Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
སྦྱོར་ལམ་རྩེ་སྦྱོར་བཤད་པ།
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousསྦྱོར་ལམ་རྩེ་སྦྱོར་བཤད་པ།next

སྦྱོར་ལམ་རྩེ་སྦྱོར་བཤད་པ།


GLG013_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལམ་རྩེ་སྦྱོར་བཤད་པ། གཉིས་པ་དབང་དུ་བྱ་བའི་འབྲས་བུ་རྩེ་སྦྱོར་བཤད་པ་ལ། འབྲེལ་བཀོད་པས་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བའོ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། བཤད་དོན་གོ་སླ་བར་བྱ་བའི་ཕྱིར། རྩེ་སྦྱོར་འཐོབ་པའི་རྟགས་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་སྒོ་ནས། རྩེ་མོའི་མངོན་རྟོགས་འཆད་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། གོམས་པ་དབང་དུ་བྱ་བའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་རྟོགས་པ་ཐོབ་པ་ལ། གོམས་པ་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བས། དེའི་རྒྱུ་མཚན་གྱིས་དེའི་གོ་རིམ་དང་མཐུན་པར་བཤད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་དབང་སྒྱུར་ཐོབ་པའི་སེམས་དཔའི་ཡེ་ཤེས་རྩེ་སྦྱོར་གྱི་མཚན་ཉིད་ཟེར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པའི་སེམས་དཔའི་ཡེ་


GLG013_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡིན་པར་ཐལ་ལོ། ཁ་ཅིག །སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་མཁྱེན་གསུམ་བསྡུས་སྒོམ་ཐེག་ཆེན་གྱི་ཚོགས་ལམ་ལས་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེའི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། མཐོང་ལམ་རྩེ་སྦྱོར་ཡིན་པའི་ཕྱིར། འདོད་ན། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞི་ཤེས་ཀྱི་རྣམ་པ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། མཁྱེན་གསུམ་གྱི་རྣམ་པ་བསྡུས་སྒོམ་ཐེག་ཆེན་གྱི་ཚོགས་ལམ་ལས་རབ་ཏུ་གྱུར་པའི་ཤེས་རབ་ཀྱི་ཟིན་པའི་སེམས་དཔའི་རྣལ་འབྱོར་རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན་བཞི། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུ་ཡོད། གཉིས་པ་ལ། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར་བར་ཆད་མེད་པའི་རྩེ་སྦྱོར་བཞི། དང་པོ་ལ། སོ་སོའི་ངོ་བོ་དང་། དོན་བསྡུ་བ་གཉིས། དང་པོ་ལ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི། དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། དྲོད་རྩེ་སྦྱོར་ཐོབ་སྟེ། སྒོམ་བྱུང་གི་སྟོབས་ཀྱིས་རྨི་ལམ་ན་


GLG013_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆོས་རྣམས་ཀུན་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པའི་རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་རྣམ་པ་བཅུ་གཉིས་དག་ཏུ་མདོ་ལས་བཞེད་པ་དང་ལྡན་པའི་བྱང་སེམས་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། རྟགས་བཅུ་གཉིས་དང་ལྡན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ། དྲོད་རྩེ་སྦྱོར་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་དྲོད་ཀྱི་ཡེ་ཤེས་སྐད་ཅིག་དང་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་འདྲའི་རྟགས་བཅུ་གཉིས་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་རྗེས་ཐོབ་ཡེ་ཤེས་ཐོབ་པར་ཐལ། འདོད་པའི་ཕྱིར། གཉིས་པ་རང་ལུགས་ནི། མདོ་ལས་རྟགས་བཅུ་གཉིས་གང་རུང་གིས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་དེ། དྲོད་ཀྱི་རྩེ་སྦྱོར་གྱི་མཚན་ཉིད། མདོ་ལས་རྣམ་འཕེལ་བཅུ་དྲུག་གང་རུང་གི་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གཉིས་པ་དེ། རྩེ་མོའི་རྩེ་སྦྱོར་གྱི་མཚན་ཉིད། མདོ་ལས་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་གཉིས་ཀྱིས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གསུམ་པ་དེ། བཟོད་པའི་རྩེ་སྦྱོར་གྱི་མཚན་ཉིད། མདོ་ལས། སེམས་ཀུན་དུ་གནས་པས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་པ་དེ། ཆོས་མཆོག་རྩེ་སྦྱོར་གྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ལ་གནས་པའི་གང་ཟག་གི་རྒྱུད་ལ། རྨི་ལམ་གྱི་


GLG013_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་ཆོས་ཐམས་ཅད་བདེན་མེད་རྨི་ལམ་ལྟ་བུ་ལྟ་བ་ལ་སོགས་པའི་དྲོད་རྩེ་སྦྱོར་ཐོབ་པའི་རྟགས་མེད་པར་ཐལ། དེའི་རྒྱུད་ལ་གཉིད་མེད་པའི་ཕྱིར། དེར་ཐལ། དེ་བསམ་གཏན་བཞིའི་དངོས་གཞི་ཐོབ་ལ་མ་ཉམས་པ་ཡིན་པ་གང་ཞིག །དེའི་རྒྱུད་ལ་གཉིད་མེད་པའི་ཕྱིར། དེར་ཐལ། བསམ་གཏན་གྱི་དངོས་གཞི་ཐོབ་ལ་མ་ཉམས་པའི་རྒྱུད་ལ་གཉིད་མེད་པའི་ཕྱིར། དེར་ཐལ། མཛོད་ལས། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །ཞེས་གསུངས་པའི་ཕྱིར། ཟེར་ན། དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ཡིན་ན། རང་རྒྱུད་ལ་གཉིད་མེད་པས་ཁྱབ་པར་ཐལ། དེ་འདྲའི་ཕྱིར་མི་ལྡོག་པའི་རྟགས་འཆད་པའི་སྐབས་སུ། བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང་། །ཞེས་དྲོད་ནས་གཉིད་སོགས་སྒྲིབ་པ་དང་མི་འགྲོགས་པར་བཤད་པའི་ཕྱིར། ཁྱབ་པ་འགྲིག །འདོད་ན། བྱང་འཕགས་ཡིན་ན། རང་རྒྱུད་ལ་གཉིད་མེད་པས་ཁྱབ་པར་ཐལ། འདོད་ན། ས་བཅུ་ལ་རྨི་ལམ་མི་འདྲ་བའི་ཁྱད་པར་བཤད་པ་མི་འཐད་པར་ཐལ་ལོ། །གཉིས་པ་ནི། རྣམ་པ་བཅུ་གཉིས་པོ་འདི་ནི་ཆོས་ཅན། དྲོད་ཀྱི་རྩེ་མོའི་གནས་སྐབས་ཀྱི་མངོན་པར་རྟོགས་པ་ཐོབ་པའི་ཁྱད་པར་གྱི་རྟགས་ཡིན་ཏེ། དེའི་མཚོན་བྱེད་ཡིན་པའི་ཕྱིར། སྦྱོར་ལམ་དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། དྲོད་རྩེ་སྦྱོར་ཐོབ་སྟེ། སད་དུས་སུ་སྟོང་ཉིད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་ཤིན་ཏུ་གོམས་པའི་སྟོབས་ཀྱིས་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ལ་སོགས་པར་ལྟ་བ་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། ཆོས་ཅན་དང་བསྒྲུབ་བྱའི་ཆོས་སྔར་བཞིན་ལ། སེམས་བསྐྱེད་བསྒོམས་པའི་སྟོབས་ཀྱིས་རྨི་ལམ་ན་ཡང་ཉན་ཐོས་ལ་སོགས་པའི་ས་ལ་དགའ་བའི་


GLG013_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མི་སྐྱེད་པའི་སེམས་དཔའ་ཡིན་པའི་ཕྱིར། སངས་རྒྱས་མཐོང་བ་དང་མི་འབྲལ་བའི་ཐེག་ཆེན་གྱི་དགེ་རྩ་སྨིན་པའི་སྟོབས་ཀྱིས་རྨི་ལམ་ན་ཡང་། སྟོན་པ་དེ་བཞིན་གཤེགས་པ་ཆོས་སྟོན་པ་ལ་སོགས་པ་མཐོང་བའི་ཕྱིར། རྨི་ལམ་ན་ཡང་ནམ་མཁའ་ལ་འཕགས་ཏེ་ཆོས་སྟོན་པ་སོགས་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བ་མཐའ་ཡས་པ་རྨིས་པའི་ཕྱིར། རྨི་ལམ་དུ་ཡང་འགྲོ་ལ་ཆོས་ཀུན་རྨི་ལམ་ལྟར་བསྟན་ཏོ་སྙམ་དུ་ཆོས་སྟོན་པའི་སེམས་སྐྱེ་བའི་ཕྱིར། སད་རྨི་གཉིས་ཀར་ཡང་། དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་བ་སྔོན་དུ་འགྲོ་བའི་རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་གི་མིང་ཡང་མེད་པར་གྱུར་ཅིག་སྙམ་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་ཀར་གྲོང་ཁྱེར་ལ་སོགས་པ་མེས་འཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་རླབས་གྲུབ་པའི་ཕྱིར། སད་དུས་གནོད་སྦྱིན་ལ་སོགས་པའི་མི་མ་ཡིན་པའི་གནོད་པ་བྱུང་བ་དག་མེད་པར་བྱེད་པའི་བདེན་པའི་ཚིག་གྲུབ་པའི་ཕྱིར། རང་ཉིད་ཀྱིས་བདུད་ལས་མངོན་པར་ཤེས་པས་ཕ་རོལ་དེ་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་ང་རྒྱལ་མེད་པར་བསྟེན་པའི་ཕྱིར། མཉམ་རྗེས་གྱི་རྣམ་པ་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པའི་ཕྱིར། སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་སྟོབས་ཀྱིས་ཆོས་ཐམས་ཅད་ལ་བདེན་པར་མངོན་པར་ཞེན་པ་མེད་པའི་ཕྱིར། སངས་རྒྱས་ཀྱི་བྱང་ཆུབ་ལ་ཤིན་ཏུ་ཉེ་བར་གྱུར་པ་ཞེས་བྱ་བའི་རྩེ་མོའི་རྟགས་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་རྩེ་མོའི་རྩེ་སྦྱོར་བཤད་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དེའི་འོག་ཏུ་རྣམ་པར་


GLG013_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བ་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རྟགས་ཀྱི་ཐོབ་པར་མཚོན་པའི་རྩེ་སྦྱོར་ཐོབ་པའི་བསོད་ནམས་རྣམ་པར་འཕེལ་བ་རྣམ་པ་དུ་ཞིག་ཡོད་ཅེ་ན། དེའི་ལན་སྟོན་པའི་ཕྱིར། གཉིས་པ་ནི། རྩེ་མོའི་རྩེ་སྦྱོར་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་གི་བདག་ཉིད་ཐོབ་པ་དང་ལྡན་པའི་བྱང་སེམས་ཡིན་ཏེ། འཛམ་བུ་གླིང་གི་སྐྱེ་བོ་ལ་སོགས་སེམས་ཅན་ཇི་སྙེད་གྱིས་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་དཔེར་མཛད་ནས། རྣམ་མང་དུ་ནི་དེ་ལས་ལྷག་པའི་བསོད་ནམས་རྣམ་འཕེལ་བཅུ་དྲུག་གི་བདག་ཉིད་ཐོབ་པའི་བྱང་སེམས་ཡིན་པའི་ཕྱིར། གསུམ་པ་ནི། དེ་འདྲའི་སེམས་དཔའ་དེ་ཆོས་ཅན། བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་གི་བདག་ཉིད་ཐོབ་པ་དང་ལྡན་པའི་བྱང་སེམས་ཡིན་ཏེ། མེ་ཏོག་ལ་སོགས་པས་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་པོ་དཔེར་མཛད་ནས། དེ་བས་ཀྱང་གོང་ནས་གོང་དུ་བསོད་ནམས་གཞན་རྣམ་པ་བརྒྱད་སྔ་ཕྱི་རིམ་བཞིན་ཁྱད་པར་དུ་འཕགས་པ་ཉིད་དུ་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ཀྱི་བསོད་ནམས་རྣམ་པར་འཕེལ་བར་ཐོབ་པ་དང་། འཛམ་བུ་གླིང་ལ་སོགས་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བས་ལྷག་པ་དང་ལྡན་པའི་བསོད་ནམས་འཕེལ་བ་ཐོབ་པ་དང་། དེ་བས་ཀྱང་ཁྱད་པར་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིད་ལ་བྱེད་པ་དང་ལྡན་པ་དང་། མི་སྐྱེ་བའི་ཆོས་སྟོང་ཉིད་ལ་བཟོད་པ་ཐོབ་པ་དང་ལྡན་པ་དང་། བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་རྒྱུ་འབྲས་ཀྱི་ཆོས་རྣམས་དོན་དམ་པར་མི་དམིགས་པར་རྟོགས་པ་དང་། འཛམ་བུ་གླིང་གི་སེམས་ཅན་གྱིས་དགེ་བ་བཅུ་ལ་སོགས་པ་དང་། བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་ཐོབ་པ་ལས་ཁྱད་


GLG013_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕགས་པའི་བསོད་ནམས་དང་། རང་གི་དྲུང་དུ་འདོད་པ་ནས་འོག་མིན་གྱི་བར་གྱི་ལྷའི་རིགས་ཐམས་ཅད་གུས་པས་ཉེ་བར་འོང་བ་དང་། རང་གི་མངོན་རྟོགས་ཀྱི་མཐུས་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ཐེག་ཆེན་གྱི་སྐྱེ་བོ་གཞན་ལ་སྟོན་པ་དང་འདྲ་བར་གུས་པར་ཡང་མཚུངས་པར་གནས་ཞེས་བྱ་བའི་བསོད་ནམས་དང་། གཞན་ཡང་། རྣམ་པ་ཐམས་ཅད་དུ་ཚོགས་གཉིས་རྫོགས་བྱེད་ཀྱི་ཐབས་ལ་མཁས་པས་ཤེས་རབ་ཀྱི་བསླབ་པ་ཁྱད་པར་ཅན་ཡོངས་སུ་དག་པ་དང་ལྡན་པ་དང་། སངས་རྒྱས་ཀྱི་རིགས་ཅན་དུ་གྱུར་པའི་ནུས་པ་དང་ལྡན་པ་དང་། རང་གི་འབྲས་བུ་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མཚན་སྦྱོར་བ་དང་མཚུངས་ལྡན་གྱི་སེམས་བསྐྱེད་དང་ལྡན་པ་དང་། རང་གི་མཐུས་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཀྱི་སེམས་སེར་སྣ་སོགས་མི་སྐྱེ་བ་དང་ལྡན་པ་དང་། རང་གི་མཐུས་གཟུགས་ལ་སོགས་པ་བདེན་གྲུབ་དང་ལྡན་པར་རྟོག་པ་ཀུན་བརྟགས་མངོན་གྱུར་བའི་སེམས་རབ་ཏུ་མི་སྐྱེ་བ་དང་། ཤེར་ཕྱིན་གྱི་ནང་དུ་ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་ཚུལ་ཤེས་པ་དང་། ཐེག་པ་གསུམ་གྱི་རྟོགས་རིགས་ཕུན་སུམ་ཚོགས་པ་ཐམས་ཅད་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཐོབ་པ་དང་ལྡན་པ་དང་། རང་གི་མཐུས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཤིན་ཏུ་ཉེ་བར་གྱུར་པ་ཞེས་བྱ་བའི་རྣམ་པར་རྟོག་པ་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། སྨྲས་པ། སྟོང་གསུམ་སྐྱེ་བོས་བསགས་པའི་ལེགས་བྱས་ཀྱིས། །འགྲན་པར་ནུས་མིན་སྦྱོར་ལམ་རྩེ་སྦྱོར་གྱིས། །བསོད་ནམས་འཕེལ་བའི་སྣང་ཚུལ་འདི་ཉིད་ཀྱིས། །སྙིང་སྟོབས་ཅན་ལ་དགའ་བ་ཅི་ཡང་སྐྱེ། །ཐེག་ཆེན་བྱང་སེམས་སོ་སྐྱེའི་ཡོན་ཏན་གྱི། །ཆ་ཤས་ཙམ་ཡང་ལྡན་པ་མིན་བཞིན་དུ། །བྱང་སེམས་འཕགས་


GLG013_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པར་རློམ་སྟེ་སྣ་ཡི་རྩེར། །མཛུབ་མོ་འཛུགས་པ་འབངས་ལ་རྒྱལ་པོ་བཞིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་བཟོད་པའི་རྩེ་སྦྱོར་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དེའི་འོག་ཏུ་ངེས་པར་བརྟན་པ་གསུངས་པ་ལ་རྒྱུ་མཚན་ཡོད་དེ། དེ་ལྟར་བསོད་ནམས་རྣམ་པར་འཕེལ་བས་བསོད་ནམས་རྣམ་པར་སྤེལ་བའི་རང་དབང་དུ་གྱུར་པ་མཐར་ཕྱིན་པའི་མཚན་ཉིད་རྣམས་ནི་སྟེ་རྣམས་ཀྱི་ཐབས་ཤེས་ཀྱི་རྟོགས་པ་ངེས་པར་བརྟན་པ་ཡིན་པས་ཐོབ་པའི་རིམ་པ་དང་མཐུན་པའི་ཕྱིར། གཉིས་པ་ནི། སྦྱོར་ལམ་བཟོད་པ་ཆོས་ཅན། ཁྱོད་ལ་བརྟན་པའི་རྩེ་སྦྱོར་ཞེས་ནི་མདོ་ལས་མངོན་པར་བརྗོད་པའི་རྒྱུ་མཚན་ཡོད་དེ། ཀུན་མཁྱེན་ཉིད་གསུམ་གྱི་ཆོས་རྣམས་ཀྱི་རྟོགས་རིགས་ཡོངས་སུ་རྫོགས་པ་བླ་ན་མེད་པ་ཐོབ་ཅིང་གཞན་དོན་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་ཡོངས་སུ་མི་གཏོང་པ་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གསུམ་པ་ཡིན་པའི་ཕྱིར། གསུམ་པ་འགྲེལ་པ་ནི། ཇི་སྐད་བཤད་པའི་སྦྱོར་ལམ་བཟོད་པ་ཆོས་ཅན། ངེས་པར་བརྟན་པའི་རྩེ་སྦྱོར་ཡིན་ཏེ། ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཁྱད་པར་ཅན་ཐོབ་པའི་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཐབས་ཀྱི་རྟོགས་པ་ཐོབ་སྟེ། དེ་ལྟར་གཞན་དོན་སྒྲུབ་པའི་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པའི་མཉམ་གཞག་གི་གནས་སྐབས་ན་ཡང་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོ་ཉིད་ཀྱི་སྒོ་ནས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད་ཐོབ་པའི་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཤེས་རབ་ཀྱི་རྟོགས་པ་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་སྔར་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་མཚོན་བྱེད་ཀྱི་ཆོས་སེམས་


GLG013_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ལ་སོགས་པ་གོང་དུ་སྨོས་པ་སུམ་ཅུ་པོ་རྣམས་ཀྱི་རྟོགས་པའི་རིགས་ཡོངས་སུ་རྫོགས་པ་བླ་ན་མེད་པ་ཐོབ་པའི་དེ་ཡིན་པའི་ཕྱིར། བཞི་པ་ཆོས་མཆོག་རྩེ་སྦྱོར་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། དེའི་འོག་ཏུ་སེམས་ཀུན་དུ་གནས་པ་གསུངས་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་ཐབས་ཤེས་ཀྱི་རྟོགས་པ་ངེས་པར་བརྟན་པར་བྱེད་པས། དེའི་རྗེས་སུ་ངེས་པར་བརྟན་པར་གྱུར་པའི་ཐབས་ཤེས་ཀྱི་མཚན་ཉིད་ནི། སེམས་ཀུན་དུ་གནས་པ་ཡིན་པས་དེ་བཤད་པའི་ཕྱིར། གཉིས་པ་ནི་སྦྱོར་ལམ་ཆོས་མཆོག་པ་དབང་རྣོན་གྱི་རྒྱུད་ཀྱི་ཆོས་མཆོག་རྩེ་སྦྱོར་གྱི་ཏིང་ངེ་འཛིན་ཆོས་ཅན། མདོ་ལས་ཡོངས་སུ་བསྒྲགས་པ་སྟེ་བཤད་པ་ཡིན་ཏེ། གླིང་བཞི་པ་དང་། སྟོང་དག་དང་། སྟོང་གཉིས་པ་དང་། སྟོང་གསུམ་གྱི་ཆུ་དག་སྲང་གྲངས་ཀྱིས་གཞལ་ནུས་པ་དཔེར་མཛད་ནས། དེ་བས་བྱང་སེམས་བཞིའི་དགེ་བ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་མང་པོ་ཉིད་ཀྱིས་མཚོན་ནས་ཡོངས་སུ་བསྒྲགས་པའི་ཏིང་ངེ་འཛིན་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་པ་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་ཅན་སྔར་བཞིན། མདོ་ལས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སོགས་པ་མངོན་པར་རྟོགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རིགས་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་བརྗོད་པ་སྟེ་བསྟན་པའི་སེམས་ཀུན་དུ་གནས་པའི་ཆོས་མཆོག་རྩེ་སྦྱོར་ཡིན་ཏེ། རྟགས་སྔར་བཞིན། མདོ་ལས་བསྔགས་ཚུལ་ཡོད་དེ། གླིང་བཞི་པ་ལ་སོགས་པའི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སའི་དཀྱིལ་འཁོར་སྲང་གྲངས་དང་། ཆུ་སྐྲའི་རྩེ་མོས་བླངས་པའི་ཐིགས་པའི་ཚད་ཀྱིས་ཚད་གཟུང་ནུས་
པ་སོ་སོར་དཔེར་མཛད་ནས་དཔེ་དེ་དག་ལས་ཁྱད་པར་དུ་འཕགས་ཤིང་ཚད་ལས་འདས་པའི་བསོད་ནམས་མང་པོ་ཉིད་ཀྱིས་མཚོན་ནས་བརྗོད་པའི་ཕྱིར། ནུས་ཏེ། ཚད་སྲིད་པ་ནི་སྲང་ཚད་ཀྱིས་གཞལ་བར་ནུས་སོ་ཞེས་བྱ་བའི་ཚུལ་གྱིས་དེ་ལྟར་ནུས་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། རྟགས་ལ་སོགས་པས་མཚོན་ནས་བསྟན་པའི་རྩེ་སྦྱོར་བཞི་པོ་དེ་དག་ནི་ཆོས་ཅན། ངོ་བོ་སོ་སོར་ངེས་པ་ཡིན་ཏེ། གོ་རིམ་བཞིན་དུ། དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་མཐོང་ལམ་རྩེ་སྦྱོར་བཤད་པ་ལ། མཚམས་སྦྱར་བ། སྤང་གཉེན་སོ་སོའི་དོན་བཤད་པའོ། །དང་པོ་ནི། དེའི་འོག་ཏུ་མཐོང་ལམ་རྩེ་སྦྱོར་གསུངས་པ་ལ་དགོས་པ་ཡོད་དེ། དེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྩེ་སྦྱོར་གྱི་འོག་ཏུ་འབྱུང་བས་ན་དེ་ལྟར་བཤད་པའི་ཕྱིར།


previousསྦྱོར་ལམ་རྩེ་སྦྱོར་བཤད་པ།next