མནོལ་བསང་།
མནོལ་བསང་བཞུགས་སོ།། ཀྱཻ། བསང་ངོ་བསང་ངོ་རྨུགས་པ་བསང་། །བསང་ངོ་བསང་ངོ་འཐིབས་པ་བསང་། །བསང་ངོ་བསང་ངོ་མནོལ་བ་བསང་། །བསང་ངོ་བསང་ངོ་ཉམས་གྲིབ་བསང་། །བསང་ངོ་བསང་ངོ་བཙོག་གྲིབ་བསང་། །བསང་ངོ་བསང་ངོ་འཁོན་གྲིབ་བསང་། །བསང་ངོ་བསང་ངོ་དམེ་གྲིབ་བསང་། །བསང་ངོ་བསང་ངོ་ཡུགས་གྲིབ་བསང་། །ཀྱཻ། གསང་སྔགས་རྨུགས་ན་ཡེ་ཤེས་ལྷ་ཚོགས་བསང་། །ཏིང་འཛིན་རྨུགས་ན་གསང་སྔགས་ལྷ་ཚོགས་བསང་། །ཉོན་མོངས་དུག་གསུམ་འཁྲུགས་ན་ཆོས་སྐུ་བསང་། །ནོར་འཁྲུལ་མཆིས་ན་རྡོ་རྗེ་སློབ་དཔོན་བསང་། །འཁྲུལ་སྣང་མཆིས་ན་ཞི་ཁྲོའི་ལྷ་ཚོགས་བསང་། །མཚན་མོ་འཁྲུག་ན་མ་མོ་མཁའ་འགྲོ་བསང་། །ལོག་རྟོགས་མཆིས་ན་རྡོ་རྗེ་མཆེད་གྲོགས་བསང་། །འཁོན་གྲིབ་མཆིས་ན་ཡུལ་ལྷ་གཉེན་པོ་བསང་། །དྲི་མ་ཕོག་ན་ཕྲག་ལྷ་གཉེན་པོ་བསང་། །དུ་བ་གནམ་ལ་སོང་བ་ཡི། །ནམ་མཁའ་གང་བའི་ལྷ་རྣམས་བསང་། །ལྷ་ལ་གྲིབ་ཀྱིས་ཕོག་པ་ཀུན། །དེ་རིང་ཉིད་ནས་སངས་གྱུར་ཅིག །མེ་སྟག་བར་སྣང་འཕྲོས་པ་ཡིས། །བར་སྣང་གང་བའི་གཉན་རྣམས་
བསང། །གཉན་ལ་གྲིབ་ཀྱིས་ཕོག་པ་ཀུན། །དེ་རིང་ཉིད་ནས་སོངས་གྱུར་ཅིག །མེ་ལྕེ་ས་ལ་འཁྱིལ་བ་ཡིས། །ས་གཞི་གང་བའི་ཀླུ་རྣམས་བསང་། །ཀླུ་ལ་གྲིབ་ཀྱིས་ཕོག་པ་ཀུན། །དེ་རིང་ཉིད་ནས་སངས་གྱུར་ཅིག །ཀྱཻ། ལྷ་སྲུང་གཉེན་པོ་འཁོར་བཅས་ཀུན། །འབག་བཙོག་གྲིབ་ཀྱིས་ཕོག་པ་དང་། །ཐབ་དང་གཞོབ་ཀྱིས་ཕོག་པ་བསང། །དམེ་གྲིབ་ཡུགས་གྲིབ་དམ་གྲིབ་བསང་། །བྱད་གཏད་ངན་སྔགས་གནོད་པ་བསང་། །ལྷ་དང་མི་རུ་བྱེ་བ་བསང་། །འགོང་པོའི་གྲིབ་གནོན་གྲིབ་གདོན་བསང་། །རྩ་བ་ཡན་ལག་ཉམས་ཆག་དང་། །དམ་ཚིག་ཉམས་པའི་གྲིབ་ཀུན་བསང་། །དེ་ལྟར་ལྷ་སྲུང་འཁོར་བཅས་ཀུན། །རྨུགས་པ་སངས་བས་ཁམས་བདེའོ། །འཐིབས་པ་གསལ་བས་ཉམས་དགའ་འོ། །བསང་གིས་མི་བསང་གང་ཡང་མེད། །ཁྲུས་ཀྱིས་མི་དག་གང་ཡང་མེད། །བདག་དང་རྒྱུ་སྦྱོར་ཡོན་བདག་ཀུན། །འདོད་པའི་དོན་ཀུན་འགྲུབ་པ་ཡི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཅེས་ལྷ་སྲུང་ཡུལ་ལྷ་གཞི་བདག་ཀུན། མནོལ་བ་བསང་བའི་བསང་མཆོད་འདི། རཱ་ག་ཨ་སྱས་སྦྱར་བ་ལ། ཉེས་འགལ་མཆིས་ན་མཁྱེན་ལྡན་མཁས་པས་བརྩོན་པར་གྱིས་ཤིག །