Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་གྲངས་གསོག


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousབླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་གྲངས་གསོགno next

བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་གྲངས་གསོག


JKT015_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་གྲངས་གསོག་གི་ཚེ། ཐོག་མར་ཚར་གཅིག་ལ་སྐུ་གསུང་ཐུགས་དབང་ཡན་གཞུང་ལྟར་རྒྱས་པར་བྱ། དེ་ནས། སྒེག་པ་འཇིགས་རུང་བླ་མ་དྲག་པོའི་སྐུ༔ སོགས་ནས། ལོག་འདྲེན་འདུལ་བའི་ལྷ་ཡི་བཀྲ་ཤིས་ཤོག༔ ཅེས་བརྗོད། སླར་ཡང་དབང་གཉིས་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། དེ་ནས་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་དམ་ཚིག་གི་ཕྱག་རྒྱུར་གསལ་བཞིན་པའི་གནས་གསུམ་ཡིག་#འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྤྲོ་ན། ཧཱུཾ། དྲག་པོ་རྟ་ཁྱུང་ལྷ་ཚོགས་རྣམས༔ སོགས་དང་། བསྡུ་ན་རྩ་སྔགས་མཐར། སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཕེ་ཕོ། ཏིཥྛ་བཛྲ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞི་


JKT015_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་ཀྱི་དབང་རྣམས་རིམ་པ་བཞིན་དུ་སྩལ་བྱུང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ནས། ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ སྐུ་ཡི་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། མགྲིན་པར། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ནས། ངག་ལ་གསུང་གི་བྱིན་གྱིས་རློབས༔ གསུང་གི་དངོས་གྲུབ་ཐོབ་པར་ཤོག༔ ཨཱ། རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱསྙིང་གར། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ནས། ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས༔ ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། སྒེག་པ་འཇིགས་རུང་སོགས་ཀྱིས་མཚོན་ཏེ་ཤིས་བརྗོད་ཤློ་ཀ་གང་རུང་གཅིག་བྱ། སླར་ཡང་དབང་གསུམ་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་སོགས་རིགས་བསྒྲེས་ལ་ཇི་ལྟར་འོས་པར་བསྐུར་བའི་མཐར་གཏོར་མ་སྤྱི་བོར་བཞག་ཅིང་བརྒྱུད་པའི་བྱིན་རླབས་བཀའ་བསྒོ་སོགས་མན་ཆད་གཞུང་ལྟར་རྒྱས་པར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་སྤེལ་བ་ཤུ་བྷཾ།། །།


previousབླ་མ་དྲག་པོ་རྟ་ཁྱུང་འབར་བའི་དབང་གྲངས་གསོགno next