Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
  expand section
  collapse section
  expand section
   
  expand section
  collapse section
   
   
   
   
   
  expand section
   
   
   
མཁན་ཆེན་དྷརྨ་ཤྲཱིའི་གསུང་རྩིས་ཀྱི་ལོ་རྒྱུས།
   
  expand section


 
previousམཁན་ཆེན་དྷརྨ་ཤྲཱིའི་གསུང་རྩིས་ཀྱི་ལོ་རྒྱུས།next

མཁན་ཆེན་དྷརྨ་ཤྲཱིའི་གསུང་རྩིས་ཀྱི་ལོ་རྒྱུས།


MLP005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་དྷརྨ་ཤྲཱིའི་གསུང་རྩིས་ཀྱི་ལོ་རྒྱུས་སོགས་ཡོད། །
ཕུག་རྩིས་ལ་གསར་རྙིང་ཟེར་བ། སྤྱིར་ཕུག་པའི་ཞལ་ངོ་རྣམས་སྔར་ཁྲི་སྲོང་གི་དུས་ལང་ཚོ་ལྡོང་ཡགས་བྱ་བའི་འབྱུང་རྩིས་པ་ཞིག་བྱུང་བའི་བརྒྱུད་པ་ཡིན་ཟེར་བ་ཅི་འདྲའང་། རྩིས་རྙིང་ཟེར་བ། མི་ཉག་རྒྱལ་མཚན་དཔལ་བཟང་གིས་གྲྭ་ཕྱི་ཁང་དམར་དུ་ཁྱུང་ནག་ལ་གཏུགས་ནས་སྔ་འགྱུར་གྱི་རྒྱུད་མང་པོ་དང་ཁྱད་པར་ཡང་དག་ལ་སྦྱངས། ཁྱུང་གི་ནག་རྩིས་རྣམས་ཀྱང་བསླབས། ད་ལྟའི་ཕུག་པ་ཡོད་ས་འདིར་ས་ཕུག་ཅིག་ཡོད་པར་སྒྲུབ་ཁང་མཛད་ནས་སྒྲུབ་པ་མཛད། དེ་ནས་ལྷུན་གྲུབ་རྒྱ་མཚོ་མ་བྱོན་བར་སྔགས་རྩིས་ཟུང་འབྲེལ་གྱི་འཕྲིན་ལས་བསྐྱངས་པར་ཕུག་རྩིས་རྙིང་མ་དང་། ལྷུན་གྲུབ་རྒྱ་མཚོས། བུ་སྟོན་གྱི་སློབ་མ་བླ་མ་དྷརྨ་ཤྲཱི་པ། དེའི་སློབ་མ་རིན་ཆེན་བསོད་ནམས་འཕེལ། དེའི་སློབ་མ་གཙང་ཆུང་ཆོས་གྲགས་དང་། སྟག་ཚང་ལོ་ཙཱ་བ་ཡིན། ལྷུན་གྲུབ་རྒྱ་མཚོ་གཙང་ཆུང་ཆོས་གྲགས་པའི་གྲྭ་པ་རང་ཡིན། མཚན་ཉིད་ཀྱི་སློབ་དཔོན་བཟོད་པ་བློ་རྒྱམ་པ་སོགས་མང་དུ་བསྟེན། ཁྱད་པར་འོལ་ཁ་རིན་ཆེན་སྒང་དུ་ཆོས་གྲགས་པའི་ཞབས་ལ་གཏུགས་ནས་དུས་འཁོར་གསན། གྲུབ་མཐའ་རྩ་བ་ཆོས་རྫོང་པའི་ལག་ཇོ་བསྟན་པ་ཡིན། ཁོང་གིས་ཞལ་ལུང་བརྩམས། དེ་མན་ཕུག་ལུགས་གསར་མར་གྲགས། ཁོང་གི་ཚ་བོ་དཔལ་མགོན་འཕྲིན་ལས་པའང་རིན་ཆེན་སྒང་གི་གྲྭ་པ་ཡིན། ཕྱིས་རིན་སྤུང་པས་ཡར་རྒྱབ་པ་བསྐུལ་ནས་རྩིས་སྦྱང་དུ་བཅུག དེ་དུས་ལྷུན་རྒྱམ་པ་གཤེགས་ཚར། ལྷུན་རྒྱམ་པའི་སློབ་མ་ཞལ་ལུང་གི་རྩམས་ཡིག་པ་ཆོས་ལེགས་རིན་ཆེན་དང་། གཙང་ཆུང་ཆོས་གྲགས་དང་སྟག་ཚང་ལོ་ཙཱ་བ་གཉིས་ཀའི་སློབ་མ་ནོར་བཟང་རྒྱ་མཚོ་གཉིས་ལ་ཕྲིན་ལས་པས་གཏུགས་ནས་བསླབས། ཕྲིན་ལས་པའི་སློབ་མ་རབ་འབྱམས་པ་པདྨ་ཆོས་སྐྱོང་། དེ་གཉིས་ཀའི་སློབ་མ་ཕུག་པ་དཔལ་སེང་། དེའི་སློབ་མ་ཟལ་པ་སློབ་


MLP005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བཀྲ་ཤིས། དེའི་སློབ་མ་འདུམ་བུ་བ་བདག་གི་མེས་དོན་གྲུབ་དབང་རྒྱལ། དེ་ལ་བདག་གིས་རྩིས་རྣམས་ཞུས་པ་ལགས། པཎ་ཆེན་ནོརབཟང་རྒྱ་མཚོ་གཙང་ཆུང་པའི་སློབ་མ་ཡིན་ཀྱང་། གྲུབ་མཐའ་དགེ་ལུགས་ཤས་ཆེ་ཞིང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྩ་བའི་བླ་མ་ཡིན། ཞལ་ལུང་མཛེས་རྒྱན་ཞེས་ལྔ་བསྡུས་ཀྱི་བཤད་པ་འདི་དཔལ་མགོན་ཕྲིན་ལས་པའི་ཡིན། ཞལ་ལུང་གི་བཤད་པ་སྦྱིབས་བཤུས་ལས་ལེགས་བཤད་ཟུར་པ་རྔོ་ཐོགས་པ་མེད། མཚུར་ལུགས་ཀྱི་རྩིས་ཞེས་པ་མཚུར་ཕུ་འཇམ་དབྱངས་པའི་བསྟན་བཅོས་ཀྱི་ལུགས་ཡིན། ཁོང་ཀར་ལུགས་མཚུར་ཕུའི་གདན་སར་ཕེབས་པ་ཡིན་ཀྱང་རྩིས་འདི་རང་བྱུང་ཞབས་ཀྱི་རྩིས་ཀུན་བསྡུས་པ་དང་དགོངས་པ་མི་མཐུན། གཟའི་རྩིས་འགྲོ་ཕུག་ལུགས་ལས་ཀྱང་ད་དུང་བསྣོན་མ་ཅན་ཡིན་པས་ཟླ་བདག་གཟའ་འཛིན་གྱི་དུས་སོགས་ཚེས་ལོངས་མ་རྫོགས་གོང་ནས་འཛིན་པའི་ལུགས་མཛད། བྱང་ལུགས་ཀྱི་རྩིས་བྱང་པ་བདག་པོ་རིགས་ལྡན་རྣམ་རྒྱལ་གྲགས་པའི་ལུགས་ཡིན། འདིའི་གྲུབ་རྩིས་ཀྱི་རྩིས་འཕྲོ་ལ་དཔྱད་པ་རང་ལུགས་པཎ་ཆེན་ནོར་བཟང་པའི་ལོག་རྟོག་གསལ་སྒྲོན་བྱ་བའི་བསྟན་བཅོས་ན་དགག་པ་ཆེན་པོ་མཛད་པ་དེ་ཡིན། ཞལ་ལུང་གི་ཕྱོགས་སྔར་ཀྱང་མང་། ནག་རྩིས་གཞུང་དུ་ཉི་མ་གནམ་སྒོ་དར་ཡང་ཤིད་མི་བྱ་ཟེར་བ་སོགས་ཡང་སྒྲས་དར་ན་སྐྱོན་ཆུང་བ་ལ་བསམ་ནས་དེ་འདྲ་ལ་ལས་དེ་དང་དེ་མི་བྱེད་པའི་མཐའ་འགེགས་ལ་ནན་ཏུར་གྱིས་བཀག་པའི་ཚིག་ཏུ་ཟད། བུམ་སྟོང་ཞེས་པ་ནག་རྩིས་སུའང་སྣང་མོད་ད་ལྟའི་འདི་དབྱངས་འཆར་ནས་འབྱུང་། དོན་ལ་ཁྱིམ་བཅུ་གཉིས་ཕྱོགས་རེར་ཁྱིམ་གསུམ་རེར་བགོས་པའི་ཤར་ཁྱིམ་གསུམ་དུ་ཉི་མ་གནས་དུས་བུམ་སྟོང་ཤར་ཟེར། དེ་ཕྱོགས་སུ་ཁྲུས་བྱེད་པ་འདུག་པ་དང་ཁ་བ ལྟ་བ་གཉིས་ཀ་འཛེམ། ལམ་དུ་འགྲོ་བའི་ཕྱོགས་འབྱེད། རོ་བག་ལྟ་བུའི་ལམ་ལ་ཁང་པའི་ཕྱི་སྐྱ་ལ་རྩིས་པའི་ནང་དུ་ཟླ་འཁོར་དང་ཕྱིར་ལོ་འཁོར། ཕྱོགས་འབྱེད་པའི་ཁང་པའི་དབུས་ནས་ཐོག་མར་རྨི་ལམ། དེའི་ཕྱིར་སྤར་ཁའི་རྩིབས་དང་རྩིབས་མཆན་གྱི་ཐིག་སོགས་བཤད། དེས་ན་ཐོག་མར་དབུས་ནས་རྨི་ལམ། དེ་རྫོགས་ནས་སྤར་ཁ། ཕྱི་རྩིག་ལ་ཟླ་བ་དང་ལོའི་


MLP005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་ས་འདག་རྩི་ཞིང་། དེ་ཡང་གསོན་ལོས་བཀག་ན་རང་དང་དབང་ཐང་མི་གཅིག་པའི་སྟེང་དུ་བཏད་ཀྱང་སྐྱོན་མེད་པས། དཔེར་ན་ད་ལོ་བྱི་བ་ལོ་ལ་འབྱུང་ལྔས་ཕྱེ་བས་བྱི་བ་སྡེ་ལྔ། དེ་རེ་རེའི་སྟེང་དུ་ས་བདག་རྣམས་ཞག་པོ་དོན་གཉིས་རེ་སྡད་ནས་འཕོ་འདིའི་ཞག་དོན་གཉིས་ཁྱིམ་ཞག་དང་སྦྱར་ན་ཟླ་བཤོལ ་དང་འགྲིག་པས་དོན་ཁྱིམ་དང་སྦྱར་ན་ལེགས། འོན་ཀྱང་འབྱུང་རྩིས་ནས་ཁྱིམ་གསལ་བར་མ་བཤད་མོད། ཟླ་བཤོལ་བཤད་པས་དོན་ལ་བཤད་པར་འགྲོ། ཟླ་བ་རྣམས་ཀྱི་ས་བདག་ཚེས་གཅིག་ནས་འཕོ་བ་ལས་འོས་མེད་ཅིང་ཟླ་བཤོལ་ལའང་སྔ་མ་དེ་ཀ་སླར་འདབས་ནས་བྱེད་པ་དམིགས་བསལ་ཡིན། དེ་ཡང་ཟླ་བ་སྟག་ལྟ་བུ་ལ་སྟག་སྡེ་ལྔ་རེ་རེའི་སྟེང་དུ་ཞག་དྲུག་རེ་སྡོད་པས་དེ་ལྟར་བརྩི་བ་གནང་། ཕྱི་སྐྱ་རྫོགས་ནས་གོམ་པ་ཅི་རིགས་དོར་ནས་སྒྲ་ཅན་གྱི་ལྟོ་བ་དང་སྤར་ཁའི་བཟང་བཞི་སོགས་ཕྱོགས་གཙང་ལ་ཁ་བཏད་ནས་ཚེས་ཀྱི་ངོ་ལོན་དགོས་པ་རྣམས་བྱེད། ལར་གཡུལ་བཀྱེ་བ་སོགས་ལ་ལོ་ཟླའི་ས་བདག་དམག་ལ་ཀོ་ལོང་སྡོམས་པ་རྣམས་ཀྱང་སྤང་དགོས་མོད། གཙོ་བོར་སྒྲ་ཅན་གྱི་ཐེབས་སོགས་དུས་ལྷའི་རྩིས་རྣམས་གཙོ་ཆེ། ཟོར་འཕེན་ལྟ་བུ་ལ་སྒྲ་ཅན་རང་དང་། ཐུན་ཕྱེད་ཡུད་ཙམ་བིཥྟི་རྣལ་འབྱོ ར་དུས་མཚན་མ་རྣམས་རྩི་བ་མ་གཏོགས་གཞན་རྩི་སྲོལ་མི་འདུག ཡང་དམག་དང་ཟོར་འཕེན་སོགས་ལ་སྒྲ་ཅན་གྱི་ཐེབས་ཕྱོགས་ལ་ཁ་བཏད་ནས་ལས་བྱེད་པ་མི་བདེ་བའི་ཕྱོགས་ལོག་ལ་ཐོག་མར་ལས་དེ་དང་དེ་མགོ་རྩོམ་པའི་ཚེ་ཕྱོགས་དེར་ཁ་གཏད་ཙམ་བྱས་པས་ཆོག་པར་གཤིན་རྗེ་དཔུང་གནོན་ལས་བཤད། དུས་འཁོར་གྱི་མོ་དཔེ་སྲིད་གསུམ་ལེགས་བཤད་པྲ་ཕབ་ཟེར་བ་སྔར་མཐོང་ཐོས་མ་བྱུང་བས་སུས་མཛད་མ་ཤེས། ཕུག་ལུགས་ལག་ལེན་བརྒྱུད་པར་དེ་འདྲ་མེད་པས་དཔེ་རྒྱུན་ཡན་པ་ཞིག་འཁྱར་བ་ཡིན་ནམ་སྙམ། གང་ལྟར་དེའི་དགོངས་དོན་གང་ཡིན་ཡི་གེ་དེ་རང་མ་མཐོང་བས་ཞུ་རྒྱུ་མ་མཆིས། དུས་འཁོར་རང་ལས་དུས་ཀྱི་བླང་དོར་འཆད་པའི་སྐབས། ཕྱིའི་དུས་སྦྱོར་ནི་ད་ལྟ་འཆར་བཞིན་པའི་ཁྱིམ་དང་། དེ་ནས་གཡས་བསྐོར་དུ་བགྲངས་པའི་ཁྱིམ་བདུན་པ་ནི་དེའི་


MLP005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ནུབ་བཞིན་པ་སྟེ། དེ་གཉིས་གང་རུང་གི་སྟེང་ན། དུས་མེ། ཉི་མ། མེར་སྤེན་རྣམས་ཡོད་དུས་དགེ་བའི་བྱ་བར་ཞུགས་ན་རིམ་པར་འཆི། ནད་རྨ་ནོར་ཉམས་རྣམས་འབྱུང་། སྒྲ་ཟླ་ལྷག་སངས་ཡོད་ན་རིམ་པར། དགྲ་ཉམས་པ་དང་། རང་རྒྱས་པ་དང་། གཡུལ་ལས་རྒྱལ་དང་། དགའ་མ་དང་བཅས་པའི་ནོར་ཐོབ་པར་བཤད། ཕོ་ཉས་བརྗོད་པའི་མོ་འདི་དུས་འཁོར་རང་དུ་ནང་དུ་སྣའི་རླུང་གི་རྣལ་འབྱོ ར་ལ་བརྟག་པར་བཤད་ཀྱང་། དེ་ལྟར་མི་ནུས་པས་བཅུས་བསྒྱུར་ཁྱིམ་བསྲེ་སོགས་རི་མོའི་བྱ་བ་གསུངས། འདི་ལ་ཚར་གཉིས་འདེབས་དགོས་པའི་གསལ་ཁ་མ་བཤད། སྤྱིར་དབྱངས་འཆར་གྱི་མོ་འདེབས་པ་ཕལ་ཆེར་ལ། འདས་ཁྱིམ། འདས་ཞག་དང་། དུས་དེའི་ཉིན་མཚན་གྱི་ཚད་དང་། གཟའ་རྣམས་ཁྱིམ་ལ་གང་ལ་གནས་པའི་གཟའ་འགྲེམ་སོགས་ཐམས་ཅད་སྔོན་ལ་ཚར་བར་བྱས་ནས། འདེབས་དུས་རང་དོན་དུ་རྒྱག་ན་དྲི་ཚིག་ལ་མ་ལྟོས་མོད། གཞན་དོན་ལ་རྒྱག་ན་དྲིས་པའི་དུས་དེར་ཏརྐལ་ལ་བརྟགས་ནས་མོ་འདེབས། གང་ལྟར་ཀྱང་བརྩི་བའི་དུས་ཁོ་ན་བཟུང་བས་ཆོག ལོ་འཁོར་དང་ཟླ་འཁོར་མ་ཡིན་པའི་འཁོར་ལོ་དེ་གཤེད་ ལྷ་དགུ་སྐོར་དུ་གྲགས་པ་ལོ་འཁོར་གྱི་ནང་ཚན་ཡིན། མོ་དཔེར་སྨུགས་ནག་ལྷ་གནོད་པ་དང་མཆོད་པ་མ་མོའི་གདོན་བཅོལ་འདྲ་བས་ཨེ་ཀ་ཛཱ་ཏི་ལྟ་བུ་མཆོད། སྤེན་པ་ཏིལ་གྱི་ཚ་མིག་སྦྱར། ཟེར་བ་འདི་ཕྱོགས་ཀྱི་དཔེ་རྒྱུན་ལ་མི་སྣང་བས་གང་ཡིན་མ་འཚལ། ཉིན་བྱེད་སྣང་བར་སྐར་འབྲས་སྐབས་ཡུད་ཙམ་ཟེར་བ། གརྒའི་མདོར། སྐར་མ་རིམ་བཞིན་ཡང་། བརྒྱུད། གྲངས། དབྱིབས། རྟག་ལོངས། ཁ་ཟས། རིགས་ཀྱི་ལྷ་དང་དྲུག་གི་བཤད་པའི་རྟག་ལོངས་སྐབས་ཡུད་ཙམ་སུམ་ཅུ་ཞེས་སོགས་སྐར་ཁོངས་ལ་རྟག་ལོངས་དེ་དང་དེའི་ཚད་ཡོད་པར་བཞེད། དུས་འཁོར་ལས་བྱིན་གྲོན་མ་གཏོགས་ཐམས་ཅད་ཆུ་ཚོད་དྲུག་ཅུ་སྟེ་ཡུད་ཙམ་སུམ་ཅུ་པར་བཤད་ཅིང་། འདི་ཡུལ་ཡིན་པས་མིང་དེའང་བཏགས་པ་བར་འདོད་དགོས་སོ། །མིང་སྐར་ངོས་འཛིན་ནི། དབྱངས་འཆར་གྱི་རྒྱུད་ལས། རྐང་པ་བརྒྱ་པའི་འཁོར་ལོ་ལས། །མིང་གི་སྐར་མ་ཤེས་པར་བྱ། །མིང་གི་ཐོག་མའི་ཡི་གེ་ནི། །བསྡུས་པས་ཤེས་བྱ་དགའ་བྱེད་མ། །གང་ཚེ་ཡི་གེ་བརྩེགས་མ་ཡོད། །


MLP005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་སྟེང་མ་བཟུང་བར་བྱ། །ཞེས་པས་རྒྱ་གར་མིང་ཐོག་ཤྲཱི་ལྟ་བུ་ཡོད་ན་ཤ བོད་སྐད་བཀྲ་ཤིས་ལྟ་བུར་བ་བཟུང་ཞེས་བཤད། འོན་ཀྱང་མིང་གཞི་གཙོ་བས་ཀྲའི་ཀ་ལ་འཐད་པ་རང་གི་བློའི་འཆར་སྒོ་ཡིན། གང་ལྟར་ཀྱང་རྐང་བརྒྱའི་འཁོར་ལོའི་ཡི་གེ་རྣམས་སྲོག་ཅན་ཡིན་པས་དབྱངས་བཅས་ཀྱི་གསལ་བྱེད་སྐར་མ་གང་ལ་འདུག་བལྟས་ཏེ་མིང་འདོགས་པ་དང་བརྩི་བ་སོགས་བྱའོ། །གཙུག་ལག་མདོ་བཞི་ཟེར་བ། དག་པ་གསེར་མདོ། གནམ་ས་སྣང་བརྒྱད། བཀྲ་ཤིས་བརྩེགས་པ། ཕྱོགས་བཅུ་མུན་སེལ་རྣམས་ལ་གྲགས། དྲག་པོ་མདོ་བཞི་ཞེས་གང་ལ་ཟེར་མ་ངེས། བླ་བྲང་གི་བར་འཁྱམས་སུ་བྲིས་པའི་གནམ་སའི་གོ་ལ་སོགས་བཻ་དཀར་ལུགས་རྣམས་གཞུང་གི་ཐང་ཀ་དང་། རང་ལུགས་རྣམས་འཕྲལ་འཕྲལ་དེ་གར་དག་བཀོད་ཀྱིས་བྲིས་པ་ལས་ཕྱི་ལོང་དཔེ་བྲིས་པ་མེད་ལགས་པ་དགོངས་ཁྱིམ་དུ་བཅགས་པ་མཁྱེན་མཁྱེན།


previousམཁན་ཆེན་དྷརྨ་ཤྲཱིའི་གསུང་རྩིས་ཀྱི་ལོ་རྒྱུས།next