Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕུག་
[Clear Hits]


 
 expand section
 expand section
 expand section
 expand section
 expand section
 expand section
 expand section
  
  
  
 collapse section
འཕྲིན་ཡིག་གི་སྐོར།
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕུག་
[Clear Hits]

 
previousའཕྲིན་ཡིག་གི་སྐོར།next

འཕྲིན་ཡིག་གི་སྐོར།

ཆོས་ཀྱི་རྒྱལ་པོ་ཨ་བུ་དགའ་དགའ་རིན་པོ་ཆེ།

༈ བདག་ཅག་ལྟོས་བཅས་རྣམས་ཀྱི་གཉེན་མཆོག་ཆོས་ཀྱི་རྒྱལ་པོ་ཨ་བུ་དགའ་དགའ་རིན་པོ་ཆེའི་ཞབས་པད་ལྷ་བརྒྱས་བརྟེན་པའི་ཉེ་དྲུང་དུ། དད་ཕྱག་གཡོ་བཞིན་གུས་གསོལ།

ཐུབ་སྨོན་ཞེས་པ་དང་བསམ་གཏན་རྡོ་རྗེའི་མཚན་ཅན་གྱི་གྲྭ་བཙུན་འདི་གཉིས་ངེད་རང་འདི་ཀའི་བཤད་གྲྭའི་ནང་ནས་རྣམ་པར་དག་པའི་ཀུན་སྤྱོད་ཞི་དུལ་ལ་གནས་ཤིང་ངང་རྒྱུད་ཞིབ་པ་དེ་འདྲ་ལགས་པས། སྐྱབས་རྗེ་ཉིད་ཀྱི་མདུན་ནས་སེམས་ཁྲིད་དང་ཉམས་ལེན་རང་ཐག་ཆོད་པ་ཞིག་གི་རེ་འདུན་གྱིས་སྐུ་མདུན་དུ་བཅར་བ་ལགས་པས། བརྩེ་ཆེན་གྱི་གཟིགས་པའི་སྤྱན་དཀྱུས་ཡངས་པའི་ངོས་ནས་རྗེས་འཛིན་མཛད་པར་རྒན་བུ་སྐྱབས་འོག་པ་ནས་གུས་པ་ཆེན་པོས་སྙིང་ནས་ཞུ་ཞིང་གསོལ་བ་འདེབས་པ་ལགས།

སླད་ཆར། ཐེག་རྩེ་ཨ་ཏིའི་བསྟན་པའི་བ་དན་སྲིད་རྩེར་བསྒྲེངས་ནས་རྣམ་དཀར་ཕྲིན་ལས་ཀྱི་འོད་སྣང་འབུམ་དུ་བརྡལ་བས་ས་གསུམ་ཡོངས་ལ་ཁྱབ་བཞིན་སྐུ་ཁམས་མི་ཤིགས་ཆོས་བདུན་གྱི་ངོ་བོར་བཞུགས་པར་གསོལ་བ་ལན་བརྒྱར་འདེབས་པ་ལགས་པས་སྐྱབས་རྗེ་ཉིད་དང་རྩ་གསུམ་བསྟན་སྲུང་བཅས་པས་དེ་བཞིན་འགྲུབ་པའི་བདེན་ཚིག་འགྱུར་མེད་ཀྱི་མཐུན་འགྱུར་བཅས་ཞུ་ཞུ།

བོད་༦ཟླ་༡༡ལ་སྐྱབས་འོག་པ་རྒན་བུ་པན་ཚེ་ནས་ཞུ་འདེགས་བཅས་དད་ཕྱག་གིས་ཕུལ་བ་དགེ་དགེ།

པེ་ཅིང་ནང་བསྟན་སློབ་གླིང་ཆེན་པོ།

༈ མདོ་སྔགས་བསྟན་པའི་འབྱུང་གནས་བཅུ་ཕྲག་རིག་པའི་དཔལ་འཛིན་བཤད་དང་སྒྲུབ་པའི་མངའ་བདག་པེ་ཅིང་ནང་བསྟན་སློབ་གླིང་ཆེན་པོ་ལ་གུས་གསོལ།

ཀུན་གཟིགས་ཆོས་ཀྱི་རྒྱལ་པོ་པཎ་ཆེན་མཆོག་གི་ཐུགས་བསྐྱེད་དང་སྨོན་ལམ་ལས་གྲུབ་པ་སློབ་གྲྭ་ཆེན་པོའི་མཆོག་གཟིགས་དམ་པ་ཉིད་རྣམས་ནས་རིས་མེད་བསྟན་པ་ཡོངས་ལ་དགོངས་ནས་རྒན་བུ་ཕྲན་ཆུང་གྱི་ན་བ་ལ་བོང་བ་གསེར་གཟིགས་ལྟ་བུའི་དེར་འོང་དགོས་ཚུལ་གསུང་བར་བསྟན་པ་རིན་པོ་ཆེ་དང་ཉིད་རྣམས་ལ་གུས་འདུན་ཆེན་པོས། སྤྱིར་གསུང་ལམ་ལྟར་ལགས་སོ་ཞུ་བས་དེར་འོང་རྒྱུ་ཐག་བཅད་པ་ཡིན་ལགས། དུས་ཚོད་དེ་ཚད་པ་སོགས་གང་ཐད་ནས་དབྱར་གནས་རྒྱབ་དེ་མ་ཐག་འོང་རྒྱུ་བྱས་ན་བདེ་བས་སྙམ་ལགས། མཁན་རིན་པོ་ཆེ་ཚེ་རྣམས་མཆོག་གི་གསུང་དེ་ཤིན་ཏུ་རྒྱ་ཆེ་བ་ཞིག་ལགས་པས་ཕྲན་ལྟ་བུའི་བཤད་པ་འབུལ་ནུས་དཀའ་བས་བདག་གིས་ད་སྔ་ཐོབ་ཟིན་ཀུན་མཁྱེན་ཀློང་ཆེན་པའི་ཡིད་བཞིན་མཛོད་འགྲེལ་ལམ་སྡོམ་ཊིཀཱ་དཔག་སྙེ་དང་དབུ་མ་རྒྱན་འགྲེལ་དང་གཤེགས་སྙིང་སྟོང་ཐུན་སོགས་དང་ཞལ་དྲོ་བར་གསུང་བ་མི་ཕམ་དཀོན་མཆོག་རྗེས་དྲན་གྱི་འགྲེལ་བ་ཐོག་མར་བཏོན་ན་སྙམ་ཡང་། འོན་ཀྱང་ཉིད་རྣམས་ནས་ཅི་དགོངས་དང་བསྟུན་ཆོག་ལགས།

སླད་ཆར། བཀའ་བབ་རྣམ་བཞིའི་བསྟན་པ་མཐའ་དག་གི་མངའ་བདག་བཅུ་ཕྲག་རིག་པའི་གསལ་བྱེད་ནང་བསྟན་སློབ་གླིང་ཆེན་པོ་ཉིད་ཀྱི་ཕྲིན་ལས་ས་གསུམ་ཡོངས་ལ་ཁྱབ་ཅིང་མཆོག་གཟིགས་དམ་པའི་སྐྱེས་བུ་མཆོག་རྣམས་ཞབས་པད་ཆོས་བདུན་གྱི་ཁམས་སུ་བརྟན་ནས་ཐུགས་བཞེད་ལེགས་གྲུབ་ཀྱི་ཆེད་དུ་མཆོག་གསུམ་ལྷ་དང་བླ་མར་གསོལ་བ་སྙིང་ནས་འདེབས་པ་ལགས་སོ། །

ཆོས་རྗེ་རབ་འབྱམས་རིན་པོ་ཆེ།

༈ བསྟན་འགྲོ་ཡོངས་ཀྱི་གཙུག་རྒྱན་སྔ་འགྱུར་བསྟན་པའི་ཉིན་བྱེད་མཚོ་སྐྱེས་རྒྱལ་བའི་ཕྲིན་ལས་པ་ཆེན་པོ་སྐྱབས་མཆོག་ཆོས་རྗེ་རབ་འབྱམས་རིན་པོ་ཆེའི་ཁྲི་དྲུང་དུ། དད་ཕྱག་བཅས་གུས་གསོལ།

སྐྱབས་མཆོག་ཆོས་ཀྱི་རྒྱལ་པོ་ཉིད་ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་བསྟན་པའི་མགོན་དུ་བཞུགས་ཤིང་རྣམ་དཀར་ཕྲིན་ལས་རྒྱ་མཚོས་ས་གསུམ་ཡོངས་ལ་ཁྱབ་བཞིན་བསྟན་འགྲོའི་དོན་རྒྱ་ཆེན་མཛད་པ་ལ་དད་དང་སྤྲོ་བའི་པད་དཀར་གྱི་འདབ་སྟོང་ཕྱོགས་བརྒྱར་བཞད། འདིར་གནས་རྒན་བུ་ཡང་འབྱུང་ཁམས་མ་རྙོགས་པར་འཆད་སྤེལ་ལྟར་སྣང་གི་གནས་ལ་གཡེང་བཞིན་མཆིས།

ཆེད་གསོལ། ཕྲན་རང་མེ་བྱི་དགུན་འབྲིང་གི་ཚེས་འགོ་ལ་དེར་ཨེ་སླེབ་བསམ་གྱིན་ལགས། ལར་ལྷ་ས་ན་ཡོད་པའི་བལ་བོའི་གཞུང་ཚབ་ཁང་ནས་ཡི་གེ་ཇི་ལྟར་སྦྱིན་མི་ཤེས་པས་ཚེས་གྲངས་ད་ལྟ་འདི་ཡིན་ཞེས་ངེས་བཟུང་དངོས་མ་ཤེས། རྗེས་ནས་གསལ་བོར་ཞུ་འོང་། ཆོས་རྗེ་ཉིད་ནས་ཕྱོགས་གང་རིགས་ནས་འབྲེལ་བ་རེ་བྱེད་ཕྱོགས་ཡོད་ན་དེ་ལུགས་ཞུ། ཕྲན་ནས་གནས་རྟེན་མཇལ་རྒྱུ་གཙོ་བོ་བྱེད་ནས། དེ་ནས་ཉིད་རིན་པོ་ཆེའི་དགོན་པར་ཟླ་བ་ཕྱེད་གསུམ་ཡར་མར་འདུག་རྒྱུ་ཨེ་འོང་བསམ། ལར་པདྨ་དར་རྒྱས་ནས་ན་ནིང་ནས་འཕགས་ཡུལ་གྱི་སྨིན་གླིང་ལ་སླེབ་ཐུབ་ན་ཞེས་ནན་ཏན་དང་སྨིན་གླིང་ཕྱོགས་ནས་ཡི་གེ་ཡང་ནན་པོ་འོང་བས་དེ་ལ་འགྲོ་རྒྱུའི་ཐད་དང་། མཁན་ཆོས་དགའི་བཤད་གྲྭ་ལ་ཡང་ཅིག་འགྲོ་དགོས། རྙིང་མའི་སྨོན་ལམ་ལ་ཡང་རྫོགས་ཆེན་རིན་པོ་ཆེ་ནས་ཅིས་ཀྱང་འོང་དགོས་གསུངས་པ་དང་རྫོགས་ཆེན་དགོན་དུ་ཡང་འོང་རོགས་གསུངས་ཀྱང་ལར་རང་ནས་ཚད་པ་གཏན་མི་ཐུབ་པ་འདྲ་ཡང་། རྗེས་ནས་ཞིབ་བལྟས་ཆོག་གི་བསམ་ལགས། ཆོས་རྗེ་ཉིད་ནས་ཕྲན་བུ་གྱི་ན་བ་ལ་བོང་བ་གསེར་གཟིགས་ལྟ་བུའི་བཀའ་རྙིང་མང་པོ་བསྡུ་རུག་གསུང་ན་ཡང་། ཕྲན་རང་ལུང་རྟོགས་ཀྱི་ཡོན་ཏན་ཆེས་ཕྲ་བ་ཡིན་པ་བབ་ཞུས་ལགས། ལར་ཚད་པ་སོགས་ཀྱི་ལན་གྱིས་ཕྲན་རང་དགུན་འགོ་མའི་སྨད་ཙམ་འོང་གྲུ་ན་བསམ་ཡང་། འདི་ནས་དུས་ཚོད་ཀྱིས་མི་འདངས་པ་ཞིག་འདྲ་ཡང་དེ་ལ་ཡང་ལྟ་རྟོག་རེ་བྱེད་རྒྱུ་ཡིན་ལགས།

སླད་ཆར། ཕྲིན་ལས་འོད་སྣང་འབུམ་གྱིས་ས་གསུམ་ཡོངས་སུ་ཁྱབ་བཞིན་ངེས་གསང་སྔ་འགྱུར་བསྟན་པའི་སྣང་བྱེད་མཆོག་ཉིད་མི་ཤིགས་ཆོས་བདུན་ངོ་བོར་བཞུགས་ཏེ་གྲོལ་བ་བཞི་ལྡན་གྱི་མཚན་དཔེའི་ཞལ་བཟང་དངོས་མཇལ་ངོས་གསུང་གི་བདུད་རྩི་ཡང་ཡང་ནོད་པའི་རྨད་བྱུང་བསོད་ནམས་ཀྱི་སྐལ་བཟང་ཐོབ་པར་ཞུ་ཞིང་སྨོན་པ་ལགས་པས་མཁྱེན་དང་བརྩེ་བས་རྗེས་གཟིགས་ཞུ་ཞུ།

བོད་ཟླ་༢ཚེས་༡༧དགེ་བར་སྐྱབས་འོག་པ་རྒན་བུ་པན་ཚེ་ནས་ལྷ་རེག་དང་། གུས་ཕྱག་བཅས་ཕུལ་བའི་ཡི་གེ་ལགས།

བླ་མ་རིན་པོ་ཆེ་པདྨ་ཀུན་གྲོལ།

༈ སྐྱབས་མཆོག་རྩ་བའི་བླ་མ་རིན་པོ་ཆེ་པདྨ་ཀུན་གྲོལ་མཆོག་གི་ཞབས་པད་ལྷ་བརྒྱས་བསྟེན་པའི་ཉེ་དྲུང་དུ། གུས་པ་ཆེན་པོས་བཏུད་པའི་ཕྱག་བཅས་ཞུ་གསོལ།

ཆོས་རྗེ་རིན་པོ་ཆེ་ཉིད་གསང་ཆེན་སྔ་འགྱུར་བསྟན་པའི་རྒྱན་དུ་བཞུགས་ངོས་ཕྲིན་ལས་འོད་སྣང་དཀར་པོ་འབུམ་དུ་བརྡལ་བཞིན་བཞུགས་པ་ལ་སྙིང་ནས་དད་སྤྲོ་འཕེལ་ལགས། ཕྲན་བུ་སྐྱབས་འོག་གྱི་ན་པའང་ལུས་འབྱུང་ལ་ཉེར་འཚེ་མེད་པར་རེ་ཞིག་རང་ཡུལ་དུ་རྣམ་གཡེང་གྱི་ངང་ལ་སོས་དལ་གྱིས་གནས་ལགས། མཚམས་ཞུས། ད་སྐབས་ཐལ་འགྱུར་གྱི་འགྲེལ་བ་སྒྲོན་སྣང་ཡི་གེ་སྤུས་ལེགས་འདི་ཉིད་རེ་ཞིག་སྤར་གཞིའི་དཔེ་ལ་བླ་མ་རིན་པོ་ཆེའི་མདུན་བསྐུར་ཡོད་པ་འདི་ཀ་ལད་འཐོར་སོགས་མི་རེད་པའི་ཐུགས་དགོངས་མཛད་པ་བཀའ་དྲིན་ཆེ་ལགས། བདག་པོ་ནས་དོ་དན་བཤད་འདུག་ལགས། བདག་གིས་ད་སྐབས་ལོ་ཆེན་གསུང་གི་ཡོན་གོར་བརྒྱ་དང་ལྔ་བཅུ་བསྐུར་ཡོད་པ་འདི་ལགས། ཡི་གེ་འདི་སྤུས་ཞན་པས་ཕྱོགས་ཙམ་ལྟ་རྟོག་མི་ལོ་པ་ཤིན་ཏུ་མང་བས་རང་གཞན་ལ་བེད་ཆོད་ངེས་ཞིག་མེད་པས་འཕྲུལ་སྤར་རྗེས་མའི་སྐབས་བརྗེ་ལེན་རེ་ཡོད་ན་དོན་ཆེ་བས་ཆོས་རྗེ་ཉིད་ནས་དེ་ལུགས་ཐུགས་རྗེས་དགོངས་པར་ཞུ་ལགས།

སླད་ཆར་བསྟན་་་་་་་ འདི་མན་དཔེ་མ་རྙེད།

བླ་མ་རིན་པོ་ཆེ་དགེ་འཕེལ།

༈ རྣམ་དག་བསྟན་པའི་རྒྱན་གྱུར་བླ་མ་རིན་པོ་ཆེ་དགེ་འཕེལ་མཆོག་གི་ཁྲི་དྲུང་དུ་གུས་པས་ཞུ་བ།

ཉིད་རིན་པོ་ཆེ་ནས་རུས་རྒྱན་ཕྱག་ཡིག་དང་བཅས་གནང་པ་རང་ནས་མགོན་བླ་སོགས་བླ་སྤྲུལ་གྲྭ་ཚང་ལ་འཕྲོད་ངེས་ཀྱིས་འབུལ་འོང་ལགས། ཁ་ཉིན་རུས་རྒྱན་ཁུར་འོང་སྐབས་རབ་བྱུང་བསྒྲུབ་སྐབས་བྲེལ་བས་ཕྱག་ཡིག་གནང་བར་ཡིག་ལན་ལོང་ཁྱབ་མ་བྱུང་ལགས། ཉིད་ནས་ད་ལོའི་དབྱར་གནས་ལ་འོང་རྒྱུ་དྲུ་མིན་གསུང་བར། རང་འདི་ནས་མངོན་པའི་ཆོས་ཁྲིད་ཕྱེད་ཙམ་ལས་སོང་མེད་པས་དེ་གཅོད་ལུགས་མེད་པས་དགོངས་ཁྲེལ་མེད་པར་ཞུ། ཁོང་རྣམས་སྟོད་ཕྱོགས་སུ་བྱོན་རབ་རང་ནས་ཞིབ་པར་ཐོས་ལགས། ལར་སྔན་ཆོད་རང་བོད་ཡིག་སློབ་གྲྭ་ལ་ཡོད་དུས་ང་རང་ཞེ་ཆེན་འགྲོ་དགོས་ཞེས་རང་ཐག་བཅད་ནས། དེར་ཉིད་རིན་པོ་ཆེ་སོགས་ནས་ཟླ་བ་གཅིག་ཙམ་ནས་སྤྱི་བ་ཞབས་ཕྱི་ཡོད་མེད་གསུངས་སྐབས། རང་ཐོག་ཞབས་ཕྱི་མེད་ཀྱང་མི་སྐྱོན། གོང་མའི་ཕྱག་སྲོལ་ལྟར་ཟླ་བ་ཕྱེད་གཉིས་ལ་ཚོགས་དགོས། ད་ལོ་དགོན་སྡེ་འདིར་གསར་རྗེས་ཚེས་ཕྱིན་གྱིས་དབྱར་གནས་ཀྱི་ཐོག་མ་ཡིན་ཞུས་ནས་ལེགས་པར་འཚོགས། སླར་ལོ་གསུམ་གྱི་བར་རང་གིས་གདན་ས་ཆེན་པོ་དེར་གཞི་གསུམ་གྱི་ཕྱག་བཞེས་སྔར་མེད་བཙུགས་ནས་བསྟན་པ་རིན་པོ་ཆེ་ལ་ཞབས་ཕྱི་ཅུང་ཟད་གྲུབ། ད་སྐབས་མཁན་པོ་བསྐོས་པ་ལེགས་བཞུགས་དང་། གཞི་གསུམ་ཕྱག་བཞེས་རྒྱུན་འཇག་ཟིན་པ་ལགས་པས། རང་འོང་ཡང་དེ་ལས་ལྷག་མེད། ལར་རང་འདིར་འོང་རྒྱུ་དེ། སྔ་ཐོག་ངེད་རང་དགོན་པར་བླ་སྤྲུལ་སོགས་དང་ཆོས་ཉིད་དོན་རྟོགས་ཀྱི་ཁ་ཐུག་གྱི་ལོ་རྒྱུས་ནང་འཆི་མེད་སྟོབས་རྒྱལ་དང་། བསོད་ནམས་རྣམ་རྒྱལ་སོགས་ཀྱིས་ཉིད་ལ་ཞུས་པ་བཞིན་དང་། གཞན་གྱི་ངག་ལམ་སོགས་ནས་ཉིད་ཀྱི་ཐུགས་གསལ་ལྟར་ལགས་པས། དེ་བཞིན་རང་ནས་སྔ་ཕྱི་ཀུན་ཏུ་དེ་གའི་གདན་ས་ལ་བསམ་པ་ཡོད་པ་ལྷ་དང་བླ་མས་དགོངས་བཞིན་ཉིད་ཀྱི་ཐུགས་གསལ་ལྟར་ཡིན་པས། རིན་པོ་ཆེ་ཡབ་སྲས་ལ་ཉིད་ཀྱི་དེ་བཞིན་གྱི་གསུང་ལམ་གསལ་བོར་ཞུ་བའི་བཀའ་དྲིན་ཞུ་ཞུ།

སླད་ཆར་བསྟན་པ་རྒྱས་ཤིང་སྐུ་ཚེ་ཆོས་ལྡན་གྱི་ཁམས་སུ་བརྟན་པའི་ངོས་ནས་གསེར་ཞལ་དངོས་མཇལ་ཞུ།

གུས་འབངས་པ་རྒན་བུ་པན་ཚེ་ནས་ལྷ་རེག་བཅས་ཕུལ་བ་དགེ །

ཚ་བུ་འཆི་མེད་སྟོབས་རྒྱལ།

༈ ལུགས་གཉིས་གནས་ལ་བློ་གྲོས་གསལ་ཞིང་རང་ཡིད་ལ་གཅིག་ཏུ་གཅེས་པའི་སྙིང་འདྲའི་ཚ་བུ་འཆི་མེད་སྟོབས་རྒྱལ་ལ་འཛར་ཆེད།

འདིར་ང་རང་གིས་རང་བརྩམས་ཀྱི་སྒྲ་འགྲེལ་ཞུ་དག་བྱེད་བཞིན་གནས། རང་རྫོགས་ཆེན་ཉིན་༡༥ཙམ་བསྐོར་ནས་སྤྱི་དོན་འོད་གསལ་སྙིང་པོ་ཞིག་བཏོན་ཡོད། ད་སྐབས་དོན་དག་གལ་ཆེན་དུ་མ་ཞིག་ཡོད་པས་ཁྱོད་རང་མྱུར་བར་ཕྱི་འགྱང་མེད་པར་ཟླ་བ་བརྒྱད་པ་སྔོན་མ་འདིའི་ཚེས་༡༠ཚུན་ལ་སླེབ་ཐབས་ཤིན་ཏུ་གལ་ཆེ། གལ་སྲིད་དེར་གཏན་མ་སླེབ་ན་ཚེས་བཅོ་ལྔ་ཕན་འགྱང་གཏན་ནས་མི་ཉན་པས་དེ་ལུགས་སེམས་ལ་འཇོག་པ་གལ་ཆེ་གལ་ཆེ།

སླད་ཆར། རྣམ་དག་ཚུལ་ཁྲིམས་གཙང་མའི་རྒྱན་བཟང་ལ་ཐོས་བསམ་བསྒོམ་པའི་འོད་སྣང་བཀྲ་བཞིན་རང་གཞན་བསྟན་འགྲོའི་དོན་རླབས་པོ་ཆེ་འགྲུབ་པར་སྙིང་ནས་སྨོན།

ཞང་རྒན་མཁན་མིང་པན་ཚེ་ནས་ཟླ་བརྒྱད་པ་སྔོན་མའི་ཚེས་༣ལ་བསྐུར་བ་དགེ དར་བཅས།

ཐུབ་བསྟན་ཆོས་དར།

༈ ཡ་རབས་དམ་པའི་རྒྱན་ལྡན་ཐུབ་བསྟན་ཆོས་དར་ལ་ཆེད་ཕུལ།

༡ གང་ཞིག་བསྟེན་ན་གཏན་དུ་མི་བསླུ་ཞིང༌། །འགལ་རྐྱེན་ཚ་གདུང་སེལ་བའི་ཞི་བསིལ་སྦྱིན། །གནས་སྐབས་མཐར་ཐུག་འདོད་དོན་ངང་གིས་འགྲུབ། །མཆོག་གསུམ་རྩ་བ་གསུམ་གྱིས་ཁྱེད་ལ་བསྲུངས། ༢ །བཟང་པོའི་ངང་ཚུལ་རིན་ཆེན་ཁམས་བཞིན་དུ། །མི་འགྱུར་སྔར་བཞིན་བརྟན་པའི་ངོ་མཚར་གཏམ། །གསོང་པོར་སྨྲ་བའི་སྐྱེ་བོའི་ངག་ལས་སྦྲན། །རྒན་བུའི་ཡིད་ཀྱང་སྤྲོ་དགའི་དཔལ་གྱིས་ཚིམ། ༣ །དེ་ལྟ་ན་ཡང་སྣ་ཚོགས་ཡུལ་གྱི་རྐྱེན། །བྲིད་མཁས་སྤྲེའུའི་ཟློས་གར་རྗེས་འགྲོ་བས། །སླར་ཡང་དམ་བཅའ་བརྟན་པོའི་དཔུང་བསྐྱེད་ནས། །སྐྱབས་མཆོག་ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། ༤ །ཕན་ཚུན་དད་དང་འདུན་པའི་འཆིང་ཞགས་ཀྱིས། །རིང་ནས་འབྲེལ་བས་རྒན་བུ་བདག་གིས་ཀྱང༌། །མཆོག་གསུམ་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དང༌། །སྨོན་ལམ་བཟང་པོས་ཡང་ཡང་ཤིས་པ་བསྒྲུབ། །

རྣམ་དཀར་ལེགས་ཚོགས་ཀྱི་དངོས་པོ་དཀར་ཕྱོགས་ཀྱི་ཟླ་བ་བཞིན་འཕེལ་ནས་བསམ་དོན་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག བོད་ཟླ་༡ཚེས་༢༧བཟང་པོར།

མཁན་མིང་འཛིན་པ་པདྨ་ཚེ་དབང་ལྷུན་གྲུབ་ནས་ཕུལ།

ཆོས་རྗེ་མཆོག་སྤྲུལ་དམ་པ་རིན་པོ་ཆེ་འབྲི་འཇམ་གྲགས།

༈ མདོ་སྔགས་བསྟན་པའི་གསལ་བྱེད་བསླབ་གསུམ་ནོར་བུའི་རྒྱན་ལྡན་ཆོས་རྗེ་མཆོག་སྤྲུལ་དམ་པ་རིན་པོ་ཆེ་འབྲི་འཇམ་གྲགས་མཚན་གྱི་ཞབས་པད་ལྷ་བརྒྱས་བརྟན་པའི་གསེར་ཁྲིའི་ཉེ་དྲུང་དུ་གུས་པས་ཞུ་བ།

རྣམ་མང་ཡོན་ཏན་བྱེ་བའི་མངའ་བདག་གང་གི་མཚན་དཀྱིལ་རྣམ་པར་བཀྲ་བཞིན་བསྟན་འགྲོའི་དཔལ་ཡོན་ཕྱོགས་བརྒྱར་སྤེལ་བཞིན་བཞུགས་ཤག་ལ་དད་སྤྲོ་ཀུན་ནས་རྒྱས་ལགས། རྒན་བུ་གྱི་ན་པའང་གསར་འཚེ་མེད་པར་སྔ་མུས་ལྟར་འཁུམས། ཆེད་ཞུ། ཕྲན་ལ་སྔ་དུས་ཀྱི་ལུང་བསྟན་སྤྱི་དང་། ཁྱད་པར་ད་སྐབས་གསར་དུ་ཨ་འཛོམ་འབྲུག་པ་རིན་པོ་ཆེའི་དགོངས་རྟགས་འཚུབ་ཆ་ཆེ་ཞིང་། བླ་མ་བསམ་འགྲུབ་སོགས་ཀྱིས་ཡར་མར་འགྲོ་འདུག་མི་ཉན་ངེས་ཅན་གསུངས་པས་འགྲོ་འདུག་སྣ་ཚོགས་མ་བཤོལ་ཐབས་མེད་ལགས་པས། དེར་འོང་མི་གྲུ་ངེས་ཅན་ལགས་པས་དེ་ལུགས་དགོངས་པ་ཞུ་བ་ཡིན་པས་ཐུགས་དགོངས་མི་འཚམས་པར་སྙིང་ནས་གུས་པས་ཞུ་ཞུ།

སླད་ཆར། ཆོས་བདུན་ཁམས་སུ་རྟག་བཞུགས་ངོས་ཐུགས་ཀྱི་དགོངས་བཞེད་ཐམས་ཅད་གེགས་མེད་ཉིད་དུ་ལེགས་པར་འགྲུབ་བཞིན་རྣམ་དཀར་ཕྲིན་ལས་ཀྱིས་ས་གསུམ་ཡོངས་ལ་ཁྱབ་པའི་རྟེན་འབྲེལ་བཟང་པོ་དང་སྨོན་ལམ་བཅས།

རྒན་བུ་པ་པན་ཚེ་ནས་ལྷ་རེག་བཅས་གུས་ཕུལ། །

མཁན་པདྨ་རིག་འཛིན་དང་འཇིགས་དཔལ།

༈ རྨད་བྱུང་ཡོན་ཏན་བྱེ་བའི་དཔལ་འཛིན་མང་ཐོས་ཚུལ་ལྡན་དམ་པ་མཁན་པདྨ་རིག་འཛིན་དང་འཇིགས་དཔལ་སོགས་དགྱེས་བརྩེ་ཚད་མེད་ཡོངས་ལ་གུས་པས་ཞུ་གསོལ།

ཕྲན་གཉིས་ཡར་དབུས་ཕྱོགས་སུ་འོང་ནས། ལྷ་ས། བསམ་ཡས། དབུ་རུ་ཞྭའི་ལྷ་ཁང་། ཨོ་རྒྱན་སྨིན་གྲོལ་གླིང་། ཁྲ་འབྲུག་གུ་རུ་ང་འདྲ་དང་། བསམ་ཡས་མཆིམས་ཕུ་དབེན་རྩ་མཆིམས་ཕུའི་ཀེའུ་ཚང་གོང་མ་སོགས་ལ་གནས་འབྲེལ་ལེགས་པར་བཞག་ནས། བོད་ཟླ་བཅུ་པའི་ཚེས་བཅུ་དགུའི་ཉིན་མོའི་ཆུ་ཚོད་དང་པོའི་དུས་གནམ་གྲུ་ནས་བལ་བོར་བསླེབས། བལ་ཡུལ་ཞེ་ཆེན་དགོན་ནས་གཟིགས་སྟངས་དཔེ་མེད་མཛད་བཞིན་དེར་རེ་ཞིག་མཆིས། ཉིད་རྣམས་ཀྱང་སྔ་མུས་བཞིན་སྐུ་ཁམས་དྭངས་བཞུགས་ངོས་མཛད་ཕྲིན་རྣམ་དཀར་གྱི་ཕྱོགས་སུ་རྗེས་བཞིན་ཡོད་ཤག་ལ་ཡི་རངས་དང་དགའ་སྤྲོ་འཕེལ། དཀོན་མཆོག་རྒྱལ་མཚན་དང་ཞུ་ཕྲུག་གཉིས་སྐྱེལ་གྲོགས་བཅས་ཆུ་ཁྲེ་དང་རྐང་འགྲོས་ཀྱིས་སྔོན་ལ་སོང་ནས་ད་བར་ཞག་བཅུ་ཙམ་རེད་ཡོད། རང་འབྲས་ལྗོངས་ལ་ཡར་ལམ་ཤར་འགྲོ་ཁོང་རྣམས་ནས་ཡང་ཡང་གསུང་བས་རྡོ་རྗེ་གདན་གྱི་སྨོན་ལམ་ལ་འགྲོ་ཞོར་ལ་སོང་ནས་སྔར་ནས་རྫོགས་ཆེན་རིན་པོ་ཆེ་ནས་བལ་ཡུལ་དུ་སྤྲུལ་སྐུ་པད་རྒྱལ་སོགས་ལ་གྲ་བསྒྲིགས་ཀྱི་བཀའ་གནང་ལེགས་བསྒྲིགས་མཛད་ཡོད་པས། དེ་ནས་གནས་ཆེན་རྣམས་དང་རྫོགས་ཆེན་དགོན་སོགས་ལ་རེ་ཞིག་འགྲོ་དགོས་སྙམ་ལགས།

སླད་ཆར། བཤད་གྲྭ་ཡོངས་དང་། བསམ་གཏན་རྡོ་རྗེ་སོགས་སྒྲུབ་གྲྭ་པ་རྣམས་སྐུ་ཁམས་དྭངས་བཞུགས་ངོས་བརྩོན་འགྲུས་ཐང་ལྷོད་མེད་པར་བློ་སྐྱེད་ཅི་ཐོན་དང་ཐུགས་མཐུན་ཁྲིམས་གཙང་སྙིང་ནས་གུས་པས་གསོལ་བ་ལན་བརྒྱར་ཡང་ཡང་ཞུ་བ་ལགས།

རྒན་བུ་པན་ཚེ་དང་། ཚ་བུ་འཆི་མེད་སྟོབས་རྒྱལ་ལྷན་ནས་ལྷ་རེག་བཅས་བོད་ཟླ་བཅུ་བའི་ཚེས་གྲངས་ཉེར་གསུམ་ལ་ཕུལ་བ་དགེ །

སྔ་འགྱུར་ཨ་རིག་ཆོས་གྲྭའི་འདུས་སྡེའི་བཅའ་ཡིག

༈ བསྟན་པའི་བདག་པོ་སྐལ་བཟང་རྣམ་འདྲེན་བཞི་བ་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ལ་གུས་པས་ཕྱག་འཚལ་ལོ། །

ཨོཾ་སྭ་སྟི་བི་ཛ་ཡནྟུ། རྨད་བྱུང་མཁྱེན་བརྩེ་ནུས་པའི་གཟི་འོད་ཀྱིས། །སྙིགས་ལྔའི་མུན་པ་འཇོམས་པའི་སྣང་བྱེད་མཆོག །རྣམ་འདྲེན་སྟོང་ལས་སྙིང་སྟོབས་ཆེར་བརླིང་བ། །ཡོངས་བསྔགས་ཟས་གཙང་སྲས་པོའི་དགེ་ལེགས་སྩོལ། །

རབ་འབྱམས་ཞི་དང་ཁྲོ་བོའི་སྤྲོ་བསྡུའི་དཔྱིད། །རྣམ་བཞིའི་ཕྲིན་ལས་ཆེར་འབར་རྒྱལ་བའི་དབང་། །ཟག་མེད་རྡོ་རྗེའི་སྐུ་བརྙེས་མཚོ་སྐྱེས་རྗེའི།  །མི་ཟད་བྱིན་རླབས་སྣང་བས་ཀུན་ནས་སྐྱོངས།  །

དྲི་མེད་རྒྱལ་བསྟན་ལུང་རྟོགས་པདྨའི་ཚལ།  །བཤད་སྒྲུབ་འོད་སྣང་བྱེ་བས་འཁྱུད་བཞིན་དུ།  །མདོ་སྔགས་ཆོས་ཚུལ་ཕྱོགས་བརྒྱར་སྤེལ་བ་ལ། །རྩ་གསུམ་བསྟན་སྲུང་ཚོགས་ཀྱིས་ཤིས་པ་སྒྲུབས། །

དེ་ལྟར་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་སྔོན་དུ་སོང་ནས་ཕན་བདེའི་ལེགས་ཚོགས་མཐའ་དག་གི་འབྱུང་གནས། དྲི་མེད་རྒྱལ་བསྟན་རིན་ཆེན་སྤྱི་དང་། ཁྱད་པར་བསྟན་དང་སྟོན་པ་གཉིས་གྱུར་དམ་ཆོས་འདུལ་བའི་སྡེ་སྣོད་ལས་ཇི་ལྟར་བྱུང་བ་བཞིན་ལག་ལེན་ལ་བསྟར་བའི་ཆོས་ཀྱི་སྡེ་འདིའི་བཅའ་ཁྲིམས་གཏན་འབེབ་ལ། སྤྱིར་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གནང་བཀག་བཅས་ཁྲིམས་ཀྱི་ཚུལ་ཇི་ལྟར་གནང་བར་མཛད་པ་དེ་ཉིད་ཐོག་མཐའ་བར་གསུམ་དུ་གཞིར་བཞག་ཡིན་ལ། བྱེ་བྲག་ཡུལ་དུས་དང་བསྟུན་པའི་དམིགས་བསལ་རྣམས་དོན་ཚན་དུ་འགོད་པ་ལ། ༼༡ ཆོས་གྲྭ་འདིར་ཞུགས་ཀུན་རྟེན་དགེ་ཚུལ་སློང་གང་རུང་ཞིག་ངེས་པར་ཡིན་དགོས་ལ། སྡོམ་པ་སླར་གསོ་ཡང་ཞུགས་མི་ཆོག ༼༢ ལོ་བཅོ་བརྒྱད་མན་ཆད་བཤད་གྲྭར་ཞུགས་མི་ཆོག ༼༣ ཆོས་གྲྭ་འདིར་རྩ་བའི་ཕམ་བཞི་ལ་རྩོད་གླེང་ཡོད་རིགས་ཞུགས་མི་ཆོག ༼༤ ཞུགས་ཟིན་ལ་དེ་བཞིན་རྩོད་གླེང་ཡོད་ཚེ་ཤན་མ་ཕྱེས་བར་སྒུག་སྡོད་བྱེད་པ་ལས་འཚོགས་མི་ཆོག ༼༥ ཞུགས་སྔོན་སྡོམ་གསུམ་སྤྱོད་འཇུག་བཅས་ཀྱི་རྩ་བ་མཁན་ཆོས་གང་རུང་གི་མདུན་དུ་བློ་རྒྱུགས་འབུལ་དགོས། བློ་འཛིན་ཧ་ཀྱང་ཞན་ཀྱང་གལ་སྲིད་སྤྱོད་ལམ་ཞི་དུལ་ཁྱད་འཕགས་དམིགས་བསལ་འོས་ངེས་ཡིན་ན་ལས་འཛིན་རྣམས་ཀྱི་དེ་ལུགས་བརྟག་རྒྱུ། ༼༦ ཞུགས་ནས་ལོ་བཞིའི་རིང་ལ་གཞུང་དཀའ་པོད་ལྔའི་རྩ་བ་བློ་རྒྱུགས་འབུལ་རྒྱུ་རྫོགས་དགོས། ༼༧ རྩ་བའི་ཕམ་བཞི་གང་རུང་བྱུང་ན་དམ་ཆོས་འདུལ་བ་ནས་གསུངས་བ་ལྟར་གནས་དབྱུང་བྱ་རྒྱུ་ཡིན་པར་མ་ཟད་སྒོར་སུམ་རྒྱ་གཞུང་ལ་འབུལ་དགོས། ༼༨ ཉེས་ཀུན་རྩ་བ་ཆང་དང་། ཁ་སྣའི་དུད་པ་འཐེན་ན་ཇོ་རིང་བཞི་ལ་དར་ལྕོག་དང་། ཡིག་བརྒྱ་འབུམ་ཚོགས་ཞུས་དང་། སྒོར་བརྒྱ་གཞུང་ལ་འབུལ་དགོས། ད་དུང་རྒྱུན་མི་གཅོད་ཚེ་གནས་དབྱུང་བྱ་རྒྱུ་ཡིན། ༼༩ གཞན་ཐོ་འཚམས་བྱེད་ཀྱི་ལག་ཆ་ཉར་མི་ཆོག་འགལ་ན་ལག་ཆ་བླངས་རྗེས་མར་མེ་བརྒྱ་མཆོད་དང་། ཕྱག་ལྔ་བརྒྱ་འཚལ་དགོས། ༼༡༠ གླིང་ནང་དུ་ལག་འཛིང་ཙམ་བྱུང་སྟེ་མྱུར་དུ་འདུམ་ན་ཕྱག་ཆིག་སྟོང་འཚལ་དགོས་ལ་མར་མེ་སྟོང་འབུལ་དགོས། མ་འདུམ་པར་ཞག་ཤས་ཀྱི་བར་དུ་བཤགས་སྦྱངས་དང་། འདུམ་འགྲིགས་ལེགས་པར་མ་བྱུང་ཡང་ངན་ངེས་ཀྱིས་འཚོགས་ལ་གཏན་ནས་ཞུགས་མི་ཆོག་པ་དང་། མ་ཟད་ཁ་འཛིང་ཙམ་ལའང་མ་འདུམ་པར་ངེས་པར་འཚོགས་མི་ཆོག ༼༡༡ ཁ་འཛིང་ཙམ་བྱས་ན་གླིང་ནང་དུ་རྡུལ་ཕྱག་བྱེད་རྒྱུ་དང་། སྒོར་སུམ་ཅུ་གཞུང་ལ་འབུལ་དགོས། ༼༡༢ གཏན་མ་འདུམ་པ་དང་ཕན་ཚུན་རྨས་སྐྱོན་བྱུང་ན་སྒོར་ལྔ་བཅུ་གཞུང་ལ་འབུལ་རྒྱུ་དང་། གནས་དབྱུང་བྱེད་རྒྱུ་ཡིན། ༼༡༣ སྐྱ་ཆས་གྱོན་ན་གྲྭ་ཡོངས་ལ་མང་ཇ་དར་འགྱེད་གཏོང་དགོས་ལ། དེར་མ་ཟད་སྐྱ་ཆས་ཡང་ལེན་དགོས། ༼༡༤ འགག་རྐྱང་མར་གཟན་ཤམ་མ་གནབ་ན་མཁས་འཇུག་སྡོམ་བྱང་ཚོགས་དཀྱིལ་དུ་བློ་རྒྱུགས་སྤྲད་དགོས། ༼༡༥ གྲོང་སོགས་སུ་ལྕག་རྟ་ཞོན་ཏེ་འགྲོ་མི་ཆོག འགལ་ན་རང་གླིང་གི་སྐྱོར་དཔོན་མདུན་དབུ་རྒྱན་རྩ་བ་བློ་རྒྱུགས་སྤྲད་དགོས། ༼༡༦ ཤྭ་ར་ཕེ་བརྒྱབ་མི་ཆོག་ལ་འགལ་ན་ཤྭ་ར་ཕེ་དགེ་འདུན་ཚོགས་དཀྱིལ་དུ་རང་ཉིད་ཀྱིས་མེར་བསྲེགས་དགོས་ལ་ཕྱག་བརྒྱ་ཕྲག་ལྔ་འཚལ་དགོས། ༼༡༧ གླིང་ཕྱི་ནང་དུ་བྱོན་བཞུགས་སྐབས་གཟན་ངེས་པར་མནབ་དགོས་ལ། མ་མནབ་ཚེ་རྒྱབ་ཆོག་སྐབས་ཕྱག་བརྒྱ་ཕྲག་གཅིག་འཚལ་དགོས། ༼༡༨ ལྷ་ཁང་ནང་དུ་དོན་མེད་ཀྱི་ངག་འཁྱལ་སྨྲ་མི་ཆོག་ལ། འགལ་ན་དེ་ཉིན་ཀྱི་ཡོན་སྐལ་མེད་པར་མ་ཟད་བཤད་རྒྱུགས་འབུལ་དགོས། ༼༡༩ ལྷ་ཁང་ནང་དུ་ཕན་ཚུན་ཚོགས་རྡེལ་འཕེན་མི་ཆོག་ལ། འགལ་ན་ཉིན་དེའི་ཆོས་ཁྲིད་རྩ་བ་བློ་རྒྱུགས་སྤྲད་རྒྱུ་དང་ཕྱག་སུམ་བརྒྱ་འཚལ་དགོས། ༼༢༠ ཚོགས་འཁོར་སྐབས་གྲྭ་རྣམས་ལ་རྡོར་དྲིལ་ངེས་པར་དགོས་ལ། མེད་ཚེ་ཕྱག་བརྒྱ་ཕྲག་གཅིག་འཚལ་དགོས། ༼༢༡ དམིགས་བསལ་སྤྱི་དོན་སོགས་དང་མ་འབྲེལ་བ་དང་། གནང་བ་མ་ཞུས་པར་ཚོགས་འཁོར་དང་གསོ་སྦྱོང་ཚོགས་རྒྱུ་ཆགས་ན་མར་མེ་སུམ་ཅུ་འབུལ་དགོས།  ༼༢༢ ལྗོངས་རྒྱུ་སོགས་ཀྱི་སྐབས་མ་གཏོགས་ཆོས་ཁྲིད་སྒྲ་འཁོར་ལས་གཞན་ལོས་ཡན་དང་གསོས་ཡན་བསྒྲག་མི་ཆོག་འགལ་ཚེ་ཕྱག་བརྒྱ་ཕྲག་འཚལ་དགོས། ༼༢༣ ཆོས་མཚམས་མ་གཏོགས་པར་གྲོང་ཆོག་ལ་ངེས་པར་བྱོན་མི་ཆོག་ལ་འགལ་ན་འབུལ་བ་དེ་དགེ་འདུན་སྤྱི་ལ་ཕུལ་ནས་འཚོགས་མང་དཀྱིལ་ནས་བཤད་རྒྱུགས་འབུལ་དགོས། ༼༢༤ མཁན་པོའི་སྙན་ལམ་དུ་འོས་མིན་གྱི་གཏམ་སྣ་ཚོགས་ངེས་པར་ཞུ་མི་ཆོག་ལ་ཞུས་ཚེ་དགེ་འདུན་ལ་མང་ཇ་དང་དར་འགྱེད་སྒོར་ལྔ་བཅུ་སྤྱི་ལ་འབུལ་རྒྱུ་དང་གྲལ་མཐར་ངོས་མཐོང་བྱེད་དགོས།  ༼༢༥ དགེ་འདུན་ནང་དུ་དབྱེན་བྱེད་མི་ཆོག་ལ་འགལ་ན་སྒོར་བཞི་བཅུ་སྤྱི་ལ་འབུལ་དགོས་ལ་གླིང་ཀུན་ཏུ་རྡུལ་ཕྱག་དང་། གྲྭ་བའི་གཟིམ་ཤག་ལྷ་ཁང་བཅས་ལ་རྩི་རྒྱབ་དགོས། མ་ཚད་འཁྲུགས་སློང་ཚབ་ཆེན་གྱི་རྩ་བར་གྱུར་ན་གནས་དབྱུང་བྱེད་རྒྱུ་ཡིན། ༼༢༦ སྤྱིར་སྡེ་སྣོད་དགོངས་འགྲེལ་སྦྱང་བའི་དོན་པོ་བཤད་ཡམ་ཁ་ཁྲལ་དུ་མ་སོང་བར་དུས་རྒྱུན་དུ་རྒྱུད་འདུལ་བའི་ཐབས་ཁོ་ན་ཐུགས་བཞག་དགོས་རྒྱུ་དང་། གཞན་ཡང་ཚོགས་དུང་གསུམ་པའི་སྐབས་སོགས་གང་ཡིན་ཡང་སྒོ་ཁང་དུ་བྱོན་རྒྱུ་དང་། དགེ་འདུན་རྣམས་གྲལ་ལ་མ་ཞུགས་གོང་དུ་མ་བྱོན་ན་ཕྱག་བརྒྱ་འཚལ་དགོས། ༼༢༧ གཟིམ་ཤག་གི་ཕྱི་རོལ་སོགས་སུ་ལྐོག་ཏུ་ཉན་རྣ་བྱེད་ཚེ་ཚོགས་མང་སྐབས་ཕྱག་བརྒྱ་ཕྲག་གསུམ་འཚལ་དགོས། ༼༢༨ གླིང་ནང་དུ་བུད་མེད་འགྲུལ་འགྲིམ་བྱེད་མི་ཆོག་ལ། འགལ་ན་དེ་དང་ཐུག་ཕྲད་བྱེད་པའི་གྲྭ་དེས་སྡོམ་གསུམ་རྩ་བ་བློ་རྒྱུགས་སྤྲད་དགོས། ༼༢༩ སྔ་དྲོ་ཆུ་ཚོད་བཅུ་གཅིག་ཡན་དང་ཕྱི་དྲོ་ཆུ་ཚོད་གསུམ་པ་ཕན་སྐྱ་སེར་སུ་ཡང་ཡོང་མི་ཆོག་ལ། འགལ་ན་དེ་དང་མཇལ་འཕྲད་བྱེད་པོའི་གྲྭ་དེས་ཕྱག་བརྒྱ་ཕྲག་གསུམ་འཚལ་དགོས། ༼༣༠ གྲོང་ནང་དུ་བྱོན་བཞུགས་སྐབས་ཁྱིམ་པ་སུན་འབྱིན་གྱི་བྱ་བ་བྱས་ན་དགེ་འདུན་གྱི་གྲལ་མཐར་ཆོས་ཁྲིམས་ཀྱིས་སྐྱོན་བརྗོད་བྱས་འཕྲལ་ཁོ་རིང་གི་ཕྱག་ཆིག་སྟོང་འཚལ་དགོས། ༼༣༡ མཁན་ཆོས་ལས་འཛིན་རྣམས་ལ་གནང་བ་མ་ཞུས་པར་གྲོང་ནང་དུ་འཁྱལ་མི་ཆོག་ལ། འགལ་ན་ཕྱག་བརྒྱ་ཕྲག་གསུམ་འཚལ། ༼༣༢ སྤྱི་དོན་མིན་པར་ཆོས་གྲྭའི་ནང་བཞུགས་ཀྱིས་ཕན་ཚུན་ཚོང་ཆེ་ཕྲ་གང་ཡང་བྱེད་མི་ཆོག འགལ་ན་ཕྱི་ནང་ཀུན་ཏུ་གཙང་སྦྲ་བྱེད་དགོས། ༼༣༣ དགོན་པའི་ཚོགས་མཇལ་ལན་གཉིས་གསུམ་ཙམ་ལས་བྱོན་མི་ཆོག བྱོན་སྐབས་གྲྭ་བ་རྣམས་ལྷན་དུ་བྱོན་དགོས། ༼༣༤ འགག་རིང་ཕྱི་རོལ་དུ་རྒྱ་ནང་དང་། ནང་དུ་དོར་མོ་སོགས་མི་འོས་པའི་ཆས་སྣ་ཚོགས་གྱོན་མི་ཆོག་ལ་འགལ་ན་རིམ་བཞིན་ཕྱག་བརྒྱ་ཕྲག་གསུམ་དང་། ཆིག་སྟོང་འཚལ་དགོས། ༼༣༥ མཁན་ཆོས་སོགས་ལས་འཛིན་རྣམས་ལ་ཁ་ལན་སྤྲད་ན་ཇོ་རིང་བཞི་ལ་དར་ལྕོག་གླིང་བཞི་ལ་རྡུལ་ཕྱག མར་མེ་ལྔ་བཅུ་འབུལ་དགོས། ༼༣༦ ལག་ལེན་སྤྲད་ཚེ་གཞུང་ལ་སྒོར་བརྒྱ་འབུལ་ནས་གནས་དབྱུང་བྱ་དགོས། མ་ཚད་རྨས་སྐྱོན་བྱུང་ན་སྒོར་ལྔ་བརྒྱ་སྤྱི་ལ་འབུལ་རྒྱུ་དང་། ལས་འཛིན་པ་ལ་འོས་བབས་དང་བསྟུན་ཏེ་བཤགས་དགོས།  ༼༣༧ དགེ་སློང་ལ་ཆོས་གོས་རྣམ་གསུམ་དང་། དགེ་ཚུལ་རྣམས་ལ་མཐང་གོས་དང་བླ་གོས། ཐམས་ཅད་ལ་གདང་བ་ངེས་པར་དགོས། མ་ཚང་ན་ཆོས་ཁྲིམས་ཀྱི་བརྡ་གཏོང་འཕྲལ་ཟླ་གཅིག་ཚུད་ལ་མ་འཛོམས་ན་གསོ་སྦྱོང་རེ་རེ་བཞིན་མར་མེ་ལྔ་བཅུ་ང་ལྔ་འབུལ་དགོས། ༼༣༨ སྐྱོར་དཔོན་སོ་སོའི་རང་གླིང་གི་གྲྭ་བ་རྣམས་ལ་གཟིམ་ཤག་ངོ་སྤྲད་དགོས་ལ། གྲྭ་བ་རྣམས་གཞན་ལ་བྱོན་སྐབས་རྡུལ་ཕྱག་སོགས་བྱས་ཏེ་ཚུར་ངོས་སྤྲད་དགོས། ༼༣༩ གཟིམ་ཤག་རྣམས་ཀྱི་སྒོ་དང་རབ་གསལ་སོགས་གནོད་སྐྱོན་བྱུང་ཡོད་ན་འདུག་མཁན་གྱིས་བཟོ་བཅོས་ལེགས་པར་བྱ་དགོས། ༼༤༠ ཆོས་ཁྲིད་མགོར་ཕེབ་མ་ཐུབ་ན་ཆོས་ཁྲིད་ཅི་ཙམ་གསུངས་བ་དེ་ཙམ་གྱི་བཤད་རྒྱུགས་ཀྱང་འབུལ་དགོས། དཔེ་ཆ་སྦྱང་བརྩོན་ལ་ཐང་ལྷོད་མེད་ངེས་ཞིག་ཡིན་ན་མ་གཏོགས་ཡོན་སྐལ་གསུང་སྐབས་ཁོ་ནར་ཧ་ཅང་བརྩོན་འགྲུས་ཡོད་ཁུལ་གྱིས་ངོམ་ཆོས་བྱས་ནས་དཔེ་ཆ་ཀློག་པ་སོགས་མི་བྱེད་པར་གསུང་སྒྲུབ་ལེགས་པར་གནང་དགོས། ༼༤༡ དགེ་འདུན་པའི་རྫས་ལ་འཛེམ་བག་བྱ་དགོས་པ་ནི་འདུལ་བ་ལུང་སོགས་དང་སྔོན་གྱི་ལོ་རྒྱུས་རྣམས་ལས་གསལ་བས་གཏན་ནས་ལོངས་སྤྱོད་མི་ཆོག་ལ་གལ་སྲིད་རྫས་ཕྲ་མོ་ཙམ་ལའང་ཕང་མེད་བྱས་ཚེ་ཡིག་བརྒྱ་འཚོགས་ཞུས་ལྷ་ཁང་ལ་དཀར་རྩི་བརྒྱབ་དགོས། ༼༤༢ ལྷ་ཁང་ནང་དུ་འཚོགས་ཟིན་ནས་བཟུང་བྲིས་བྱང་རྒྱུ་དང་དཔེ་བརྗོད་མཆན་སོགས་ཡི་གེ་འབྲི་མི་ཆོག ༼༤༣ བཤད་གྲྭ་ལ་ཞུགས་འོས་མི་འོས་ཤང་དང་བཤད་གྲྭ་དགོན་གཞུང་གསུམ་གྱི་ལས་འཛིན་རྣམས་ཀྱིས་བརྟག་དཔྱད་བྱས་ཏེ་དེ་གསུམ་ལས་ཞུགས་ཆོག་པའི་ཡི་གེ་ཐམ་ཀ་ཅན་ལེན་དགོས། ༼༤༤ སྟོན་མཆོག་རྫོགས་སངས་རྒྱས་ཀྱི་བསྟན་པ་ལ་བསླབ་པ་ལས་གཞན་མི་གཙོ་བས་རིགས་རུས་ལོངས་སྤྱོད་སྐྱེ་སྤྲུལ་སོགས་ཀྱི་ཁེངས་ཏེ་ཉམས་ཆུང་ཆོས་བཞིན་སྤྱོད་པ་ལ་བརྙས་བཅོས་སོགས་བྱེད་མི་ཆོག ༼༤༥ ཆོས་གྲལ་ཞུགས་ཕན་ཆད་འཆམས་དབྱངས་བརྡུང་གསུམ་སོགས་ངེས་པར་བྱེད་མི་ཆོག་འགལ་ན་ཉིན་རེའི་ཆོས་ཁྲིད་བཤད་རྒྱུགས་སྤྲད་དགོས། ༼༤༦ གཞན་གྱི་མཁས་བཙུན་བཟང་པོའི་ཡོན་ཏན་ལ་ཕྲག་དོག་གི་གཞི་མེད་བསྙན་འདོགས་བྱེད་མི་ཆོག་འགལ་ན་ཚོགས་གྲལ་ནས་ཕྱག་ལྔ་བརྒྱ་འཚལ་དགོས། ༼༤༧ སྐྲ་སོར་གང་ལས་ལྷག་འཇོག་མི་ཆོག་འགལ་ན་བྲེགས་མ་ཟིན་པར་ཉིན་བཞིན་ཚོགས་དཀྱིལ་དུ་ཕྱག་བཅུ་ཕྲག་གསུམ་རེ་འཚལ་དགོས། ༼༤༨ ཐུན་སྐབས་དོན་མེད་ཀྱི་ངག་འཁྱལ་མེ་འབུད་ཐབ་ལས་ཤག་དང་དོ་རའི་ཕྱི་རོལ་བྱོན་པ། རྩོད་ཚུལ་གྱིས་འུར་ཟིང་སློང་བ། གཅོད་དང་གསོལ་ཁ་སོགས་འདོན་ཏེ་རྔ་དྲིལ་རྐང་དུང་སོགས་འབུད་བཀྲོལ་ངེས་པར་མི་ཆོག་ལ། འགལ་ན་ཚོགས་དཀྱིལ་དུ་བཤད་རྒྱུགས་སམ་ཕྱག་ལྔ་བརྒྱ་འཚལ་དགོས། ༼༤༩ རྒྱུན་དུ་མཐང་གོས་ལེའུ་ཅན་གྱོན་པ་དང་། ཆབ་རིལ་འདོགས་རྒྱུ་དང་། ཕྲེང་སེར་བཟུང་བ་སོགས་གྲྭ་ས་གོང་མའི་ཕྱག་བཞེས་ལྟར་ལས། གཞན་སྔགས་སྤྱོད་མཁན་དང་ཁྱིམ་པ་སོགས་ཀྱི་ཡོ་བྱད་དངོས་སམ་དེ་མཐུན་གཏན་ལོངས་སྤྱོད་མི་ཆོག་འགལ་ན་ཚོགས་དཀྱིལ་དུ་ཕྱག་བརྒྱ་འཚལ་དགོས། ༼༥༠ དབྱར་འབྲིང་པོའི་ཚེས་གཅིག་ནས་དགག་དབྱེའི་བར་ནང་ལྭ་ཕུ་ཐུང་ཅན་དང་། སྟོད་འབོག་ངེས་པར་གྱོན་མི་ཆོག་འགལ་ན་མར་མེ་སུམ་ཅུ་འབུལ་དགོས། ༼༥༡ སོར་གདུབ་དང་དུས་ཚོད་སོགས་འཕྱོར་སྒེག་གི་རྒྱན་ཆ་འཆང་མི་ཆོག་འགལ་ན་མར་མེ་སུམ་ཅུ་འབུལ་དགོས། ༼༥༢ ཤིན་ཏུ་གལ་ཆེ་བའི་སྤྱི་དོན་དང་། རང་ཉིད་ན་བ་དང་། ཁྱིམ་མི་ཤི་བ་སོགས་ཀྱི་རྐྱེན་དགོས་མེད་པར་ཆོས་ཁྲིད་བཅག་ན་དེ་ཉིན་གྱི་ཆོས་ཁྲིད་བཤད་རྒྱུགས་འབུལ་རྒྱུ་དང་། སྒོར་བཅུ་གཞུང་ལ་ཡར་སྤྲད་དགོས། ༼༥༣ སྤྱིའི་ལས་ཀ་ཕྲན་ཚེགས་དང་། ཁྲུས་བཤར་དང་། འཕོ་བ་སོགས་ལ་དགེ་བསྐོས་ནས་བརྡ་སྤྲོད་དགོས།  མ་བྱོན་ཚེ་སྒོར་བཞི་ཡོན་སྐལ་ནང་ནས་འཐེན་རྒྱུ་དང་། བཤད་གྲྭ་ཞུགས་ཟིན་མཁས་བཙུན་གྱི་ཡོན་ཏན་ཡོད་མེད་སུ་ཡིན་ཡང་། གཞུང་གྲྭ་ལས་ལྷག་པའི་ང་རྒྱལ་མི་སྐྱེད་པར་དགའ་གུས་ཀྱིས་སྤྱོད་ལམ་བཟང་པོ་བྱེད་དགོས་པ་དང་། དབྱར་གནས་ཚེས་བཅུ་སོགས་གཞུང་གི་འཚོགས་ལ་བཞུགས་སྐབས་བཤད་གྲྭ་བ་རྣམས་ཀྱིས་སྒྲིག་འགལ་གྱི་བྱ་བ་མི་བྱེད་པར་མ་ཟད་གཞན་གྱི་མིག་དཔེར་འོས་པ་ཞིག་བྱ་དགོས། ༼༥༤ དུས་རྒྱུན་གྱི་སྤྱོད་ལམ་ཐམས་ཅད་ལ་དྲན་ཤེས་བརྟེན་ཅི་ཐུབ་དང་། རང་རྒྱུད་ལ་བརྟགས་དཔྱད་བྱེད་དགོས། ༼༥༥ གནས་སྐབས་ཐམས་ཅད་དུ་བློ་གྲོས་ལ་ཡར་བསྐྱེད་ཐོན་པའི་དཔེ་ཆ་ལ་སྙིང་རུས་ནན་ཟབ་ལྷོད་མེད་ཀྱིས་གུས་རྟག་གི་བརྩོན་འགྲུས་བྱེད་དགོས། ཕྱིའི་གྲྭ་ཕལ་མོ་ཆེ་སྡེ་སྣོད་འཛིན་པའི་བཤེས་གཉེན་ཡིན་པས་བརྩི་བཀུར་ལེགས་པོ་བྱེད་དགོས།   ༼༥༦ ཨ་སྐྱོ་ལྟ་བུ་མཁོ་ཆས་ཞན་པའི་ཀུན་སྤང་བྱ་བྲལ་དངོས་ལ་ནང་གྲྭ་ནས་རང་ནུས་ཅི་ཡོད་ཀྱིས་ཞབས་གཏོགས་ཅི་འགྲུབ་བྱེད་དགོས། ༼༥༧ སྤྱི་དོན་སོགས་གལ་ཆེན་གྱི་བྱ་བ་འགའ་ལ་གནང་བ་ཞུས་ན་མ་གཏོགས་རྒྱུན་ཞུས་ལ་མ་བཞུགས་ན་སྒོར་ལྔ། སྐུ་རིམ་ཉུང་ངུ་ཙམ་ལའང་མ་བྱོན་ན་མར་མེ་བཅོ་ལྔ་འབུལ་དགོས། མདོར་ན་གུང་གསེང་སྒོ་བཞེངས་ཀྱི་རྗེས་སུ་ཡར་འདོན་པ་མ་གསུང་སྔོན་དུ་མ་ཕེབས་ན་འགོར་ཡུན་རིང་ཐུང་དང་བསྟུན་ཕྱག་ཡུན་ཅི་རིགས་འཚལ་དགོས། ༼༥༨ ཡོན་བདག་རེ་རེ་བཞིན་གསུང་སྒྲུབ་སྐབས་སྙན་ཞུས་ཕུལ་སྐབས། ཤི་གསོན་གང་ཡིན་ལ་ཐུགས་དམིགས་ཟབ་རྒྱས་ཀྱི་བསྔོ་སྨོན་རིམ་གྲོ་གནང་རྒྱུ། ༼༥༩ ཕྱི་ནང་གི་གྲྭ་འདིར་བཞུགས་ཀུན་ཆོས་དང་དམ་ཚིག་གི་སྦྲེལ་བས་ཕན་ཚུན་རྩེ་གདུང་ལྷོད་མེད་དུས་རྒྱུན་ཐུགས་ལ་འཇོག་དགོས་རྒྱུ། མདོར་ན་རང་ཉིད་ཀྱི་སློབ་དཔོན་རང་གིས་བྱས་ཏེ་སྟོན་མཆོག་རྫོགས་སངས་རྒྱས་ཀྱི་བཅས་པའི་ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་སོགས་དྲན་ཤེས་བག་ཡོད་ཀྱིས་མ་ཉམས་པར་བསྲུང་བར་ཆོས་ཁྲིམས་ཐམས་ཅད་འདུས་པས་དེ་ལུགས་མཛད་རྒྱུ་གལ་ཆེ་ཞུ་ཞུ།

སླར་སྨྲས་པ།  རྨད་བྱུང་ཁྱད་ཆོས་དྲུག་གིས་མངོན་འཕགས་ཤིང་། །གངས་ལྗོངས་བསྟན་པ་ཡོངས་ཀྱི་ཕྱི་མོ་མཆོག  །མཁས་ཤིང་གྲུབ་པ་རྒྱ་མཚོའི་གཤེགས་ཤུལ་ཆེ། །གསང་ཆེན་ལྔ་འགྱུར་བསྟན་པ་ཡུན་གནས་ཤོག །སྟོན་དང་བསྟན་པ་གཉིས་འགྱུར་བདུད་རྩི་མཆོག  །དྲི་མེད་ཆོས་འདུལ་ཚུལ་ཁྲིམས་རྒྱན་ལྡན་ཞིང་། །ཤེས་རབ་གསུམ་གྱི་ཟབ་རྒྱས་དོན་རྟོགས་ནས།  །འཆད་རྩོད་རྩོམ་པས་ཐུབ་བསྟན་མཛེས་གྱུར་ཅིག །ཕུན་ཚོགས་ལེགས་བྱས་བྱེ་བའི་ས་བོན་གྱིས། །དགེ་མཚན་བཀྲ་ཤིས་སྙེ་མ་གཡུར་ཟ་ཤོག །འཇིག་རྟེན་ཁམས་ཀུན་བདེ་ལེགས་དཔལ་གྱི་འབྱོར། །ས་གསུམ་བཀྲ་ཤིས་སྣང་བས་ཡོངས་ཁྱབ་ཤོག  །

ཅེས་པ་འདི་ཀུན་གཟིགས་མཁན་ཆེན་བླ་མ་མཆོག་གིས་གདན་ས་སྔ་འགྱུར་ཨ་རིག་ཆོས་གྲྭའི་དགེ་འདུན་པ་སྤྱི་ལ་ཡུལ་དུས་དང་བསྟུན་པའི་བཅའ་ཁྲིམས་འགའ་ཞིག་གནང་བ་ལས་ཞལ་བཤུས་པའོ། །


previousའཕྲིན་ཡིག་གི་སྐོར།next