Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

5 occurrences of ཁྲོལ་བུ་
[Clear Hits]


collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
expand section
  
  
  


5 occurrences of ཁྲོལ་བུ་
[Clear Hits]

 
previousསྡེབ་སྦྱོར་གྱི་དྲི་ལན་སྐོར།next

སྡེབ་སྦྱོར་གྱི་དྲི་ལན་སྐོར།


MLP013_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ལན་སྐོར་རྨོངས་པའི་མུན་སེལ་ལེགས་བཤད་ཉི་མའི་སྙིང་པོ་ལས། སྡེབ་སྦྱོར་གྱི་དྲི་ལན་སྐོར་བཞུགས། ལགས། འདོད་པ་རྣམས་ཀྱི་གནད་པ་སྡོད། །རྐང་པ་རྣམས་ཀྱི་མཐའོ། །ཞེས་འབྱུང་བའི་མཐའི་ངོས་འཛིན་ཀུ་མཱ་ར་ལྟ་བུ་ཡི་གེ་གསུམ་གསུམ་ལ། བྷ་སོགས་མིང་བཏགས་པའི་མཐའ་ལ་བཤད་ན། །གཞུང་ཚིག་དེ་མ་ཐག་པར། བྷ་སོགས་ཨུཏ་ལ་དེ་ལྡན་ནོ། །ཞེས་པའི་སྐབས་ཀྱི་རང་འགྲེལ་དུ། མཐའ་ཞེས་པ་རྗེས་སུ་འཇུག་གོ །བྷ་ལ་སོགས་པ་ཚོགས་པ་རྣམ་པ་བརྒྱད་ཀྱི་མཐར་ཨུ་ཡིག་འགྱུར་ན་ངལ་གསོ་དང་ལྡན་པར་རིག་པར་བྱའོ། །ཞེས་སྔར་རྐང་པ་རྣམས་ཀྱི་མཐའོ། །ཞེས་པའི་མཐའ་འདིར་ཡང་སྦྱོར་དགོས་པར་གསུངས་པ་ལ་དོན་མེད་པར་འགྱུར་རམ་སྙམ་པ་དང་། བཤད་མ་ཐག་པ་ཉིད་སླར་ཟློས་པའི་སྐྱོན་སློབ་དཔོན་ཤཱནྟི་པ་རང་གིས་ཀྱང་བཞེད་དགོས་པར་སྣང་ཞིང་། རྐང་པ་རྣམས་ཀྱི་མཐའོ། །ཞེས་པའི་སྐད་དོད་ལ་པཱ་ད་ལྟ་བུ་ཡོད་ན་པ་ད་ཐུང་ངུ་ཚིག་ལའང་འཇུག་པས་ཀུ་མཱ་ར་ལྟ་བུའི་མཐའ་ལ་བསྙད་དུ་རུང་ཙམ་སྣང་ཡང་། སྐབས་འདིའི་རྒྱ་དཔེར། ཨནྟེ་ཙ་ར་ཎཱ་ནཱཾ། ཞེས་རྐང་པའི་སྐད་དོད་ཙ་ར་ཎ་འབྱུང་བས་ཀུ་མཱ་ར་ལྟ་བུ་ལ་ཡི་གེ་གསུམ་པའི་བྲྀཏྟ་ལྟ་བུ་ཡིན་ན་མ་གཏོགས་རྐང་པ་ཞེས་པའི་ཐ་སྙད་ཀྱང་ཇི་ལྟར་འཇུག་སྙམ་པ་དང་། དེར་མ་ཟད། འདོད་པ་རྣམས་ཀྱི་གནས་པ་སྡོད། །ཅེས་པའི་རང་འགྲེལ་དུ། བྲྀཏྟ་དང་ཛཱ་ཏི་རྣམས་ལ་གང་འདོད་པའི་ཡི་གེས་གནད་པ་དེ་ནི་སྡོད་དོ། །ཞེས་གསུངས་ཤིང་། དེའི་དཔེར་བརྗོད་དུ། གཎྜ་སོགས་བཀོད་ནས། རྐང་པ་གཉིས་པ་དང་གསུམ་པའི་མཐའི་ལཱ་ནཱཾ་དང་གུ་ཎཱི་ཞེས་པར་ངལ་གསོ་མཛད་ཅིང་། དཔེར་བརྗོད་དེ་ཁའི་རྗེས་དེ་མ་ཐག་པར། འདོད་པ་རྣམས་ཀྱི་ཞེས་པ་


MLP013_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞེ་ན། མི་འདོད་པ་རྣམས་ཀྱི་མི་འགྱུར་བ་སྟེ། ཞེས་གསུངས་ཤིང་། དེའི་དཔེར་བརྗོད་དུ། ཨེ་ཥ་སོགས་བཀོད་ནས་ཟུང་མིན་གྱི་རྐང་མཐར་ངལ་གསོ་མ་མཛད་པས། དཔེར་བརྗོད་སྔ་མའི་རྐང་པ་གསུམ་པའི་མཐར་ངལ་གསོ་བྱས་པ་འདིར་མ་བྱུང་བ་ལྟ་བུ་དང་། རྐང་པ་རྣམས་ཀྱི་མཐའོ། །ཞེས་པའི་འགྲེལ་པར། ཐམས་ཅད་དུ་རྐང་པའི་མཐའ་ལ་ངལ་གསོ་བར་འགྱུར་རོ། །ཞེས་གསུངས། དེས་ན། འདོད་པ་རྣམས་ཀྱི་གནད་པ་སྡོད། །རྐང་པ་རྣམས་ཀྱི་མཐའོ། །ཞེས་པའི་གཞུང་ཚིག་གཉིས་སྦྲེལ་ཏེ། འཆད་དགོས་པ་ལྟ་བུར་འབྱུང་བས་རྐང་པའི་མཐའི་འབྲུ་གཉེར་བྷ་སོགས་ཀྱི་མཐའ་ལ་བྱས་ན། གཞུང་གི་ཚིག་འདི་བྲྀཏྟ་ཛཱ་ཏི་གཉིས་ཀའི་ཐུན་མོང་པར་སྔར་དྲངས་པའི་འགྲེལ་ཚིག་གིས་གསལ་བར་སྟོན་པའི་ཕྱིར། ངལ་གསོ་དེ་ཡིན་ན་བྲྀཏྟ་ལ་ཡི་གེ་གསུམ་ཚན་དང་། ཛཱ་ཏི་ལ་གཉིས་ཚན། སུམ་ཚན། བཞི་ཚན་རྣམས་ཀྱི་མཐར་ངོས་འཛིན་པ་ལས་འོས་མེད་པས། ཛཱ་ཏིའི་སྐབས་སུ། ཕྱེད་སྔར་དྲུག་པ་ཛའམ་ཁའོ། །ཁ་ལ་ནི། དང་པོ་ལ་ནི་ཡང་བའི་ངལ་གསོར་འགྱུར། ཁ་ཕ་རོལ་ལ་དྲུག་པའི་མཐར་ངལ་གསོ། ཞེས་ཤྭ་ལོ་ཀ་ཕྱེད་སྔ་མའི་ཚོགས་དྲུག་པར་ཛའམ་ཁ་འདམ་ཁར་གསུངས་ཤིང་། དེ་ཉིད་ཁ་ཡིག་གིས་བྱས་པའི་ཚེ་ཡང་བ་བཞིའི་ཐོག་མར་ངལ་གསོ་བྱ་བར་བཤད་པ་དང་འགལ་ཞིང་། དང་པོའི་དོན་ཡང་ཡང་བ་བཞིའི་གོང་དུ་འདས་མ་ཐག་གི་མཐའ་དེ་ཡིན་ནམ་སྙམ་ན། དེ་ཡང་མ་ཡིན་ཏེ། གཞུང་གི་དཔེར་བརྗོད་དུ། དྱལ་གྷུ་ནི། ཞེས་འབྱུང་བའི་འདས་མ་ཐག་གི་ཏྭཱ་ཞེས་པར་ངལ་གསོ་མི་རིགས་པའི་ཕྱིར་ཏེ། ཏྭཱ་དྱ། ཞེས་ཨཱ་དི་དང་པོའི་སྐད་དོད་སོ་སོར་ཕྲལ་བའི་མཚམས་སུ་ངལ་གསོར་མི་རུང་ངམ་སྙམ་དུ་སེམས་ལགས། དེས་ན་རང་གི་གོ་ཚོད་ལ། འདོད་པ་རྣམས་ཀྱི་གནད་པ་སྡོད། རྐང་པ་རྣམས་ཀྱི་མཐའོ། །ཞེས་པ་བྲྀཏྟ་ཛཱ་ཏི་གང་ཡིན་ཡང་རུང་སྟེ། རྐང་མཚམས་སུ་ངལ་གསོ་བྱར་རུང་བས་འདོད་ན་སྦྱར་བས་ཆོག་སྟེ། ངལ་གསོ་ནི་ཚིགས་བཅད་འདོན་པའི་ཚེ་དེ་དང་དེར་ངལ་གསོ་བའི་གནས་ཡིན་པས། རྐང་མཚམས་སུ་ངལ་གསོ་བ་ཤིན་ཏུ་རིགས་པའི་ཕྱིར་ཏེ། དཔེར་ན་བོད་ཀྱི་ཚིགས་བཅད་རྣམས་རྐང་མཚམས་ཀྱི་ཤད་མཐར་ངལ་གསོ་བའི་ཚུལ་གྱིས་ཀློག་པ་བཞིན་


MLP013_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འོན་ཀྱང་མཐའ་གཅིག་ཏུ་མ་ངེས་པས་རྐང་མཚམས་སུ་ངལ་གསོ་མ་བྱས་ཀྱང་འགལ་བ་མེད་དེ། སྐབས་འདིའི་འགྲེལ་པའི་དཔེར་བརྗོད་དུ། ཨེ་ཥ་ཀྵི་ཏི་སོ་བི། ཁྱཱ་ར་སྥུ་ཊ་ཀཱིརྟིཿཡ་སྱཱ་དྷྭ་ཛི་ནཱི་ཀེཏཱུ་དཔྟ་གྷ་ཎོ་གྷཱ། ཞེས་འབྱུང་བའི་རྐང་པ་དང་པོ་དང་གཉིས་པའི་བར་དུ་རྣམ་པར་བཤད་ཅེས་པའི་སྐད་དོད་བི་ཁྱཱ་ར་དང་། གསུམ་པ་དང་། བཞི་པའི་མཚམས་སུ་ཏོག་གི་སྐད་དོད་ཀེ་ཏུ་ཞེས་པ་སོ་སོར་བྲལ་བས་མཚམས་དེར་ངལ་གསོ་མེད་པར་སྦྲེལ་ཏེ་ཀློག་དགོས་པས་ན། དཔེར་བརྗོད་སྔ་མར་རྐང་པ་གསུམ་པའི་མཐར་ངལ་གསོ་བྱས་པ་ཉིད་ངེས་པའི་མཐའ་འདིས་འགོག་པ་ལགས་ཤིང་། བྷ་སོགས་ཨུཏ་ལ་དེ་ལྡན་ནོ། །ཞེས་པ་ནི་རྐང་མཐར་ཡང་ངལ་གསོ་བྱེད་པ་བཞིན་དུ། བྷུ་སོགས་བརྒྱད་ཀྱི་ཚོགས་པའི་མཐའ་ལའང་ངལ་གསོ་དེ་ལྡན་ནོ། །ཞེས་ཨུཏ་སྦྱར་བའི་བརྡ་བྱས་པ་ངལ་གསོ་འབྱུང་བར་གསུངས་ཤིང་། དེ་ཡང་གཞུང་གི་དཔེར་བརྗོད་ཀྱི་དབང་དུ་བྱས་ནས་ངལ་གསོ་ངེས་པར་དགོས་པ་ཞེས་སྨོས་ཏེ། དཔེར་ན། མུ་ན་ར་ཛ་ཝ་རྣམས་གསུམ་དང་ཕྱོགས་ཀྱིས་རབ་དགའ་ཅན། ཞེས་པའི་རྒྱ་སྐད་ཀྱིས། ཏྲྱཱ་ཤཱ་བྷི་རྭ། ཞེསཔའི་བྷིཿལ་མུའི་མཐའི་ངལ་གསོ་བྱས་པ་ལྟ་བུའོ། །དེ་ཡང་བྷུ་སོགས་བརྒྱད་པོ་འདི་ལ་ཡང་བ་བཞི་ཚོགས་མི་སྲིད་པས་ཛཱ་ཏིའི། ཁ་ལ་ནི། དང་པོ་ལ་ནི་ཡང་བའི་ངལ་གསོར་འགྱུར། ཞེས་པའི་སྐྱོན་ཡང་མི་སྲིད་པ་ལགས། བྷུ་སོགས་བརྒྱད་ལ་ཡི་གེ་གསུམ་ཚན་གྱི་མཐར་ངལ་གསོ་བ་དེ་ལྟར་ན། ཡི་གེ་གཅིག་ལ་ངལ་གསོ་བ་མེད་དམ་སྙམ་ན། དེ་ཡོད་ཅེས་སྟོན་པ་ལ། ལྕི་བ་ཝ། ཡང་བ་ཀ །ཞེས་གསུངས་ཤིང་། ཁྱད་པར་མཉམ་པའི་བྲྀཏྟ་ལ། རྐང་པ་སོ་སོ་ལའོ། །ཞེས་རྐང་བཞི་སོ་སོའི་མཐར་གང་འདོད་དམ། བཞི་ཀ་ལ་ངལ་གསོ་བྱས་ཀྱང་འགལ་བ་མེད་དེ། དཔེར་ན། ས་ཡིག་ཆུ་གཏེར་བྱས་པ་དེ་ནས་འགྲོ་བྱེད་དོ། །ཞེས་པ་ལས་ངལ་གསོའི་ཐ་སྙད་མི་འབྱུང་ཡང་། དགེ་སློང་མ་དཔལ་མོའི་བཅུ་གཅིག་ཞལ་གྱི་པོ་བསྟོད་རྒྱ་དཔེར། ཐམས་ཅད་ཀྱི་མཐར་ངལ་གསོ་སྦྱར་རུང་བའི་སྐད་དོད་ཀྱི་གཅོད་མཚམས་ཡོད་པ་བཞིན་ནོ། །འོ་ན་གཞུང་དུ་དཔེར་བརྗོད་ཡོད་པའི་མཉམ་པའི་བྲྀཏྟ་ལ། བྷུ་སོགས་བརྒྱད་ལ་ངེས་པར་ངལ་གསོ་དགོས་པར་སྦྱར་ཤེས་ཀྱང་། ངོ་མཚར་


MLP013_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྦྱོར་བ་ལས་བྱུང་བའི་སྡེབ་སྦྱོར་གཞུང་གི་དཔེར་བརྗོད་ལས་གཞན་དུ་གྱུར་པ་ལ་ཇི་ལྟར་བྱ་སྙམ་ན། འདི་ལ་གཞུང་གི་དཔེར་བརྗོད་དུ་བཀོད་པ་ལས་གཞན་པའི་ངོ་མཚར་བའི་སྦྱོར་བ་ལས་བྱུང་བའི་སྡེབ་སྦྱོར་ཡོད་པའི་རྒྱ་དཔེ་སྔར་མ་མཐོང་ལགས་ཤིང་། དབུས་ཕྲའི་སྡེབ་སྦྱོར་ལ་རིན་ཆེན་འབྱུང་གནས་སུ་ངལ་གསོ་དགོས་པའི་ཞལ་གསལ་མ་བྱུང་ཡང་། ས་པཎ་གྱིས། ཏ་དང་ཡ་གཉིས་ལ་ཡི་གེ་གསུམ་གསུམ་ལ་ངལ་གསོ་བ་ཡོད་ན་དབུས་ཕྲ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་པས་མཚོན་ནས་ཡི་གེ་དྲུག་པའི་བྲྀཏྟ་བཅུ་བཞི་པ་ལྟ་བུར། ཛུ་ཡ་ཞེས་པའི་པྲསྟཱ་ར། ༼|||༽བཀོད་དེ་ཡི་གེ་གསུམ་པའི་མཐར་ངལ་གསོ་བྱས་པ་ལྟ་བུ་ལ་འགལ་བ་མེད་དམ་སྙམ་ཞིང་། སྤྱིར་ཡིག་གྲངས་མཉམ་པའི་བྲྀཏྟའི་ངལ་གསོ་གནས་གཅིག་ཏུ་དགོས་པའི་ངེས་བཟུང་ཡང་མེད་འདྲ་སྟེ། ཡི་གེ་བཅུ་གཉིས་པའི་ནང་ཚན་གཞུང་གི་དཔེར་བརྗོད། བཞི་པ་སྦྱོར་བ་ལ་ཡི་གེ་བརྒྱད་ཀྱི་མཚམས་སུ་ངལ་གསོ་དང་། བཅུ་གཅིག་པ་སྣ་ཚོགས་ལྷ་མོར་ཡི་གེ་ལྔའི་མཐར་ངལ་གསོ་བྱས་པ་བཞིན་ནོ། །དེ་ལྟར་ན་ཕྲན་བུའི་འགྲེལ་པར། སོ་སོའི་རྐང་པའི་མཐའ་ལ་བྱའི་དབུས་དང་ཐོག་མར་མི་བྱའོ། །ཞེས་པ་དང་འགལ་ལམ་སྙམ་ན་མི་འགལ་ཏེ། དེ་ནི་རྐང་མཐའ་རྣམས་སུ་ཇི་ལྟར་རིགས་པ་སྦྱོར་བའི་གཞུང་ཡིན་ལ། སྐབས་འདིར། བྷ་སོགས་ཨུཏ་ལ་དེ་ལྡན་ནོ། །ཞེས་པའི་དོན་རིག་པས་ངོ་མཚར་བའི་སྦྱོར་བ་ལས་བྱུང་བ་ལའང་ཁྱེར་བ་སྟེ། གཞུང་ཚིག་ཐ་དད་པའི་དགོངས་པའོ། །དེས་ན་རྒྱ་སྐད་ཀྱི་གནས་ལེགས་པར་དགོངས་པས་རྣ་བར་སྙན་འོས་ཀྱི་ངལ་གསོའི་མཚམས་སོ། །བྷ་སོགས་ཨུཏ་ལ་དེ་ལྡན་ནོ། །ལྕི་བ་ཝ། ཡང་བ་ཀ །ཞེས་སོགས་ཇི་ལྟར་རིགས་པའི་གནས་སུ་སྦྱར་ཡང་སྐྱོན་མི་འབྱུང་བ། དཔེར་ན། བོད་སྐད་ལ་རུང་མཐུན་སྦྱར་ན། དཔལ་ལྡན་གཞོམ་མེད་རྡོ་རྗེའི་སྐུ་ནི་༢མཁའ་དང་མཉམ་གྱུར་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་དང་། གཉིས་མེད་སྒྱུ་མ་ལྟ་བུའི་རོལ་རྩེད་ལྷུར་ལེན་༢ཉེ་བར་ཞི་གང་༢གདོད་ནས་རྙོག་བྲལ་བ། །ཞེས་པའི་རྐང་པ་གཉིས་ཚེག་བར་བཅུ་དགུ་པར་འདྲ་ནའང་། རྐང་པ་སྔ་མར། སྐུ་ནི། མཉམ་གྱུར། ངོ་བོ་ཉིད་ཅེས། ཚེག་བར་བརྒྱད་དང་། དེ་ནས་བཞི་དང་། དེ་ནས་བདུན་ལ་


MLP013_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་གསོའི་དོད་འབྱུང་ཞིང་། རྐང་པ་ཕྱི་མར། ལྷུར་ལེན། ཞི་གང་། བྲལ་བ་ཞེས། ཚེག་བར་བཅུ་དང་། བཞི་དང་། ལྔ་རྣམས་ལ་ངལ་གསོ་བ་ལྟ་བུ་ལགས། ༈ འཇམ་མགོན་མིའི་དབང་པོའི་བཀའ་ལན་དུ་ཕུལ་བ། ཤེས་བྱ་ཀུན་གཟིགས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་མཆོག་གི་ཞབས་དྲུང་དུ། ཞུ་བ། གཙུག་ལག་ཐམས་ཅད་ལ་ཆགས་ཐོགས་མེད་པའི་གཟིགས་པ་རྗེ་བཙུན་བརྟན་པའི་འཁོར་ལོ་དང་རོ་གཅིག་ཏུ་གྱུར་པས་སྲིད་ཞི་ཀུན་གྱི་དགེ་ལེགས་ཀྱི་དཔལ་དུ་རྟག་བརྟན་གཡུང་དྲུང་གི་ངོ་བོར་འཚོ་ཞིང་གཞེས་པ་ནས་བརྩེ་བས་མ་བསྐྱུད་པའི་༢བཀའ་ཤོག་རིན་པོ་ཆེ་གནང་སྐྱེས་བཅས་རིམ་བརྒྱུད་དུ་སྩལ་བ་ཟངས་མཚོར་ཚེས་བརྒྱད་ཀྱི་ཉི་ཕྱེད་ལ་སྤྱི་བོའི་རྒྱན་དུ་ཕེབས་པ་བཀའ་དྲིན་ཟླ་མེད་དུ་གྱུར། ཇི་ལྟར་སྩལ་ཕེབས་ལྟར་བྲྀཏྟ་ཛཱ་ཏི་གཉིས་ཀྱི་ཐུན་མོང་གི་གྲངས་རྟོགས་བྱེད་ཀྱི་དཔེར་བརྗོད། རང་འགྲེལ་དུ། གང་ཞིག་མཆོག་དང་། ཞེས་སོགས་ཤྭ་ལོ་ཀ་གཉིས་པོ་འདི་སློབ་དཔོན་ཉིད་ཀྱིས་དཔེར་བརྗོད་དུ་མཛད་པའམ། གཞུང་གཞན་ལས་དྲངས་པ་གང་ཡིན་གནང་བ། རང་འགྲེལ་ཉིད་དུའང་། དེ་ལ་དཔེར་བརྗོད་པ་ནི་ཚིགས་སུ་བཅད་པ་གཉིས་པོ་འདི་དག་གོ །ཞེས་པ་ལས་རྣམ་འབྱེད་ཀྱི་ཚིག་གཞན་མ་བྱུང་བས་དཔྱད་དཀའ་བའི་གནས་ལགས་མོད། འོན་ཀྱང་འགྲེལ་ཚིག་གི་བབས་ལ་བརྟགས་ན་སློབ་དཔོན་རང་ཉིད་ཀྱིས་དཔེར་བརྗོད་དུ་མཛད་པ་འདྲ་སྙམ་དུ་སེམས་ལགས། ཡང་ཚིགས་བཅད་འདི་གཉིས་སྡེབ་སྦྱོར་གང་ཡིན་ཕེབས་པ། སྔར་བློ་རྩིང་བས་རྟོག་པ་འཇུག་པ་མ་བྱུང་ཡང་། ད་རེས་བལྟས་པར་བསླབ་སྟོན་རིན་པོ་ཆེ་ཕེབས་ནང་ལྟར་ཛཱ་ཏིའི་མཚན་ཉིད་འདྲ་རུང་ཙམ་ལས། དེའི་བྱེ་བྲག་མཉམ་པའི་ཛཱ་ཏིའི་དགོས་པ་མ་བྱུང་ཞིང་། ཕྱེད་མཉམ་རོ་ལངས་ཀྱང་ཚིགས་བཅད་དང་པོ་དེར། ཟུང་མིན་དང་པོར་ད་གསུམ་དང་། ཟུང་གི་དང་པོར་ད་བཞི་འགྲིགས་པ་ཙམ་ལས་གཞན་པའི་མཚན་ཉིད་མ་ཚང་བས། ཕལ་ཆེར་འཕགས་མར་ཉེ་བ་ཙམ་ལགས་པས་ལྕི་ཡང་བཀོད་ཚུལ་ཡང་། དཔེར་


MLP013_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཡཿགང་ཞིག །པ་ར་མཆོག །མཿཔ་ར་དམ་པའི་དོན། མཱ་རྠོ་ཡ་གང་ཞིག །ད་ཁི་ལ་མ་ལུས། པ་ར་མཱརྠ་དོན་དམ་པ། ག་རྫོགས་གྱུར་ཅིག །ཏི་ཕ་འབྲས། ལཾ་བཏཏྨེ་ལམ། ཏ་དེར་ནི། རྫཛ་བསྐྱེད་པར་མཛད། ནི་ཏོ་ཡ་གང་ཡང་། ཤྩ་ཛ་ནོ་སྐྱེ་བོ། ཛ་ཡནྟི་རྒྱལ་གྱུར་ཅིག །ཏེ་དེ་རྣམས། བུདྡྷེ་སངས་རྒྱས། དྷརྨ་ཆོས། ག་ཎཿཚོགས། ཞེས་ཤྭ་ལོ་ཀ་དང་པོ་དང་། ཛ་རྒྱལ་གྱུར་ཅིག །ཡ་ཏི་ཛི་ནོ་རྒྱལ་ཆོས། དྷརྨཱ་མོ་ནད་ལས། ཛ་ཡ་རྒྱལ་བ། ཏི་པྲཛྙཱ་ཤེས་རབ་ཀྱང་། ཙ་ས་ལྷན་ཅིག །ཧཱ་ཙཱ་སྤྱོད་མ། རི་ཏ་སྱ་དེ་ཡིས། ཨུ་བྷ་གཉིས་ལ། ཡཱ་དྷི་ལྷག །མུ་མོས། ཀྟི་བི་ཛ་ས་བོན། པྲ་ས་བྱུང་བ། པ་ཏ་ནུ་ལུས་ཅན། ཛ་ཡ་རྒྱལ་བར་གྱུར་ཅིག །ཏི་ཀྱང་། ཙཪྱཱ་འཕགས་པ། ག་ཎ་ཚོགས། ཞེས་ཤྭ་ལོ་ཀ་གཉིས་པ་སྟེ། ཤྭ་ལོ་ཀ་རྟིང་མ་འདིའི་ཕྱེད་ཕྱི་མའི་ཚོགས་བཞི་ལྔ་གཉིས་མ་གཏོགས་ཕྱི་མོ་བགྲང་ལུགས་དང་པྲསྟཱ་ར་འགོད་ཚུལ་འདི་ལས་གཞན་དུ་མ་འདས་པ་འདྲ་སྙམ་དུ་གོ་ཚུལ་བྱུང་ལགས་པས། འཕགས་མ་སྤྱིའི་མཚན་ཉིད། གལ་ཏེ་འདབ་མ་འདབ་མར་ཚོགས་བརྒྱད་རྣམས། །ཞེས་ཤྭ་ལོ་ཀ་ཕྱེད་སྔ་ཕྱི་ལ་ཚོགས་བརྒྱད་རེར་གསུངས་པ་ལས། འདིར་ཕྱེད་ཕྱི་མར་ཚོགས་བདུན་ལས་མ་བྱུང་ཞིང་། ཤྭ་ལོ་ཀ་གཉིས་ཀའི་ཕྱེད་སྔ་མར། མི་མཉམ་རྣམས་ལ་ཛ་སྤངས་འཕགས་མར་འགྱུར། ཞེས་པའི་མཚན་ཉིད་ཚང་ཡང་། ཕྱེད་ཕྱི་མའི་ཚོགས་དྲུག་པ་ཀ་དང་བརྒྱད་པར་ད་མ་བྱུང་བ་དང་། དེས་མཚོན་རྐང་པ་མི་མཉམ་པ་ལ་ཙ་ཡིག་གསུམ་སོགས་འཕྲོད་མ་སོགས་དང་འདྲ་རུང་ཡང་མཚན་ཉིད་གཞན་མ་འགྲིགས་ལགས་པས། འདིར་ཕྲན་བུ་རང་གིས་གོ་ཚོད་མཉམ་པའི་བྲྀཏྟ་ལ་ངོ་མཚར་བའི་སྦྱོར་བས་མཐའ་མེད་པ་ལྟ་བུ་ལགས་ཀྱང་། གཞུང་འདིར་ཡི་གེ་ཉེར་བདུན་པ་ཕན་ཆད་ན་གཉིས་ཀྱི་རྗེས་སུ་ར་དང་ཡ་འབའ་ཞིག་བསྒྲིགས་པ་རྒྱུན་ཆགས་དང་རབ་བསགས་ལས་གཞན་པའི་ལྷག་པར་བྱེད་ལྡན་ཞེས་པ་ལྟ་བུའི་ཡི་གེ་ཉེར་བདུན་པ་སོགས་ཀྱི་སྤྱི་མིང་དང་། དཔེར་བརྗོད་ཀྱང་ན་ར་ཡ་ལས་གཞན་པའི་པྲསྟཱ་ར་འགོད་ཚུལ་མཚོན་པ་ཙམ་ཡང་མ་མཛད་པས་སྔོན་གྱི་མཁས་པ་རྣམས་ཀྱི་གསུང་རྒྱུན་དུའང་། བྲྀཏྟའི་ཚིགས་བཅད་ལ་ཡི་གེ་ཉེར་དྲུག་ལས་མང་བ་མི་བཞེད་པ་སོགས་གསུངས་ནའང་། དོན་ལ་ཉེར་བདུན་པ་ཕན་ཆད་ཀྱང་བློས་ཇི་ལྟར་དཔག་ཏུ་ཡོད་ཏེ། བྲྀཏྟའི་ལྕི་ཡང་སྤེལ་དུ་ཡོད་པས་མཐའ་ཡས་པའི་སྦྱོར་བ་མཚོན་པ་ལགས་མོད། ཕྱེད་མཉམ་མི་མཉམ་གྱི་བྲྀཏྟ་དང་། ཛཱ་ཏི་ལ་དེ་ལྟ་བུའི་ངོ་མཚར་བའི་སྦྱོར་བས་སྤེལ་


MLP013_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེད་པས་འཕགས་ཡུལ་རང་ནའང་། མཐའ་དག་དཔེར་བརྗོད་དང་མཚན་ཉིད་ཀྱིས་བརྗོད་དུ་མེད་པས་གཞུང་རེས་མཐའ་འཁྲོལ་བ་དཀའ་བར་སྣང་སྟེ། དཔེར་ན་རྣམ་འཇོམས་གཟུངས་མཇུག་གི་ཚིགས་བཅད་ལྟ་བུས་མཚོན་རྒྱ་དཔེ་མང་པོར་ཁ་སྒོའི་སྡེབ་སྦྱོར་ཆེས་མང་ནའང་། ལ་ལར་རིན་ཆེན་འབྱུང་གནས་འདིར་བཤད་ཀྱི་མཚན་ཉིད་དང་སྦྱར་ན་མིན་པའང་འགའ་རེ་སྣང་བ། འགའ་ཞིག་ཡིག་ནོར་སོགས་ཀྱང་ཡིན་པ་སྲིད་མོད། ཤས་ཆེར་ཁ་སྒོ་སོགས་ཀྱི་བྱེ་བྲག་གི་མཚན་ཉིད་སྡེབ་སྦྱོར་གྱི་བསྟན་བཅོས་གཞན་དག་ལས་བཤད་པའང་ཅི་རིགས་ཡོད་འདྲ་སྙམ་པ་ལྟར་འཕགས་མ་སོགས་ལའང་དེས་མཚོན་ནུས་པ་ལགས་ཤིང་། དེར་མ་ཟད་རིན་ཆེན་འབྱུང་གནས་དང་ཆེས་མི་མཐུན་པ་ཆོས་རྗེ་ས་པཎ་གྱིས་སྡེབ་སྦྱོར་གྱི་ཚོམས་ཞེས་བྱ་བའི་བསྟན་བཅོས་སུ་རྒྱུན་ཆགས་རྐང་པས་མ་བཅད་པའི་སྡེབ་སྦྱོར་ཡང་ཡོད་པར་གསུངས་པ་ལྟར། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འདུལ་བའི་གླེང་འབུམ་དང་འདུལ་ཊཱིཀ་རིན་ཆེན་ཕྲེང་བའི་སྦྱར་བྱང་དུའང་རྐང་བཞིས་མ་བཅད་པ་ལ་བོད་ཀྱི་ལྕི་ཡང་སྤེལ་བའི་ཚིགས་བཅད་དེ་ལྟར་མཛད་པ་སོགས་སྣང་བས་མཐའ་གཅིག་པའི་ངེས་བཟུང་དཀའ་བ་ཙམ་འདུག་ལགས། དེས་ན་སྐབས་འདིའི་དཔེར་བརྗོད་འདི་སྡེབ་སྦྱོར་སོ་སོའི་མཚན་ཉིད་འཆད་པའི་སྐབས་མ་ལགས། ༤༠ཡི་གེ༥༧ཕྱི་མོ། ༡༧ལྕི་བ། ༢༣ཡང་བ། བཞི་པོ། ཤྭ་ལོ་ཀ་གཉིས་ཀ་གྲངས་མཉམ་པར་མཛད་ནས། དེ་དག་ཕན་ཚུན་གཉིས་གཉིས་ཀྱི་བྱ་བའི་འབྲས་བུས་རང་ལས་ཅིག་ཤོས་ཀྱི་གྲངས་རྟོགས་པ་འདིའི་དགོས་པ་ལགས་པས། སྡེབ་སྦྱོར་རང་གཞུང་ལྟར་གྱི་དཔེར་བརྗོད་པར་བཀབ་མ་མཛད་པར་ཇི་ལྟར་བདེ་བས་ཐུན་མོང་གི་གྲངས་རྟོགས་སླའི་དཔེར་བརྗོད་མཛད་པ་འདྲ་སྟེ། དཔེར་ན་ཛཱ་ཏི་འཕྲོད་མའི་དཔེར་བརྗོད་ཀྱང་རང་གི་དེ་མ་ཐག་འདས་ཟིན། ཕྱེད་སྔར་དྲུག་པ་ཁའམ་ཞེས་སོགས་ངལ་གསོ་ལ་སོགས་པའི་བརྡ་ཆད་སྟོན་བྱེད་ཀྱིས་གཉིས་གོ་གཅིག་ཆོད་མཛད་པ་ལྟར་གཞུང་ལུགས་ཆེན་པོ་རྣམས་སུ་རྣམ་པ་ཀུན་ཏུ་ཚིག་དོན་ཡང་ལྕི་མཉམ་ནས་མི་རྩོམ་པར་འཆད་པ་པོས་བརྗོད་བདེ་བ་དང་ཉན་པ་པོས་གོ་བདེ་བ་ཞིག་ནས་འཆད་པའི་བྱ་སླར་དགོངས་པའི་བཤད་


MLP013_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མང་དུ་སྣང་བ་བཞིན་ནོ་སྙམ་དུ་གོ་ལགས་པ་ཇི་ལྟར་འཆད་རྣམ་འབྱེད་མཁྱེན་པའི་ཡེ་ཤེས་ཀྱི་དཔྱོད་པ་སྐུ་དྲིན་སྐྱོང་བ་དང་། ཁ་སང་ཆོས་འཕེལ་ལགས་དང་འབེལ་གཏམ་གྱི་ཞལ་འཕྲོས་ལྷོངས་ལ་བུདྡྷའི་སྒྲ་སྒྲུབ་སོགས་ཐན་ཐུན་བྱུང་ལགས་པ་ད་ལྟར་གོ་རིམ་དང་ཞིབ་ཆ་བརྗེད་ངས་ཀྱི་བློ་ཡུལ་དུ་ངེས་པ་རང་ཞིག་མི་འདུག་རུང་། ཤས་ཆེར་རྔ་བོ་ཆེའི་མདོ་དང་སྦྱར་ནས་ཞུས་ཚོད་ལགས་པས་དེ་ལྟར་གྱི་ཚེ། མདོ་དེར། སངས་རྒྱས་ཞེས་བྱ་བའི་སྐད་ཀྱི་བྱིངས་ནི་མཁས་ཤིང་རྟོགས་པའི་སྐད་ཀྱི་བྱིངས་ཡིན་ཏེ། སངས་རྒྱས་ཀྱི་སྐད་ཀྱི་བྱིངས་དང་མྱ་ངན་ལས་འདས་པའི་སྐད་ཀྱི་བྱིངས་ནི་དེ་ལྟ་བུ་མ་ཡིན་པར་གསུངས་སོ། །ཇི་ལྟར་མཁས་ཤིང་རྟོགས་པའི་སྐད་ཀྱི་བྱིངས་ཉམས་པ་མེད་པ་དེ་བཞིན་དུ་སངས་རྒྱས་ང་ཡང་རྟོགས་པའི་མྱ་ངན་ལས་འདས་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་སྐད་ཀྱི་བྱིངས་མཁས་ཤིང་ཁོང་དུ་ཆུད་པ་ཡིན་ལ། བྱིངས་གང་ལ་རྐྱེན་འདས་དུས་སྟོན་པའི་དོན་ལ་ཀྟ་དང་ཀྟ་བནྟུ་གཉིས་ལས། དངོས་པོའི་བྱ་བྱེད་ལ་ཀྟ་དང་། དུས་ཀྱི་བྱེད་པ་པོའི་དོན་ལ་ཀྟ་བནྟུ་སྟེར་བ་ལས། དཔེར་ན་རྩྭ་ལྷས་བྱེད་རྒྱུ་སྔར་ནས་ཡོད་པའི་འདས་དོན་ལ་ཀྲྀ་ཏཿཀ་ཊཿཞེས་འབྱུང་བ་ལྟར་རྔ་བོ་ཆེའི་མདོ་ཚིག་འདི་འཁོར་ལོ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་རང་སྐད་སྒྲོག་པའི་མདོ་ལགས་པས། གློ་བུར་གྱི་སྒྲིབ་པ་ཀུན་རྫོབ་མེད་པ་གསལ་སྣང་ཙམ་ལགས་པས་སངས་རྒྱས་ཀྱི་དོན་བྲལ་འབྲས་རང་བཞིན་གྱིས་རྣམ་པར་དག་པ་ལ་བཞེད་པས། བུདྡྷ་མཁས་ཤིང་རྟོགས་པའི་བྱིངས་དོན་གདོད་ནས་གྲུབ་པ་ལ་བཞག་ནས་དཔེར་མཛད་པ་སྟེ། སྒྲུབ་ཚུལ་ཀ་ལཱ་པ་ལྟར་ན། བུདྡྷ་ཁོང་དུ་ཆུད་པ་ལའོའི་བྱིངས་ལ། ཀྲིཏ་དྲུག་པར། དང་པོའི་ལས་ལ་བྱེད་པ་པོ་ལའང་ཀྟའོ་ཞེས་པས་ཀྟ། ཀ་རྗེས་འབྲེལ། ཨཱ་བརྒྱད་པར། གྷ་ཌྷ་དྷ་བྷ་རྣམས་ཀྱི་དྷཱ་མ་ཡིན་པ་ལས་ཏ་ཐ་དག་གིས་དྷ་འོས་ཏ་དྷ། དེར། དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པ་རྣམས་སོ་ཞེས་པས་བྱིངས་ཀྱི་དྷ་ད། གསལ་བྱེད་དབྱངས་མེད་དྲངས་ནས་སི་བྱིན་པས་བུདྡྷཿཞེས་གྲུབ་པ་དང་། དབྱངས་ཅན་མ་ལྟར་ན་བྱིངས་དེར། ཀྟ་དང་ཀྟ་བ་ཏུའོ་ཞེས་པས་ཀྟ། རྗེས་འབྲེལ་དབྱི་བ་དང་ཏ་དྷར་བསྒྱུར་བའི་བྱ་བ་ཟིན་རྗེས། ཛྷ་བྷ་ལ་ཛ་བ་


MLP013_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་འགྲུབ་ལགས་པ་སོགས་བློར་གང་གསལ་མའི་མདུན་དུ་བུའི་ཚིག་ལྟར་སྤྱི་བརྟོལ་བསྐྱེད་ནས་ཞུས་པར། འགལ་འཁྲུལ་གྱི་ཆར་གྱུར་པ་རྣམས་བླུན་པོ་བདག་ལྟས་ཞུས་པ་ལ་དགོངས་ནས་བཟོད་བཞེས་དང་། ཕྲན་བུའང་ད་རེས་ཟངས་མཚོར་དུས་ཅན་གྱི་ཆོས་འཆད་ཅིག་ལ་སླེབས་པ་དང་འགྲིགས་པས་གཞིས་སུ་མ་བསྡད་གཤིས་རང་བློས་གང་སྤོབས་ལའང་གསལ་བྱེད་ཀྱི་དཔེ་ལྟ་སོགས་རྒྱ་ཆེར་མ་ནུས་པས་ཞིབ་རྒྱས་ཞུ་མ་ཐུབ་པར་རྣམ་མཁྱེན་ཡེ་ཤེས་ཀྱི་དབྱིངས་ནས་ཁྲེལ་མི་འཇུག་ངོས། རྣམ་ཀུན་ཡེ་ཤེས་ཀྱི་གཟིགས་པ་མཆོག་ནས་ནམ་ཡང་མི་འདོར་བར་རྗེས་སུ་འཛིན་པ་མཁྱེན་མཁྱེན། ཞུ་ཡིག་འདེགས་རྟེན་མཚོན་བྱེད་བཅས་ཕྲན་བུ་དྷརྨ་ཤྲཱིས་གུས་པས་ཚེས་༩འི་སྔ་དྲོ་ཕུལ་བའི་ཞུ་ཡིག། །།


previousསྡེབ་སྦྱོར་གྱི་དྲི་ལན་སྐོར།next