Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།

13 occurrences of གསང་ཕུག་
[Clear Hits]


  
  
 
 
  
  
  
  
  
 
 
  
  
  
  
  
 
  
  
  
  
 
  
  
  
 
  
  
  
  
  
 expand section
 expand section
  
expand section
 
 collapse section
ཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་སྔོན་སྐོར།
  
  
  
  
  
  
  
  
  
  
  
  


13 occurrences of གསང་ཕུག་
[Clear Hits]

 
previousཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་སྔོན་སྐོར།no next

ཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་སྔོན་སྐོར།

སྒྲུབ་ཐབས་དངོས་གྲུབ་འབྱུང་གནས།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ སྒྲུབ་ཐབས་དངོས་གྲུབ་འབྱུང་གནས་བཞུགས༔ མ་བརྒྱུད་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ དད་བརྩོན་ཤེས་རབ་ལྡན་པའི་རྣལ་འབྱོར་པས༔ མཁའ་འགྲོའི་དུས་ཆེན་གཟའ་སྐར་ཤིས་པའི་ཚེ༔ ད་ལ་རྐྱང་ནུལ་དྲི་བཟང་ཆང་གིས་བྱུག༔ དབུས་སུ་ཆོས་འབྱུང་ཐོད་པའི་ར་བས་བསྐོར༔ རྡོ་རྗེའི་ཕྲེང་བ་མེ་ཡི་རི་མོ་འབྲི༔ མཛེས་པའི་ཚོན་བྱུག་དབུས་སུ་ཁྲིའུའི་ཁར༔ མཁའ་འགྲོའི་གཏོར་མ་མཁའ་འགྲོའི་སྐུ་ཡིས་བརྒྱན༔ དར་ལྗང་གུར་ཕུབ་སྨན་རཀ་བླ་རྡོ་དང་༔ ཕྱི་ནང་མཆོད་པའི་བྱེ་བྲག་ཚང་བར་བཤམས༔ དཀར་ཕྱོགས་མཆོད་ཅིང་ནག་ཕྱོགས་བགེགས་རིགས་སྦྱངས༔ སྐྱབས་སེམས་སྔོན་བཏང་སྣང་སྟོང་འགགས་མེད་ཀློང་༔ རང་བྱུང་སེམས་ཉིད་ངོ་བོ་ཡི་གེ་ས༔ འོད་ཟེར་སྤྲོ་བསྡུ་བསྒྱུར་བས་ཡེ་ཤེས་ཀྱི༔ ཕག་མོ་སྔོན་མོ་སྣ་ཚོགས་མཐར་ཕྱིན་མ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཁའ་ལ་གཟིགས༔ གྲི་ཐོད་ཕྱག་རྒྱ་རུས་རྒྱན་གར་སྟབས་འཁྲབ༔ དུར་ཁྲོད་ཆས་བརྒྱན་ཡེ་ཤེས་མེ་དཔུང་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་བརྡེབ༔ ཐོད་པས་དབུ་བརྒྱན་ཁ་ཊྭཱྂ་ག་ལ་འཁྱུད༔ ཕག་ཞལ་སྒྲ་ཡིས་སྲིད་གསུམ་འདར་ཞིང་འཁྱོམ༔ ལྗང་མོ་འབུམ་གྱི་དབུས་ན་ལྷམ་མེར་གསལ༔ ལས་ཀྱི་མཁའ་འགྲོ་འཕྲིན་ལས་དབང་མོ་ཆེ༔ ནུས་མཐུའི་དཔལ་ལྡན་དྲག་སྔགས་འཁོར་ལོས་སྒྱུར༔ འཕྲིན་ལས་མངའ་བདག་ཡེ་ཤེས་མཁའ་འགྲོ་མ༔ བཞེངས་ཤིག་བཞེངས་ཤིག་འབར་བའི་ཀློང་ནས་བཞེངས༔ གཏུམ་སྐད་ཕེམ་སྒྲའི་ང་རོ་འབྲུག་སྟོང་ལྡིར༔ ཕག་ཞལ་སྒྲ་སྒྲོག་ཁམས་གསུམ་དབང་དུ་སྡུད༔ ཞིང་ཆེན་གཡང་གཞི་ཁྲག་ཏུ་ཙ་ར་ར་ར༔ མི་མགོའི་ཕྲེང་བ་མང་པོ་ཁྲོལ་ལོ་ལོ༔ གནམ་ལྕགས་གྲི་གུག་མཁའ་ལ་ཡ་ལ་ལ༔ ཐོད་ཁྲག་དམར་པོ་ཐུགས་ཀར་སྐྱིལ་ལི་ལི༔ རྡོ་རྗེ་ཁ་ཊྭཱྂ་དབྱིངས་ན་ལྡེམས་སེ་ལྡེམ༔ དུག་སྦྲུལ་ཆུན་པོ་མང་པོ་ཉིལ་ལི་ལི༔ དུར་ཁྲོད་རུས་རྒྱན་སྐར་ལྟར་ཁྲ་ལ་ལ༔ དར་ཚོན་ཅོད་པན་སྤྲིན་ལྟར་སྤུངས་སེ་སྤུང་༔ སྟག་གི་ལྤག་པའི་ཤམ་ཐབས་ལྷབས་སེ་ལྷབ༔ རིན་ཆེན་སྣ་ཚོགས་རྒྱན་ཆ་སི་ལི་ལི༔ ཡེ་ཤེས་བསྐལ་པའི་མེ་དཔུང་འུར་རུ་རུ༔ འདོད་ཆགས་ཁྲག་གི་སེར་བ་ཤར་ར་ར༔ ཞེ་སྡང་དྲག་པོའི་གློག་དམར་ཀེམས་སེ་ཀེམ༔ གཏི་མུག་ནག་པོའི་མུན་པ་ཐིབས་སེ་ཐིབ༔ ང་རྒྱལ་དྲག་པོའི་ཐོག་རྒོད་ཉི་ལི་ལི༔ ཕྲག་དོག་འཁྲུག་པའི་འབྲུག་སྒྲ་འུར་རུ་རུ༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྒྱུར་ལ༔ ལྗང་མོ་འབུམ་གྱིི་འཁོར་དང་བཅས་པ་རྣམས༔ དྲག་པོའི་གནས་ནས་ཡེ་ཤེས་མཁའ་ལ་སྐྱོད༔ སྒྲུབ་པའི་གནས་འདིར་བྱིན་གྱིས་བརླབ་ཕྱིར་གཤེགས༔ མ་ཚོགས་མཁའ་འགྲོ་འདོད་པའི་དམ་ལ་འདུས༔ སྒྲུབ་པའི་མཁའ་འགྲོ་བསྐྱེད་པའི་སྐུ་ལ་ཐིམ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས༔ བསྐྱེད་རྫོགས་གཉིས་སུ་མེད་པའི་ཕྱག་གིས་འདུད༔ ཐབས་ཤེས་ཟུང་འཇུག་ཡེ་ཤེས་བདུད་རྩིས་མཆོད༔ སྐུ་བཞིའི་ཡུམ་མཆོག་སྐྱབས་གནས་མཆོག་ལ་བསྟོད༔ ས་ཀརྨ་དྷཀྐི་ནི་ས་མ་ཡ་ཧྲིང་ཧྲིང་ཕེམ་ཕེམ་ཛཿཛཿཨ་ཝེ་ཤ་ཡ་ཨ་ཨཱ༔ མཁའ་དབྱིངས་དག་པའི་ཀློང་ནས་ཡེ་ཤེས་ཀྱི༔ ལྗང་མོ་འབུམ་སྡེ་སྣ་ཚོགས་མཐར་ཕྱིན་མ༔ རང་རིག་ངོ་བོ་སྐྱེ་འགག་མེད་པའི་རྩལ༔ བསྙེན་དང་བསྒྲུབ་པ་སྣང་སྟོང་འདུ་འཕྲོ་བསྒྱུར༔ དུས་གསུམ་བདེ་གཤེགས་འབུམ་ཕྲག་མཁའ་འགྲོའི་ཚོགས༔ ཐུགས་རྗེ་བྱིན་རླབས་ཁམས་གསུམ་འཁོར་འདས་བཅུད༔ ནུས་པས་དབང་བསྡུས་རྣལ་འབྱོར་བདག་ལ་བསྟིམ༔ བདེ་སྟོང་དབྱིངས་རྒྱས་ཉམས་རྟོགས་འོད་དུ་འབར༔ ཉི་དཀྱིལ་ས་བོན་སྔགས་ཀྱི་ཕྲེང་བ་ལ༔ ཤེས་རབ་རིག་པའི་ཕྲེང་ཐག་བརྒྱུད་དེ་འཁོར༔ ནད་བཟློག་བགེགས་བསད་བར་ཆད་དབྱིངས་སུ་བསལ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་༔ རང་བྱུང་སྙིང་པོའི་སྒྲ་དབྱངས་དི་རི་རི༔ ས་ཀརྨ་དྷཀྐི་ན་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿནད་གདོན་བགེགས་དང་བར་ཆད་སརྦ་མཱ་ར་ཡ་ཧཱུྃ་བྷྱོ་ཧཱུྃ་ཕཊ་རཾ་རཾ་སྭཱ་ཧཱ༔ ཡང་བསྐྱེད་ཡང་གསལ་བྱིང་རྨུགས་འཐིབ་གསུམ་སྤང་༔ མཁའ་འགྲོའི་སྐུ་ལས་འོད་དཔུང་ཚྭ་ཚྭ་དང་༔ མེ་ཞགས་གློག་ཕྲེང་ཁྲག་སེར་ཐོག་གི་ཆར༔ ཁྲོ་མོ་ལྗང་མོ་མཚོན་ཐོགས་གྲངས་མེད་འབུམ༔ སྟོང་གསུམ་ཁྱབ་པར་སྤྲུལ་ཏེ་ཡོངས་སུ་བཀང་༔ བར་ཆད་གདོན་བགེགས་སྔོན་ལས་འཕྲལ་རྐྱེན་ངན༔ བྱད་མ་ལྷ་བསྲུང་བསྐྲད་གཟིར་རྡུལ་དུ་བརླག༔ ཤ་ཟོས་ཁྲག་འཐུངས་རུས་པ་ཆོམ་ཆོམ་བཞེས༔ འབྱུང་པོའི་ཚོགས་ལས་དབྱིངས་སུ་རྒྱལ་བར་བསམས༔ སྔགས་ཀྱི་ཐུན་བཟུང་སྒོ་གསུམ་བྱུང་རྒྱལ་བཏང་༔ དྲན་ཐང་སྨྱོན་སྤྱོད་ཡ་ངར་ཐོག་བརྫིས་སྤྱོད༔ རིག་པ་ངར་བསྐྱེད་སྙིང་པོ་འབུམ་ཚོ་གཅིག༔ བརྩོན་ཏེ་བསྒྲུབས་པས་དངོས་ཉམས་རྨི་ལམ་ལ༔ ཞལ་མཇལ་གསུང་ཐོས་མཁའ་འགྲོའི་ལུང་བསྟན་འཐོབ༔ དར་འཕྱར་དུང་འབུད་རོལ་མོའི་སྒྲ་སྒྲོགས་ཤིང་༔ དམག་བརྒྱབ་དགྲ་བཅོམས་བྲག་གཤགས་ལིངས་བཏབ་སོགས༔ མདོར་ན་མཁའ་འགྲོ་གྲུབ་པའི་ལྟས་མང་ཡོང་༔ དེ་དུས་རེ་དོགས་ཕྲལ་ཞིང་རང་རིག་གི༔ རྩལ་སྣང་ཡེ་ཤེས་མཁའ་འགྲོ་ལམ་འཁྱེར་ངང་༔ དབང་བཞི་བསྒྲུབ་པའི་རྫས་ལས་ལེན་པར་བྱ༔ ཐུན་སྐབས་རྣམས་སུ་མཆོད་ཅིང་བསྟོད་པ་ནི༔ ཧཱུྃ༔ དཔལ་ལྡན་མཁའ་འགྲོ་སྣ་ཚོགས་མཐར་ཕྱིན་མ༔ ལྗང་མོ་འབུམ་གྱི་མཁའ་འགྲོ་འཁོར་བཅས་ལ༔ དབང་པོའི་མེ་ཏོག་ཤ་ཆེན་དུད་སྤྲིན་དང་༔ ཚིལ་ཆེན་མར་མེ་དྲི་ཆུའི་བྱུག་པ་དང་༔ དྲི་ཆེན་ཞལ་ཟས་རྐང་གླིང་རོལ་མོའི་སྒྲ༔ མཆོད་པར་འབུལ་ལོ་མ་ཆེན་དྷཀྐི་ཚོགས༔ ཤ་ལྔ་བདུད་རྩི་བྱང་སེམས་ཨ་མྲི་ཏ༔ མ་ཧཱ་རཀྟ་ལ་སོགས་མཆོད་པའི་རྫས༔ ཕྱི་ནང་མཆོད་ཚོགས་འདོད་ཡོན་རྣམ་པ་ལྔ༔ སྣ་ཚོགས་རྒྱན་གྱིས་སྤྲས་པའི་བཱ་ལིང་ཏ༔ མཆོད་པར་འབུལ་ལོ་མ་ཆེན་དྷཀྐིའི་ཚོགས༔ ཅེས་རྩ་སྔགས་ལ་མ་ཧཱ་མཾ་ས་རཀྟ་ཙིཏྟ་བྷ་ལིངྟ་བྷ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་ཉེར་གཅིག༔ ཧཱུྃ༔ རབ་ཏུ་གཏུམ་ཞིང་དུག་གསུམ་འབར་བའི་མ༔ འབུམ་ཕྲག་དྷཀྐིའི་འཕྲིན་ལས་གར་དབང་མོ༔ ཧ་ཧའི་སྒྲ་སྒྲོག་སྲིད་གསུམ་དབང་དུ་སྡུད༔ ནད་གདོན་བགེགས་དང་བར་ཆད་དབྱིངས་ནས་སེལ༔ སྒྲུབ་མཆོག་བུ་བཞིན་སྐྱོང་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དྲག་མཆོག་ཐུན་དངོས་གྲུབ་དཔལ༔ སྒྲུབ་པའི་བུ་ལ་དུས་འདིར་སྩལ་བ་དང་༔ སྔོན་གྱི་དམ་བཅའ་གཉེན་པོ་བརྩེར་དགོངས་ཏེ༔ མཆོད་གཏོར་བཞེས་ལ་བཅོལ་བའི་འཕྲིན་ལས་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་མཆོད་བསྟོད་བསྙེན་སྒྲུབ་རྟགས་ཐོན་ནས༔ ཏིང་འཛིན་དབང་ལེན་གསོལ་བ་ཕུར་ཚུགས་གདབ༔ བླ་རྡོ་འཆང་ཞིང་མཁའ་འགྲོའི་གསོལ་མཆོད་འབུང་༔ ལས་སྦྱོར་བརྩམ་ཞིང་འགྲོ་ལ་ཕན་པར་གྱིས༔ མ་འོངས་ང་སྤྲུལ་སྐལ་ལྡན་ཉི་མ་གྲགས༔ གསང་སྤྱོད་དམ་སྲུངས་མཁའ་འགྲོའི་མཆོད་བསྟོད་བརྩོན༔ ཟབ་ཏིག་སྐོར་ལྔའི་གདམས་པ་ཡིད་བཞིན་ནོར༔ ཁྱད་པར་འཕགས་པ་སྣ་ཚོགས་མཐར་ཕྱིན་གྱི༔ ཡང་ཟབ་གདམས་པའི་སྙིང་པོ་དམ་པ་འདི༔ ལྗང་མོ་ཕྲིན་ལས་མཁའ་འགྲོ་སྒྲུབ་པའི་གནས༔ ཆགས་རུ་ཕུག་སྔོན་རྒྱ་གྲམ་རིས་ཀྱི་གཡས༔ རྡོ་ཆོལ་གསུམ་པའི་གོང་མར་རྒྱས་བཏང་སྟེ༔ བཀའ་ཡི་བསྲུང་མར་གཉེར་བྱང་གཏད་པ་འདི༔ དམ་སྲིའི་བར་གཅོད་རྐྱེན་གྱིས་མ་ཁྱེར་ན༔ ལྕགས་བྱ་ནག་པོའི་ལོ་ལ་ལོན་པར་འགྱུར༔ ནུས་པའི་མེ་འབར་བསྟན་དང་འགྲོ་ལ་ཕན༔ ཡུལ་ཕྱོགས་བདེ་ཞིང་ལེགས་པའི་ཡོན་ཏན་འཐོབ༔ དེ་ལས་འདས་ན་བརྡ་ཡིག །དང་༔ ཆར་པ་འབབས༔ སྲུང་མར་མཆོད་བསྟོད་ང་ལ་གསོལ་བ་ཐོབ༔ བསྐུལ་བྱང་གསལ་ན་ཆོལ་གསུམ་གོང་མ་ལོང་༔ ལས་ལྡན་རྣམས་ལ་རིམ་བཞིན་སྟོན་ཞིག་རྒྱ༔ དམ་ཚིག་མེད་པའི་སྐྱེ་འགྲོ་སེམས་ཅན་ལ༔ རབ་ཏུ་སྔོས་ཤིག་གསང་བའི་རྒྱ་ལ་འབུངས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ སྲུང་མའི་བསྐུལ་བྱང་གུ་རུ་རིན་པོ་ཆེའི་ཐུགས་རྗེས་གསལ་བ་ལ་བརྟེན་ནས་བྱི་ཕོ་ཉི་མ་གྲགས་པས་ཆགས་རུ་ཕུག་སྔོན་ནས་མེ་ཡོས་ཧོར་ཟླ་གཉིས་པའི་ཚེས་བཅུ་བཞིའི་ཉིན་གུང་ལ་གདན་དྲངས་ཤིང་། ཡར་ཚེས་དགེ་བར་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ། །

དབང་ཆོག་དྲེགས་པ་ཚར་གཅོད།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ དབང་ཆོག་དྲེགས་པ་ཚར་གཅོད་བཞུགས༔ ཕག་གདོང་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ བསྙེན་སྒྲུབ་དྲོད་རྟགས་ཐོབ་པའི་རྣལ་འབྱོར་པས༔ མཁའ་འགྲོའི་གཏོར་མར་ཙཀ་ལི་དར་གུར་ཕུབ༔ དཀྱིལ་འཁོར་དབུས་འགོད་སྨན་རག་གྲི་གུ་དང་༔ རྩེ་གསུམ་གཞུང་ལྟར་བསྒྲལ་ལས་ཆས་རྣམས་དང་༔ ལིངྒ་ཁྲོ་ལྕགས་སྣོད་བཞག་དར་ནག་བཀབ༔ ལྟ་བའི་གདེང་བསྐྱེད་བསྙེན་སྒྲུབ་ཁ་ཡང་གསོ༔ འཛབ་ཀྱི་གནད་བསྣུན་དམིགས་པའི་འདུ་འཕྲོ་བསྒྱུར༔ ལས་བུམ་བསྐྱེད་ཅིང་བསྒོམ་བཟླས་མཆོད་བསྟོད་མཐར༔ སྙིང་པོ་བཟླས་ཤིང་ཏིང་འཛིན་དབང་བཞི་བླངས༔ དམ་ཚིག་ཚུལ་དང་ལྡན་པའི་སློབ་བུ་ནི༔ ལྔ་གསུམ་བདུན་ལས་མང་བར་མི་བྱ་ཞིང་༔ ནམ་གྱི་སྲོད་ལ་གོ་མཚོན་མཎྜལ་དབུལ༔ ཁྲུས་ནས་ཕྱུངས་ཤིང་བགེགས་སྦྱངས་བསྲུང་འཁོར་བསྒོམས༔ འདུན་པའི་སེམས་བསྐྱེད་སྐྱབས་སེམས་དམ་ཚིག་ནོད༔ དབང་གི་དོན་དུ་གསོལ་བ་འདི་ལྟར་གདབ༔ ཧཱུྃ༔ རྡོ་རྗེ་འཆང་དབང་ལས་ཀྱི་མཁའ་འགྲོ་མ༔ བདག་ཅག་འདིར་ཚོགས་རིགས་ཀྱི་བུ་རྣམས་ལ༔ ལས་ཀྱི་མཁའ་འགྲོའི་དབང་གི་སྨིན་གྲོལ་མཆོག༔ ཡང་དག་ཉིད་དུ་སྩལ་བར་མཛད་དུ་གསོལ༔ གསུམ༔ གནས་གསུམ་ཁྲག་ཆང་བསྲེས་པའི་ཐིག་ལེས་བརྒྱན༔ སྐུ་གསུང་ཐུགས་ཀྱི་ས་བོན་གསལ་ཡང་གདབ༔ དཔོན་སློབ་ཐམས་ཅད་མཁའ་འགྲོའི་གར་སྟབས་བསྒྱུར༔ ལྷར་བསྐྱེད་རོལ་མོ་འབིར་ཞིང་སྤྱན་འདྲེན་བསྟིམ༔ གུ་གུལ་ནག་པོ་གྲི་ཀླད་ཤ་ཆེན་བསྲེག༔ ཏིཥྛ་བཛྲ་བརྗོད་ཅིང་རྒྱས་ཀྱང་གདབ༔ ས་མ་ཡཱ༔ དེ་ནས་གཏོར་མ་མཁའ་འགྲོར་གསལ་བ་དེ༔ སློབ་བུའི་ལུས་བསྟིམ་འདི་སྐད་བརྗོད་པར་བྱ༔ ཧཱུྃ༔ དཔལ་ལྡན་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ འཕྲིན་ལས་མཁའ་འགྲོ་ལྗང་མོ་འབུམ་གྱི་སྡེ༔ སྣ་ཚོགས་མཐར་ཕྱིན་འཁོར་བཅས་སྐུ་ཡི་དབང་༔ སྐལ་ལྡན་བུ་མཆོག་རྣམས་ལ་ཡོངས་རྫོགས་ཤོག༔ ས་ཀརྨ་དྷཀྐི་བྷ་ར་ཧི་ཀཱ་ཡ་ཨབྷི་ཥིཉྩ་ཨཱོཾ༔ ལྕང་ལོ་ཅན་གྱི་བྷནྡྷར་རཀྟ་ཐོགས༔ སློབ་བུའི་མགྲིན་པར་བསྐུར་ཞིང་ངག་ཏུ་སྦྱིན༔ ཧཱུྃ༔ ལྕང་ལོ་ཅན་གྱི་བྷན་དྷའི་སྣོད་ཡངས་དབུས༔ དགྲ་བགེགས་བསྒྲལ་བའི་ཁྲག་གི་རྒྱ་མཚོར་བསྐྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣ་ཚོགས་མཐར་ཕྱིན་གསུང་གི་དབང་ཐོབ་ཤོག༔ ས་ཀརྨ་དྷཀྐི་བྷ་ར་ཧི་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ གནམ་ལྕགས་གྲི་ཁུག་སློབ་བུའི་སྙིང་ཁར་སྦྱིན༔ ཧཱུྃ༔ གནམ་ལྕགས་ཞུན་མའི་གྲི་གུག་ཡ་ལ་ལ༔ མཐིང་ནག་དར་གྱི་ཅོད་པཎ་པུ་རུ་རུ༔ ལྗང་མོ་འབུམ་སྡེ་འཁོར་བཅས་ཐུགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་སྐུར་བས༔ སྣ་ཚོགས་མཐར་ཕྱིན་ཐུགས་ཀྱི་དབང་ཐོབ་ཤོག༔ ས་ཀརྨ་དྷཀྐི་བྷ་ར་ཧི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྩེ་གསུམ་སློབ་བུའི་ལག་ཏུ་གཏད༔ ཧཱུྃ༔ ལྕགས་སྣ་དགུ་ལས་གྲུབ་པའི་ཁ་ཊཾ་ཁ༔ མི་མགོ་སྐམ་རློན་རྒྱན་ཆ་ཁྲ་ལ་ལ༔ ཚེ་ཡི་བུམ་པ་དགོས་འདོད་ཀུན་འབྱུང་གནས༔ རྒྱ་གྲམ་འབར་བས་ཀླད་ཁྲག་དཀྲུགས་པར་བྱེད༔ ཡེ་ཤེས་ལྔ་ལྡན་ཅོད་པཎ་པུ་རུ་རུ༔ ལྗང་མོ་འབུམ་སྡེའི་ཡོན་ཏན་དབང་ཐོབ་ཤོག༔ ས་ཀརྨ་དྷཀྐི་བྷ་ར་ཧི་རཏྣ་ཨ་བྷི་ཥིཉྩ་ཏྲཾ༔ ཕྲིན་ལས་བསྒྲལ་དབང་གཞུང་ལྟར་སྦྱིན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མཁའ་འགྲོའི་དབང་མཆོག་གསང་བའི་བཅུད༔ དུར་ཁྲོད་བརྒྱད་དུ་སྤྱོད་པ་སྤྱད་པའི་ཚེ༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མས༔ འབུམ་ཕྲག་མཁའ་འགྲོ་དབང་བསྡུས་བདག་ལ་སྩལ༔ དེས་ན་བརྗོད་པར་དཀའ་བའི་གདམས་པ་འདི༔ ཕྱི་མའི་དུས་ཀྱི་སྐལ་ལྡན་ཕོ་མོའི་དོན༔ ཡི་གེའི་རིས་བཏབ་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་བསྐལ་པ་དུས་ཀྱི་ཐ་མ་ལ༔ འགྲོ་བ་འདྲེན་པའི་བུ་དང་འདི་འཕྲད་ན༔ སངས་རྒྱས་བསྟན་པ་ཡུན་དུ་བསྲིང་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཉི་མ་གྲགསཔས་ཁམས་སྲིན་མོ་རྫོང་གི་ཆགས་རུ་ཕུག་སྔོན་ནས་གུ་རུ་རིན་པོ་ཆེ་དང་སྲུང་མས་བསྐུལ་བྱང་གསལ་བ་ལ་བརྟེན་ཏེ་སྤྱན་དྲངས་ཤིང་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ། །

འཕྲིན་ལས་མཁའ་འགྲོའི་བླ་རྡོ།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ འཕྲིན་ལས་མཁའ་འགྲོའི་བླ་རྡོ་བཞུགས༔ ཡེ་ཤེས་མཁའ་འགྲོ་ཕག་གདོང་མ་ལ་འདུད༔ ལས་དང་སྐལ་བར་ལྡན་པའི་རྣལ་འབྱོར་པས༔ མཁའ་འགྲོ་བསྒྲུབ་དང་མཁའ་འགྲོ་བསྟེན་པའི་ཕྱིར༔ མཁའ་འགྲོའི་ཐུགས་ཏིག་བླ་རྡོ་འདི་བཞིན་འབད༔ རྒྱ་ཤོག་དྲིས་བྱུག་སྣག་ཚར་ན་ལན་གདབ༔ དྲག་པོའི་འགྲུབ་སྦྱོར་རྣལ་འབྱོར་སེམས་བསྐྱེད་དེ༔ མཁའ་འགྲོའི་ལྟེ་བར་མུ་ཁྱུད་རིམ་ལྔ་བསྐོར༔ དབུས་སུ་ས་བོན་འདོད་གསོལ་ཤམ་བུ་འབྲི༔ ཕྱི་རིམ་རྩིབས་བཞིར་ཧ་རི་ནི་ས་བཀོད༔ རྩིབས་མཆན་བཞི་ལ་དགྲ་བགེགས་བྱད་མ་དང་༔ གནོད་བྱེད་ཟློག་ཅེས་བྱ་བའི་འདོད་གསོལ་སྦྱར༔ ཕྱི་རིམ་མུ་ཁྱུད་ཉི་ཤུ་རྩ་བཞི་དང་༔ སུམ་ཅུ་སོ་ལྔའི་ཡུལ་དང་དུར་ཁྲོད་བརྒྱད༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་མཚན་སྔགས་ལ༔ དངོས་གྲུབ་སྩོལ་བའི་འདོད་གསོལ་སྦྱར་བ་བཀོད༔ དེ་ཡི་ཕྱི་རིམ་གཙུག་ཏོར་ནག་མོ་འདྲི༔ དེ་ཡི་ཕྱི་རིམ་ཨཱ་ལི་ཀཱ་ལི་དང་༔ རྟེན་འབྲེལ་སྙིང་པོས་ཡོངས་སུ་ཁེངས་པར་བཀང་༔ ཆད་ལྷག་བྲིས་བསུབས་ནོར་འཁྲུལ་སྤང་ཏེ་གཟབས༔ གནས་ཆེན་རྣམས་ཀྱི་ས་སྣ་རྡོ་སྣ་དང་༔ གཙང་མའི་རཀྟ་མཚལ་དང་ལི་ཁྲི་བཏབ༔ རིགས་ལྡན་ལྔ་ཡི་སྐྲས་བཅིངས་དར་ཚོན་དྲིལ༔ སྒྲུབ་པའི་དུས་དགྲམ་རྒྱུན་དུ་ལུས་ལ་བཅང་༔ མཁའ་འགྲོ་དངོས་བསྐྱེད་རབ་གནས་ལོ་དུས་བསྐྱར༔ མ་དང་མཁའ་འགྲོ་ལུས་དང་གྲིབ་ལྟར་འགྲོག༔ བརྩམས་པའི་འཕྲིན་ལས་ཐམས་ཅད་ཐོགས་མེད་འགྲུབ༔ བར་ཆད་ཚོགས་ཞི་བྱད་དང་རྦོད་གཏོང་ཟློག༔ མ་དག་འགྲོ་ལ་གསོངས་ཤིག་ཨ་ཐཾ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ མཁའ་འགྲོའི་བཀའ་ཡི་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཉི་མ་གྲགས་པས་ཆགས་རུ་ཕུག་སྔོན་ནས་གདན་དྲངས་པའོ། །མངྒ་ལཾ། །

བཟློག་པ།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ བཟློག་པའི་ལས་མཐའ་བཞུགས་སོ༔ ཡེ་ཤེས་མཁའ་འགྲོ་ཕག་གདོང་ལྗང་མོ་ལ༔ གུས་པས་འདུད་དོ་ཕྲིན་ལས་རྒྱལ་བར་མཛོད༔ འདི་ནས་མ་འོངས་ཕྱི་མའི་བསྐལ་པ་ལ༔ སེམས་ཅན་ཀུན་གྱི་མི་དགེའི་ལས་སྤྱོད་པས༔ ལས་ཀྱི་བདེན་འབྲས་འགྲོ་བའི་ཁམས་ལ་འཆར༔ མི་འདོད་པ་ཡི་སྡུག་བསྔལ་སྣ་ཚོགས་སྤྱོད༔ ནད་མུག་མཚོན་གསུམ་གློ་བུར་ཡེ་འགྲོགས་འཐབ༔ དེ་ཚེ་བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས༔ མཁའ་འགྲོ་སྒྲུབ་ཅིང་མཁའ་འགྲོའི་ལས་སྦྱོར་འདི༔ བརྩམས་པས་འཕྲལ་གྱི་འགྲོ་བའི་བར་ཆད་ཞི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཞུང་ལྟར་མཁའ་འགྲོ་ཆེན་མོའི་གཏོར་བཟློག་བཤམས༔ དུར་ཁྲོད་རི་གཉེན་རྡོ་ནག་ཟུར་གསུམ་དགུ༔ དུག་ཁྲག་གྲི་རྐང་སྐྱུག་གུས་སྔགས་འདི་འགོད༔ བྱད་གཏད་ཁྲམ་གསུམ་རྐྱེན་ངན་བར་ཆད་ཐམས་ཅད་བྷྱོ་བཟློག༔ ཧཱུྃ་བྷྱོ་ཛ་བཟློག་ཅི་མང་འགོད་པར་བྱ༔ ཡུག་སའི་སླང་ངར་བླུག་སྟེ་ཤར་དུ་འགོད༔ ཕུང་ཤུལ་ས་དང་ལྷ་འདྲེ་འཚུབས་པའི་ས༔ གཡུལ་འཁྲུག་ས་དང་དུར་ཁྲོད་གཉེན་པོའི་ས༔ ཆུ་བསྐོར་ས་དང་མཛེ་ཕོ་ཉལ་མལ་ས༔ རྔ་མོང་ཤི་ཤུལ་ཡུག་སའི་ཉལ་མལ་ས༔ ཚེ་ཟད་ས་ཏེ་ས་སྣ་དགུ་བོ་སྦྱར༔ དུག་ཁྲག་ཆུས་སྦྲུས་ཟོར་རྐང་དགུ་བཟོ་ཞིང་༔ ས་མ་ཡཱ་ཨེ་ཀ་ཧེ་དུན་བྱད་གཏད་ཁྲམ་དང་བར་ཅད་ཐམས་ཅད་བཟློག་བྷྱོ་ཧཱུྃ་ཕཊ༔ ལོག་གསུམ་ངོས་ལ་ཚངས་བར་རིས་སུ་བྲི༔ རྩང་གིས་བརྒྱན་ཞིང་ཚེ་དང་ཡུངས་ཀར་བརྒྱན༔ ཞིང་ཆེན་པགས་སྟེང་དཀྱིལ་འཁོར་ལྷོ་ན་འགོད༔ དུར་ཁྲོད་ས་ལ་ཟོར་རྐོང་དགུ་བཟོ་ཞིང་༔ ཛ་བྷྱོ་ཐུན་བྷྱོ་དགྲ་བགེགས་བྱད་མའི་སྟེང་དུ་རཾ་བྷྱོ་རཾ་ཏིག་རཾ་ཤག་རཾ་རཾ་རཾ༔ ལོག་ལ་འགོད་ཅིང་རོ་རས་སྡོང་བུ་སྦྱར༔ མི་རྟ་ཁྱི་སྤྱང་གཅན་གཟན་ཅི་མང་གི༔ ཚིལ་དང་རྐང་མར་སྦྱར་བའི་མར་ཁུས་བྲན༔ གཅན་གཟན་པགས་སྟེང་ནུབ་ཀྱི་ཕྱོགས་སུ་འགོད༔ མཛེ་ཐོད་ཡང་ན་རབ་ཆད་ནག་མོའི་མགོ༔ མཆོག་ནི་ཡུག་ས་དགུ་ཕོག་ཐོད་པ་སྟེ༔ ནང་དུ་དུག་དང་ཁྲག་སྣ་བརྒྱའམ་དགུ༔ ཆུ་མིག་བྱང་ལྟས་དགུ་ཡི་ཆུ་སྣས་བརྒྱན༔ ཕུང་རེ་ནག་པོ་འོག་ཏུ་བཏིངས་པའི་ཁར༔ གྲི་ལྕགས་ཁྲི་འུས་མདའ་མཚོན་ཨོཾ་སྟེང་བྱང་༔ དེ་དག་སྟེང་དུ་ཁྲིའུ་མཛེས་པའི་ཁར༔ རིགས་བཞིའི་གཏོར་མ་སྐུ་དང་དར་གདུགས་བརྒྱན༔ ཕྱག་གི་རྩང་དང་འཚེ་དང་ཡུང་དཀར་གཟུགས༔ རོ་རས་ཞུན་ཆེན་དཔལ་འབར་དག་གིས་བརྒྱན༔ ལས་ཀྱི་གཞུང་བསྲོང་གཙོ་མོའི་བསྙེན་བསྒྲུབ་གཟིར༔ བཟློག་པའི་སྔགས་དམིགས་བསད་པའི་ལས་ལ་སྦྱོར༔ ཁྲག་འཐུང་བཛྲ་དྷཀྐི་འབུམ་ཕྲག་འཕྲོས༔ དགྲ་བགེགས་ཐམས་ཅད་ཁ་ཕུང་རྗེས་མེད་བསམ༔ ཨ་ཧ་རི་ནི་ས་ར་ས་ཡ་སྲོག་ལ་འདུ་འདུ༔ སྡོ་པ་ཤ་སྲོག་ལ་འདུ་འདུ༔ ནི་པ་ཤ་སྲོག་ལ་འདུ་འདུ༔ གྷུ་པ་ཤ་སྲོག་ལ་འདུ་འདུ༔ གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་སོད་སོད་བྷྱོ་བྷྱོ་བཟློག་བཟློག༔ ཅེས་བཟླས་རཏྣ་དྷཀྐི་འབུམ་ཕྲག་འཕྲོས༔ དགྲ་བགེགས་བྱད་མ་ཐམས་ཅད་བརླག་པར་བསམ༔ ཨ་ཧ་རི་ནི་ས་ཐིབ་ཐིབ་མྱོག་མྱོག་ལམ་ལམ་གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་སོད་ཅིག་བྷྱོ་བཟློག་ཧཱུྃ་ཕཊ༔ བརྒྱ་སྟོང་ཁྲི་འབུམ་སྐབས་ལྟར་ལས་ལ་སྦྱར༔ བཟློག་བསྒྱུར་བཅོལ་ཞིང་གསེར་སྐྱེམས་ཕུད་ཀྱིས་མཆོད༔ རྡོ་ཐུན་ཡུག་སའི་སྐྲ་ཡི་འུར་རྡོར་སྐྱོན༔ གདོང་ལ་དར་མཚོན་དུག་ཁྲག་ཕྱེད་གཟུགས་ཅན༔ སྐྱེས་པ་མིང་རུས་མི་གཅིག་དགུ་ཡི་འཕེན༔ ས་ཐུན་སྔགས་པ་བདུད་ཆས་སྤྲས་པ་དགུ༔ གདོང་ལ་སེར་ཚོན་དུག་ཁྲག་ཕྱེད་གཟུགས་ཅན། རྔམས་པའི་སྟངས་སྟབས་བསྒྱུར་ཞིང་དགྲ་ཕྱོགས་འཕེན༔ མེ་ཐུན་བོན་པོ་དམར་ནག་ཕྱེད་གཟུགས་དགུས༔ སྤུ་གྲི་ཤར་བུའི་སྔགས་གཟེར་དགྲ་ལ་འཕེན༔ ཁྲག་ཐུག་གཙོ་བོ་ཡུག་སའི་ལག་ལ་ཐོགས༔ ཕུང་རེའི་གཡབ་མོ་ལྗང་ནག་ཕྱེད་གཟུགས་དགུས༔ དམོད་པའི་ཚིག་བཅས་དགྲ་བགེགས་ཕྱོགས་སུ་གཟིར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལྟར་བརྩམས་པས་བྱད་དང་རྦོད་གཏོང་དང་༔ མི་མཐུན་བར་ཆད་ནད་གདོན་རྐྱེན་ངན་བྱུར༔ མཐའ་དམག་འཁྲུག་རྩོད་དུས་ཀྱི་ཡོ་ལངས་བཟློག༔ དེ་ཡི་ཕྱིར་ན་བསྟན་འགྲོའི་དཔལ་དུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ མཁའ་འགྲོའི་བཀའ་ཡི་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མེ་མོ་ཡོས་ཀྱི་ལོ་ལ་ཁམས་སྲིན་མོ་རྫོང་གི་ཆགས་རུ་ཕུག་སྔོན་ནས་གདན་དྲངས་ཤིང་ཤོག་སེར་བསྒྱུར་བ་མངྒ་ལཾ། །

ཟོར་གྱི་ཤོག་དྲིལ།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ ཟོར་གྱི་ཤོག་དྲིལ་བཞུགས༔ ཡེ་ཤེས་མཁའ་འགྲོ་ཕག་གདོང་མ་ལ་འདུད༔ ཕྱི་མའི་དུས་ཀྱི་རྣལ་འབྱོར་སྒྲུབ་པ་པོས༔ བསྟན་འགྲོའི་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས༔ མཐའ་དམག་འཁྲུག་རྩོད་ནད་ཡམས་རྐྱེན་བཟློག་ཚེ༔ ལྟ་བའི་གདེངས་བསྐྱེད་སྒོམ་པའི་གཟེངས་བསྟོད་ནས༔ ཉམས་རྟོགས་ཁ་སྤར་དྲག་པོའི་ཤུགས་ཕྱུངས་ཏེ༔ རྔམ་ཞིང་འཁྲུག་པའི་ཚུལ་གྱིས་འདི་ལྟར་བསྐུལ༔ ཧཱུྃ་བྷྱོ༔ ཤར་ནས་གཤེགས་པའི་དཀར་མོ་ཉི་ཁྲི་འབུམ༔ སྐུ་ཡི་ཤུགས་ཕྱུངས་ནུས་པའི་དྲག་རྩལ་བསྐྱེད༔ རྡོ་རྗེ་རིགས་ཀྱི་དཔའ་བོ་དཔའ་མོ་དང་༔ སྣང་སྲིད་འཁོར་འདས་ཐམས་ཅད་དབང་བསྒྱུར་ལ༔ དེ་རིང་དྲག་པོའི་ཟོར་གྱི་དཔུང་ལ་གཤེགས༔ དྲག་པོའི་སྔགས་ཀྱི་རྡོ་ཡི་ཆར་པ་ཡིས༔ མི་རུང་སྣ་དགུ་འཕུང་ཐབས་ཐམས་ཅད་ཟློག༔ ནད་མུག་མཚོན་ཁ་མཐའ་ཡི་དམག་དཔུང་སྒྱུར༔ དགྲ་གདོན་ཐམས་ཅད་ཐལ་བ་རྡུལ་དུ་རློག༔ ལྷོ་ནས་གཤེགས་པའི་སེར་མོ་ཉི་ཁྲི་འབུམ༔ སྐུ་ཡི་ཤུགས་ཕྱུངས་ནུས་པའི་དྲག་རྩལ་བསྐྱེད༔ རིན་ཆེན་རིགས་ཀྱི་དཔའ་བོ་དཔའ་མོ་དང་༔ སྣང་སྲིད་འཁོར་འདས་ཐམས་ཅད་དབང་བསྒྱུར་ལ༔ དེ་རིང་དྲག་པོའི་ཟོར་གྱི་དཔུང་ལ་གཤེགས༔ དྲག་པོའི་སྔགས་ཀྱི་ས་ཟོར་ཆར་པ་ཡིས༔ མི་རུང་སྣ་དགུ་འཕུང་ཐབས་ཐམས་ཅད་ཟློག༔ ནད་མུག་མཚོན་ཁ་མཐའ་ཡི་དམག་དཔུང་སྒྱུར༔ དགྲ་གདོན་ཐམས་ཅད་ཐལ་བའི་རྡུལ་དུ་རློག༔ ནུབ་ནས་གཤེགས་པའི་དམར་མོ་ཉི་ཁྲི་འབུམ༔ སྐུ་ཡིི་ཤུགས་ཕྱུངས་ནུས་པའི་དྲག་རྩལ་བསྐྱེད༔ པདྨ་རིགས་ཀྱི་དཔའ་བོ་དཔའ་མོ་དང་༔ སྣང་སྲིད་འཁོར་འདས་ཐམས་ཅད་དབང་བསྒྱུར་ལ༔ དེ་རིང་དྲག་པོའི་ཟོར་གྱི་དཔུང་ལ་གཤེགས༔ དྲག་པོའི་སྔགས་ཀྱི་མེ་ཟོར་ཆར་པ་ཡིས༔ མི་རུང་སྣ་དགུ་འཕུང་ཐབས་ཐམས་ཅད་ཟློག༔ ནད་མུག་མཚོན་ཁ་མཐའ་ཡི་དམག་དཔུང་སྒྱུར༔ དགྲ་གདོན་ཐམས་ཅད་ཐལ་བ་རྡུལ་དུ་རློག༔ བྱང་ནས་གཤེགས་པའི་ལྗང་མོ་ཉི་ཁྲི་འབུམ༔ སྐུ་ཡི་ཤུགས་ཕྱུངས་ནུས་པའི་དྲག་རྩལ་བསྐྱེད༔ ལས་ཀྱི་རིགས་ཀྱི་དཔའ་བོ་དཔའ་མོ་དང་༔ སྣང་སྲིད་འཁོར་འདས་ཐམས་ཅད་དབང་བསྒྱུར་ལ༔ དེ་རིང་དྲག་པོའི་ཟོར་གྱི་དཔུང་ལ་གཤེགས༔ དྲག་པོའི་སྔགས་ཀྱི་ཐོད་ཟོར་ཁྲག་ཆར་གྱིས༔ མི་རུང་སྣ་དགུ་འཕུང་ཐབས་ཐམས་ཅད་ཟློག༔ ནད་མུག་མཚོན་ཁ་མཐའ་ཡི་དམག་དཔུང་སྒྱུར༔ དགྲ་གདོན་ཐམས་ཅད་ཐལ་བ་རྡུལ་དུ་རློག༔ དབུས་ནས་གཤེགས་པའི་ནག་མོ་ཉི་ཁྲི་འབུམ༔ སྐུ་ཡི་ཤུགས་ཕྱུངས་ནུས་པའི་དྲག་རྩལ་བསྐྱེད༔ བྷུདྡྷུརིགས་ཀྱི་དཔའ་བོ་མཁའ་འགྲོ་དང་༔ སྣང་སྲིད་འཁོར་འདས་ཐམས་ཅད་དབང་སྒྱུར་ལ༔ དེ་རིང་དྲག་པོའི་ཟོར་གྱི་དཔུང་ལ་གཤེགས༔ དྲག་པོའི་སྔགས་ཀྱི་གཏོར་ཟོར་ཆར་པ་ཡིས༔ མི་རུང་སྣ་དགུ་འཕུང་ཐབས་ཐམས་ཅད་ཟློག༔ ནད་མུག་མཚོན་ཁ་མཐའ་ཡི་དམག་དཔུང་སྒྱུར༔ དགྲ་གདོན་ཐམས་ཅད་ཐལ་བ་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ གཤེགས་ཤིག་ད་སྐྱོད་འབུམ་ཕྲག་མཁའ་འགྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་རྩ་གསུམ་རྒྱལ་བའི་ལྷ༔ ང་ནི་སྣང་སྲིད་འཁོར་འདས་ཀུན་གྱི་བདག༔ ཆེ་བཙན་དྲེགས་ཚོགས་ཐམས་ཅད་ང་ཡི་བྲན༔ ང་ནི་འབུམ་ཕྲག་མཁའ་འགྲོའི་གཙོ་མོ་སྟེ༔ ཁྲོས་མ་ནག་མོ་མ་ཚོགས་འབུམ་གྱི་བདག༔ གར་དགུའི་ཉམས་ཀྱི་སྟངས་སྟབས་ཡ་ལ་ལ༔ དུར་ཁྲོད་འཇིགས་པའི་ཆས་བརྒྱད་ཁྲོ་ལོ་ལོ༔ བསྐལ་པའི་མེ་དཔུང་དམར་ནག་ལྷབས་སེ་ལྷབ༔ རཀྟ་ཐོད་ཟོར་ཁྲག་མཚོ་མེར་རེ་རེ༔ དྲག་པོ་སྔགས་ཀྱི་རྡོ་ཟོར་ཉིལ་ལི་ལི༔ ས་ཟོར་ཟོར་ཀོང་མང་པོ་ཚུབས་སེ་ཚུབ༔ དམར་ཆེན་གཏོར་མའི་ཟོར་ནི་ཟངས་སེ་ཟང་༔ མདའ་མདུང་མཚོན་ཆའི་ཟོར་ནི་ཤར་ར་ར༔ ནད་མཚོན་དུག་རླངས་སྣ་ཚོགས་ཆི་ལི་ལི༔ དེ་རིང་ཟོར་འཕེན་དམ་ཉམས་དགྲ་ལ་འཕེན༔ དེ་རིང་ཟོར་འཕེན་གནོད་བྱེད་བགེགས་ལ་འཕེན༔ ཕོ་བརྒྱུད་མི་རབས་དྲུངས་ནས་ད་ཕྱུངས་ཤིག༔ མོ་བརྒྱུད་ཕྲུ་མ་མངལ་ནས་ད་སྐོམས་ཤིག༔ བུ་ཚ་རིགས་བརྒྱུད་རྩད་ནས་ད་ཆོད་ཅིག༔ གདོན་བགེགས་འབྱུང་པོ་ཐལ་བའི་རྡུལ་དུ་རློག༔ ཚེ་བསོད་དབང་ཐང་རླུང་གིས་ད་ཁྱེར་ལ༔ འདུ་བ་རྣམ་བཞི་དཀྲུགས་ལ་སྙིང་ཁྲག་ཕོས༔ དགྲ་ཤ་ཟོ་ཞིག་ཤ་ཟ་མཁའ་འགྲོ་འབུམ༔ དགྲ་ཁྲག་མཐུང་ཤིག་ཁྲག་འཐུང་མཁའ་འགྲོ་འབུམ༔ རུས་པ་མུར་ཞིག་རུས་མུར་མཁའ་འགྲོ་འབུམ༔ དོན་སྙིང་ཁྱེར་ཞིག་སྡེ་བརྒྱད་མཁའ་འགྲོ་འབུམ༔ དགྲ་གདོན་ཐམས་ཅད་ཐལ་བའི་རྡུལ་བཞིན་རློག༔ དྲག་པོའི་ལས་ཀྱི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་ཟོར་རྣམས་འཕེན་ཞིང་གཡབ་མོ་བརྡེབ༔ ཚིག་དོན་ལྟ་བུའི་དམིགས་པའི་འཕྲུལ་འཁོར་བསྒྱུར༔ དགྲ་བགེགས་ནད་གདོན་བགེགས་དང་བཅས་པ་རྣམས༔ ཐལ་བའི་རྡུལ་ལྟར་དམིགས་ཏེ་བཟློག་སྔགས་བཟླ༔ ལྟ་བའི་བྲོ་རྡུང་ཉམས་ཀྱི་གླུ་ལེན་ཞིང་༔ ཁྱུང་གིས་མཚམས་གཅོད་བསྲུང་བའི་འཁོར་ལོས་བསྒོ༔ བཀྲ་ཤིས་བསྔོ་སྨོན་རྒྱས་འདེབས་གནས་ལམ་བསྲུང་༔ ལས་བཞིའི་སྦྱིན་སྲེག་རྣམས་ཀྱིས་ཁ་བསྐང་ཞིང་༔ དགྲ་གདོན་ཐུ་ན་མནན་སྲེག་འབད་དེ་བསྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱཿགཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཉི་མ་གྲགས་པ་རྩལ་གྱིས་ཕུག་སྔོན་ནས་མེ་ཡོས་ལ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ། །

ལས་ཚོགས་ཀྱི་ཤོག་དྲིལ།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ ལས་ཚོགས་ཀྱི་ཤོག་དྲིལ་བཞུགས༔ ཡེ་ཤེས་མཁའ་འགྲོ་ཕག་གདོང་མ་ལ་འདུད༔ མ་འོངས་དུས་སུ་མཁའ་འགྲོའི་རྣལ་འབྱོར་པས༔ བསྙེན་སྒྲུབ་ལས་སྦྱོར་འཕྲིན་ལས་སྔོན་བཏང་ནས༔ བདག་གཞན་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ ལས་ཚོགས་འདི་རྣམས་ཚུལ་བཞིན་སྤྱོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གྲི་ཤ་བཙན་དུག་ཤུ་དག་མུ་ཟི་དང་༔ སྒོག་གཅིག་སྤྱང་ཕག་ཝ་ཡི་བྲུན༔ རྫས་བརྒྱད་བསྡུས་ཏེ་མི་ཁྱི་ཡི༔ གང་རུང་པགས་པའི་ནང་དུ་གཏུམས༔ གནག་དང་ར་ལུག་ཕྱུགས་ཀྱི་སྐེ་ལ་གདགས༔ གོར་གྱི་རིགས་གསུམ་བསྲུང་བར་འགྱུར༔ ས་མ་ཡཱ༔ རྒྱ༔ ཨཱོཾ་བྷ་ར་དྷ་ས་བྷ་མ་ལ་ཀུནྡྷི་ལ་ཛ་ལ་ཡཱ༔ ཨཱོཾ་སམ་བྷ་ལ་བྷ་མ་ལ་་སྭཱ་ཧཱ༔ གི་ཝང་ཅུ་གང་ཆུ་ལ་སྔགས༔ བརྒྱ་རྩ་བཟླས་ཏེ་ཁོང་དུ་གཏོང་༔ གློ་གོར་ཧོར་གསུམ་གནོད་པ་ཐུབ༔ ས་མ་ཡཱ༔ རྒྱ༔ ཨཱོཾ་ཁྲག་ཉལ་རཾ་སོད༔ སེར་རྩི་སྦྱར་བའི་སྣག་ཚས་འདྲི༔ བརྒྱ་རྩ་བརྒྱད་ཀྱི་དྲོད་ཀྱི་གླན༔ དུད་འགྲོ་རང་གི་ལྕི་བས་གཏུམས༔ རྩིད་པའི་སྲད་བུས་རྒྱ་གྲམ་བཅིངས༔ གང་བསྲུང་དུད་འགྲོའི་སྐེ་ལ་བཏགས༔ ཟླ་གསུམ་ཕྱུགས་ཀྱི་གོར་ནད་བསྲུང་༔ ས་མ་ཡཱ༔ རྒྱ༔ ཨཱོཾ་ནིང་སེང་ཡང་རྦད་སྭཱ་ཧཱ༔ དགེ་སློང་བཞི་སྡེས་ཐུན་བཟུང་ནས༔ སྟོང་ངམ་ཁྲི་བཟླས་ཆུ་ལ་སྔགས༔ གོར་ནད་ན་ལ་བླུད་པས་ཐུབ༔ ས་མ་ཡཱ༔ རྒྱ༔ ཨཱོཾ་ཏྲི་ཏོ་མ་རུ་རུ་སྭཱ་ཧཱ༔ སྦ་ཕོབ་བཞག་དྷ་སྭཱ་ཧཱ༔ ཁྲི་བཟླས་སྔགས་ཆུས་ལྷོག་ནད་སེལ༔ ས་མ་ཡཱ༔ རྒྱ༔ ཧྲིང་ནི་ལ་ཁ་ཋ་ཋ༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཆུ་ལ་ཅི་མང་བཟླས་ལ་བླུད༔ ཕྱུགས་ཀྱི་གློ་ནད་སེལ་བར་འགྱུར༔ ས་མ་ཡཱ༔ རྒྱ༔ ཤིན་ཏུ་ཐུ་སྟེ་མ་ཆོད་ན༔ གོང་གི་རྫས་བརྒྱད་བསྲེག་ཅིང་འདུག༔ ཁྱད་པར་སྟག་རས་ཡུངས་ཀར་ལ༔ སྔགས་འདི་ཞག་བདུན་བཟླས་ཏེ་བདུག༔ ཨཱོཾ་བཛྲ་བྷ་ར་ཏྲི༔ མ་ཧཱ་ནི་འཆང་བ་པོ་ལ་རཀྵ༔ རྒྱལ་བའི་གསུང་སྒྲོག་གཏོར་མ་གཏོང་༔ འཁོན་གྲིབ་མི་གཙང་མགྲོན་ལ་འཛེམ༔ ས་མ་ཡཱ༔ རྒྱ༔ གུ་གུལ་ནག་པོ་ཉ་ཡི་མཁྲིས༔ སྔགས་པའི་དྲི་ཆེན་ཡུངས་ཀར་བཞི༔ ཤུ་དག་སྦྱར་ཏེ་སྔགས་སྟོང་བཏབ༔ ན་མོ་བྷ་ག་ཝ་ཏེ་སུ་ཏ་ཝ་ཊ་ཡཱ༔ ཏདྱ་ཐཱ༔ ཕུད་ཏ་བ་ར་བ་ར་མི་ལི་མི་ལི་ཕཊ་ཕཊ་སྭཱ་ཧཱ༔ དུད་པས་བདུག་ཅིང་མགུལ་དུ་འཆང་༔ རིམས་དང་ནད་བདག་ཀུན་བསྲུང་ཞིང་༔ གདོན་བགེགས་འབྲོས་ཤིང་སེར་བ་འཆད༔ ས་མ་ཡཱ༔ རྒྱ༔ གུ་གུལ་ལི་ཁྲི་ཛཱ་ཏི་དང་༔ མངལ་ཁྲག་སེང་ལྡེང་ཐང་ཆུ་ལྔ༔ ག་པུར་ཙན་དན་དཀར་པོ་བརྒྱད༔ ཆ་མཉམ་གནས་གསུམ་ཐིག་ལེ་བྱ༔ མ་མོ་མཁའ་འགྲོའི་གནོད་པ་བཟློག༔ ས་མ་ཡཱ༔ རྒྱ༔ བོང་ང་ཤུ་དག་མུ་ཟི་གུ་གུལ་ནག༔ ནལ་བུ་སྦྲུལ་དང་སྲེ་མོང་སྦལ་བའི་ཤ༔ ར་ཐུག་ལུག་ཐུག་སྤྲེ་དང་རྟ་བོན་དང་༔ ལྡོང་རུས་གླ་རྩི་རྒྱ་ཚིལ་རྨ་བྱའི་མདོངས༔ ཤིང་ཀུན་ཅུ་གང་སྦྱར་བ་ཞིབ་ཏུ་བསྣུར༔ མགུལ་དུ་འཆང་ཞིང་མེར་བསྲེག་དུད་པས་བདུག༔ འགོ་བའི་ནད་རིམས་ཀུན་ལས་རྒྱལ༔ ས་མ་ཡཱ༔ རྒྱ༔ སྨན་ཆེན་གསེར་མདོག་སུམ་འགྱུར་དང་༔ གླ་རྩི་དྲི་ཆེན་ཤུ་དག་ནག༔ གྲི་ཤ་རུ་རྟ་རིལ་བུ་བྱ༔ ནད་ཀྱི་ཚབས་ལྟར་སྦྱར་ཏེ་བཏང་༔ འབྱུང་པོ་ལས་གྱུར་ནད་ཀུན་འཇོམས༔ ས་མ་ཡཱ༔ ན་མོ་བྷུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལཱ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ ཨཱོཾ་ཀ་ཤ་ཀ་པྲ་ལ་ཚལ་ཤག་ནན་ནད་ཀྱི་སྙིང་མགོ་དཀར་པོ་ཆོད་སྭཱ་ཧཱ༔ རང་ལུས་དུག་རི་མེ་འབར་བསྒོམས༔ ཐོར་ཁ་བརྒྱ་རྩ་མ་ཆག་བརྩོན༔ ནད་རིམས་འགོ་ནད་ཀུན་ལས་རྒྱལ༔ མ་འོངས་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡཱ༔ རྒྱ༔ མི་དུར་ཧཱུྃ་བྷྲཱུྃ་གྲུཾ་སྲོཾ་སྲོཾ༔ མ་ཀི་ལ་བྷྱོ་ཡ་ཕཊ༔ ཆེ་གེ་ལ་གནོད་པ་ཐམས་ཅད་སྲུངས་ཤིག༔ མི་ནོར་ཕྱུགས་དང་བཅས་པ་རཀྵ་རཀྵ་སྭཱ་ཧཱ༔ རིན་ཆེན་སྣག་ཚལ་ཤུག་པའི་བྱང་བུར་འདྲི༔ རང་སྔགས་རྟེན་འབྲེལ་སྙིང་པོ་བརྒྱ་རྩས་སྔགས༔ གདོན་བགེགས་གཏོར་མས་བརྔན་ཞིང་བདེན་སྟོབས་བརྗོད༔ དྲག་པོའི་སྔགས་བཟླས་བསྲུང་བའི་འཁོར་ལོ་བསྒོམས༔ རྟ་ཕྱུགས་སྐེར་བཏགས་གོད་ཀྱི་གནོད་པ་ཐུབ༔ ས་མ་ཡཱ༔ རྒྱ༔ ཨཱོཾ་ཨ་ཏིས་ཏ་ཐིབ༔ མུན་མུན་ཐིབ༔ པྲ་ཐིབ༔ སུར་ཡ་ཐིབ༔ ཤེར་ཤིང་ཕུར་བུ་སོར་བཞི་བར༔ ཁྲི་བཏབ་ནག་པོའི་དར་གྱིས་དྲིལ༔ རང་གི་མཆན་ཁུང་གཡོན་དུ་བཅང་༔ ལམ་གྱི་ཇག་ཆོམས་གནོད་པ་བསྲུངས༔ ས་མ་ཡཱ༔ རྒྱ༔ ཨཱོཾ་སུར་ཡ་ཙནྜ་མུན༔ རུ་རུ་ཀ་པྲ་མོ་ཐིབ༔ ཨ་ཏིཥྛ་ཡ༔ ཙིཏྟ་རྦད༔ བྱ་རོག་ཀེ་ཀེ་འུག་པའི་སྒྲོ༔ ལུང་ཐང་བཞི་ལ་ཁྲི་ཚོ་སྔགས༔ ཀེ་ཀེའི་སྒྲོ་ནི་རྣ་བ་གཡས༔ འུག་སྒྲོ་རྣ་བ་གཡོན་དུ་གཟེར༔ ཁྭ་ཏའི་དང་རུ་ལྟག་པར་གཙུགས༔ ལུང་ཐང་ནག་པོ་སྐེ་ལ་གདགས༔ མི་འགྱུར༔ ས་མ་ཡཱ༔ རྒྱ༔ མེ་ང་ར་ཧཱུྃ་གྲུཾ་ཕྲོཾ་ཕྲོཾ་ཀཱི་ལཱ་ཡ་བྷྱོ་ཕཊ༔ བདག་ཆེ་གེའི་རྟ་ནོར་ཕྱུགས་གསུམ་གྱི་གོད་ཀ་ཐམས་ཅད་སྲུངས་ཤིག་རཀྵ༔ ཕོ་ཤིང་བྱང་བུར་བྲིས་ནས་ཀྱང་༔ སྒོ་ཁྱིའི་སྐེར་བཏགས་གོང་ཀ་གཅོད༔ ས་མ་ཡཱ༔ རྒྱ༔ ཨཱོཾ་བྷུདྡྷ་ཏ་པ་ཏེ་ན༔ དྷརྨ་པ་ཏེ་ན༔ པ་ར་པ་ཏེ་ན༔ པ་ཏེ་བྷ་ཏེ་ན༔ སརྦ་པྲ་ཛྙཱ་པྲ་ཧ་ར་ཡ་ཡཱ་སྭཱ་ཧཱ༔ ནགས་ཚལ་དྲ་བས་ཡུལ་ཕྱོགས་གཏིབས༔ གནོད་བྱེད་དགྲ་བོས་མི་མཐོང་བསམས༔ ཆུ་གཙང་སྔགས་ནས་ཕྱོགས་བཞིར་གཏོར༔ དགྲ་ཇག་སྒྲིབ་པའི་ལས་ཚོགས་སོ༔ ས་མ་ཡཱ༔ རྒྱ༔ ཚི་རྟུལ་རྟུལ༔ སྨུ་ཤིག་ཤིག༔ ཧྲིཿཀྲཾ་ཙཀྲ་རྦད་རྦད་ཕཊ༔ ཤོག་ཤོག་ལ་བྲིས་རྫས་རྒོད་བྱུག༔ སྒོ་ཡི་མེ་ལོང་ཕྱི་ལ་སྦྱར༔ འགོ་ནད་ཡམས་རིམས་གནོད་པ་བསྲུང་༔ ས་མ་ཡཱ༔ རྒྱ༔ འདི་ནས་མ་འོངས་བསྐལ་པའི་འོག༔ འགྲོ་ལ་མི་འདོད་འབྱུང་བའི་དུས༔ ཟབ་མོའི་གདམས་པ་འདི་དག་གིས༔ བར་ཆད་རྐྱེན་ལས་རྒྱལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཉི་མ་གྲགས་པ་རྩལ་གྱིས་ཆགས་རུ་ཕུག་སྔོན་ནས་གདན་དྲང་ཤིང་ཤོག་སེར་ལས་བསྒྱུར་བའོ། མངྒ་ལཾ། །

འགྲོ་ཕན་ལས་ཚོགས།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ འགྲོ་ལ་ཕན་བྱེད་ལས་ཚོགས་བཞུགས༔ མ་རྒྱུད་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ འདི་ནས་མ་འོངས་བསྐལ་པའི་དུས་ཀྱི་ཚེ༔ སེམས་ཅན་ཐམས་ཅད་མི་དགེའི་ལས་ལ་སྤྱོད༔ དེ་ཡི་དབང་གིས་འཛམ་གླིང་བོད་ཁམས་འདིར༔ མི་དགེའི་ལྟས་ངན་ནད་ཡམས་འཁྲུག་རྩོད་རྣམས༔ མང་དུ་སྡང་ཞིང་སྐྱེ་འགྲོ་སྡུག་ལ་གཏོད༔ ཁྱད་པར་འབྱུང་པོ་མཁའ་ལ་རྒྱུ་བའི་རིགས༔ ནད་རིམས་བདག་པོ་བྱ་གདོང་སྦྲུལ་མཇུག་ཅན༔ ཚ་གྲང་གཤོག་པས་གཡབ་འདོར་སྟོང་ཁམས་ཉུལ༔ འབྱུང་པོ་ནད་བདག་འབུམ་འབུམ་དུས་དྲུག་འགྱེད༔ ནད་ཡམས་དམར་ནད་ལྟག་དགྱེ་ཆར་དུ་འབེབས༔ དེ་ལྟར་གྱུར་ཚེ་བྱང་སེམས་རྣལ་འབྱོར་པས༔ འགྲོ་བའི་དོན་དུ་སེམས་བསྐྱེད་བསྲུངས་བར་འབད༔ ས་མ་ཡཱ༔ རྒྱ༔ གླ་རྩི་གྀ་ཝང་བོང་ང་ཤུ་དག་ནག༔ བྲག་ཞུན་ལོ་བརྒྱད་ཆུ་ཡི་རིལ་བུར་སྒྲིལ༔ མཁའ་འགྲོའི་བསྙེན་སྔགས་སྲུངས་ཤིག་རཀྵ་གདགས༔ བརྒྱ་སྟོང་ཁྲི་ཡི་དྲོད་ཀྱིས་གླན་ནས་ཀྱང་༔ བསྲུང་བྱའི་མགུལ་བཏགས་ནང་སྔ་སྣ་ལ་སྣོམས༔ དམར་ཡམ་བསྲུང་བའི་ལས་ཚོགས་ཨི་ཐྀ་རྒྱ༔ དམར་ནད་ལྟག་དགྱེ་རྒྱུག་འགྱེལ་པར་པ་སོགས༔ ཐམས་ཅད་མིང་གི་རྣམ་གྲངས་མང་བ་ཡང་༔ ནད་བདག་འབྱུང་པོ་དེ་ཡི་རྩལ་སྣང་ལས༔ གང་ལ་ཕོག་པ་དེ་ཡི་མིང་དུ་འབོད༔ ཡང་གཅིག་དེ་ཉིད་བསྲུང་བ་ཟབ་མོ་ནི༔ ཤིང་ཀུན་གླ་རྩི་བ་བླ་མུ་ཟི་ནག༔ སྤུ་ནག་ཤུ་དག་གུ་གུལ་བོང་ང་རྣམས༔ ཆོམ་ཙམ་བརྡུངས་ནས་བསྙེན་སྔགས་སྟོང་གིས་གསོ༔ གང་བསྲུང་མགུལ་གདགས་མཁའ་འགྲོའི་བསྐྱེད་རིམ་གསལ༔ ཡམས་ནད་བསྲུང་བའི་རིམ་པ་ཨི་ཐི་རྒྱ༔ མུ་ཟི་ཤིང་ཀུན་གླ་རྩི་ཤུ་དག་ནག༔ ཡུང་བ་བལྡོང་རོས་སྨན་ཆེན་ཆ་སྦྱར་བསྣུར༔ མཁའ་འགྲོའི་ཏིང་འཛིན་སྔགས་སྟོང་དྲོད་ཀྱིས་གླན༔ མགུལ་ཏུ་བཏགས་པས་གག་པའི་གནོད་པ་བསྲུང་༔ ཨྀ་ཐི་རྒྱ༔ གུ་གུལ་ནག་པོ་མ་གི་ཏ༔ སྤུ་ནག་སུམ་ཆ་ཆ་མཉམ་ཞིང་༔ ཤིང་ཀུན་ར་དུག་དེ་ཡི་ཆ༔ བོང་ང་མུ་ཟི་སེར་པོ་དང་༔ བ་བླ་ཤུ་དག་སྲན་ཚད་རེ༔ བོང་ང་དཀར་པོ་ལུག་རིལ་ཙམ༔ ཨ་རུ་གསེར་མདོག་གཅིག་གི་ཕྱེད༔ ར་ཐུག་སྦྲེ་ཡང་དེ་དང་མཉམ༔ ས་འཚུར་དཀར་ནག་ཚུམ་རེ་བཏབ༔ མཁའ་འགྲོའི་སྙིང་པོ་བརྒྱ་སྟོང་སྔགས༔ བྲག་ཞུན་ཆུ་ཡིས་རིལ་བུར་སྒྲིལ༔ ཆེ་ཆུང་བྲ་བའི་རིལ་མ་ཙམ༔ ནད་པའི་ཡུལ་དང་ནད་ཚབས་ལྟར༔ ལྔ་བདུན་དགུ་སོགས་རིག་པས་དཔྱད༔ སྐྱུགས་ན་རྡོ་གྲང་མགྲིན་པར་གླན༔ གདོང་ལ་ཆུ་ཡི་ཟོར་གྱིས་སྦྲན༔ བཤལ་ན་ཆུ་ཁོལ་ཡང་ཡང་གཏོང་༔ དཀར་དམར་སྐྱུག་སོགས་ཁ་ཟས་དང་༔ བཟང་དྲུག་སྨན་རིགས་གཏོང་མི་བྱ༔ དམར་ནད་ལྟག་དགྱེས་ཟིན་མ་ཐག༔ སྨན་འདིས་སླེབས་པས་འཆི་མི་སྲིད༔ སྙིང་ཚད་གློ་ཚད་རྒྱུ་ཚད་དང་༔ མཁལ་ཚད་ཉ་གས་ལ་སོགས་པ༔ མདོར་ན་དོན་སྣོད་མིང་གིས་བསྒྱུར༔ ཀུན་ལ་ཐེངས་ཆོག་ཨི་ཐི་རྒྱ༔ ཤུ་དག་དཀར་པོ་གླ་རྩི་ཤིང་ཀུན་གསུམ༔ ནུས་པ་ཅན་ནམ་ལོ་བརྒྱད་དྲི་ཆུར་སྦྱར༔ མཁའ་འགྲོའི་སྔགས་སྟོང་དྲོད་ཀྱིས་གླན༔ རྒྱ་ཐོར་རྒྱུག་གཟེར་གྲིབ་བུ་མེ་ལྕེ་འཁོར༔ གག་པ་ལྷོག་པ་གཟེར་གྱི་རིགས་རྣམས་འཇོམས༔ དཀར་སྐྱུར་དམར་གྱི་ཁ་ཟས་སྤང་༔ གཉན་གཟེར་ཀུན་འཇོམས་ལས་ཚོགས་རྒྱ༔ ལྷོག་དུག་ནག་པོ་ཟངས་རྩི་པ༔ ཡུ་མོ་བདེ་སྦྱིན་བྱ་རྒོད་སྦོས༔ སྟག་ཤ་གླ་རྩི་ཆ་མཉམ་ལ༔ མཁའ་འགྲོའི་སྔགས་སྟོང་དྲོད་ཀྱིས་གླན༔ ནད་ཚབས་ལྟར་སྦྱར་ཁམས་དང་བསྟུན༔ ལྷོག་པ་གཉན་འཇོམས་ཨི་ཐི་རྒྱ༔ གླ་རྩི་ལི་ཤི་སྦལ་པའི་ཤ༔ ལྕེ་ཚ་རྒྱ་ཚ་ཟེ་ཚ་གསུམ༔ ཞིབ་ཏུ་བཏགས་ལ་སྨྱུག་གུས་ཕུལ༔ ཚད་པ་ཆེ་ན་ག་པུར་བསྣན༔ ཡང་ཡང་བཏབ་པས་གག་པ་ཞི༔ གག་པ་འཇོམས་པའི་ལས་ཚོགས་རྒྱ༔ ཤིང་ཀུན་དང་ནི་བྲག་ཞུན་དེ་བ་གསུམ༔ བདུད་རྩི་རྣམ་གསུམ་ཀུན་གྱི་གཙོ་བོ་ཡིན༔ གླང་ཐབས་ཁྲག་ལ་བབས་ན་བ་ལེ་ཀ༔ སྐྱུ་རུ་ར་དང་བ་ཤ་ད་ཏྲིག་བསྣན༔ མཁྲིས་པར་བབས་ན་གསེར་གྱི་མེ་ཏོག་དང་༔ གསེར་གྱི་ཕུད་བུ་ཏིག་ཏ་དུང་མོ་ཉུང་༔ ཆུ་གྲང་རྟར་བསྐྱོན་ན་སར་ལྕགས་རྡོ་གླན༔ གྲང་གླང་བབས་ན་རྒྱ་ཚ་ཁ་རུ་ཚ༔ ཆུ་བསྐོལ་རྟ་ལ་བསྐྱོན་པ་ཤེས་པར་བྱ༔ སྲིན་གླང་བབས་ན་ལང་ཐང་མེ་རུ་རྩེ༔ བྱི་ཐང་ཀ་དང་གླ་རྩི་ཆ་མཉམ་སྦྱར༔ ཚ་གྲང་རྟ་ཡི་མན་ངག་ཡུལ་དང་བསྟུན༔ སེའུ་འབྲུ་ཤིང་ཀུན་ཕོ་བ་རིས༔ བུ་རམ་རིལ་བུས་རླུང་རིགས་སེལ༔ མཁའ་འགྲོ་བསྒྲུབ་པའི་བསྙེན་སྔགས་ལ༔ གླང་ཐབས་རིགས་ལྔ་སོད་ཅེས་སྦྱར༔ སྔགས་སྟོང་སྨན་རྟར་བཏབ་སྟེ་གཏོང་༔ གླང་ཐབས་རིགས་ལྔ་འཇོམས་པ་ཡི༔ ལས་ཚོགས་ཟབ་མོ་ཨི་ཐི་རྒྱ༔ བུ་རམ་སྒོར་ལ་བཅའ་སྒ་བཏབ་བཏང་བས༔ རླུང་གི་ནད་རིགས་མ་ལུས་སེལ་བར་བྱེད༔ ཨྀ་ཐི་རྒྱ༔ འབྲས་བུ་གསུམ་གྱི་སྨན་མར་བསྡུས་ནས་ཀྱང་༔ ཕག་གླད་བཏབ་བཏང་རྣ་བ་འོན་པ་སེལ༔ ཨྀ་ཐི་རྒྱ༔ རུས་ཐང་ནང་དུ་དྲོད་སྨན་རིགས་གྱུར་བཏབ༔ ཤ་ཟོས་ཕོ་བས་མ་ཞུའི་ནད་རིགས་སེལ༔ ཨྀ་ཐི་རྒྱ༔ ཆུ་ཁོལ་ནང་དུ་སེའུ་འབྲུ་བཏབ་འཐུངས་པས༔ ཆུ་འཐབས་ཆུ་འཁྲུགས་མ་ཞུའི་ནད་རྣམས་སེལ༔ ཨི་ཐི་རྒྱ༔ སེའུ་འབྲུ་ཅོང་ཞི་དར་བར་བསྐོལ་བཏང་བས༔ མར་དང་ཚིལ་གྱིས་མ་ཞུའི་རིགས་རྣམས་སེལ༔ ཨི་ཐི་རྒྱ༔ བྱིའུ་གྲོ་རྩའི་ཤ་ཆུར་བསྐོལ་ཏེ་བཏང་༔ སྨན་རིགས་མ་ཞུའི་ནད་རྣམས་སེལ་བར་བྱེད༔ ཨི་ཐི་རྒྱ༔ སེའུ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་༔ ཆ་མཉམ་སྦྱར་བཏང་རླུང་འགགས་རིགས་རྣམས་སེལ༔ ཨི་ཐི་རྒྱ༔ བཟླས་བརྗོད་འབུང་ཚེ་རླུང་གི་སྐད་འགགས་ན༔ སྤང་རྒྱན་དཀར་པོ་བུ་རམ་ཆང་གིས་སེལ༔ མཁྲིས་པས་འགགས་ན་ཏིག་ཏ་རུས་ཁུར་བཏབ༔ དྲོད་ཡལ་ཙམ་དུ་བཏང་བས་སེལ་བར་འགྱུར༔ ཨི་ཐི་རྒྱ༔ བད་ཀན་ཁམས་ཀྱིས་འགགས་པར་གྱུར་པ་དང་༔ སྐྱུ་རུ་ར་དང་སེའུ་འབྲུ་བཏང་བས་སེལ༔ ཨི་ཐི་རྒྱ༔ སུག་སྨེལ་ཤིང་མངར་ཨ་རུ་གསེར་མདོག་དང་༔ སྲོ་ལོ་སྤང་རྒྱན་དཀར་པོ་གཉིས་དང་བཅས༔ བུ་རམ་རིལ་བུར་བསྒྲིལ་ལ་སྣོད་གཙང་བླུགས༔ མཁའ་འགྲོའི་སྙིང་པོ་ཁྲི་ཡི་དྲོད་ཀྱིས་གསོ༔ དབྱངས་སྙན་མགྲིན་པ་བདེ་ཞིང་བཟླས་བརྗོད་འཕེལ༔ ཨི་ཐི་རྒྱ༔ བཅའ་སྒ་ཤིང་ཀུན་ཁ་རུ་ཚ་སྦྱར་བཏང་༔ སྙིང་རླུང་ཞུགས་པ་སེལ་ཐབས་ཨི་ཐི་རྒྱ༔ སྦྲང་རྩི་ཀ་ར་ཅུ་གང་སྦྱར་བཏང་བས༔ གློ་བའི་ནད་རིགས་སེལ་ཐབས་ཨི་ཐི་རྒྱ༔ བྲག་ཞུན་ཨུཏྤལ་པྲི་ཡང་ཀུ༔ གུར་གུམ་ཆུ་ཡིས་མཆིན་ནད་སེལ༔ ཨི་ཐི་རྒྱ༔ ཤུག་གུ་ཚེར་མ་བྲག་ཞུན་སུག་སྨེལ་སྦྱར༔ ལི་ཤི་གསེར་མེ་དང་ནི་ཨ་རུ་ར༔ པི་པི་ལིང་སྦྱར་བཏང་བས་མཚེར་ནད་སེལ༔ སུག་སྨེལ་ཤིང་ཚ་སེའུ་འབྲུ་པི་པི་ལིང་༔ སྦྱར་བཏང་ཕོ་བའི་རླུང་ནད་མ་ལུས་སེལ༔ ཨི་ཐི་རྒྱ༔ ཅོང་ཞི་ཁ་རུ་ཚ་དང་བཅའ་སྒ་སྦྱར༔ ལན་ཚའི་རྟར་བསྐྱོན་བད་ཀན་སེལ་བར་བྱེད༔ ཨི་ཐི་རྒྱ༔ ཅོང་ཞི་འུ་སུ་ཀ་ར་སྦྱར་ཏེ་བཏང་༔ ཆུ་ཁོལ་ཕུལ་བས་བད་སྨུག་ནད་རྣམས་སེལ༔ ཨྀ་ཐི་རྒྱ༔ ཨ་བར་བཅའ་སྒ་རྒྱ་ཚ་གསུམ༔ སྐོལ་བའི་ཐང་གིས་མཁྲིས་ནད་སེལ༔ ཨྀ་ཐི་རྒྱ༔ སྦྲང་རྩི་སྒོར་ལ་ཏིག་ཏ་བཏབ་སྟེ་བརྟེན༔ འཁྲུགས་ཀྱི་རིགས་རྣམས་སེལ་ཐབས་ཨི་ཐི་རྒྱ༔ བྲག་ཞུན་གླ་རྩི་གིའུ་ཝང་གིས༔ གཟེར་ཐུང་ནད་རྣམས་སེལ་བར་བྱེད༔ ཨ་ིཐི་རྒྱ༔ ཨ་བར་བསྡུས་པའི་དྲོན་མོའི་ཐང་༔ རིམས་ཀྱི་ཚད་པ་སེལ་བར་བྱེད༔ ཨི་ཐི་རྒྱ༔ བྱང་བ་སྡིག་པ་དབྱི་མོང་པ༔ ལྕམ་པ་བསྣན་པས་ཆུ་འགགས་སེལ༔ ཨི་ཐི་རྒྱ༔ གིའུ་ཝང་གླ་རྩི་ཤུ་དག་ནག་པོ་སྦྱར༔ ལྷོག་པའི་ནད་རྣམས་སེལ་བར་བྱེད༔ ཨི་ཐི་རྒྱ༔ དངུལ་ཐལ་དོམ་འཁྲིས་ཀ་ར་བཏང་༔ རྨ་འབྲས་རྙིང་པ་སེལ་བར་བྱེད༔ ཨི་ཐི་རྒྱ༔ ཀ་ར་སྦྲང་རྩི་ཆུ་ལ་བཏབ༔ ཉི་དགའི་ཐང་གིས་སྐོམ་ནད་སེལ༔ ཨི་ཐི་རྒྱ༔ ཨ་རུ་ར་དང་ཚ་ལ་བྲག་ཞུན་དང་༔ རེ་རལ་ཆ་མཉམ་བཏང་བས་ཤ་དུག་སེལ༔ ཨི་ཐི་རྒྱ༔ ཨ་བར་རྒྱ་ཚ་པི་པི་ལིང་༔ ཆུ་ཁོལ་རྟར་བསྐྱོན་བཙན་དུག་སེལ༔ ཨི་ཐི་རྒྱ༔ ཨ་བར་བསྡུས་ཁུར་དན་རོག་བཏབ༔ ཆུ་ཡིས་བད་ཀན་སེལ་བར་བྱེད༔ ཨི་ཐི་རྒྱ༔ ཤ་ཚིལ་ཕག་ཚིལ་བསྐོལ་བའི་ཆུར༔ སྒོག་གཅིག་གླ་རྩི་བསྣུར་ཏེ་བཏབ༔ ལྕེ་བྲང་གྲེ་བའི་ནད་རྣམས་སེལ༔ ཨི་ཐི་རྒྱ༔ ར་མཆིན་མར་དུ་བཙོས་ཏེ་བཏང་༔ མིག་གི་རབ་རིབ་སེལ་བར་འགྱུར༔ ཨི་ཐི་རྒྱ༔ དེ་ལྕགས་ཐར་ནུ་ར་དུག་མུ་ཟི་ནག༔ ལྡོང་རོས་གནའ་བ་ར་དང་ཕག་པའི་ཁྲག༔ སྦྱར་ཏེ་བྱུགས་པས་མེ་དབལ་སེལ་བར་བྱེད༔ ཨི་ཐི་རྒྱ༔ ཐར་ནུ་རེ་ལྕགས་བ་བླ་དང་༔ ཆུ་རྩ་སྦྱར་བྱུགས་རྒྱ་ཤུ་སེལ༔ ཨི་ཐི་རྒྱ༔ ག་པུར་ཀ་ར་སྤང་མ་དང་༔ མ་ནུ་བཞི་སྦྱར་མིག་ཚགས་ནད་རྣམས་སེལ༔ ཨི་ཐི་རྒྱ༔ འབྲུ་མར་བསྐོལ་བའི་ནང་དུ་ནི༔ འབྲས་བུ་གསུམ་གྱི་ཕྱེ་མ་བཏབ༔ ལྟོར་བཏང་མིག་ཆུ་འཛགས་པ་སེལ༔ ཨི་ཐི་རྒྱ༔ བཟང་དྲུག་གླ་རྩི་ག་པུར་གིའུ་ཝང་རྣམས༔ སྐེ་ལ་བཏགས་པས་རིམས་ནད་མ་ལུས་འགོགས༔ ཨི་ཐི་རྒྱ༔ བཟང་དྲུག་གླ་རྩི་ག་བུར་གིའུ་ཝང་༔ ཆང་བསྐོལ་བཏབ་བཏུངས་མ་ཞུའི་རིགས་རྣམས་སེལ༔ ཨི་ཐི་རྒྱ༔ མར་རྙིང་ཕག་པའི་ཚིལ་བུ་ཡུངས་ཀར་བཅས༔ ཨ་རུ་ར་ཡིས་དུག་ནད་སེལ་བར་འགྱུར༔ ཨི་ཐི་རྒྱ༔ བཙན་དུག་གླ་རྩི་ཨ་རུ་རིལ་བུ་བསྒྲིལ༔ ཚོད་བརྟགས་བཏང་བས་གཉན་ནད་སེལ༔ སོ་བར་ལྟེམས་ན་སོ་ནད་ཞི༔ ཨི་ཐི་རྒྱ༔ སྦྲུལ་ཤ་བཏང་བས་ཤ་མ་འགགས་པ་འཐོན༔ ཨི་ཐི་རྒྱ༔ ཁྱི་རླིག་སྦྲུལ་ཤས་བུ་རོ་འཐོན༔ ཨི་ཐི་རྒྱ༔ སྐྱེས་པའི་རྨང་སྤུ་ཁྱི་ཡི་རླིག༔ བཏང་བས་བུད་མེད་བུ་འགགས་འཐོན༔ ཨི་ཐི་རྒྱ༔ ཤིང་ཀུན་ཛ་ཏི་བུ་རམ་སྦྱར་བཏང་བས༔ རླུང་དང་རྙིང་རླུང་ཞུགས་པ་སེལ་བར་འགྱུར༔ ཨི་ཐི་རྒྱ༔ སྐྱུར་རུ་སྒ་སྦྱར་སྦྲང་གི་རིལ་བུར་སྒྲིལ༔ ཕོ་བའི་ཚད་པ་སེལ་བར་བྱེད༔ ཨི་ཐི་རྒྱ༔ སྟོན་གྱི་གྲོ་ཕྱེ་ལྟོ་སྟོང་ཞོ་སྦྱར་བཏང་༔ ཚ་འཁྲུགས་ནད་རྣམས་མ་ལུས་སེལ་བར་བྱེད༔ ཨི་ཐི་རྒྱ༔ ཨ་རུ་གླ་རྩི་སྨན་ཆེན་གུ་གུལ་ནག༔ རུ་རྟ་ཤུ་དག་ཁྱེའུའི་དྲི་ཆུས་སྦྲུས༔ རིལ་བུ་སྒྲིལ་ཏེ་ཆུ་ཁོལ་རྟར་བསྐྱོན་བཏང་༔ གག་ལྷོག་མ་ལུས་འཇོམས་པའི་མན་ངག་རྒྱ༔ གདོན་སྲིན་རིགས་ཀུན་རླུང་ནད་རིགས༔ མི་ནད་མ་ལུས་སེལ་བར་བྱེད༔ ཨི་ཐི་རྒྱ༔ དེ་ལ་རྒྱ་ཚ་སྡིག་སྲིན་དང་༔ གསེར་བྱེ་ཤུག་གུ་ཚེར་མ་ཅན༔ བསྣན་ཏེ་བཏང་བས་ཆུ་འགགས་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གནད་ཀྱི་མན་ངག་འགྲོ་ལ་ཕན་དོན་དུ༔ ཕྱི་མའི་དོན་དུ་ཡི་གེའི་རིས་སུ་ཐོབ༔ གནས་ཆེན་བདུན་ལ་སྦོས་ཤིག་ཨ་ཐམ་རྒྱ༔ མ་འོངས་དུས་ན་ཤར་ལྷོ་ནུབ་བྱང་དབུས༔ ལས་ཅན་གཏེར་སྒོ་འབྱེད་པ་འགའ་འབྱུང་ཞིང་༔ སྐབས་དང་སྐབས་སུ་རྒྱ་མཐོངས་ཉི་ཞུར་ལྟར༔ སྡུག་བསྔལ་ལྡན་པའི་འགྲོ་ལ་ཕན་ཐོགས་བྱེད༔ ཅེས་གསུངས་པ་འདི་ཡང་རྒྱས་བསྡུས་བྱེ་བྲག་གསུམ་དང་འདྲ་འདྲ་འདྲ་བ་བཞིར་ཕྱེས་ཏེ་མཐའ་དབུས་ཀྱི་གནས་ཆེན་བདུན་ལ་མཁའ་འགྲོའི་གསང་མཛོད་དུ་སྲུང་མ་ལ་བཅོལ་ལོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་རྨི་ལམ་ཡུལ་ལྟར་གྱི་མིང་གཟུགས་འཛིན་པའི་འཁྲུལ་པའི་ཟློས་གར་མཁན་ཟོག་པོ་གཡུ་རྣ་ཅན་གྱིས་མེ་ཡོས་ཀྱི་ལོ་ལ་ཆགས་རུ་ཕུག་སྔོན་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བ་མངྒ་ལམ། །འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོག་པར་གྱུར་ཅིག །

ལས་ཚོགས།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ ལས་ཚོགས་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ མཁའ་འགྲོའི་བསྙེན་སྒྲུབ་ལྡན་པའི་རྣལ་འབྱོར་པས༔ འགྲོ་བའི་དོན་དུ་སེམས་བསྐྱེད་ལས་ཚོགས་འབུངས༔ མ་འོངས་འགྲོ་བ་རྣམས་ལ་ཕན་ཐོགས་ཤོག༔ ས་མ་ཡ༔ རྒྱ༔ འདི་འདས་མ་འོངས་བསྐལ་པའི་ཐ་མ་ལ༔ ད་ལྟ་མནན་གཏད་བཅིངས་ཤིང་ཨར་ལ་གཏད༔ དམ་སྲི་མ་རུང་སྦས་པ་ཕལ་ཆེར་དོན༔ མཐའ་འདུལ་ཡང་འདུལ་ལྷ་ཁང་མཆོད་རྟེན་ཉམས༔ ཁྱད་པར་བོད་ཀྱི་རྡོ་རྗེ་གདན་གསུམ་ཉམས༔ དེ་དུས་བདུད་འགོང་སྤྲུལ་པ་ཁ་རྒྱས་ཤིང་༔ སེམས་ཅན་རྣམས་ལ་མི་བདེ་སྣ་ཚོགས་གཏོང་༔ སྟོན་ཆེན་དམ་མེད་དམ་སྲིར་སྐྱེ་བའི་དུས༔ མཁན་ཆེན་སྡོམ་མེད་རྒྱལ་པོར་སྐྱེ་བའི་ཚེ༔ རྩ་ལ་འཇུག་ཅིང་ཡིད་ཀྱི་དབང་པོ་འཐོམ༔ དྲན་པ་ཉམས་དང་བརྒྱལ་ཟིལ་འབོག་པ་ཡོང་༔ དེ་དུས་སེམས་བསྐྱེད་ངང་ནས་ཐབས་འདིར་སྤྱོད༔ ས་མ་ཡ༔ རྒྱ༔ མི་ཁྱི་གཅན་གཟན་གསུམ་གྱི་ལུད༔ ཏེའུ་ལོ་པུ་ཤུད་གཉིས་ཀྱི་ཤ༔ རྟ་ནག་ཁྲག་དང་མཛེ་ཕོའི་ཁྲག༔ མུ་ཟི་དཀར་ནག་གླ་རྩི་བཏབ༔ ནུས་ལྡན་དྲི་ཆེན་མཆོག་ཏུ་གྱུར༔ མཁའ་འགྲོའི་བསྙེན་པ་ཁྲི་ཡིས་སྔགས༔ བྱུག་རྫས་ལྟོ་སྨན་གཉིས་ཀ་བྱ༔ མུ་ཟི་དཀར་ནག་གུ་གུལ་ནག༔ ཐང་ཕྲོམ་སྤུ་ནག་དུད་པས་འདུག༔ རྒྱལ་བསེན་རྒྱལ་གདོན་གཟའ་ནད་ཐུབ༔ ཨི་ཐི་རྒྱ༔ གླ་རྩི་ལྡོང་རོས་བྱ་རྒོད་སྦོས༔ གུ་གུལ་ནག་པོ་སྐྱེར་འབྲུ་བཏབ༔ བསྣུན་ཞིང་མར་ནག་དག་དང་སྦྱར༔ དང་པོ་བུལ་ཆུས་རང་ལུས་དག་པར་འཁྲུད༔ སྔགས་ཀྱི་དྲོད་གླན་ལུས་ལ་ཁྱབ་པར་བྱུག༔ ལན་ཆགས་ཤིག་གི་བསྲུང་བ་ཨི་ཐི་རྒྱ༔ དང་པོ་བུལ་ཆུས་རང་ལུས་དག་པར་བཤལ༔ དུད་པ་བྱ་བལ་སྲན་མའི་མེ་ཏོག་གཉིས༔ སླར་ཡང་བུལ་ཆུའི་རྟར་བསྐྱོན་ལུས་ལ་བྱུག༔ ལུས་ལ་བསེབ་དྲི་འཐུལ་བ་ཐུབ་པར་འགྱུར༔ ཨི་ཐི་རྒྱ༔ དཔའ་བོ་གྲི་ལ་ཤི་བའི་རྩིབ་རུས་ལ༔ རཱ་ཧུ་ལའི་སེར་བ་བྷྱོ་ཟློག༔ ལྷའི་སེར་བ་བྷྱོ་ཟློག༔ ཀླུའི་སེར་བ་བྷྱོ་ཟློག༔ བཙན་གྱི་སེར་བ་བྷྱོ་ཟློག༔ བདུད་ཀྱི་སེར་བ་བྷྱོ་ཟློག༔ མ་མོའི་སེར་བ་བྷྱོ་ཟློག༔ དམུའི་སེར་བ་བྷྱོ་ཟློག༔ རྒྱལ་པོའི་སེར་བ་བྷྱོ་ཟློག༔ ཐེའུ་རང་གི་སེར་བ་བྷྱོ་ཟློག༔ བྲིས་བསུབས་ལྷག་ཆད་མེད་པར་འབྲི་བར་བྱ༔ ཤ་ཆེན་སྒོག་སྐྱ་གུ་གུལ་ནག་པོ་དང་༔ རེ་ལྕགས་ཤིན་ཀུན་གཡེར་མ་མུ་ཟི་ནག༔ གླ་རྩི་ཐང་ཕྲོམ་རྣམས་ཀྱི་རྫས་བསགས་ཏེ༔ རྩིབ་མའི་བྱང་བུའི་སྐེ་ལ་བཏགས་ནས་ཀྱང་༔ ཡུལ་ཕྱོགས་ལྷ་འདྲེར་ཕུད་དང་གཏོར་མས་བསངས༔ བཀའ་བསྒོ་ཏིང་འཛིན་གསལ་ཞིང་སེར་ལམ་དུ༔ ས་ལ་དོང་བྲོས་མི་མངོན་སྦ་བ་གནད༔ སྡེ་བརྒྱད་དམོད་པ་དྲག་པོའི་སེར་བ་ཐུབ༔ ཨི་ཐི་རྒྱ༔ སྲུང་སྐུད་དམར་ནག་གང་རུང་ལ༔ རྡོ་རྗེའི་མདུད་པ་ཉེར་གཅིག་བརྒྱབ༔ ཨཱོཾ་བཛྲ་པཱ་ནི་དྷཀྐི་ནི་ཧ་རི་ནི་ས་ཨཱོཾ་ཨ་ཨེ་ཏི་མི་ཏི་རུ་ཏི་སྭཱ་ཧཱ༔ མདུད་པ་རེ་ལ་སྟོང་རེ་བཏབ༔ ཡེ་དྷར་སྔགས་ཀྱིས་རབ་ཏུ་གནས༔ བྱིས་པའི་སྐེར་བཏགས་གཙེར་བ་ཞི༔ ཨི་ཐི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཉི་མ་གྲགས་པས་མེ་ཡོས་ལ་ཕུག་སྔོན་ནས་གདན་དྲངས་པ་མངྒ་ལམ། །

དྲག་པོའི་སྦྱིན་སྲེག་དགྲ་བགེགས་ཚར་གཅོད།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ དྲག་པོའི་སྦྱིན་སྲེག་དགྲ་བགེགས་ཚར་གཅོད་བཞུགས༔ ཕག་གདོང་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ མ་དང་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ དྲག་པོའི་གནས་སུ་འཕུང་གསུམ་ཉི་མ་ལ༔ དུར་ཁྲོད་འཕུང་ཤུལ་ས་རྡོར་སྟེགས་བུ་ནི༔ རྒྱ་དཔངས་ཁྲུ་གང་ཟུར་གསུམ་ཚད་ལྡན་བཟོ༔ དུག་ཁྲག་དུར་འཇིམ་དུར་སོལ་ནག་པོར་བསྒྱུར༔ རཾ་ཡིག་དབུས་སུ་ས་བོན་འགོད་པར་བྱ༔ དུར་རྡོ་འམ་ནི་གྲི་ལྕགས་སྒྱེ་དཔུའི་སྟེང་༔ རབས་ཆད་དམ་ཡུགས་སའི་སླ་ངར་སྣུམ་ནག་བླུགས༔ དྲག་པོའི་ཤིང་གི་ཐབ་ནི་ལེགས་པར་བརྩིགས༔ ཡམ་ཤིང་བརྒྱའམ་ཉེར་གཅིག་སྐབས་ལྟར་ལ༔ དགྲ་བགེགས་གང་གནོད་མིང་བྱང་དུག་ཁྲག་འབྲི༔ ཤ་ཁྲག་གཏོར་མ་དྲག་པོའི་སྲེག་རྫས་དང་༔ ལིངྒ་དག་ཀྱང་དེ་ལྟར་སྐབས་མཐུན་བསགས༔ ལྡོང་རོས་སྦྲང་ཕྱེ་སྣུམ་དང་མེ་རྫས་སྦྲན༔ དགྲ་བགེགས་ལིངྒ་སླ་ངའི་ནམ་མཁར་གདགས༔ སྲེག་རྫས་མཆོད་རྫས་ལེགས་པར་བཤམས་ནས་ཀྱང་༔ མཁའ་འགྲོའི་བསྐྱེད་རྫོགས་བསྙེན་སྒྲུབ་ཁ་གསོ་སྟེ༔ མེ་ཐབ་བསང་ཞིང་མེ་ལྷ་དམར་ནག་ཁྲོ༔ གསལ་བར་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་འབུལ༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་འཕྲིན་ལས་པ༔ ཚངས་ཆེན་སྲས་མཆོག་འཇིག་རྟེན་ཡོངས་ཀྱི་མགོན༔ རབ་ཏུ་འབར་བའི་དྲག་ཤུལ་མཐུ་སྟོབས་རྒྱས༔ སྲེག་རྫས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ དགྲ་བགེགས་འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློག༔ ཨཱོཾ་ཨགྣཱེ་ཡེ་དགྲ་བགེགས་ཐམས་ཅད་རཾ་རཾ་ཛྭ་ལ་རཾ་མཱ་ར་ཡ་ཧཱུྃ་ཕཊ༔ རིམ་གྱིས་མཆོད་ལ་མེ་ལྷ་མེ་ཡི་ཀློང་༔ ཐབ་སྒྱེད་སླ་ང་ཆོས་འབྱུང་གྲུ་གསུམ་དབུས༔ ཕག་མོ་ལྗང་མོ་འཕྲིན་ལས་མཁའ་འགྲོ་འབུམ༔ རབ་ཏུ་འཁྲུག་ཅིང་འབར་བའི་སྟོབས་ལྡན་བསྐྱེད༔ སྤྱན་འདྲེན་མཆོད་བསྟོད་རྩ་བའི་སྔགས་ཤམ་ལ༔ གནོད་བྱེད་དགྲ་བགེགས་དམ་སྲིའི་མིང་ལྟེམ་ཞིང་༔ ཛྭ་ལ་རཾ་རཾ་མཱ་ར་ཡ་ཧཱུྃ་ཕཊ༔ བརྒྱ་དང་རྩ་བརྒྱད་སྟོང་ལ་སོགས་པ་ནི༔ སྐབས་ལྟར་རྒྱས་བསྡུས་ཤེས་པར་བྱ་བ་གནད༔ མཚམས་མཚམས་མེ་རྫས་སྤྲོ་ཞིང་འགྱེད་པར་བྱ༔ འཕྲིན་ལས་རྫོགས་མཚམས་གནམ་ལིང་འཚིག་པར་བྱ༔ ལྗང་མོ་འབུམ་སྡེ་མ་མོ་མཁའ་འགྲོའི་ཚོགས༔ རྔམ་ཞིང་འཁྲུགས་སྟེ་འཁོར་ནས་དྲག་ཏུ་འབར༔ གཅན་གཟན་ཤ་ལ་རུབ་པའི་ངང་ཚུལ་ལྟར༔ དགྲ་བགེགས་ཐམས་ཅད་ཆོམ་ཆོམ་ཁྲུམ་ཁྲུམ་བཞེས༔ སྐུ་གསུང་ཐུགས་དགྱེས་བཅོལ་བའི་ལས་མཛད་བསྒོམས༔ ཡེ་ཤེས་པ་གཤེགས་དམ་ཚིག་མཁའ་དབྱིངས་བསྟིམ༔ མེ་ཡི་ལྷ་ལ་བཟོད་གསོལ་གཏང་རག་མཆོད༔ ནུས་པའི་མཐུ་ཡིས་དགྲ་བགེགས་ཚར་བཅད་པའི༔ བསོད་ནམས་དགེ་བ་བསྟན་འགྲོའི་དཔལ་དུ་བསྔོ༔ ལན་གཅིག་དགུ་འམ་བརྒྱ་སོགས་འབྲས་ཚབས་ལྟར༔ ལས་ལ་སྦྱར་བས་དགྲ་བགེགས་གང་ལ་བརྩམས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་ངེས་སོ་རྒྱ༔ ཐལ་བ་ལིངྒ་དང་བཅས་འཕུང་གསུམ་ལ༔ མཆོད་རྟེན་ལྷ་ཁང་སྒྲུབ་ཁང་རྒྱ་གྲམ་ལམ༔ དགྲ་གདོན་གང་དམིགས་དགྲ་གཤེད་ཐོད་པར་བསྡམས༔ འཕུང་རེས་དྲིས་ཞིང་ཕྱིན་ལོག་སྐུད་པས་བཅིངས༔ ལྟ་བའི་གདེང་བསྐྱེད་ཡུལ་ལྷར་ཕུད་ཀྱིས་མཆོད༔ ཕྱག་གཡས་གྲི་གུག་ས་ལ་ལན་གསུམ་སྤྲོས༔ རིམ་པ་དགུ་བཤགས་མཐའ་མེད་རྒྱ་མཚོའི་ཀློང་༔ ཁོ་ཡི་ལས་སྨིན་རང་གཟུགས་ཆུ་སྲིན་གྱི༔ གྲེ་བར་བརྫངས་པས་ནམ་ཡང་ཐར་མེད་བསམས༔ མ་ཉེས་ཤགས་འདེབས་བདེན་བརྗོད་དྲག་ཏུ་བརྗོད༔ འགུགས་བསྟིམས་བརྒྱ་རྩའི་སྟེང་ནས་རོ་གཡབ་བཀབ༔ མེ་རྒྱ་ཆུ་རྒྱ་རིམ་དགུའི་ས་ཡིས་མནན༔ མཁའ་འགྲོའི་བྲོ་བརྡུང་ནམ་ཡང་ཐར་མེད་བསམས༔ བསྲུང་བའི་གོ་བསྒོ་བཟློག་པའི་སྔགས་བྱང་བརྩམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལ་བརྩོན་པས་འཕྲིན་ལས་མེ་ལྟར་འབར༔ དགྲ་བགེགས་མ་ལུས་ཁ་དག་གཏོང་བ་དང་༔ བསྟན་དང་འགྲོ་བའི་བདེ་བ་བསྐྱེད་པ་ཡོང་༔ དེས་ན་སྐལ་ལྡན་རྣམས་ཀྱིས་སྤྱོད་མཁས་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིགས་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་སྔོན་ནས་གདན་དྲངས་ཤིང་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ། །

ལས་བྱང་ཆོག་སྒྲིག

ཕག་མོ་སྔོན་མོའི་ཟབ་ཐིག་ལས། སྣ་ཚོགས་མཐར་ཕྱིན་གྱི་ལས་བྱང་བཞུགས། །ཕག་གདོང་སྣ་ཚོགས་མཐར་ཕྱིན་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་དོན་ཀྱི་ཕྱིར་དུ་ཕག་གདོང་སྣ་ཚོགས་མཐར་ཕྱིན་མའི་ཉམས་ལེན་འདོད་པས། དབེན་པའི་གནས་སུ་དཀྱིལ་འཁོར་སྨན་རག་གཏོར་མ་ཚོགས་དང་མཆོད་རྫས་རྣམས་གཞུང་ལྟར་བཤམས་ལ། ཐུན་མོང་གི་སྔོན་འགྲོ་ཆོས་སྤྱོད་གསོལ་འདེབས་གཏོར་མ་ཆ་གཉིས་སོགས་མཐོང་བརྒྱུད་ཕྱག་ལེན་ལྟར་བྱ། དེ་ནས་དངོས་གཞི་གྱེར་བསྒོམ་དང་ལྡན་པས་རོལ་མོ་རྣམས་འཁྲོལ་ཞིང་། བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་སྣ་ཚོགས་མཐར་ཕྱིན་སྐུ༔ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་མ༔ མཁའ་འགྲོའི་སྤྲུལ་པས་སྟོང་གསུམ་གང་༔ ལོག་པར་ལྟ་བའི་གདོན་བགེགས་རྣམས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་རང་རང་གནས་སུ་དེངས༔ ཧཱུྃ་བཞིའི་སྔགས་བརྗོད༔ མཚམས་གཅོད་པ་ནི༔ ཧཱུྃ༔ རབ་ཏུ་ཁྲོས་པའི་མཁའ་འགྲོ་འབུམ༔ དྲག་ཏུ་བསྐྱོད་ལ་སྐུ་བཞེངས་ཤིག༔ དུར་ཁྲོད་མཁའ་འགྲོའི་ཕོ་བྲང་འདིར༔ གནོད་བྱེད་གདོན་བགེགས་མཚམས་ཆོད་ཅིག༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ཧཱུྃ་ཕཊ༔ རཀྵ་རཀྵ་སྭཱ་ཧཱ༔ སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ འགྲོ་བ་སེམས་ཅན་དོན་སླད་དུ༔ མཁའ་འགྲོའི་བསྐྱེད་རྫོགས་སྒོམ་བཟླས་བསྒྲུབ༔ གསུམ། ཡན་ལག་བདུན་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་བསྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ མཆོད་པ་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ མཆོད་པའི་མ་དག་ཉེས་པ་སྦྱངས༔ ཡེ་ཤེས་འདོད་དགུའི་བདུད་རྩིར་བསྒྱུར༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་པཱུ་ཙ་ས་མ་ཡེ་སྭཱ་ཧཱཿ གསུམ། བྱིན་དབབ་པ་ནི༔ ཧཱུྃ༔ དབྱིངས་ཀྱི་མཁའ་འགྲོའི་ཕོ་བྲང་ནས༔ སྣ་ཚོགས་མཐར་ཕྱིན་མཁའ་འགྲོའི་རྗེ༔ མཁའ་འགྲོ་མ་ཚོགས་འབུམ་གྱིས་བསྐོར༔ སྒྲུབ་པའི་གནས་འདིར་བྱིན་ཅིག་ཕོབ༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཨ་ཝེ་ཤ་ཡ་ཨ་ཨཱཿ བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ བརྗོད་མེད་མ་བཅོས་དེ་བཞིན་ཉིད༔ ངན་རྟོག་དབང་གིས་འཁོར་བར་འཁྱམས༔ གཟུང་འཛིན་སྐྱེ་མེད་རང་གྲོལ་བའི༔ ཡེ་ཤེས་དོན་གྱི་སྒོ་དབྱེ་འཚལ༔ པྲ་ཝེ་ཤ་ཡ་ཧོཿ བརྡ་ཕྱག་ནི༔ ཧཱུྃ༔ སྐྱེ་མེད་གཉུག་མའི་རང་བྱུང་ལྷ༔ རང་དང་འགྲོག་ཀྱང་ཞལ་མ་མཇལ༔ དུས་འདིར་རང་རིག་རང་ངོར་ཤར༔ རང་གྲོལ་དོན་གྱི་ཕྱག་འཚལ་ལོ༔ ས་མ་ཡ་ཨ་ལ་ལ་ཧཱུྃ༔ དམ་བཤགས་ནི༔ ཧཱུྃ༔ གདོད་ནས་རང་དང་གཉིས་མེད་ཀྱང་༔ གཉིས་འཛིན་དབང་གིས་སོ་སོར་ཕྱེ༔ ཆོས་དབྱིངས་མཁའ་འགྲོའི་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨཿ བསྐྱེད་རིམ་ནི༔ ཧཱུྃ༔ རྒྱུ་ཡི་རང་བཞིན་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་རང་རྩལ་དམིགས་སུ་མེད་པའི་ངང་༔ དམིགས་མེད་བརྩེ་བའི་སྙིང་རྗེའི་རང་མདངས་ལས༔ ཚད་མེད་བཞི་ལྡན་སྣང་སྟོང་མེ་དཔུང་ཀློང་༔ ཆོས་ཀྱི་འབྱུང་གནས་ཨེ་ཡི་ཕོ་བྲང་དབུས༔ ཏི་ར་ཉི་ཟླ་པདྨ་འབར་བའི་སྟེང་༔ རང་བྱུང་སེམས་ཉིད་ངོ་བོ་ཡི་གེ་ས༔ འོད་ཟེར་སྤྲོ་བསྡུ་བསྒྱུར་བས་ཡེ་ཤེས་ཀྱི༔ ཕག་མོ་སྔོན་མོ་སྣ་ཚོགས་མཐར་ཕྱིན་མ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཁའ་ལ་གཟིགས༔ གྲི་ཐོད་ཕྱག་རྒྱ་རུས་རྒྱན་གར་སྟབས་འཁྲབ༔ དུར་ཁྲོད་ཆས་བརྒྱད་ཡེ་ཤེས་མེ་དཔུང་འབར༔ ཞལ་གདངས་ལྗགས་འགྲིལ་མཆེ་གཙིགས་རྐན་སྒྲ་རྡེབ༔ ཐོད་པས་དབུ་བརྒྱན་ཁ་ཊྭཱཾ་ག་ལ་འཁྱུད༔ ཕག་ཞལ་སྒྲ་ཡིས་སྲིད་གསུམ་འདར་ཞིང་འཁྱོམ༔ ལྗང་མོ་འབུམ་གྱི་དབུས་ན་ལྷམ་མེར་གསལ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ལས་ཀྱི་མཁའ་འགྲོ་འཕྲིན་ལས་དབང་མོ་ཆེ༔ ནུས་མཐུའི་དཔལ་ལྡན་དྲག་སྔགས་འཁོར་ལོས་སྒྱུར༔ འཕྲིན་ལས་མངའ་བདག་ཡེ་ཤེས་མཁའ་འགྲོ་མ༔ བཞེངས་ཤིག་བཞེངས་ཤིག་འབར་བའི་ཀློང་ནས་བཞེངས༔ གཏུམ་སྐད་ཕེཾ་སྒྲའི་ང་རོ་འབྲུག་ལྟར་ལྡིར༔ ཕག་ཞལ་སྒྲ་སྒྲོག་ཁམས་གསུམ་དབང་དུ་སྡུད༔ ཞིང་ཆེན་གཡང་གཞི་ཁྲག་ཏུ་ཙར་ར་ར༔ མི་མགོའི་ཕྲེང་བ་མང་པོ་ཁྲོ་ལོ་ལོ༔ གནམ་ལྕགས་གྲི་གུག་མཁའ་ལ་ཡ་ལ་ལ༔ ཐོད་ཁྲག་དམར་པོ་ཐུགས་ཀར་ཀྱིལ་ལི་ལི༔ རྡོ་རྗེ་ཁ་ཊྭཱཾ་དབྱིངས་ནས་ལྡེམས་སེ་ལྡེམ༔ དུག་སྦྲུལ་ཆུན་པོ་མང་པོ་ཉིལ་ལི་ལི༔ དུར་ཁྲོད་རུས་རྒྱན་སྐར་ལྟར་ཁྲ་ལ་ལ༔ དར་ཚོན་ཅོད་པན་སྤྲིན་ལྟར་སྤུངས་སེ་སྤུང་༔ སྟག་གི་པགས་པའི་ཤམ་ཐབས་ལྷབས་སེ་ལྷབ༔ རིན་ཆེན་སྣ་ཚོགས་རྒྱན་ཆ་སི་ལི་ལི༔ ཡེ་ཤེས་བསྐལ་པའི་མེ་དཔུང་འུ་རུ་རུ༔ འདོད་ཆགས་ཁྲག་གི་སེར་བ་ཤར་ར་ར༔ ཞེ་སྡང་དྲག་པོའི་གློག་དམར་ཀེམས་སེ་ཀེམ༔ གཏི་མུག་ནག་པོའི་མུན་པ་ཐིབས་སེ་ཐིབ༔ ང་རྒྱལ་དྲག་པོའི་ཐོག་རྒོད་ཉིལ་ལི་ལི༔ ཕྲག་དོག་འཁྲུགས་པའི་འབྲུག་སྒྲ་འུར་རུ་རུ༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་སྒྱུར་ལ༔ ལྗང་མོ་འབུམ་གྱི་འཁོར་དང་བཅས་པ་རྣམས༔ དྲག་པོའི་གནས་ནས་ཡེ་ཤེས་མཁའ་ལ་བསྐྱོད༔ སྒྲུབ་པའི་གནས་འདིར་བྱིན་གྱིས་བརླབ་ཕྱིར་གཤེགས༔ མ་ཚོགས་མཁའ་འགྲོ་འབོད་པའི་དམ་ལ་འདུས༔ སྒྲུབ་པའི་མཁའ་འགྲོ་བསྐྱེད་པའི་སྐུ་ལ་ཐིམ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས༔ བསྐྱེད་རྫོགས་གཉིས་སུ་མེད་པའི་ཕྱག་གིས་འདུད༔ ས་ཀརྨ་དྷཀྐི་ནི་ས་མ་ཡ་ཧྲིང་ཧྲིང་ཕེཾ་ཕེཾ་ཛཿཛཿ ཨ་ཝེ་ཤ་ཡ་ཨ་ཨཱཿ མཆོད་པ་ནི༔ ཧཱུྃ༔ དཔལ་ལྡན་མཁའ་འགྲོ་སྣ་ཚོགས་མཐར་ཕྱིན་མ༔ ལྗང་མོ་འབུམ་གྱི་མཁའ་འགྲོ་འཁོར་བཅས་ལ༔ དབང་པོའི་མེ་ཏོག་ཤ་ཆེན་དུད་སྤྲིན་དང་༔ ཚིལ་ཆེན་མར་མེ་དྲི་ཆུའི་བྱུག་པ་དང་༔ དྲི་ཆེན་ཞལ་ཟས་རྐང་གླིང་རོལ་མོའི་སྒྲ༔ མཆོད་པར་འབུལ་ལོ་མ་ཆེན་དྷཀྐིའི་ཚོགས༔ ཤ་ལྔ་བདུད་རྩི་བྱང་སེམས་ཨ་མྲི་ཏ༔ མ་ཧཱ་རཀྟ་ལ་སོགས་མཆོད་པའི་རྫས༔ ཕྱི་ནང་མཆོད་ཚོགས་འདོད་ཡོན་རྣམ་པ་ལྔ༔ སྣ་ཚོགས་རྒྱན་གྱིས་སྤྲས་པའི་བྷ་ལིངྟ༔ མཆོད་པར་འབུལ་ལོ་མ་ཆེན་དྷཀྐིའི་ཚོགས༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་མ་ཧཱ་མཾ་ས་རཀྟ་ཙིཏྟ་བྷ་ལིངྟ་ཨ་མྲི་ཏ་བྷ་སུ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་ཉེར་གཅིག་གིས་དབུལ༔ ཧཱུྃ༔ རབ་ཏུ་གཏུམ་ཞིང་དུག་གསུམ་འབར་བའི་མ༔ འབུམ་ཕྲག་དྷཀྐིའི་འཕྲིན་ལས་གར་དབང་མོ༔ ཧ་ཧིའི་སྒྲ་སྒྲོག་སྲིད་གསུམ་དབང་དུ་སྡུད༔ ནད་གདོན་བགེགས་དང་བར་ཆད་དབྱིངས་ནས་སེལ༔ སྒྲུབ་མཆོག་བུ་བཞིན་སྐྱོང་ལ་ཕྱག་འཚལ་བསྟོད༔ འཛབ་ནི། ཧཱུྃ༔ མཁའ་དབྱིངས་དག་པའི་ཀློང་ནས་ཡེ་ཤེས་ཀྱི༔ ལྗང་མོ་འབུམ་སྡེ་སྣ་ཚོགས་མཐར་ཕྱིན་མ༔ རང་རིག་ངོ་བོ་སྐྱེ་འགག་མེད་པའི་རྩལ༔ བསྙེན་དང་སྒྲུབ་པ་སྣང་སྟོང་འདུ་འཕྲོ་སྒྱུར༔ དུས་གསུམ་བདེ་གཤེགས་འབུམ་ཕྲག་མཁའ་འགྲོའི་ཚོགས༔ ཐུགས་རྗེ་བྱིན་རླབས་ཁམས་གསུམ་འཁོར་འདས་བཅུད༔ ནུས་པས་དབང་བསྡུས་རྣལ་འབྱོར་བདག་ལ་བསྟིམ༔ བདེ་སྟོང་དབྱིངས་རྒྱས་ཉམས་རྟོགས་འོད་དུ་འབར༔ ཉི་དཀྱིལ་ས་བོན་སྔགས་ཀྱི་ཕྲེང་བ་ལ༔ ཤེས་རབ་རིག་པའི་ཕྲེང་ཐག་བརྒྱུད་དེ་འཁོར༔ ནད་བཟློག་བགེགས་བསད་བར་ཆད་དབྱིངས་སུ་བསལ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཀློང་༔ རང་བྱུང་སྙིང་པོའི་སྒྲ་དབྱང་ས་དིར་རི་རི༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ བརྒྱ་ལས་མ་ཉུང་བ་བཟླས་རྗེས། ནད་གདོན་བགེགས་དང་བར་ཆད་སརྦ་མཱ་ར་ཡ་ཧཱུྃབྷྱོ་ཧཱུྃ་ཕཊ་རཾ་རཾ་སྭཱ་ཧཱཿ སྐབས་ལྟར་སྦྱར། དངོས་གྲུབ་ལེན་པ་ནི། ཧཱུྃ༔ མཁའ་འགྲོ་རྒྱ་མཚོ་དབང་གི་དཀྱིལ་འཁོར་དུ༔ སྐུ་ལྔའི་ཡོན་ཏན་མ་ལུས་འདུས་པའི་དཔལ༔ སྣ་ཚོགས་མཐར་ཕྱིན་སྐུ་དང་གཉིས་སུ་མེད༔ དམ་རྫས་གཏོར་ཆེན་མཆོག་གི་དངོས་གྲུབ་ཞུ༔ མ་དང་མཁའ་འགྲོ་བརྟེན་ཕྱིར་བདག་ལ་སྩོལ༔ ཧཱུྃ༔ སྣ་ཚོགས་མཐར་ཕྱིན་དུས་གསུམ་རྒྱལ་བའི་ཡུམ༔ ལས་ཀྱི་དྷཀྐི་ཀརྨ་མཁའ་འགྲོའི་ཚོགས༔ འགྱུར་མེད་རྣམ་དག་སྐུ་ཡི་སྒོ་ཕྱེ་ནས༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་རྣམ་དག་གསུང་གི་སྒོ་ཕྱེ་ནས༔ ཚངས་དབྱངས་དྲུག་ཅུ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་མེད་རྣམ་དག་ཐུགས་ཀྱི་སྒོ་ཕྱེ་ནས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་ཚུལ༔ དགོས་འདོད་ཀུན་འབྱུང་མཆོག་ཐུན་དངོས་གྲུབ་སྩོལ༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ བཀའ་གཏེར་སྲུང་མ་མཆོད་ཅིང་ཚོགས་འཁོར་བཤམས་ལ༔ ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་ནས༔ ཟག་མེད་བདུད་རྩིའི་བཅུད་འཕྲོས་པས༔ གྷ་ན་ཚོགས་ཀྱི་འཁོར་ལོར་ཕོག༔ འདོད་ཡོན་ལོངས་སྤྱོད་སྣང་སྲིད་བཀང་༔ ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོའི་ཕོ་བྲང་ནས༔ སྣ་ཚོགས་མཐར་ཕྱིན་མཁའ་འགྲོའི་གཙོ༔ འབུམ་ཕྲག་དྷཀྐིའི་འཁོར་གྱིས་བསྐོར༔ གནས་འདིར་མདུན་གྱི་མཁའ་ལ་སྤྱོན༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ མཆོད་པ་ནི༔ ཧཱུྃ༔ རོ་བརྒྱ་ལྡན་པའི་ཞལ་ཟས་བཤོས༔ མཾ་ས་ཤ་དང་སུ་ར་ཆང་༔ བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་གྷ་ན་པཱུ་ཙ་སརྦ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས༔ རང་རྒྱུད་རྨོངས་པས་མི་དགེ་བསགས༔ ཉམས་ཆགས་སྡིག་སྒྲིབ་གནོང་ངོ་འགྱོད༔ ཚོགས་མཆོད་འདི་ཡིས་དག་གྱུར་ཅིག༔ གྷ་ན་པཱུ་ཙ་ཁཱ་ཧི་ཤུདྡྷེ་ཨ༔ བསྒྲལ་ལས་ནི༔ དགུག་གཞུག་སྤྱི་ལྟར་གྱི་མཐར། ས་ཀརྨ་དྷཀྐི་ནི་བྷ་ར་ཧི་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ལུས་ངག་ཡིད་གསུམ་ཁུག་རིལ་ཐུན་བྷྱོ༔ གསུམ། ཛཿཧཱུྃ་བཾ་ཧོ་ས་རྒྱས་གདབ། ཧཱུྃ༔ སྣ་ཚོགས་མཐར་ཕྱིན་འཇིགས་གཟུགས་བརྔམ༔ རབ་གཏུམ་འཁྲུགས་པས་དུག་གསུམ་འབར༔ སྐུ་གསུང་ཐུགས་སྤྲུལ་སྟོང་གསུམ་གང་༔ སྒྲོལ་བྱེད་འབུམ་སྡེས་དགྲ་བགེགས་སྒྲོལ༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་མ་མ་ཏྲག་རཀྵ་ཡ་ཁ་ཐུན་དགྲ་བོ་འདུ་ཤ་ཡེ་བྷནྡྷ་ཡེ༔ ཚིནྡྷ་ཡེ༔ རཀྟ་ཡེ༔ དགྲ་བོའི་སྙིང་ཁ་རག་མོ་སྲོག་ཁུག་མྱུར་དུ་ཁུག་ཛཿཛཿ དགྲ་བོའི་སྙིང་དུམ་བུར་ཆོད་དུམ་བུར་ཆོད་དགྲ་བོ་མཱ་ར་ཡ་ཛཿཛཿ ཞལ་སྟོབ་ནི། ཧཱུྃ༔ མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ ཁཱ་ཧི་ཁཱ་ཧིའདོད་ཆགས་ཁྲག་ལ་ཁཱ་ཧིཿ ཁཱ་ཧི་ཁཱ་ཧི་ཞེ་སྡང་རུས་ལ་ཁཱ་ཧིཿ ཁཱ་ཧི་ཁཱ་ཧི་གཏི་མུག་ཤ་ལ་ཁཱ་ཧིཿ ལྷག་མ་ནི༔ ཧཱུྃ༔ མཁའ་འགྲོ་བཀའ་ཡི་དཀྱིལ་འཁོར་ནས༔ དུར་ཁྲོད་ཉུལ་ཞིང་མཁའ་ལ་རྒྱུ༔ ལས་སུ་གསང་སྔགས་བསྟན་པ་བསྲུང་༔ ཟས་སུ་ཤ་ཁྲག་དམར་ལ་གསོལ༔ སྤྲུལ་པ་འབུམ་འབུམ་མཁའ་འགྲོའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འཕྲིན་ལས་སྒྲུབས༔ སརྦ་དྷཀྐི་ནི་ས་མ་ཡ་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ཆོས་དབྱིངས་མཁའ་འགྲོའི་དུར་ཁྲོད་དུཿགཙོ་མོ་སྣ་ཚོགས་མཐར་ཕྱིན་གྱིས༔ དམ་ལ་བཞག་པའི་མཁའ་འགྲོ་འབུམ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གསང་སྔགས་བླ་མེད་བསྟན་པ་སྲུངས༔ དགྲ་བགེགས་སྒྲོལ་ལ་བར་ཆད་ཟློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ། དེ་འོག་བར་གྱི་བསྐལ་བ་ལ། །ཁམས་ཀྱི་སྲིང་མོ་རྫོང་གསུམ་གྱི། །གནས་མཆོག་ཆགས་རུ་ཕུག་སྔོན་ནས། །ཁམས་པ་ཉི་མ་གྲགས་པ་ཡིས། །ཟབ་ཆོས་གཏེར་སྒོ་ཕྱེ་བའི་ཚེ། །གཡར་དམ་ཕོག་པའི་ལྷ་འདྲེ་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ད་ལྟ་སྔགས་འཆང་བདག་ཉིད་ཀྱིས། །གསལ་བ་གསུམ་གྱི་དཀྱིལ་འཁོར་དུ། །ཤེས་པ་གསུམ་གྱི་གཟེར་གདབ་ནས། །མགྲོན་ལ་བོས་པའི་བཀའ་སྐྱོང་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བསྟན་མ་ནི༔ ཧཱུྃ༔ བཀའ་ཡི་སྲུང་མ་དམ་ཚིག་ཅན༔ བོད་ཁམས་སྐྱོང་བའི་བསྟན་མ་རྣམས༔ བཤལ་ཆུའི་གཏོར་མ་འདི་ལོང་ལ༔ བླ་མེད་བསྟན་སྐྱོང་འཕྲིན་ལས་སྒྲུབས༔ བྷྱོ་ས་མ་ཡ་ཁཱ་ཧི༔ གཏོར་གཞོང་སྦུབ་ཅིང་། ཧཱུྃ། མཁའ་འགྲོ་ཁྲོས་པའི་ཏིང་འཛིན་གྱིས། །བདེ་བ་ཆེན་པོའི་བྲོ་བརྡུང་བས། །སྟོང་པ་ཆེན་པོའི་ཡེ་ཤེས་རྒྱས། །སྒབ་འདྲེ་དམ་སྲི་འབྱུང་པོའི་ཚོགས། །ནམ་ཡང་ལྡང་བར་མ་བྱེད་ཅིག །དམ་སྲི་སརྦ་སྟམ་བྷ་ཡ་ནན། །རྫོགས་རིམ་ནི༔ ཧཱུྃ༔ སྣང་བ་དག་པ་གཞལ་ཡས་ཁང་༔ གཟུང་འཛིན་བྲལ་བ་ཡི་དམ་ལྷ༔ རང་ངོར་གསལ་བ་ཆོས་ཀྱི་སྐུ༔ སྐྱེ་མེད་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་མཁའ་འགྲོའི་གནས་སུ་གཤེགས༔ ཨཱ་ཨཱཾཿསྨྲ་བསམ་བརྗོད་མེད་ཡུམ༔ རང་སེམས་སྐྱེ་འགགས་གནས་གསུམ་འདི༔ མཁའ་འགྲོའི་སྐུ་གསུམ་རོལ་པར་ཤར༔ བསྔོ་སྨོན་ནི༔ ཧཱུྃ༔ གསང་བའི་བསྐྱེད་རྫོགས་སྒོམ་བཟླས་མཐུས༔ ལྟ་བ་གཡེལ་བ་སོར་ཆུད་ཅིང་༔ སྒོམ་པ་བྱིང་བ་ཀློང་གྱུར་ཏེ༔ སྤྱོད་པ་ཚོགས་གཉིས་མཐར་ཕྱིན་ཞིང་༔ འབྲས་བུ་སྐུ་བཞི་མངོན་གྱུར་ཤོག༔ ཤིས་པ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ ཕག་མོ་ལོངས་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཅེས་པ་འདི་ཡང་དགོས་པར་སེམས་ཏེ་ཕག་མོ་ནག་མོའི་རང་གཞུང་བྱིན་རླབས་ཀྱི་གནད་ཆེ་བས་སོར་བཞག །བསྒྱུར་འོས་རྣམས་སྣ་ཚོགས་མཐར་ཕྱིན་གྱི་གཞུང་བཞིན་མཚམས་སྦྱར་བའི་ལས་བྱང་ཆོག་སྒྲིགས་གཏེར་སྟོན་གྱིས་མཛད་པ་ལྟར་ལ་ཅུང་ཟས་གོ་རིམ་འཁྲུགས་པ་རྣམས་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསྒྲིག་པ་དགེ་ཞིང་ཤིས་པར་གྱུར་ཅིག །མངྒ་ལཾ། །དྲག་རྩལ་མཐར་ཕྱིན་རྣལ་འབྱོར་མའི། །འཕྲིན་སྒྲུབ་པར་དུ་བཞེངས་པའི་དགེ། །མི་བཟད་གནམ་ལྕགས་ཐོག་གི་མདས། །དགྲ་གདོན་བྲག་རི་ཕྱེར་འཐག་ཤོག །ཅེས་པའང་ཀརྨ་འཕྲིན་ལས་པས་སོ།། །།མངྒ་ལཾ།

དྲག་པོའི་སྦྱིན་སྲེག་ཆོག་སྒྲིག

ཕག་མོ་སྔོན་མོའི་ཟབ་ཐིག་ལས། དྲག་པོའི་སྦྱིན་སྲེག་བཞུགས། །སྣ་ཚོགས་མཐར་ཕྱིན་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ཡང་སྣ་ཚོགས་མཐར་ཕྱིན་གྱི་དཀྱིལ་འཁོར་དུ་ཡོངས་སུ་སྨིན་པར་བྱས་ཤིང་བསྙེན་པ་དང་སྒྲུབ་པའི་རིམ་པར་དྲོད་རྟགས་ཐོན་པ་དམ་ཚིག་ལ་གནས་པའི་སྔགས་པས། འཇིགས་ཤིང་སྐྱི་གཡའ་བའི་དུར་ཁྲོད་དམ་ནག་ཅིང་རྩུབ་ལ་ཁ་ལྷོར་བལྟ་བ་སོགས་དྲག་པོའི་གནས་སམ། སྐབས་སུ་བབས་པའི་གནས་སུ་ལྕགས་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་ཡོད་པའི་འཕུང་གསུམ་བདུད་ཀྱི་ཉི་མ་སོགས་རབ་ཏུ་གཉན་ཅིང་རྩུབ་པའི་སྲོད་ལ་སོགས་པར། གྲོག་མཁའ་གྱི་ས་འཕུང་ཤུལ་གྱིས་གཡུལ་བཀྱེ་བའི་ས་སོགས་ལ་སྟེགས་བུ་ནག་པོ་རྒྱར་ཁྲུ་གང་དཔངས་སུ་མཐོ་གང་པ་དུག་དང་ཁྲག་གིས་ཆག་ཆག་གདབ་པར་མཎྜལ་ནག་པོ་གྲུ་གསུམ་པ་ཐོད་ར་དང་མེ་རིས་བསྐོར་བའི་ནང་དུ་ཕྱག་མཚན་ནམ་རཾ་ཡིག་ས་བོན་གྱིས་མཚན་པའམ་ཚོམ་བུ་གང་ཚོགས་བྲིས་པའི་ཁར་སྐྱེར་པ་སོགས་དུག་དང་ཚེར་མ་ཅན་གྱི་ཤིང་དུག་ཁྲག་གིས་སྦགས་པ་གྲུ་གསུམ་དུ་བརྩིགས། གཡོན་དུ་མེ་སྲོག་འཛིན་པའི་རྫས་ཚེར་མ་ཅན་གྱི་ཤིང་ཟུར་གསུམ་པ་སོར་བཅུ་གཉིས་སྦོམ་ཕྲ་མ་ཐེའུ་ཆུང་དུ་གཞོགས་པ་ལ་དུག་ཁྲག་གིས་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་ཅེས་བྲིས་པའི་རྩ་རྩེར་དུག་ཁྲག་དང་མར་ནག་ཚིལ་ཆེན་གྱིས་སྦགས་པ་གང་མང་། རྩ་བའི་རྫས་དགྲ་བགེགས་གང་ལབྱེད་པའི་གཟུགས་དགྲ་ཡིན་ན་ཟག་རྫས་སོགས་དྲི་མ་དྲུག་གིས་བགོས་པ་བརྒྱ་རྩ་བརྒྱད། དྲག་པོའི་རྫས་མི་རྟ་ཁྱི་གསུམ་སོགས་ཀྱི་ཤ་སྣ་བག་ཕྱེ་དང་བསྲེས་པའི་སྐྱུ་གུ་གྲུ་གསུམ་པའི་ནང་དུ་གནོད་བྱེད་ཀྱི་མིང་རུས་དུག་ཤོག་ལ་དུག་ཁྲག་གིས་བྲིས་ཏེ་བཅུག་པ། གནད་ཀྱི་རྫས་སྦལ་ཉ་ཁྱི་སོགས་ཀྱི་ཤ་ར་དུག་ཐང་ཕྲོམ་བཙན་དུག་བོང་དུག་ཐར་ནུ་སོགས་དུག་སྣ་རྣམས་བསྲེས་པ། བསོད་པའི་རྫས་གྲི་ལྕགས་བྲག་ཐོག་གིས་བཤིགས་པ་གནམ་ནས་བབས་པའི་འཁར་ཟངས་བརྡར་བའི་ཕྱེ་མ། མྱོས་པའི་རྫས་མར་ནག་དམེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་ནག་ཡུངས་ཀར་ལྕེ་ཚ་དབྱི་མོང་སྲུབ་ཀ་སྟེ་ཚ་བ་གསུམ། རྫས་དེ་རྣམས་ལྕགས་སམ་བྷནྡྷའི་སྣོད་དུ་རིམ་པར་འགོད། གོ་ཡུ་མར་དང་སྦྱར་བའི་སོ་རྩི་ལས་མཐུན་གྱི་གོས་ཟུང་རྣམས་བཤམས། གཡས་སུ་མཆོད་ཡོན་ཞབས་བསིལ་གྱིས་ཐོག་དྲངས་པའི་ཉེར་སྤྱོད་འཇིག་རྟེན་པ་དང་འདས་པའི་སྨན་རག་གཏོར་མཆོད། མདུན་དུ་རྡོར་དྲིལ་དགང་གཟར་བླུགས་རླུང་གཡབ་མེ་ཏོག་ལས་བུམ་སོགས་ཉེ་བར་མཁོ་བ་རྣམས་བཤམས། སྣ་ཚོགས་མཐར་ཕྱིན་གྱི་ལས་གཞུང་ཚོགས་ལྷག་ཡན་གྲུབ་ནས་ལས་བུམ་གྱི་ཁར་གཟུངས་ཐག་བཀོད་དེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པ་ཆེན་པོའི་ངང་ཉིད་ལས། །ལས་བུམ་ཁྲོ་བོའི་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ། །པད་ཉིར་ཧཱུྃ་ལྗང་འཕྲོ་འདུ་ལས། །བདུད་རྩི་འཁྱིལ་བ་རྔམ་ཞིང་ཁྲོ། །གཡས་གཡོན་རྒྱ་གྲམ་སྡིགས་མཛུབ་ལྗང་། རབ་འཇིག་ཁྲོ་བོའི་ཆ་ལུགས་རྫོགས། །སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོས། །གནོད་བྱེད་ལོག་འདྲེན་མི་བསྲུན་ཚོགས། བསྐྲད་གཟིར་མནན་བསྲེགས་རྡུལ་དུ་བརླག །ཚུར་འདུས་བུམ་པའི་ཆུ་དང་འདྲེས། ཨཱོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་གང་འགྲུབ་བཟླས་རྗེས། ཁྲོ་བོའི་དབང་པོ་འོད་དུ་ཞུ། །བདུད་རྩི་བུམ་ཆུའི་རྣམ་པར་གྱུར། ཞེས་བསྒྲུབ། དེ་ནས་སྔགས་པ་བདུད་ཆས་སུ་ཞུགས་ཏེ་མི་བསྲུན་པའི་ལོག་འདྲེན་མཐའ་དག་དྲག་པོའི་འཕྲིན་ལས་ཀྱི་སྟོབས་ཀྱིས་བཏུལ་ཏེ་སྣ་ཚོགས་མཐར་ཕྱིན་གྱི་གོ་འཕང་ལ་འགོད་པར་བྱ་བའི་སེམས་བསྐྱེད་དང་ལྡན་པས་རོལ་མོ་འཁྲོལ་ཞིང་འཛབ་དབྱངས་བཟླ་འགྱིང་བག་གི་སྟབས་ཀྱིས་མེ་ཐབ་ལན་གསུམ་བསྐོར་ཏེ། མེ་ཐབ་ཀྱི་དབུས་སུ་ས་ལྗང་ནག་རཾ་གྱིས་མཚན་པ་ལས་འོད་ཟེར་མེ་དཔུང་དམར་ནག་ཚ་ཞིང་རྩུབ་པ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་གདོན་བགེགས་འབྱུང་པོ་ཐམས་ཅད་མིང་ཡང་མི་གྲག་པར་ཐལ་བའི་རྡུལ་དུ་བརླག་ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྣོ་དཔལ་མཚོན་ཆ་འབར་བའི་ས་གཞིར་དྲ་གུར་ཡེ་ཤེས་ཀྱི་མེ་རི་དང་བཅས་པའི་བསྲུང་བའི་འཁོར་ལོས་རབ་ཏུ་གཏམས་པར་གྱུར་པར་བསམ་ཤིང་། ཧཱུྃ༔ བསྐལ་པའི་མེ་ཆེན་འབར་བའི་གཞལ་ཡས་འདིར༔ མེ་ལྷ་དྲང་སྲོང་ཡི་དམ་མ་གཏོགས་པ༔ གདོན་བགེགས་འབྱུང་པོ་བར་དུ་གཅོད་པའི་ཚོགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་ཆགས་ཤིང་འདིར་འཁོར་ན༔ མེ་འདག་འབར་བའི་སྦྲང་བུ་བཞིན་དུ་བསྲེག༔ ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར༔ ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར༔ ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར༔ གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར༔ ཡེ་ཤེས་འབར་བའི་མེ་ཡིས་མཚམས་ཆོད་ཅིག༔ ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཨཱོཾ་སུམ་བྷཱ་ནི་སོགས་བརྗོད༔ དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། ལས་བུམ་གྱི་ཆུར་འཐོར་ཞིང་སྲེག་རྫས་རྣམས་གསང་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྷནྡྷ་ལྕང་ལོར་བཅས་པ་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་གྱི་ཁྱོན་དང་མཉམ་པའི་ནང་དུ་ནྲི་ཏྲི་ཡོངས་སུ་གྱུར་པ་ལས་དགྲ་བགེགས་གནོད་བྱེད་གདུག་པ་ཅན་རྣམས་བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ་རྣམ་པ་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་བྱེད་ལས་ལྷ་ཚོགས་མ་ལུས་པའི་ཐུགས་རྒྱུད་ལ་ཟག་མེད་ཀྱི་དགྱེས་པ་བསྐྱེད་པར་ནུས་པའི་རབ་འབྱམས་མཆོད་པའི་སྤྲིན་གྱི་ཕུང་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར་པར་བསམས་ཤིང་། ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟ་ཨཱཿཧཱུྃ་གིས་མཆོད་རྫས་དང་། ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ཀྲོ་ཏི་རཱ་ཛ་ནྲི་ཏྲི་མཱ་ར་ཡ་ཛཿཛཿ ལན་གསུམ་གྱིས་སྲེག་རྫས་རྣམས་བྱིན་གྱིས་བརླབ། དེ་ནས་གདོལ་པའམ་དམེ་ཕོ་ཡུག །་ས་གང་རུང་ནས་མེ་བླངས་ལ་ཐབ་ཏུ་སྦར་ཞིང་། ཧཱུྃ༔ བྱང་གི་ཕྱོགས་ནས་མེ་སྦར་མས༔ གནོད་སྦྱིན་ལག་ནས་མེ་ལོངས་ལ༔ དྲག་པོའི་མེ་ནི་སྤར་བར་མཛོད༔ ལྷོ་ནུབ་མཚམས་ནས་ཤིང་ཐུན་མས༔ རླུང་ལྷའི་ཡུལ་ནས་ཤིང་ཐུས་ལ༔ རླུང་གི་ལྷ་མོས་རླུང་གཡོབ་ཤིག༔ ཨཱོཾ་ཨགྣཱེ་ཡེ་ཧ་བྱ་ཀ་བྱ་ཆེ་གེ་མཱ་ར་ཡ་ཛྭ་ལ་རཾ་རཾ༔ རླུང་གཡབ་ཀྱིས་གཡབ་ཅིང་། ཨཱོཾ་ཨགྣཱེ་ཡེ་ཛྭ་ལ་རཾ་རཾ༔ ཞེས་མར་ནག་བླུགས་གཟར་བདུན་གྱིས་ཀྱང་གསོ། མེ་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་རབ་འཇིགས་དྲག་པོའི་ཐབ་ཁུང་གྲུ་གསུམ་ནག་པོ་བང་རིམ་གསུམ་དང་ལྡན་ཞིང་མུ་རན་དང་ཁ་ཁྱེར་འ་ཐོད་པའི་ཕྲེང་བ་དང་མེ་དཔུང་འབར་བས་ཀླུབས་པ་གཏིང་རབ་ཏུ་ཟབ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་རང་ཉིད་སྣ་ཚོགས་མཐར་ཕྱིན་གྱི་ཐུགས་ཀ་ནས་སྤྲོས་པའི་རཾ་དམར་ནག་ཡོངས་སུ་གྱུར་པ་ལས། ཧཱུྃ་ཧཱུྃ་མེ་ཐབ་གྲུ་གསུམ་རྒྱ་ཆེ་ཡངས་པའི་ནང་༔ མེ་ཡི་འཁོར་ལོ་རྩིབས་བརྒྱད་རཾ་གྱིས་མཚན༔ མེ་ལྷ་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ མེ་ཡི་འཁོར་ལོ་མེ་ཡི་རྒྱ་མཚན་དང་༔ འོག་མ་གཉིས་ཀྱི་མེ་ཡི་ལྕགས་ཀྱུ་བསྣམས༔ དབང་དྲག་དཔལ་འབར་གཟི་བརྗིད་ལྡན་པར་བསྐྱེད༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ དབང་དྲག་སྟོབས་ཀྱི་འཕྲིན་ལས་གར་དགུར་ལྡན༔ འབྱུང་བ་ཆེན་པོ་སྲེག་བྱེད་འབར་བའི་ལྷ༔ དད་པས་སྤྱན་འདྲེན་དྲག་པོའི་གཞལ་ཡས་འདིར༔ དམ་ཚིག་དབང་གིས་གཤེགས་ཤིག་ས་མ་ཡ༔ ཨཱོཾ་ཨགྣཱེ་ཡེ་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ དྲག་པོའི་འཕྲིན་ལས་སྒྲུབ་པའི་ཕྱིར༔ འབར་བ་མེ་ཡི་གཞལ་ཡས་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛནྟུ༔ ཞེས་པས་གདན་དབུལ༔ ཧཱུྃ༔ དྲང་སྲོང་ཆེན་པོ་མེ་ཡི་ལྷ༔ གཟི་བརྗིད་འབར་བ་ལྟ་ན་སྡུག༔ འཕྲིན་ལས་ཀུན་སྒྲུབ་ཐུགས་རྗེ་ཅན༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ཨ་ལ་ལ་ཨ་ཏི་པུ་ཧོཿས་ཕྱག་བྱ། ཧཱུྃ༔ དངོས་བཤམས་ཡིད་ལས་སྤྲུལ་པ་ཡི༔ རྨད་དུ་བྱུང་བའི་ཉེར་སྤྱོད་ལྔ༔ ལོག་འདྲེན་དགྲ་བགེགས་གདུག་པ་ཅན༔ བསྒྲལ་བའི་གཟུགས་ཕུང་ལས་བྱུང་བའི༔ རྔམ་བརྗིད་ནང་གི་ཉེར་སྤྱོད་ལྔ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ བདུད་སྡེའི་སྙིང་གི་རཀྟ་དམར༔ རྨད་བྱུང་གཏོར་མའི་རི་བོ་སྟེ༔ ནམ་མཁའ་གང་བའི་མཆོད་པ་རྣམས༔ དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་སརྦ་པཉྩ་ཨ་མྲི་ཏ་མ་ཧཱ་བཱ་ལིངྟ་པཱུ་ཙ་ཁཱ་ཧི། ཞེས་མཆོད། ཧཱུྃ། ཚངས་པའི་དབང་པོ་འཇིག་རྟེན་མགོན་གྱི་སྲས། །ལས་བཞིའི་སྟོབས་ཀྱིས་འཁོར་ལོའི་སྒྱུར་བའི་ལྷ། །ཡིད་བཞིན་རེ་སྐོང་གཟི་བརྗིད་སྣང་བའི་གཏེར། །ལོག་འདྲེན་སྲེག་བྱེད་མེ་ཡི་ལྷ་ལ་བསྟོད། །ཅེས་བསྟོད་ཅིང་། དེ་ནས་བྱོན་ཟན་འབུལ་བ་ནི། མེ་ལྷའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་ཡིག་དམར་པོ་དང་དགང་བླུགས་ཀྱི་རྩེ་མོར་ས་ལྗག་ནག་གཟི་བརྗིད་དང་ལྡན་པ་རེས་མཚན་པར་གྱུར་པར་བསམས་ཤིང་། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱཿ ཞེས་པ་བདུན་གྱིས་དགང་བའི་གཟར་བླུགས་གཉིས་ཁ་སྦྱར་བ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་པུས་མོ་ལས་ཕྱིར་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཨ་བི་ཤ་མ་ཧཱ་ཤྲཱྀ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་བདག་ཅག་དཔོན་སློབ་སྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད༔ ཅེས་ལན་གསུམ་གྱིས་ཕུལ་རྗེས། ཧཱུྃ། སྲེག་བྱེད་འབྱུང་བའི་ལྷ་ཁྱོད་ཀྱིས། །སྲེག་རྫས་ཡེ་ཤེས་ལྷར་འབུལ་ཞིང་། །མེ་ཡང་ཡེ་ཤེས་མེར་མཛད་ནས། །དྲག་པོའི་འཕྲིན་ལས་སྒྲུབ་པར་མཛོད། ཅེས་བརྗོད། དེ་ནས་ཡམ་ཤིང་ལ། ཨཱོཾ་ཨགྣཱེ་ཡེ་ཛྙཱ་ན་ཡ་བདག་ཅག་དཔོན་སློབ་སྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་མཱ་ར་ཡ་རྦད༔ མར་ཁུ་ལ། ཨཱོཾ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་སྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམས་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད༔ རྫས་གཞན་རྣམས་ལ། ཧཱུྃ། སྲེག་བྱེད་འབར་བ་དྲག་པོ་མེ་ཡི་ལྷ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །དགྲ་བགེགས་ལོག་པར་འདྲེན་པའི་གཟུགས་ཕུང་དང་༔ དྲག་པོའི་རྫས་དང་གནད་འབེབས་གསོད་དང་མྱོས། །རབ་ཏུ་ཚ་བའི་རྫས་མཆོག་འདི་འབུལ་བས། །དམིགས་པའི་དགྲ་བགེགས་གཏན་ནས་བརླག་པར་མཛོད། ཨཱོཾ་ཨགྣཱི་ཀྲོ་ཏི་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་རྩ་བའི་རྫས་ནས་ཚ་བའི་རྫས་ཀྱི་བར་རྣམས་ལ་བདུན་ནམ་ཉེར་གཅིག་སོགས་ལོང་སྐབས་དང་བསྟུན་ཏེ་འབུལ། ཧཱུྃ། ཚངས་པའི་དབང་པོ་འཇིག་རྟེན་མགོན་གྱི་སྲས། །ལས་བཞིའི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ལྷ༔ ཡིད་བཞིན་རེ་སྐོང་གཟི་བརྗིད་སྣང་བའི་གཏེར། །ལོག་འདྲེན་སྲེག་བྱེད་མེ་ཡི་ལྷ་ལ་བསྟོད། །ཧཱུྃ། སྲེག་བྱེད་འབྱུང་བའི་ལྷ་ཁྱོད་ཀྱིས། །སྲེག་རྫས་ཡེ་ཤེས་ལྷར་འབུལ་ཞིང་། །མེ་ཡང་ཡེ་ཤེས་མེར་མཛད་ནས། །དྲག་པོའི་འཕྲིན་ལས་གྲུབ་པར་མཛོད། ཅེས་བརྗོད་ཅིང་འཕྲིན་ལས་བཅོལ་ལོ། ཨཱོཾ་ཨགྣཱེ་ཡེ་གཙྪ་མུ༔ ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་དཔང་པོ་མཛད་པར་གྱུར་པར་བསམ་མོ། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། དམ་ཚིག་མེ་ལྷའི་ངོ་བོ་ནི། །དྲང་སྲོང་མེ་ལྷའི་ལྟོོ་བའི་ཀློང་། ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས། ཧཱུྃ། ཆོས་འབྱུང་ཏི་ར་ཉི་ཟླ་པདྨའི་སྟེང་༔ རང་བྱུང་སེམས་ཉིད་ངོ་བོ་ཡི་གེ་ས༔ ཅེས་པ་ནས། སྒྲུབ་མཆོག་བུ་བཞིན་སྐྱོང་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་བྱང་བཞིན་བྱ། ཅེས་བསྟོད་པས་ལྷ་ཚོགས་ཐམས་ཅད་མཐུ་སྟོབས་ཀྱི་དཔུང་གཡོས་པས་སྐུ་མདོག་ཆར་སྤྲིན་ནག་པོ་རབ་ཏུ་རྒྱས་པའི་ཕུང་པོ་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་འབར་ཞིང་འོད་དམར་ནག་ཏུ་འཕྲོ་བ་དྲག་པོས་དགྲ་བགེགས་སྒྲོལ་བ་ལས་དཔའ་ཞིང་སྲིད་གསུམ་ལོག་འདྲེན་བཟའ་བའི་ལས་ལ་རྔམ་པའི་སྐུར་གྱུར་པར་བསམས་ཏེ། བྱོན་ཟན་འབུལ་བ་ནི། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་ཡིག་དམར་པོ་དང་དགང་བླུགས་ཀྱི་རྩེ་མོར་ས་ཡིག་མཐིང་ནག་གཟི་བརྗིད་དང་ལྡན་པ་རེས་མཚན་པར་གྱུར་པར་བསམས་ལ། ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་བདག་ཅག་དཔོན་སློབ་སྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད༔ ཅེས་བདུན་ནམ་གསུམ་འབུལ་དེ་ནས་སྐབས་འདིར་ཐུགས་དམ་བསྐུལ་ཆོག་དམིགས་གསལ་མེད་པས་སྒྲུབ་ཐབས་ལྟར་སྤྱན་འདྲེན་དང་བསྟོད་པའི་གཤམ་གྱི་ཚིག་རྣམས་སྦྲེལ་བའི་གསར་བསྒྲིགས་ལྟར་བཏང་རྗེས། ལས་བྱང་གི་བསྒྲལ་ལས་ཀྱིས་ལིངྒ་རྣམས་ཕྱོགས་གཅིག་ཏུ་བསྒྲལ་ལ། ཐོག་མར་ཡམ་ཤིང་ལ། ཧཱུྃ། གདུག་རྩུག་དྲག་པོའི་ཡམ་ཤིང་ལ། །དུག་ཁྲག་ཚིལ་ཆེན་འབྲུ་མར་བྱུགས། མཐུ་ལྡན་དྲག་མོའི་ལྷར་འབུལ་ན། །དགྲ་བགེགས་དམིགས་མེད་རྒྱ་ཡིས་ཐོབ། །ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཀརྨ་ཀྲོ་ཏི་ཨགྣཱེ་ཡེ་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་དང་གོང་དུ་བསྒྲལ་བའི་ལིང་རོ་རྣམས་ལ། ཧཱུྃ། ལོག་འདྲེན་དགྲ་བགེགས་གདུག་པ་ཅན། །བསྒྲལ་བའི་ཤ་རུས་དོན་སྣོད་རྣམས། །གཏུམ་དྲག་རྔམ་པའི་ཞལ་དུ་སྟོབ། །སྲིད་གསུམ་དགྲ་བགེགས་རྡུལ་དུ་ཐོང་། ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཀརྨ་ཀྲོ་ཏི་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་སྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་པའམ། ཡང་ན་ལིངྒ་རེ་རེའམ་ལྔ་བདུན་བཅུ་སོགས་ལ་དགུག་བཞུག་རེའི་མཐར་ལས་བྱང་གི་ཚོགས་ཐ་མའི་བསྒྲལ་ལས་ཀྱིས་བསྒྲལ་ལ། དེ་ཀའི་སྟབ་པས་འབུལ་ཞྀང་མཐར་རྩ་སྔགས་ལས་སྔགས་ཤམ་བཅས་སྦྱར་ཡང་མཆོག་ཏུ་འགྱུར་རོ། དྲག་པོའི་རྫས་ལ། ཧཱུྃ། ཤ་སྣ་སྟོང་སྦྱར་དྲག་པོའི་རྫས། །གདུག་པ་དུག །་གིས་ངར་བཏབ་ནས། །ཟ་བྱེད་རྔམ་པའི་ཞལ་དུ་འབུལ། །བདུད་སྡེ་དཔུང་བཅས་དུས་མཐའ་བཏུལ། ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཀརྨ་ཀྲོ་ཏྀ་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་སྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ གནད་ཀྱི་རྫས་ལ། ཧཱུྃ། གནད་དུ་འབེབས་པའི་རྫས་རྒོད་ལ། །དམིགས་བྱ་བསྟིམས་ནས་འབུལ་ལགས་ན། །སྡང་བའི་དགྲ་དང་གནོད་པའི་བགེགས། །གནད་དུ་ཕོབ་ལ་ལུས་སེམས་ཕྲོལ། ས་ཀརྨ་དྷཀྐི་ནི༴ཨཱོཾ་ཀརྨ་ཀྲོ་ཏི་ཨགྣཱེ་ཡེ་བདག་ཅག་དཔོན༴བསོད་པའི་རྫས་ལ། ཧཱུྃ། ཟངས་ལྕགས་རྡོ་རྗེ་དྲག་པོའི་རྫས། །གནོད་བྱེད་དགྲ་བགེགས་གསོད་པའི་མཚོན། །སྣ་ཚོགས་མཁའ་འགྲོར་འབུལ་ལགས་ན། །ལོག་འདྲེན་བདུད་སྡེ་ཆམ་ལ་ཕོབ། ས་ཀརྨ་དྷཀྐི་ནི༴ཨཱོཾ་ཀརྨ་ཀྲོ་ཏི་ཨགྣཱེ་ཡེ་བདག༴མྱོས་པའི་རྫས་ལ། ཧཱུྃ། མྱོས་པར་བྱེད་པའི་གདུག་པའི་རྫས། །སྣ་ཚོགས་མཁའ་འགྲོར་འབུལ་ལོ་བཞེས། །བསྟན་དང་བདག་ལ་འཚེ་བ་རྣམས། །མྱོས་སུ་ཆུག་ལ་དབང་པོ་དཀྲུགས། ས་ཀརྨ་དྷཀྐི་ནི༴ཨཱོཾ་ཀརྨ་ཀྲོ་ཏི་ཨགྣཱེ་ཡེ་བདག༴ཚ་བའི་རྫས་ལ། ཧཱུྃ། འབར་བའི་ཤུགས་ལྡན་དྲག་པོའི་རྫས། །སྙིང་རྗེ་ཁྲོས་པའི་མགུལ་དུ་བསྟིམ། །ཞིང་བཅུ་བསྒྲུབ་པའི་མི་སྲུན་དགྲ། །དིམ་ཚད་ཚ་བའི་དབལ་གྱིས་གསོད། ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཀརྨ་ཀྲོ་ཏི་ཨགྣཱེ་ཡེ་བདག་ཅག་དཔོན་སློབ་སྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་ལ་སོགས་སྐབས་དང་སྦྱར་ཏེ་འབུལ། དེ་ནས་མར་ནག་གིས་དགང་གཟར་བཀང་སྟེ། ས་ཀརྨ་དྷཀྐི་ནི་བྷ་ར་ཧི་ས་མ་ཡ་ཧྲིང་ཧྲིང་ཛཿཛཿ ཨཱོཾ་ཨགྣཱེ་ཡེ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་བདག་ཅག་དཔོན་སློབ་སྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད། ཅེས་བྱོན་སྐྱེམས་ལྟར་གཤེགས་སྐྱེམས་ཀྱང་བདུན་ནམ་གསུམ་གང་བདེར་འབུལ། ཧཱུྃ། ཕག་གདོང་ལྗང་མོའི་ལྷ་ཚོགས་ལ། །ལོག་འདྲེན་འབྱུང་པོ་བསྒྲལ་བ་ཡི། །ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི། །ཉེར་སྤྱོད་ལྔ་དང་སྨན་གཏོར་ཁྲག །རྔམ་བརྗིད་འཇིགས་པའི་མཆོད་པའི་ཚོགས། །འཇིག་རྟེན་ཁམས་ཀུན་བཀང་སྟེ་འབུལ། ཨཱོཾ་ཀརྨ་ཀྲོ་ཏི་ས་པ་རིི་ཝཱ་ར་ཨརྒྷཾ་ནས། ཤཔྟ་མ་ཧཱ་པཉྩ་ཨ་མྲི་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིངྟ་པཱུ་ཙ་ཁཱ་ཧི། ཞེས་པས་མཆོད། ཨཱོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་དབུལ་ཞིང་། བསྟོད་པ་ནི། ཧཱུྃ། རབ་ཏུ་གཏུམ་ཞིང་དུག་གསུམ་འབར་བའི་མ༔ ཅེས་པ་ནས། སྒྲུབ་མཆོག་བུ་བཞིན་སྐྱོང་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱིས་བསྟོད་ཅིངའཕྲིན་ལས་བཅོལ་བ་ནི། ཧོ། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག །རིགས་དང་དཀྱིལ་འཁོར་ཀུན་གྱི་འབྱུང་གནས། །དཔལ་ཆེན་ཁྲོ་བོ་ཀུན་གྱི་དགྱེས་སྡེ། །འབུམ་ཕྲག་འཕྲིན་ལས་མཁའ་འགྲོའི་ཡང་རྗེ། །མངོན་སྤྱོད་ལས་ཀྱི་མཁའ་འགྲོའི་དབང་མོ། །དབང་དང་དྲག་པོའི་ལས་ཀྱི་མངའ་བདག །ཕག་གདོང་བཅོམ་ལྡན་འདས་མ་སྣ་ཚོགས་མཐར་ཕྱིན། །མཐུ་ལྡན་ལས་ཀྱི་མཁའ་འགྲོ་ཕྲ་མེན་འབུམ་ཕྲག །སྲོག་གཅོད་ཤ་ཟའི་མཁའ་འགྲོ་བྱེ་བའི་དམག་ཚོགས། །བཀའ་སྲུང་མ་མོ་ཁྲག་རལ་མ། །གཏེར་སྲུང་ཡང་མ་སྐྱི་མདངས་མ་དང་བཅས་པ་ཁྱེད་རྣམས་ལ་འཕྲིན་ལས་གཉན་པོ་བཅོལ་བ་ནི། སྤྱི་སྒོས་བསྟན་པའི་རཱུ་ཏྲ་ཕྱོགས་བཅུ་གང་དུ་མཆིས་ཀྱང་ཐལ་བའི་རྡུལ་དུ་རློགས་ཤིག །གནོད་བྱེད་ལོག་འདྲེན་འབྱུང་པོ་སུ་དང་གང་གིས་གནོད་ཀྱང་མིང་ཡང་མེད་པར་མཛོད་ཅིག །བྱད་དང་རྦད་འདྲེ་རྦོད་གཏོང་བན་བོན་གང་གིས་བཏང་ཡང་རང་གཤེད་རང་ལ་ཕོབ་ཅིག །ཟ་འདྲེ་གོད་འདྲེའི་རྒྱུན་ལམ་མི་ནོར་གང་ལ་ཟུག་ཀྱང་གནོད་པའི་རྒྱུན་ལམ་ཆོད་ཅིག །མདོར་ན་གནོད་ཅིང་འཚེ་བར་བྱེད་པའི་དམ་སྲི་བདུད་སྡེ་དཔུང་དང་བཅས་པ་ཐམས་ཅད་མཐུ་སྟོབས་བསྐལ་མེ་འབར་བའི་ཀློང་དུ་བཞེས་ཤིག །ཅེས་འདོད་པའི་དོན་ལ་གསོལ་བ་བཏབ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། བཟོད་གསོལ་ནི། ཧཱུྃ། ཏིང་འཛིན་ཉམས་དང་རྫས་མ་ཚོགས། །བཟླས་བརྗོད་མ་དག་ཆོ་ག་འཁྲུལ། །དེ་སོགས་ཉམས་པ་ཅི་མཆིས་པ། །བཟོད་པར་གསོལ་ལོ་ཚངས་པར་མཛོད། གཤེགས་གསོལ་ནི། ཧཱུྃ། སྣང་བ་དག་གཞལ་ཡས་ཁང་༔ ཞེས་པ་ནས། ཨ་ཨཱཾཿསྨྲ་བསམ་བརྗོད་མེད་ཡུམ༔ ཅེས་ཡེ་ཤེས་པ་གཤེགས། །དམ་ཚིག་པ་རང་ལ་བསྡུ། སླར་ཡང་། འཇིག་རྟེན་གྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ། ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པཉྩ་ཨམྲི་ཏ་མ་ཧཱ་རཀྟ་བ་ལིངྟ་པཱུ་ཙ་ཁཱ་ཧི། ཅེས་མཆོད་ཅིང་། གཟི་བརྗིད་འབར་བ་མེ་ཡི་ལྷ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཆེ། །འཇིག་རྟེན་འདས་ཀྱང་སྲིད་པ་བའི། །རྣམ་པར་རོལ་པ་ཁྱོད་ལ་འདུད། ཅེས་བསྟོད་ཅིང་། ཧཱུྃ། དྲག་པོའི་ཤིང་དང་དགྲ་བགེགས་གཟུགས། །དུག་རྫས་གནད་འབེབས་གསོད་དང་མྱོས། །ཚ་བའི་རྫས་རྣམས་ལས་གྲུབ་པའི། །གཏང་རག་མཆོད་པ་འབུལ་གྱིས་བཞེས། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱས་མར་ཁུ་དང་། ཨཱོཾ་ཨགྣཱེ་ཡེ་ཡ་ཛྙཱ་ན་ཡ་སྭཱ་ཧཱས་ཡམ་ཤིང་དང་། རྫས་གཞན་རྣམས་ལ། ཨཱོཾ་ཨགྣཱེ་ཡེ་ཀྲོ་ཏི་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཅེས་པ་རྣམས་ཀྱིས་མང་ཉུང་སྐབས་དང་བསྟུན་ཏེ་འབུལ། ཨཱོཾ་ཨགྣཱེ་ཡེ་སྭཱ་ཧཱ༔ ཨཱོཾ་ཨ་དི་བྱ་ཨ་དི་བྱ་ཨ་བི་ཤ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ན་ཡེ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་འདྲེན་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་མི་ནོར་དང་བཅས་པ་མཱ་ར་ཡ་རྦད། ཅེས་པས་གཤེགས་སྐྱེམས་འབུལ། ཨཱོཾ་བཛྲ་ཏམྦུ་ལཱ་ཡེ་སྭཱ་ཧཱས་སོ་རྩི་དང་། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་གོས་ཟུང་འབུལ། དམར་གཏོར་ལ། ཨཱོཾ་ཨགྣཱེ་ཡེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་པཱུ་ཙ་ཁཱ་ཧི། གསུམ་མམ་བདུན་གྱིས་གཏོར་མ་འབུལ། སླར་ཡང་། ཨཱོཾ་ཨགྣཱེ་ཡེ་དྷེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་སརྦ་པཉྩ་ཨ་མྲི་ཏ་མ་ཧཱ་བཱ་ལིངྟ་པཱུ་ཙ་ཁཱ་ཧི། ཞེས་མཆོད། ཤེས་རབ་ཡེ་ཤེས་འབར་བའི་མེས། །ཉོན་མོངས་བུད་ཤིང་ཀུན་བསྲེག་ཅིང་། །དྲག་པོའི་སྟོབས་ཀྱིས་བགེགས་འཇོམས་པའི། །ཁྲོ་ཆེན་མེ་ཡི་ལྷ་ལ་འདུད། །ཀྱིས་བསྟོད་ཅིང་ཡི་གེ་བརྒྱ་པ་བརྗོད། མ་འབྱོར་པ་དང་ཉམས་པ་དང་། སོགས་ཀྱིས་ནོངས་པ་གསོལ། འདོད་པའི་དོན་རྣམས་གང་ཡིན་པ། །མེ་ཡི་ཁྲོ་བོས་བསྒྲུབས་ཟིན་ནས། །གནས་སུ་གཤེགས་ཏེ་འགྲོ་བའི་དོན། །བསྒྲུབ་ཕྱིར་སླར་ཡང་འབྱོན་འཚལ་ལོ། །བཛྲ་མུས་ཡེ་ཤེས་པ་གཤེགས་དམ་ཚིག་པ་མེའི་རྣམ་པར་གྱུར་བར་བསམ་མོ། ཧཱུྃ༔ གསང་བའི་བསྐྱེད་རྫོགས་སྒོམ་ཟླས་མཐུས༔ ལྟ་བ་གཡེལ་བ་སོར་ཆུད་ཅིང་༔ སྒོམ་པ་བྱིང་བ་ཀློང་གྱུར་ཏེ༔ སྤྱོད་པ་ཚོགས་གཉིས་མཐར་ཕྱིན་ཞིང་༔ འབྲས་བུ་སྐུ་བཞི་མངོན་གྱུར་ཤོག༔ དེ་ནས་ཤིས་བརྗོད་ནི། ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ནས། སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་དུག་ཁྲག་གིས་གཞིལ་བའི་ཐལ་བ་མཆོད་རྟེན་ནམ་ཐེམ་འོག་གམ་ལམ་རྒྱ་གྲམ་དུ་མནན་ལ། ལྟ་བྲོ་བརྡུང་ཞིང་མཐའ་རྒྱས་བྱའོ། ཅེས་པ་འདི་ཡང་ཧོར་པཎྡི་ཏ་ངག་དབང་འཇམ་དབྱངས་བློ་ལྡན་གྱིས་མཛད་པའི་དྲག་པོའི་སྦྱིན་སྲེག་ལྟར་ཕག་གདོང་སྣ་ཚོགས་མཐར་ཕྱིན་གྱི་དྲག་པོའི་སྦྱིན་སྲེག་ཟུར་གསལ་དུ་བགྱིས་པ་འདི་ཡང་ཉི་མ་གྲགས་པས་ཇོ་བོ་སྒྱོགས་ཆེན་གདོང་རའི་མདུན་དུ་སྦྱར་བ་མངྒ་ལམ། །ཕག་མོ་ལྗང་མོ་སྣ་ཚོགས་མཐར་ཕྱིན་མའི་དབང་བསྐུར་ཆོག་སྒྲིགས་ཕྲིན་ལས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །ཆོས་དབྱིངས་རྣམ་པར་མི་རྟོག་ཧོམ་ཁུང་དུ། །སྣ་ཚོགས་གཉིས་སྣང་རྟོག་པ་ཚར་གཅོད་པའི། །སྐྱེ་མེད་དོན་གྱི་ཕྲིན་ལས་མཐར་ཕྱིན་མར། །འདུད་དོ་རབ་འབྱམས་ལས་ཀྱི་དངོས་གྲུབ་སྩོལ། །བཅོམ་ལྡན་འདས་མ་གསང་ཆེན་སྣ་ཚོགས་ཡུམ། གང་གིས་སྨིན་བྱེད་འཇུག་བདེའི་ཆོག་ཁྲིག་ཤིག །བླ་མའི་གསུང་བཞིན་ཡི་གེར་སྤེལ་བ་ལ། །ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་གནང་བ་སྩོལ། འདིར་བཅོམ་ལྡན་འདས་མ་སྣ་ཚོགས་མཐར་ཕྱིན་གྱི་དབང་བསྐུར་བྱ་བའི་ཚུལ་ལ།

དབང་ཆོག་དྲེགས་པ་ཚར་གཅོད།

ཕག་མོ་སྔོན་མོའི་ཟབ་ཐིག་ལས༔ དབང་ཆོག་དྲེགས་པ་ཚར་གཅོད་བཞུགས༔ ཕག་གདོང་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ བསྙེན་བསྒྲུབ་དྲོད་རྟགས་ཐོབ་པའི་རྣལ་འབྱོར་པས༔ མཁའ་འགྲོའི་གཏོར་མ་ཙཀ་ལི་དར་གུར་ཕུབ༔ དཀྱིལ་འཁོར་དབུས་འགོད་སྨན་རག་གྲི་གུག་དང་༔ རྩེ་གསུམ་གཞུང་ལྟར་བསྒྲལ་ལས་ཆས་རྣམས་དང་༔ ལིངྒ་ཁྲོ་ལྕགས་སྣོད་བཞག་དར་ནག་བཀབ༔ ལྟ་བའི་གདེང་བསྐྱེད་བསྙེན་བསྒྲུབ་ཁ་ཡང་གསོ༔ འཛབ་ཀྱི་གནད་བསྣུན་དམིགས་པའི་འདུ་འཕྲོ་བསྒྱུར༔ ལས་བུམ་བསྐྱེད་ཅིང་བསྒོམ་བཟླས་མཆོད་བསྟོད་མཐར༔ སྙིང་པོ་བཟླས་ཤིང་ཏིང་འཛིན་དབང་བཞི་བླངས༔ དམ་ཚིག་ཚུལ་དང་ལྡན་པའི་སློབ་བུ་ནི༔ ལྔ་གསུམ་བདུན་ལས་མང་བར་མི་བྱ་ཞིང་༔ ནམ་གྱི་སྲོད་ལ་གོ་མཚོན་མཎྜལ་དབུལ༔ ཁྲུས་ནས་ཕྱུངས་ཤིང་བགེགས་སྦྱངས་བསྲུང་འཁོར་བསྒོམས༔ ཞེས་གསུངས་པ་ལྟར། སྟེགས་བུ་ཁེབས་ལྡན་ཁར་རས་བྲིས་སམ་འབྲུ་ཚོམ་སོགས་ཇི་ལྟར་རིགས་པའི་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་མཁའ་འགྲོའི་གཏོར་མ་སྐུ་གཟུགས་དང་དར་ལྗང་གུར་ཕུབ། ཐོད་ཁྲག་གཡས། གྲི་གུག་གཡོན། ཁ་ཊྲཱཾ་མདུན། ཉ་བོ་བསྒྲལ་ཆས་རྣམས་བྱང་། གནས་གསུམ་དུ་ཁྲག་ཆང་བསྲེས་པའིཐིག་ལེ་བྱ་རྒྱུ། གཞན་ཡང་ལས་ཀྱི་བུམ་པ། སྤོས་ཐུན། བྱིན་འབེབས་ཀྱི་བདུག་རྫས་ཁྱད་པར་བ་གཞུང་ནས་འབྱུང་བ་ལྟར་སྦྱར་བ་དང་། ཌཱ་དྲིལ། འཐོར་ནས། བགེགས་གཏོར་མཎྜལ་སོགས་ཚོགས་པར་བྱས་ལ། སློབ་དཔོན་གྱིས་ལས་ཀྱི་གཞུང་བསྲང་ཞིང་འཛབ་བསྙེན་ནུས་ལྡན་དུ་བསྒྲུབ། བདག་འཇུག་བླངས། བཀའ་གཏེར་མཆོད་པ་དང་། ཚོགས་མཆོད་ཡན་གྲུབ་ནས། ལས་བུམ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་སྔོན་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་གཡོན་སྡིག་འཛུབ་མཛད་པ་ཁྲོ་བོའི་ཆ་ལུགས་རྫོགས་པའི་གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་དམིགས་ལ། ཨཱོཾ་བིག་ནན་ཏ་ཀྲིཏ་ཧཱུྃ་ཕཊཿ ཅེས་བཟླས་པ་བརྒྱ་རྩ་ལ་སོགསཔའི་མཐར་བདུད་རྩིར་ཞུ་བར་བསམ། སློབ་མ་ཁྲུས་ནས་ཕྱུངས། བགེགས་བསྐྲད་བསྲུང་འཁོར་བསྒོམ་པ་རྣམས་ལེགས་པར་གྲུབ་ནས། ཆོས་བཤད་རྒྱས་བསྡུས་ཅི་རིགས་བྱ་སྟེ། དེ་ཡང་གཏེར་ཆེན་ནས་སྩལ་བའི་དབང་བཤད་ནི། འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་མ་སྣ་ཚོགས་མཐར་ཕྱིན་གྱི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། ངོ་བོ་ཀ་ནས་དག་པའི་ཆོས་དབྱིངས་ཆེན་པོ་ནས་བཅོམ་ལྡན་འདས་མ་དཔལ་ཀུན་ཏུ་བཟང་མོའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་མདངས་གོ་མ་འགགས་པ་ལས་སྣ་ཚོགས་མཐར་ཕྱིན་ལས་ཀྱི་དྷཱཀྐི་མ་འདི་རང་ཤར་ཞིང་། དབྱིངས་རང་བཞིན་རྣམ་པར་དག་པའི་མཁའ་སྤྱོད་དུ་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རང་འོད་འབར་བཞིན་བཞུགས་པའི་རོལ་པ་ལས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་གསང་སྔགས་བླ་མེད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་མང་པོ་སྟོན་པ་དེའི་འཁོར་དུ་རང་ཤར་ཞིང་བླ་ན་མེད་པའི་བཀའ་ཡི་འཁོར་ལོ་རྣམས་ཉན་ཞིང་འཆང་ནས་ཚངས་ཆེན་གྱི་བསྐལ་པ་ཆེན་པོའི་ཞིང་འདི་དང་། འདི་མ་ཡིན་པའི་ཡང་ནམ་མཁའི་མཐར་ཁྱབ་ཏུ་ལས་དང་སྐལ་པར་ལྡན་པ་རྣམས་ཀྱི་སྣང་ངོར་སྤྲུལ་པ་དང་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་དུས་གསུམ་ཀུན་ཏུ་སྐལ་ལྡན་མང་པོ་གྲོལ་ལམ་ལ་ཐབས་དང་གདམས་པ་མང་པོས་ཡོངས་སུ་གྲོལ་བར་མཛད་ནས་རིམ་གྱིས་བརྒྱུད་པ་ལས། རྩོད་ལྡན་ཚེ་ལོ་བརྒྱ་པའི་ཤཱཀྱའི་བསྟན་པ་ལ་མདོ་སྔགས་ཟུང་ཅིག་གི་ཉི་ཟླ་ཤར་བའི་ཚེ། ཨོ་རྒྱན་གྱི་སློབ་དཔོན་དཔལ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་ལ་དབང་བསྒྱུར་ཞིང་མཁའ་འགྲོའི་གསང་མཛོད་ཐམས་ཅད་བརྟོལ་ཏེ་འཛམ་གླིང་སྤྱི་དང་རྒྱ་བོད་ཀུན་ཏུ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ནང་ནས། བོད་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ་བའི་ནུ་མ་གཡས་པ་ཁམས་སྲིན་མོ་རྫོང་གི་ཆགས་རུ་ཕུག་སྔོན་འཕྲིན་ལས་ཀྱི་གཞལ་ཡས་སུ་ཕྱག་ཕེབས་ཤིང་སྣ་ཚོགས་མཐར་ཕྱིན་གྱི་སྒྲུབ་པ་མཛད་ཅིང་ལྗང་མོ་ཕྲིན་ལས་ཀྱི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་དུས་སུ། དབང་སྒྲུབ་ཐབས་མན་ངག་དང་བཅས་པའི་གདམས་པ་འདི་རྣམས་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བཀའ་སྩལ་ཞིང་གདམས་པ་མཁའ་འགྲོའི་ཡི་གེར་བཏབ་སྟེ་ཕྱི་མའི་བསྟན་འགྲོའི་དོན་དུ་མཁའ་འགྲོའི་གསང་བཛོད་དུ་རྒྱས་བཏབ་ནས་བཞུགས་སུ་གསོལ་བ། འགྲོ་བ་འདུལ་བའི་ལུང་བསྟན་དུས་བབས་བཞིན་དུ་ཁམས་པ་ཉི་མ་གྲགས་པས་མེ་ཡོས་ཧོར་ཟླ་གཉིས་པའི་ཚེས་བཅུའི་ཉིན་གོང་ལ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའི་གདམས་པ་རིན་པོ་ཆེ་འདིའི་དབང་ཐོབ་པ་ལ་ཡོན་ཏན་དུ་མ་དང་ལྡན་ཏེ། རྒྱུད་ལས། དམ་ཚིག་མ་ཉམས་ལེགས་བསྲུང་བའི། །རྣལ་འབྱོར་ཕོ་མོ་གང་ཡིན་རྣམས། །ཚེ་རིང་ནད་མེད་ཆོས་སྤྱོད་ཅིང་། །དཔལ་འབྱོར་ལོངས་སྤྱོད་ཀུན་ཐོབ་ནས། འདི་ཕྱི་བར་གསུམ་བཀྲ་ཤིས་ལ། །དེ་ནི་རྟག་ཏུ་དགེ་བར་འགྱུར། ཅེས་དང་། དེ་བཞིན་དུ། དང་པོ་དབང་གི་མ་སྨིན་ན། །ཐེག་པའི་ཆོས་ཀྱི་གྲོལ་མི་ནུས། །རང་རྒྱུད་དབང་གིས་མ་གྲོལ་ན། །རང་སེམས་མངོན་དུ་མི་འགྱུར་རོ། ཅེས་དང་། རྒྱུད་ལས། དབང་བསྐུར་གནང་བ་ཐོབ་པ་གཙོ། །དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། ཕྱི་མ་མངོན་པར་རྫོགས་སངས་རྒྱ། ཅེས་གསུངས་པའི་ཕན་ཡོན་དུ་མ་དང་ལྡན་པའི་དབང་ཞུ་བའི་ཐོག་མར་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་བའི་འོས་སུ་གྱུར་པ་བདག་མདུན་དབྱེར་མེད་དུ་སྒྲུབ་མཆོད་བཟླས་པ་དང་། ཟབ་གཏེར་སྲུང་མ་ལ་གཏོར་མ་ཕུལ་ཏེ་རྒྱ་འགྲོལ་བའི་ཕྲིན་ལས་བཅོལ་པ། ཚོགས་ཀྱི་འཁོར་ལོས་ཆོ་གའི་ལྷག་ཆད་བཀང་བ། བདག་འཇུག་གི་ཏིང་ངེ་འཛིན་གྱིས་བླང་བ་སོགས་གོང་དུ་གྲུབ་པ་ཡིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཞེས་བརྡའ་སྤྲད་དེ། དེ་ནས་གཞུང་ལས། འདུན་པའི་སེམས་བསྐྱེད་སྐྱབས་སེམས་དམ་ཚིག་ནོད༔ དབང་གི་དོན་དུ་གསོལ་བ་འདི་ལྟར་གདབ༔ ཞེས་པས་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པ་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་མོ་བཅོམ་ལྡན་འདས་མ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པསའདིའི་རྗེས་བཟློས་གྱིས། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ གསུམ། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་བཟློས་གྱིས། འགྲོ་བ་སེམས་ཅན་དོན་སླད་དུ༔ མཁའ་འགྲོའི་བསྐྱེད་རྫོགས་བསྒོམ་བཟླས་བསྒྲུབ༔ གསུམ། དེ་ལྟར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གིས་སྤྱན་སྔར་ཚོགས་བསགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རངས་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བསྔོ་བ་སོགས་ཚིག་ཕྱིར་སེམས་གཞོལ་བས་འདིའི་རྗེས་བཟློས་གྱིས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ དེ་ལྟར་ཐུན་མོང་གི་རྒྱུད་སྦྱོངས་བའི་རིམ་པ་སོང་ནས། དངོས་གཞི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་བཟློས་གྱིས། ཧཱུྃ༔ རྡོ་རྗེ་འཆང་དབང་ལས་ཀྱི་མཁའ་འགྲོ་མ༔ བདག་ཅག་འདིར་ཚོགས་རིགས་ཀྱི་བུ་རྣམས་ལ༔ ལས་ཀྱི་མཁའ་འགྲོའི་དབང་གི་སྨིན་གྲོལ་མཆོག༔ ཡང་དག་ཉིད་དུ་སྩལ་བར་མཛད་དུ་གསོལ༔ གསུམ༔ གནས་གསུམ་ཁྲག་ཆང་བསྲེས་པའི་ཐིག་ལེས་བརྒྱན༔ སྐུ་གསུང་ཐུགས་ཀྱི་ས་བོན་གསལ་ཡང་གདབ༔ དཔོན་སློབ་ཐམས་ཅད་མཁའ་འགྲོའི་གར་སྟབས་བསྒྱུར༔ ལྷར་བསྐྱེད་རོལ་མོ་འདིར་ཞིང་སྤྱན་འདྲེན་བསྟིམ༔ གུ་གུལ་ནག་པོ་གྲི་ཀླད་ཤ་ཆེན་བསྲེག༔ ཏིཥྛ་བཛྲ་བརྗོད་ཅིང་རྒྱས་ཀྱང་གདབ༔ ས་མ་ཡཱ༔ ཞེས་པས། ད་ཁྱེད་རང་རྣམས་ཀྱིས་ཐུན་མོང་མ་ཡིན་པར་དབང་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུ་གཏོར་ལ། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྣ་ཀོ྅ཧཾ། ཞེས་བརྗོད་པས་ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་གདན་གྱི་ཁར། ཁྱེད་རང་རྣམས་ཀྱི་སེམས་ཉིད་རིག་པའི་ངོ་བོ་ཡི་གེ་ས་ལྗང་གུ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོ་འདུའི་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་ཕག་གདོང་སྔོན་མོ་སྣ་ཚོགས་མཐར་ཕྱིན་མ་སྐུ་མདོག་ལྗང་གུ་ནོར་བུ་རིན་པོ་ཆེ་མརྒ་ཏའམ་དབང་སྔོན་གྱི་ལྷུན་པོ་ལ་ཉིན་བྱེད་གཞོན་ནུའི་ཟེར་གྱིས་འཁྱུད་པ་ལྟ་བུ་ལང་ཚོ་རབ་ཏུ་རྒྱས་པའི་སྐུ་ཅན་ཆུ་སྐྱེས་དང་མྱོས་བུམ་རྣམ་པར་རྒྱས་པས་མཚན་པ། ཞལ་གཅིག་ཤིན་ཏུ་ཁྲོས་པའི་ཉམས་ཅན་སྤྱན་གསུམ་མཁའ་ལ་གཟིགས་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་གཙིག་ཤིང་རྐན་སྒྲ་སྒྲོག་པ། ཕྱག་གཉིས་གྲི་ཐོད་ཀྱི་ཕྱག་རྒྱ་ཅན། ཐོད་སྐམ་ལྔས་དབུ་རྒྱན་དང་། དུར་ཁྲོད་ཀྱི་ཆས་བརྒྱད་དང་། རུས་པའི་རྒྱན་གྱིས་བརྒྱན་པ་ཞབས་གར་སྟབས་ཀྱིས་ཁཊྭཱཾ་ག་ལ་འཁྱུད་པ། དབུ་སྐྲ་རལ་བའི་གསེབས་ནས་ཕག་སྐད་འབྲུག་ལྟར་སྒྲོགས་པ། བདེ་སྟོང་གི་ཡེ་ཤེས་རབ་ཏུ་རྒྱས་པའི་སྐུ་སྣང་ལ་རང་བཞིན་མེད་པ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བླ་མ་དང་མདུན་བསྐྱེད་མཁའ་འགྲོའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་རྐྱེན་ཀྱིས་འོག་མིན་ཆོས་ཀྱི་དབྱིངས་དང་མཁའ་སྤྱོད་གནས་ཡུལ་དུར་ཁྲོད། ཁྱད་པར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་བྱུང་ནས་ཁྱེད་རང་གི་གནས་གསུམ་ལ་གཉིས་མེད་དུ་ཐིམ་བྱུང་སྙམས་པའི་མོས་པ་བརྟན་པོ་མཛོད། ཅེས་དམིགས་པ་སྤྲད་ནས་རྫས་བདུག་སྤོས་རོལ་བྱ་ཞིང་བྱིན་དབབས། ཧཱུྃ༔ ལས་ཀྱི་མཁའ་འགྲོ་ཕྲིན་ལས་དབང་མོ་ཆེ༔ ནུས་མཐུའི་དཔལ་ལྡན་དྲག་སྔགས་འཁོར་ལོས་སྒྱུར༔ ཕྲིན་ལས་མངའ་བདག་ཡེ་ཤེས་མཁའ་འགྲོ་མ༔ བཞེངས་ཤིག་བཞེངས་ཤིག་འབར་བའི་ཀློང་ནས་བཞེངས༔ གཏུམ་སྐད་ཕེམ་སྒྲའི་ང་རོ་འབྲུག་སྟོང་ལྡིར༔ ཕག་ཞལ་སྒྲ་སྒྲོག་ཁམས་གསུམ་དབང་དུ་བསྡུད༔ ཞིང་ཆེན་གཡང་གཞི་ཁྲག་ཏུ་ཙར་ར་ར༔ མི་མགོའི་ཕྲེང་བ་མང་པོ་ཁྲོ་ལོ་ལོ༔ གནམ་ལྕགས་གྲི་གུག་མཁའ་ལ་ཡ་ལ་ལ༔ ཐོད་ཁྲག་དམར་པོ་ཐུགས་ཀར་ཀྱི་ལི་ལི༔ རྡོ་རྗེའི་ཁ་ཊྭཱཾ་དབྱིངས་ན་ལྡེམས་སེ་ལྡེམ༔ དུག་སྦྲུལ་ཆུན་པོ་མང་པོ་ཉི་ལི་ལི༔ དུར་ཁྲོད་རུས་རྒྱན་སྐར་ལྟར་ཁྲ་ལ་ལ༔ དར་ཚོན་ཅོད་པན་སྤྲིན་ལྟར་སྤུངས་སེ་སྤུང་༔ སྟག་གི་པགས་པའི་ཤམ་ཐབ་ལྷབས་སེ་ལྷབ༔ རིན་ཆེན་སྣ་ཚོགས་རྒྱན་ཆ་སི་ལི་ལི༔ ཡེ་ཤེས་བསྐལ་པའི་མེ་དཔུང་འུ་རུ་རུ༔ འདོད་ཆགས་ཁྲག་གི་སེར་བ་ཤར་ར་ར༔ ཞེ་སྡང་དྲག་པོའི་གློག་དམར་སྐེམས་སེ་སྐེམ༔ གཏི་མུག་ནག་པོའི་མུན་པ་ཐིབས་སེ་ཐིབ༔ ང་རྒྱལ་དྲག་པོའི་ཐོག་རྒོད་ཉི་ལི་ལི༔ ཕྲག་དོག་དྲག་པོའི་འབྲུག་སྒྲ་འུར་རུ་རུ༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་བསྒྱུར་ལ༔ ལྗང་མོ་འབུམ་གྱི་འཁོར་དང་བཅས་པ་རྣམས༔ དྲག་པོའི་གནས་ནས་ཡེ་ཤེས་མཁའ་ལ་སྤྱོད༔ སྒྲུབ་པའི་གནས་འདིར་བྱིན་གྱིས་བརླབས་ཕྱིར་གཤེགས༔ ས་ཀརྨ་དྷཱཀྐི་ནི་ས་མ་ཡཱ་ཧྲིང་ཧྲིང་ཕེམ་ཕེམ་ཛཿཛཿཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་ཡེ་ཤེས་དབབ་པའི་དམིགས་པ་དང་བཅས་མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་བཞག་ལ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་དབང་དངོས་ནི་གཞུང་ལས། ད་ེནས་གཏོར་མ་མཁའ་འགྲོར་གསལ་བ་དེ༔ སློབ་བུའི་ལུས་བསྟིམ་འདི་སྐད་བརྗོད་པར་བྱ༔ ཞེས་པས། ཧཱུྃ༔ དཔལ་ལྡན་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ ཕྲིན་ལས་མཁའ་འགྲོ་ལྗང་མོ་འབུམ་གྱི་སྡེ༔ སྣ་ཚོགས་མཐར་ཕྱིན་འཁོར་བཅས་སྐུ་ཡི་དབང་༔ སྐལ་ལྡན་བུ་མཆོག་རྣམས་ལ་ཡོངས་རྫོགས་ཤོག༔ ས་ཀརྨ་དྷཱཀྐི་ནི་བྷ་ར་ཧི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾཿ ལྕང་ལོ་ཅན་གྱི་བྷནྡྷ་རཀྟ་ཐོགས༔ སློབ་བུའི་མགྲིན་པར་བསྐུར་ཞིང་ངག་ཏུ་སྦྱིན༔ ཧཱུྃ༔ ལྕང་ལོ་ཅན་གྱི་བྷནྡྷའི་སྣོད་ཡངས་དབུས༔ དགྲ་བགེགས་བསྒྲལ་བའི་ཁྲག་གི་རྒྱ་མཚོར་བསྐྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣ་ཚོགས་མཐར་ཕྱིན་གསུང་གི་དབང་ཐོབ་ཤོག༔ ས་ཀརྨ་དྷཱཀྐི་བྷ་ར་ཧི་ཝཱཀྐ་ཨབྷི་ཥིཉྩ་ཨཱོཾ༔ གནམ་ལྕགས་གྲི་གུག་སློབ་བུའི་སྙིང་གར་སྦྱིན༔ ཧཱུྃ༔ གནམ་ལྕགས་ཞུན་མའི་གྲི་གུག་ཡ་ལ་ལ༔ མཐིང་ནག་དར་གྱི་ཅོད་པན་པུར་རུ་རུ༔ ལྗང་མོ་འབུམ་སྡེ་འཁོར་བཅས་ཐུགས་ཀྱི་དབང་༔ སྐལ་ལྡན་བུ་མཆོག་རྣམས་ལ་དབང་བསྐུར་བས༔ སྣ་ཚོགས་མཐར་ཕྱིན་ཐུགས་ཀྱི་དབང་ཐོབ་ཤོག༔ ས་ཀརྨ་དྷཱཀྐི་བྷ་ར་ཧི་ཙིཏྟ་ཨ་བྷི་ཥིཉྩ་ཨཱོཾ༔ རྩེ་གསུམ་སློབ་བུའི་ལག་ཏུ་གཏད༔ ཧཱུྃ༔ ལྕགས་སྣ་དགུ་ལས་གྲུབ་པའི་ཁ་ཊྭཱཾ་ག༔ མི་མགོ་སྐམ་རློན་རྒྱན་ཆ་ཁྲ་ལ་ལ༔ ཚེ་ཡི་བུམ་པ་དགོས་འདོད་ཀུན་འབྱུང་གནས༔ རྒྱ་གྲམ་འབར་བས་ཀླད་ཁྲག་དཀྲུག་པར་བྱེད༔ ཡེ་ཤེས་ལྔ་ལྡན་ཅོད་པན་པུ་རུ་རུ༔ ལྗང་མོ་འབུམ་སྡེའི་ཡོན་ཏན་དབང་ཐོབ་ཤོག༔ ས་ཀརྨ་དྷཱཀྐི་བྷ་ར་ཧི་རཏྣ་ཨ་བྷི་ཥིཉྩ་ཨཱོཾ༔ འཕྲིན་ལས་བསྒྲལ་དབང་གཞུང་ལྟར་སྦྱིན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ལྕགས་སྣོད་དུ་ལིང་ག་བཤམས་ལ། སློབ་བུ་རྣམས་ལྷར་གསལ་བས། དགུག་གཞུག་སྤྱི་ལྟར་གྱི་མཐར༔ ས་ཀརྨ་དྷཱཀྐི་ནི་བྷ་ར་ཧི་དགྲ་བོ་བྱད་མ་ལྷ་བསྲུང་དང་བཅས་པའི་ལུས་ངག་ཡིད་གསུམ་ཁུག་རིལ་ཐུན་བྷྱོ༔ གསུམ། ཛཿཧཱུྃ་བཾ་ཧོ༔ ས་རྒྱས་གདབ༔ ཧཱུྃ༔ སྣ་ཚོགས་མཐར་ཕྱིན་འཇིགས་གཟུགས་རྔམ༔ རབ་ཏུ་འཁྲུག་པས་དུག་གསུམ་འབར༔ སྐུ་གསུང་ཐུགས་སྤྲུལ་སྟོང་གསུམ་གང་༔ སྒྲོལ་བྱེད་འབུམ་སྡེས་དགྲ་བགེགས་སྒྲོལ༔ ས་ཀརྨ་དྷཱཀྐི་ནི་བྷ་ར་ཧི་མ་མ་ཏྲག་རཀྴ་ཡ་ཁ་ཐུན་ཁ་ཐུན་དགྲ་བོ་འདུ་ཤ་ཡེ༔ བྷནྡྷ་ཡེ༔ ཚིནྡྷ་ཡེ༔ རཀྟ་ཡེ༔ དགྲ་པོའི་སྙིང་ཁ་རག་མོ་སྲོག་ཁུག༔ མྱུར་དུ་ཁུག་ཛཿཛཿདགྲ་བོའི་སྙིང་དུམ་བུར་ཆོད་དུམ་བུར་ཆོད་དགྲ་བོ་མཱ་ར་ཡ་ཛཿཛཿ ཅེས་སློབ་མ་རྣམས་ཀྱི་དམིགས་པ་གསལ་བས་བསྒྲལ་ལ། དེ་ཡང་ཚེ་ལུང་ཁྲུས་ལུང་གི་དགོངས་པ་དང་ལྡན་པས། སློབ་དཔོན་གྱིས། འོ་ཁྱེད་རང་རྣམས་ཀྱིས་གནད་འདི་ཤེས་དགོས་ཏེ་མཉམ་གཞག་ཆོས་སྐུའི་ངང་དུ་རྟོགས་པས་བདག་བསྒྲལ་ནས། རྗེས་ཐོབ་སྙིང་རྗེའི་རྩལ་གྱིས་ཐུགས་རྗེས་གཞན་བསྒྲལ་བ་ནི་རྡོ་རྗེ་ཐེག་པའི་སྒྲོལ་དབང་གི་དགོངས་པ་ཡིན་པས། དེ་ལྟ་བུའི་དགོངས་པ་དང་ལྡན་པས་ཡུལ་གསུམ་གསལ་བ། དགྲ་གསུམ་བསད་པ་བདུད་བཞི་སྒྲོལ་བ། ཕྲང་གསུམ་བསལ་བ་དེ་ལྟ་བུའི་གཤིས་ལུགས་མངོན་དུ་གྱུར་པ་དེ་བསྒྲལ་དབང་གི་ངོ་བོ་ཡིན་པས་ཤེས་པར་གྱིས་ཤིག །ཅེས་བཤད་ལ་རྟོག་པ་བསྐྱེད་དེ་བསྒྲལ། དེ་ནས་ཤ་ཁྲག་ཚོགས་སུ་དམིགས་ཏེ་འབུལ་ཞིང་ཞལ་བསྟོབ་ནི༔ ཧཱུྃ༔ མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ ཁཱ་ཧི་ཁཱ་ཧི་འདོད་ཆགས་ཁྲག་ལ་ཁཱ་ཧི༔ ཁཱ་ཧི་ཁཱ་ཧི་ཞེ་སྡང་རུས་ལ་ཁཱ་ཧི༔ ཁཱ་ཧི་ཁཱ་ཧི་གཏི་མུག་ཤ་ལ་ཁཱ་ཧི༔ ལིང་རོ་གཏོར་མར་སྟོབ་བར་བྱའོ། །དེ་ནས་ཤིས་བརྗོད་མེ་ཏོག་འཐོར། ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ ཕག་མོ་ལོངས་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ ཕག་མོ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ བཀའ་ཡི་ཕྲིན་ལས་དཀྱིལ་འཁོར་ནས༔ སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཅེས་དང་གཞན་ཡང་ཤིས་བརྗོད་གང་འོས་བྱའོ། དེ་ལྟར་བཅོམ་ལྡན་འདས་མ་སྣ་ཚོགས་མཐར་ཕྱིན་གྱི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་གདམས་པའི་རིམ་པ་རྣམས་ཚུལ་བཞིན་བསྲུང་བར་བགྱིད་སྙམས་པས་འདིའི་རྗེས་བཟློས་གྱིས། གཙོ་བོའི་ཇི་ལྟར་སོགས། གཏང་རག་གི་མཎྜལ། སླར་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་བཟློས་གྱིས། དེང་ནས་བརྩམས་སོགས། དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། བསོད་ནམས་འདི་ཡི་སོགས་ནས། རིན་ཆེན་དགེ་ཚོགས་སོགས་དགེ་བ་བསྔོ་ཞིང་། དགའ་སྟོནཚོགས་འཁོར་ཡོད་ན་དྲིམ། སློབ་བུ་རྣམས་རང་གནས་བཏང་ངོ་༔ ལྷག་མ་བཏང་སོགས་རྗེས་སྤྱི་ལྟར་བྱ་བས་འཇུག་སྐྱོང་ངོ་། ཨེ་མ་མཁའ་འགྲོའི་དབང་ཆོག་གསང་བའི་བཅུད༔ དུར་ཁྲོད་བརྒྱད་ལ་སྤྱོད་པ་སྤྱད་པའི་ཚེ༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མས༔ འབུམ་ཕྲག་མཁའ་འགྲོ་དབང་བསྡུས་བདག་ལ་སྩལ༔ དེས་ན་བརྗོད་པར་དཀའ་བའི་གདམས་པ་འདི༔ ཕྱི་མའི་དུས་ཀྱི་སྐལ་ལྡན་ཕོ་མོའི་དོན༔ ཡི་གེའི་རིས་བཏབ་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་བསྐལ་བ་དུས་ཀྱི་ཐ་མ་ལ༔ འགྲོ་བ་འདྲེན་པའི་བུ་དང་འདི་འཕྲད་ནས༔ སངས་རྒྱས་བསྟན་པ་ཡུན་རིང་བསྲིང་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་ཆེན་ཉི་མ་གྲགས་པ་རྩལ་གྱིས་ཆགས་རུ་ཕུག་སྔོན་ནས་གུ་རུ་རིནཔོ་ཆེ་དང་སྲུང་མའི་བསྐུལ་བྱང་གསལ་བ་ལ་བརྟེན་ཏེ་སྤྱན་དྲངས་ཤིང་ཆགས་རུ་ཕུག་ནག་ཏུ་ཤོག་སེར་ལས་བསྒྱུར་བ་མངྒ་ལཾ། །སྣ་ཚོགས་མཐར་ཕྱིན་ལས་ཀྱི་མཁའ་འགྲོ་ཡི། །དབང་ཆོག་འཇུག་པ་བདེ་བར་བཀོད་པའི་དགེས། རབ་འབྱམས་ལས་ཀྱི་འདོད་པ་ཀུན་འཇོ་བས། །བསྟན་འགྲོའི་བདེ་ལེགས་བསྐྲུན་པའི་ནུས་ཐོབ་ཤོག །ཅེས་བཅོམ་ལྡན་འདས་མ་ཕག་གདོང་སྔོན་མོའི་དབང་ཆོག་དྲེགས་པ་ཚར་གཅོད་ཁྲིགས་སུ་སྡེབས་པ་འདི། བླ་མ་དམ་པ་མཁྱེན་སྤྱན་ཡངས་པ་འགྱུར་མེད་བློ་ལྡན་གྱིས་རིང་མོ་ཞིག་ནས་ནན་ཏན་ཆེན་པོའི་ཡང་ཡང་བསྐུལ་བ་དང་། ཉེ་བར་གྲུབ་པའི་དབང་ཕྱུག་བསྟན་འཛིན་སྙིང་པོ་ནས་གྲུབ་པར་གྱིས་ཤིག་པའི་གསུང་གི་གནང་བ་ཐོབ་པ་ལ་ཡི་དམ་དུ་བགྱིས་ཏེ་སྔགས་བན་ཝཱགྟི་མ་ཏིའི་བགྱིས་པ་ཉེས་གྱུར་མཁའ་འགྲོའི་ཚོགས་ལ་བཤགས།


previousཕག་མོ་རིགས་བཞིའི་ཆོས་སྐོར་ལས་ཕག་སྔོན་སྐོར།no next