Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

2 occurrences of འཕེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 collapse section
  
  
  
  
  
  
  
  
  
  
collapse section
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བླ་མ་མགོན་པོ་དཀར་པོའི་སྒྲུབ་ཐབས་དབང་གི་རྒྱལ་པོའི་ལྕགས་ཀྱུ།
  
  
  
 
  
  
  
  
  
  
  
  
  


2 occurrences of འཕེན་
[Clear Hits]

 
previousབླ་མ་མགོན་པོ་དཀར་པོའི་སྒྲུབ་ཐབས་དབང་གི་རྒྱལ་པོའི་ལྕགས་ཀྱུ། next

བླ་མ་མགོན་པོ་དཀར་པོའི་སྒྲུབ་ཐབས་དབང་གི་རྒྱལ་པོའི་ལྕགས་ཀྱུ།

༈ བླ་མ་མགོན་པོ་དཀར་པོའི་སྒྲུབ་ཐབས་དབང་གི་རྒྱལ་པོའི་ལྕགས་ཀྱུ་ཞེ་བྱ་བཞུག་སོ། །

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། སྤྱན་རས་གཟིགས་མགོན་འགྲོ་ལ་བརྩེ་བའི་སྲུང་མའི་སྐུར་བཞེངས་པ། མགོན་པོ་དཀར་པོ་སྒྲུབ་པར་འདོད་པས་རྟེན་བཤམས། མཆོད་རྫས་ཚོགས་པར་བྱས་ལ། རང་ཉིད་གཅེས་འཛིན་མ་ཡིན་པར་འགྲོ་བ་ཀུན་གྱིས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པའི་སེམས་བསྐྱེད་ཤུགས་དྲག་ཏུ་བསྐྱེད་དེ། ན་མོ་རྩ་གསུམ་མགོན་པོའི་དཀྱིལ་འཁོར་ལ། །སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་ཕྱིར། །ཟབ་མོའི་རྣལ་འབྱོར་བདག་བགྱིད་དོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག༴ ལན་གསུམ་བརྗོད། ཧྲཱིཿ བདག་སྙིང་ཐིག་ལེ་དམར་པོའི་དབུས། །ཧཱུྂཿདཀར་འོད་ཀྱིས་དོན་གཉིས་བྱས། །ཚུར་འདུས་ཐིག་ལེར་ཐིམ་པ་ལས། །པད་ཉི་ཚོགས་ཀྱི་བདག་པོའི་སྟེང༌། །རང་ཉིད་མགོན་པོ་དཀར་དམར་མདངས། །ཞལ་གཅིག་སྤྱན་གསུམ་ཞི་འཛུམ་ཉམས། །ཞབས་གཉིས་མཉམ་སྟབས་ཕྱག་དྲུག་ནི། །གྲི་གུག་ནོར་བུ་ཊཱ་རུ་གཡས། །ཐོད་བུམ་རྩེ་གསུམ་ལྕགས་ཀྱུ་གཡོན། །དར་དང་རིན་ཆེན་རྒྱན་ཀྱིས་བརྒྱན། །སྤྱི་བོར་བླ་མ་དགོས་འདོད་འབྱུང༌། །ཕྱག་གཉིས་རིན་ཆེན་དྲིལ་བུ་འཛིན། །སྐུ་ལས་ནོར་བུའི་ཆར་བ་འབེབས། །རང་གི་སྙིང་དབུས་མཁའ་འགྲོ་དམར། །ཞལ་གཅིག་ཕྱག་གཉིས་གར་སྟབས་ཅན། །སྤྱན་གསུམ་ཟེར་གྱིས་ཁམས་གསུམ་འགུགས། །ལྕགས་ཀྱུས་ཐོད་པར་དྭངས་བཅུད་སྡུད། །སྙིང་དབུས་ཐིག་ལེའི་འོད་དམར་གྱིས། །མགོན་པོ་འཁོར་བཅས་སྤྱན་དྲངས་གྱུར། །ཨོཾ་བཛྲ་ས་མཱ་ཡ་ཛཿ ཛ་ཧཱུྂ་བྂ་ཧོཿ སྤྱན་དྲངས་ཤིང་བསྟིམ། མཆོད་པ་འབུལ་བ་ནི། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒཾ་༴ རཱུ་པ་ཤབྡ་གནྡྷེ་རཱ་ས་སྥརྵེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾཿ ནང་མཆོད་འབུལ་བ་ནི། ཨོཾ་ཨཱཿཧཱུྂ་ཧ་ཧོ་ཧྲཱིཿ ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྂ། བཟླས་པ་ནི། སྙིང་གར་ཐིག་ལེ་དམར་པོའི་དབུས། སྔགས་ཕྲེང་དམར་པོ་གཡས་སུ་འཁོར། །འོད་འཕྲོས་སྲིད་ཞིའི་ཕུན་ཚོགས་བསྡུས། །སྣང་སྲིད་བདག་གི་དབང་དུ་གྱུར། །གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཛཿ ཅེས་རིག་སྔགས་བཅུ་གསུམ་པ་མ་ཡེངས་པར་བཟླ། ལས་སྣ་ཚོགས་ཀྱི་དམིགས་པ་ནི། དང་པོ་ནོར་ལྷ་དབང་སྡུད་ནི། འོད་འཕྲོས་ནོར་གནོད་བཞིན་ཚོགས་རྣམས་བསྐུལ། ཟས་ནོར་ལོངས་སྤྱོད་རི་ལྟར་སྤུངས། །འོད་ཀྱིས་གནོད་བཞིན་སྙིང་ནས་བསྐུལ། །ཐམས་ཅད་བདག་གི་དབང་དུ་གྱུར། །སྔགས་བཟླ། གཉིས་པ་འགྲོ་བ་དབང་སྡུད་ནི། མཁའ་འགྲོ་བཞི་ཡི་འོད་ཟེར་གྱིས། །འགྲོ་བའི་རྣམ་ཤེས་ནྲྀ་ལྗང་དྲངས། །སྔགས་བཟླ། གསུམ་པ་ཚོགས་བདག་དབང་སྡུད་ནི། འོད་ཀྱིས་ལྷ་ཀླུ་མི་གནོད་བཞིན། །འཇིག་རྟེན་ཁམས་ཀྱི་དྲེགས་ལྡན་བགུགས། །ཚོགས་བདག་ལ་བསྟིམ་བཀའ་བསྒྲུབ་ཅིང༌། །ཞལ་སོགས་གནས་རྣམས་ནོར་བུ་སྦྱིན། །སྔགས་བཟླ། བཞི་བ་དམིགས་ཡུལ་གནད་འགུགས་ནི། རང་གི་སྙིང་ནས་མཁའ་འགྲོ་མ། །དམར་མོ་ལྕགས་ཀྱུ་འཛིན་པ་འཕྲོས། །སྒྲུབ་བྱའི་སྣ་བུག་གཡོན་ནས་ཞུགས། །སྙིང་ལ་ཞུགས་པས་བློ་བསྒྱུར་བསམ། །སྔགས་བཟླ། ལྔ་བ་ཕྱག་རྒྱ་ཆེན་པོ་ནི། རིག་པ་གང་ཤར་དེ་རིག་སྟོང༌། །འགྱུ་བ་གང་བྱུང་དེ་འགྱུ་སྟོང༌། །མ་སྒྲིབ་གསལ་བ་དེ་གསལ་སྟོང༌། །ཡིན་མིན་མཐའ་བྲལ་རྨི་ལམ་བཞིན། །ལྟ་བའི་ངོར་བཞག་ནས་སྔགས་བཟླ་བ་ནི་ཤིན་ཏུ་ཟབ་པའི་སྙན་བརྒྱུད་དེ། མགོན་པོ་མི་འགྲུབ་པར་དབང་མེད་པའི་གདམས་པའོ། །དྲུག་པ་བུམ་པ་སྒྲུབ་པ་ནི། །བུམ་པའི་གཟུངས་ཐག་སྙིང་གར་གཏད་ལ། མགོན་པོ་མཁའ་འགྲོའི་ཚོགས་བཅས་ཀྱིས། །གནས་ལས་བྱུང་བའི་འོད་དམར་གྱིས། །ཕྱོགས་བཅུ་སྟོང་གི་འཇིག་རྟེན་གྱི། །དགོས་འདོད་མ་ལུས་འོད་ཀྱིས་བཀུག །རིན་ཆེན་ནོར་བུའི་ཆར་དང་བཅས། །བུམ་པའི་ནང་དུ་སིབ་སིབ་ཐིམ། །ཚེ་བསོད་ལོངས་སྤྱོད་རྒྱས་པ་དང༌། །ཁམས་གསུམ་དབང་དུ་འདུས་པར་བསམ། །ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་ག་ཎ་པ་ཏ་ཡེ་སྭཱ་ཧཱཿ ཅི་ནུས་བཟླས་མཐར། ཇོ་བོ་གཟི་ལྡན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡི། །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །སྤྱིན་པ་ཡོངས་སུ་རྫོགས་པའི་ཕྱིར། །འབྱོར་བ་ཆེན་པོའི་དངོས་གྲུབ་སྩོལ། །ལན་གསུམ་མམ་བདུན་བརྗོད་ཅིང་མདུན་བསྐྱེད་བུམ་པ་ལས་དབང་བཞི་ལེན། བདུན་པ་གཏོར་མ་འབུལ་མ་ནི། །ཨོཾ་ཨཱཿཧཱུྂ་ཧ་ཧོ་ཧྲཱིཿ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་ས་པ་རི་ཝཱ་ར་བ་ཨི་དཾ་ལིཏཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་ནམ་གསུམ་གྱིས་ཕུལ། དམ་ཅན་སྒྲུབ་པ་པོ་ཡི་རྗེས་འབྲང་ཞིང༌། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་སོགས། །སྣ་ཚོགས་འཕྲིན་ལས་ཚུལ་བཞིན་སྒྲུབ་མཛད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །ཅེས་བརྗོད། ། རྗེས་ཀྱི་བྱ་བ་ལ། མཆོད་པ་གོང་བཞིན་ཕུལ་ཡང་རུང༌། བསྡུ་རིམ་ནི། ཁམས་གསུམ་འོད་ཞུ་མཁའ་འགྲོ་སྡེ་བཞིར་ཐིམ། །དེ་ཉིད་རང་དང་སྙིང་གའི་མཁའ་འགྲོར་བསྡུ། །སྔགས་ཕྲེང་ཐིག་ལེ་ཐིག་ལེ་ནཱ་ད་ལ། །དེ་ཡང་གྱེན་རྫོགས་ཕྲ་བ་འོད་གསལ་ངང༌། །མཉམ་པར་འཇོག སྟོང་པའི་ངང་ལས་སྣོད་བཅུད་སྣང་གྲགས་ཀུན། །བླ་མ་མགོན་པོའི་སྐུ་གསུང་ཐུགས་སུ་གྱུར། །ཨོཾ་ཨཱཿཧཱུྂཿ ཞེས་གོ་ཆ་བགོས་ཤིང་ལྷའི་ང་རྒྱལ་བསྐྱེད། དགེ་བ་འདི་ཡི་མྱུར་དུ་བདག །ཡིད་བཞིན་ནོར་བུ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག ། ཅེས་མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་མདོར་བསྡུས་མན་ངག་གིས་བརྒྱན་པ་འདི་ན་གསང་སྔགས་ནང་གི་དགེ་སློང་གི་གཟུགས་བརྙན་རིག་འཛིན་ཚེ་དབང་ནོར་བུས་མེ་སྦྲུལ་ལོའི་ལྷ་བབས་དུས་བཟང་གི་མར་ཕྱོགས་ལ་ཀོང་ཡུལ་རི་བོ་རིན་ཆེན་འབར་བར་བྲིས་པས་དགེ་བས། འགྲོ་བ་ཀུན་ལ་བསོད་ནམས་ཀྱི་གཏེར་ཆེན་པོ་རྡོལ་བར་གྱུར་ཅིག་མངྒ་ལམ།


previousབླ་མ་མགོན་པོ་དཀར་པོའི་སྒྲུབ་ཐབས་དབང་གི་རྒྱལ་པོའི་ལྕགས་ཀྱུ། next