག་གིས་བསྙེན། །མཆོག་ཏུ་ཞི་བ་བདུད་རྩིའི་དཔྱིད་གཅིག་པུ། །རྣམ་གསུམ་སྡེ་སྣོད་ནོར་བུའི་བང་མཛོད་ལས། །སྟོན་དང་བསྟན་པ་གཉིས་གྱུར་འདུལ་བ་ཞེས། །ཚངས་དབྱངས་གསུང་གིས་ཆེར་བསྔགས་གང་དེར་འདུད། །ཅེས་ཡུལ་མཆོག་ལ་བསྟོད་པའི་ཚིག་ཕྲེང་སྔོན་དུ་བསྟར་ནས་ངེས་དོན་བསྟན་པ་ཡོངས་སུ་རྫོགས་པ་བསྙེན་པར་རྫོགས་པའི་བསླབ་པ་རིན་པོ་ཆེ་ཐོབ་པའི་དུས་མཚམས་བརྗོད་པ་ལ། ད་ལོའི་ལོ་འདི་ཡུ་བི་ཀ་ཞེས་པ་ན་ཚོད་ལྡན་ཏེ་རྒྱ་རྩིས་པའི་ཤིང་མོ་ཕག་གི་ལོའི་དཔྱིད་ཟླ་གསུམ་པའི་དམར་ཕྱོགས་ཀྱི་གྲྭལ་ཚེས་༡༥ བའི་ཉི་མ་མ་ནུབ་པའི་དུས། བཀྲ་ཤིས་པའི་གཙུག་ལག་ཁང་འཆི་མེད་འོད་སྣང་གྲུབ་པའི་བསྟི་གནས་རྨད་བྱུང་ཐུབ་བསྟན་རྒྱས་པའི་དགའ་ཚལ་ཞེས་བྱ་བར། མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གནས་བརྟན་སྡེ་སྣོད་འཛིན་པ་ཆེན་པོ་ངེས་དོན་དགེ་བའི་བཤེས་གཉེན་མཁན་པོ་དགེ་ལེགས་དཔལ་ལྡན་དང་། ལས་ཀྱི་སློབ་དཔོན་གནས་བརྟན་སྡེ་སྣོད་འཛིན་པ་དགེ་ལེགས་ཆོས་འཕེལ་དང་། གསང་སྟེ་སྟོན་པའི་སློབ་དཔོན་གནས་བརྟན་བདུད་འདུལ་སྟོབས་ལྡན་དང་། དད་པའི་དགེ་འདུན་ཡུལ་དབུས་ཀྱི་གྲངས་དང་མཐུན་པ་ལེགས་པར་བཞུགས་པའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་མཆོག་ཐོབ་པ་ཡིན་པས་བསླབ་པ་རིན་པོ་ཆེ་མིག་འབྲས་བཞིན་དུ་བསྲུང་ནས་སྤོང་ཀློག་གི་བྱ་བ་ལ་གཅིག་ཏུ་བརྩོན་བཞིན་དམ་པའི་ཚུལ་དགུའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བར་གྱིས་ཤིག སྨྲས་པ། མཆོག་ཏུ་རབ་ཞི་ཐར་བའི་གླིང་མཆོག་ཏུ། །བགྲོད་བྱེད་རྣམ་དག་ཁྲིམས་ཀྱིས་རྒྱུད་བསྡམ་སྟེ། །མངོན་རྟོགས་ལམ་གྱི་ཡོན་ཏན་དར་བབས་ནས། །བྱང་ཆེན་ཞི་བ་མཆོག་དེར་ཕྱིན་པར་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་རྣམ་གསུམ་གྱིས། །ཤིས་པའི་དགེ་མཚན་ངོམ་པའི་གཟི་བྱིན་གྱིས། །ལེགས་བྱས་སྣང་བའི་སྲིད་འདིར་ཡོངས་ཁྱབ་ནས། །ཕན་བདེའི་དགའ་སྟོན་ཀུན་ནས་དགྱེས་གྱུར་ཅིག །དགེ་ལེགས་འཕེལ། །མཁན་པདྨ་རིག་འཛིན་སོགས་ལ་གནང་།


previousདུས་གོའི་སྐོར།next