ཕྱི་རོལ་མཆོད་པའི་ཆོ་ག
༄། །རྒྱ་གར་སྐད་དུ། མརྨྨ་ཀ་ལི་ཀཱ་ནཱ་མ་ཏ་ཏྭ་ཛྙཱ་ན་སཾ་སིདྡྷི་པཉྩི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ། རྡོ་རྗེ་ཕག་མོ་ལ་ཕྱག་འཆལ་ལོ། །གཏུམ་མོའི་བྱེད་པ་རོལ་པ་སྐྱེ་གནས་ལས་རྟོགས་གྱེན་དུ་རོལ་པའང་རང་འབྱུང་གི །གཟུགས་བརྙན་འབྱུང་བ་བདེ་བ་ཆེན་པོར་འཕྲོ་བ་རང་གི་ཁོང་དུ་ཆུད་ཕྱིར་རོལ། །ཆུ་སྐྱེས་མཆོག་ཏུ་གཤེགས་ཤིང་མྱང་འདས་རྟོགས་པ་ཐོབ་པའང་མྱུར་ཞིང་མྱུར་བར་སྟེར། །རྟོགས་པ་གཉིས་མེད་མཆོག་ཏུ་ལྷན་ཅིག་སྐྱེས་པ་ཀུན་དུ་དགའ་ལ་བདག་ཅག་འདུད། །ཆུ་གཏེར་གྲུབ་པའི་གྲུ་ལྟར་མི་འཁྲུགས་འདིར་ནི་མངའ་བདག་མཁའ་ཙམ་རྙེད་ལ་ཆགས། །འགྲོ་ལྟར་དེས་བཅིངས་ཐུན་གཉིས་རོལ་ཏེ་རྡོ་རྗེ་རོལ་མའི་རྟོགས་པའི་ཡན་ལག་ལས། །དེ་རྣམས་སློབ་ལ་ཀུན་དུ་དང་པོ་ཐབས་ཀྱི་རིག་པ་མཆོད། །རྡོ་རྗེ་ལྷ་མོ་ཟབ་དོན་ཟབ་པ་ཀུན་དུ་དགའ་བ་འཁྱིལ། །རྒྱ་ཆེར་འགྲེལ་བའི་ཚིག་ཙམ་བཤེས་གཉེན་ནི་རྟོགས་པས་བྱ། །མི་ཤེས་དོན་དུ་བཤེས་གཉེན་ཉིད་ཀྱིས་རབ་ཏུ་གསལ་བར་བྱེད། །དོན་དམ་ཟབ་མོའི་རྣམ་བཤད་མི་མཚུངས་བླ་ན་མེད་པ་འདི། །གལ་ཏེ་འདི་ནི་དགྲོལ་བར་བྱ་ཡི་གུས་པ་ཙམ་ཡང་མཛོད། །དེ་ལ་བདེ་མཆོག་སྡོམ་པ་རྒྱ་མཚོ་མངོན་པར་མི་སྣང་བ་ལས་བྱུང་བའི་བཅོམ་ལྡན་འདས་མ་རྡོ་རྗེ་དགྱེས་པའི་རོལ་མས་སློབ་དཔོན་ཏིང་ངེ་འཛིན་རྡོ་རྗེས་སུ་བཟུང་ནས་དེས་ཀྱང་བླ་མ་དམ་པའི་ཞབས་ཀྱི་པདྨ་ལས་གདམས་པ་བླངས་པ། རྒྱུ་འབྲས་གཉིས་ཀྱི་རང་གཟུགས་གཏུམ་
༄། །མོའི་གཟུགས་ཅན་ལྷན་ཅིག་སྐྱེས་པའི་གཟུགས་ཀྱི་རང་བཞིན་གྱི་དཔལ་ལྡན་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་མཆོག་ཏུ་གྱུར་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྒྱན་ཅིང་མཛེས་པ་འདི་མཛད་དོ།། །།དེ་ནས་རྡོ་རྗེ་ཕག་མོ་ལ་ཤིས་པའི་དབྱངས་ཀྱི་སྒོ་ནས་གསུངས་པ་ནི། དང་པོའི་ཚིགས་སུ་བཅད་པ་དང་འོག་གི་ཚིགས་སུ་བཅད་པ་གཉིས་སུ་ཕན་ཚུན་བཅིངས་ནས་དོན་སོ་སོར་སྟོན་པ་ལ་ཁྱད་པར་བཅུ་བཅུས་ཁྱད་པར་དུ་བྱས་ནས་སྐད་ཅིག་མ་བཞིའི་མཚན་ཉིད་ཅན་གྱི་དགའ་བའི་རང་བཞིན་དེའི་གཟུགས་ཀྱི་རང་བཞིན་ལ་སྐྱེས་པས་འགྲོ་བ་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ལམ་མཆོག་ཏུ་གྱུར་པ་བསྐྱེད་པ་དང༌། དེ་ལས་སྐྱེས་པའི་སྲས་རྣམས་བརྩེ་བས་སྐྱོང་བའི་རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོ་སྟེ། དེའི་དོན་བརྗོད་པར་བྱའོ། །དང་པོ་རླུང་གིས་བསྐྱོད་པས་ཞེས་པ་ལ་སོགས་པ་ནས་ཕག་མོ་ཡིས་ནི་ཁྱོད་ལ་སྲུངས་ཞེས་པའི་འབྲེལ་ལ། བཱ་རཱ་ཧཱི་ཞེས་པ་སྣ་ཚོགས་འདོད་པའི་བདེ་བ་ཉིད་ལ་བཱ་རཱ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། བཱ་ཉིད་ལ་མིང་གི་ཡི་གེ་དང་བོ་བྱིན་པའོ། །ཡང་ན་བཱ་རཱ་ཞེས་པ་བྱང་ཆུབ་སེམས་ཀྱིས་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཁྱབ་པ་ལ་བྱ་སྟེ། སྒྲའི་ཁམས་ལས་བྱུང་བའོ། །དེ་ཡང་ཐིག་ལེ་ཉིད་ཧེ་རུ་ཀའི་རྣམ་པ་བདེ་བ་ཆེན་པོའི་འཁོར་ལོ་ན་གནས་པ་ལ་ཨ་ཧིའི་རྣམ་པར་སྦྲུལ་པའི་འཁོར་ལོ་ནས་ཡར་ལ་རྗེས་སུ་འགྲོ་ཞེས་པས་ན་བཱ་རཱ་ཧཱི་སྟེ། དེ་ཡང་རེག་པས་གཅིག་ཏུ་གྱུར་པ་ལས་ཧཱི་གྲུབ་པས་བཱ་རཱ་ཧཱི་ཞེས་བྱའོ། །ཡང་ན་བཱ་རཱ་ཞེས་པ་བདེ་བ་སྟེ། འཁོར་ལོའི་བདག་པོ་སྟེ། དེ་ལ་བཀའ་ནོད་པར་བྱེད་པས་བཱ་རཱ་ལ་རང་གི་རྐྱེན་བྱིན་པས་རིང་པོ་གྲུབ་པས་བཱ་རཱ་ཧཱི་ཞེས་བྱའོ། །དེ་ལ་མན་ངག་གི་རིམ་པ་བྲི་བར་བྱ་སྟེ། འདིར་ནི་རླུང་གི་ཁམས་ཀྱིས་ནི། །འགྲོ་བ་དོན་ལ་གྲུབ་པས་ནི། །བསྐུལ་ནས་བཞེངས་པ་ལྷ་མོ་ལ། །བཱ་རཱ་ཧཱི་ཞེས་བརྗོད་པར་བྱ། །དེ་བཞིན་ཨ་ཝ་དྷཱུ་ཏཱི་ཞབས། །སྒྲུབ་ཐབས་གསལ་བར་གསུངས་བ་ལས། །སྲིན་པོའི་ཞལ་ནི་ཅུང་ཟད་བསྡམ། །རབ་ཏུ་འབར་བ་རྣམ་པར་བསྒོམ། །བཱ་ཡི་སྒྲ་ནི་རླུང་ཉིད་དེ། །ཨ་ནི་འོག་གི་འཁོར་ལོར་གནས། །དེ་ལ་བསྐྱོད་པ་ས་ར་ཉིད་དེ། །ར་ཉིད་མེ་ཡི་
༄། །གཟུགས་ཅན་ནི། །ཆོས་ཀུན་གྱི་ནི་རང་བཞིན་ཉིད། །དྷཱུ་ཏཱི་ཨ་ཡི་རྣམ་པ་ལ། །མེ་ཡི་རང་བཞིན་ར་ཉིད་ལས། །གཉིས་སུ་མེད་པར་བསྐྱོད་པ་ལས། །ཡང་ནི་ཨ་ཡི་རྣམ་པར་བལྟ། །བདེ་བའི་དབང་ཕྱུག་འཕྲོས་པ་ལས། །ཨ་གཉིས་སྦྱར་བས་ར་ལ་སྦྱིན། །ཕར་གྱི་ཡི་གེ་རིང་པོ་འགྲུབ། །ཧ་ནི་བདེ་བའི་འཁོར་ལོ་གནས། །ཨ་ཡི་ཚ་ཟེར་འཁྱུད་པ་ཉིད། །དེ་ནས་ཀུན་དུ་ཁྱབ་པ་ལ། །སྣ་ཚོགས་ཐིག་ལེ་ཨི་ཉིད་དོ། །དེ་ལས་འཇིག་རྟེན་འདས་པའི་སེམས། །འཇིག་རྟེན་འདས་པའི་བདེ་བ་ཉིད། །ཟད་པར་མི་བྱེད་དཔལ་གྱི་གཞི། །ཨི་ཡི་རྣམ་པའི་གཟུགས་ཅན་ནོ། །ལྷ་མོ་ཡི་གེ་བདུན་ཉིད་དེ། །དུས་གསུམ་ཡེ་ཤེས་དག་པའོ། །ཁྲག་འཐུང་མ་ནི་བཱ་རཱ་ཧཱི། །དཔའ་བོ་ཧེ་རུ་ཀ་ཡིས་གསུངས། །དེ་ལས་འདིར་ནི་བཅོམ་ལྡན་མ། །འདི་ནི་སྣ་ཚོགས་རབ་ཏུ་གསལ། །རྣོ་ཞིང་བརྫུན་པར་སྣང་བའི་ཕྱིར། །ཁྲག་འཐུང་གཏུམ་མོ་ཞེས་བྱའོ། །དེ་ནས་རྩ་བའི་རྒྱུད་ཀྱི་ཚིག་ལེའུར་བྱས་པ་ལས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་རྡོ་རྗེ་ཕག་མོའི་རང་བཞིན་ཨའི་རྣམ་པར་བཞུགས་པའི་འཁོར་ལོར་གནས་པ་ལས་མེའི་རང་བཞིན་ཉི་མའི་འོད་ཟེར་གྱི་རྩེ་མོ་ལྟ་བུ་འཕྲོས་པས། བདེ་ཆེན་འཁོར་ལོར་གནས་པའི་ཐིག་ལེ་སྔོམ་པའི་གཟུགས་ལ་རེག་ནས་སླར་སྤྱན་དྲངས་ཏེ། བདུད་རྩིའི་རྒྱུན་འབབ་པར་བསྒོམ་པ་ནི་བཅོམ་ལྡན་འདས་མའི་གཏུམ་མོའི་རྣལ་འབྱོར་དུ་བླ་མས་བཤད་དོ། །འདི་ནི་ནན་དི་པའི་ཞབས་ནས་རང་གི་བླ་མ་དམ་པའི་བར་དུ་རྣ་བ་ནས་རྣ་བར་བརྒྱུད་པས་གསལ་ལོ། །འདི་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་རིམ་པ་ལས་བྱུང་བ་སྟེ། སྐྱེས་བུ་དམ་པ་དག་གིས་ཤིན་ཏུ་གུས་པར་གྱིས་ཤིག་དང་དེ་ལྟ་བུ་གང་ཞེ་ན། རླུང་གིས་བསྐྱོད་པ་ཞེས་པ་ལ་སོགས་པ་སྟེ། དང་པོར་བསྐྱོད་པ་ནི་གྱེན་དུའོ། །གང་ནས་བསྐྱོད་ན་འོག་གི་འཁོར་ལོ་ནས་བཞེངས་ཞེས་པས། །དེ་ཡང་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོའི་འོག་ན་གནས་པ་དེ་ཉིད་ལ་སྤྲུལ་པའི་འཁོར་ལོ་ཞེའམ། འོག་གི་འཁོར་ལོ་ཞེས་བྱའོ། །གཉིས་པ་རླུང་གིས་ཞེས་པ་
༄། །ཐུར་སེར་གྱི་རླུང་གྱེན་དུ་སོང་བས་སོ། །གློག་གི་ཟེར་ལྟར་ཞེས་པས་དེ་ལ་འདིར་འོད་ཀྱི་རྣམ་པའམ། ཡེ་ཤེས་ཀྱི་མེའི་གཟུགས་སམ། འོད་གསལ་གྱི་རང་བཞིན་ནམ། ཆགས་པའི་གཟུགས་ཀྱིས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་བུད་ཤིང་སྲེག་པར་བྱེད་པས་ན་བཅོམ་ལྡན་འདས་མའོ། །དེ་ལྟ་བུ་གང་དུ་མཐོང་ན་དཔྱིད་ཀྱི་ཐིག་ལེའི་འགྲེལ་པ་ལས། སྤྲིན་ནག་འཐིབས་པའི་མུན་པ་འཐུག་པོར་གྱུར་པ་ལས། །བཞེངས་པའི་གློག་ཆེན་འཁྱུད་པས་ལྷག་པར་གྱུར་པ་ཡི། །སྣོད་བཅུད་གཉིས་པོ་རབ་ཏུ་བསྲེགས་པའི་ཁྲག་འཐུང་མ། །སྣ་ཚོགས་འགྲོ་བའི་མ་ཁྱོད་ལ་ནི་ཕྱག་འཚལ་ལོ། །ཆུ་ཡི་ཕུང་པོ་ལྟེ་བའི་འཁོར་ལོར་རབ་ཏུ་འཁྲུགས་པ་ལས། །རྡོ་རྗེ་པདྨ་མཉམ་པར་སྦྱོར་བས་བཞེངས་པ་ཉིད། །རྟ་མཆོག་མེ་བས་ལྷག་པར་གྱུར་པའི་བཅུད་འཐུང་མ། །བདུད་རྩིའི་རྒྱུན་ནི་རབ་འབབ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །རྩིབས་ཅན་གསུམ་པོ་བསྲེགས་ནས་ཞེས་བྱ་བ་ནི། རྩིབས་ཡོད་པ་ལ་ཅན་ཞེས་པས་དེ་དང་ལྡན་པ་ལ་འཁོར་ལོར་ཡོངས་སུ་གྲུབ་པའོ། །བསྲེགས་ནས་ཞེས་པ་གང་བསྲེགས་ན་ཆོས་དང་ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོ་གསུམ་པོ་བསྲེགས་ནས་རང་བཞིན་མེད་པར་རོ་གཅིག་ཏུ་གྱུར་པའོ། །འཇིག་རྟེན་གསུམ་གྱིས་མཆོད་གྱུར་ཞེས་པ། ས་བླ་ས་སྟེངས་ས་འོག་མཆོད་པའོ། །ཡང་ན་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཡོངས་སུ་རྫོགས་པའི་རྣམ་པའོ། །བདུད་རྩིའི་རྒྱུན་རབ་འབབ་ཅེས་པ་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་ཧཾ་གི་རྣམ་པ་ལ་བདུད་རྩིའི་རྒྱུན་འབབ་པས་ཁྱབ་པར་མཛད་པའོ། །དེས་ནི་དུས་དང་དུས་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་རྩ་བ་ནས་སྤངས་ཏེ། རྒྱུན་ཆད་མེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ལས་སྐྱེས་པས་རོ་གཅིག་པར་གྱུར་པའི་དེ་ཉིད་ལ་དགའ་བའི་མཆོག་ཅེས་བྱའོ། །དེ་ལ་འདི་སྐད་སྟོན་ཏོ། །བཅོམ་ལྡན་འདས་མ་ཡེ་ཤེས་ཀྱི་སྐུ་ཅན་གྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་ནས་བསམ་གྱིས་མི་ཁྱབ་པའི་གཟུགས་ཡོངས་སུ་རྫོགས་པ་ན་རྣལ་འབྱོར་པས་དེ་ལ་རབ་ཅེས་བྱའོ། །སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་ཤེས་པ་ནི། སངས་
༄། །རྒྱས་ནི་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་ནོར་བུའི་རྩ་བ་དང་རྐེད་པ་དང་རྩེ་མོར་བྱང་སེམས་མཆོག་གི་ཐིག་ལེ་སློབ་པ་དེ་ལས་བྱུང་བའི་ཡེ་ཤེས་ནི་གང་གིས་ཀྱང༌། སྐྱོ་བ་མེད་པ་ལས་སངས་རྒྱས་ཡེ་ཤེས་ཞེས་བྱའོ། །བཅུད་དང་ཞེས་པ་དེ་ཡང་གཞོན་ནུ་མས་དང་པོའི་བདེ་བ་མྱོང་བ་ལྟ་བུའམ། སྔར་མ་མྱོང་བའི་རོ་ལ་ལོངས་སྤྱོད་པ་ལྟ་བུའམ། རྨི་ལམ་གྱི་བདེ་བ་ཁྱད་པར་མྱོང་ནས་སྨྲ་མི་ཤེས་པ་ལྟ་བུ་སྟེ། ཐེ་ཚོམ་དང་བྲལ་བའི་དེ་ཁོ་ན་ཉིད་གསལ་བའི་དོན་མཆོག་ཏུ་གྱུར་པའི་དོན་ཏོ། །འདྲེས་ཞེས་པ་ནི་དེ་ལ་ངེས་པར་བསྟེན་པས་རྒྱུན་མ་ཆད་པར་གནས་པའོ། །དེ་ལ་འདིར་སྐྱོན་བྲལ་ཞེས་པ་ནི། སྐྱོན་གང་ཞེ་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཉེས་པའོ། །བྲལ་ཞེས་པ་ནི་འདིར་བདེ་བ་ཆེན་པོའི་དང་དུ་ཉེས་པ་ཐམས་ཅད་ཐིམ་པའོ། །དེ་ཡང༌། གང་གང་སེམས་ནི་གོམས་པ་ཡི། །དེ་ལྟར་ཤེས་བྱ་ལ་འཇུག་པས། །ཉེས་པ་དག་གིས་གཡོ་མི་བྱེད། །འདི་ལྟར་ཐམས་ཅད་བལྟ་བར་བྱ། །ཞེས་སོ། །དེ་བཞིན་དུ་ཡང༌། དེ་ལྟ་དེ་ལྟར་བསྒོམས་པ་ན། །སེམས་ནི་ཟུང་དུ་འཇུག་པར་བྱེད། །སྣ་ཚོགས་གཟུགས་ཅན་ནོར་བུ་ལྟར། །དེས་ན་དེ་ཡི་རང་བཞིན་འགྱུར། །ཞེས་སོ། །ཡང་ན་སྐྱོན་ནི་ཆགས་བྲལ་ཏེ་བདེ་བ་ཉམས་པའོ། །ཡང་ན་སྐྱོན་ནི་སྡིག་པ་སྟེ་ཆགས་བྲལ་གྱི་མཚན་ཉིད་སྡིག་པའོ། །སྡིག་པའི་རང་བཞིན་ཡང་འདིར་ཆགས་བྲལ་ལོ། །བྲལ་བ་ནི་དེ་དག་སྤངས་པའོ། །དེ་བཞིན་དུ་འཕགས་པ་ལྷས་ཀྱང༌། ཆགས་དང་བྲལ་བས་སྡིག་པ་སྟེ། །བདེ་བ་འདོད་པས་དེ་ཉིད་བསྲུང༌། །ཞེས་པ་དང༌། དེ་བཞིན་དུ་ཡང༌། དངས་མ་སྤངས་པས་བདེ་བ་ཉམས། །བདེ་བ་ཉམས་པས་སྡུག་བསྔལ་འབྱུང༌། །སྡུག་བསྔལ་གྱིས་ནི་ཁམས་ཟང་བྱེད། །ཟད་པས་འཆི་བར་འགྱུར་བའོ། །ཞེས་སོ། །ཀུན་དགའི་ཚོགས་སྟེར་ཞེས་པ་ནི། དེ་ལ་ཀུན་དགའ་ནི་དགའ་བ་དང་དགའ་བྲལ་ལ་སོགས་པ་ནས་ཁྱད་པར་དུ་གྱུར་པའི་ཡང་དག་པའི་བདེ་བ་མ་ལུས་པ་བཀུག་ནས་དེ་ཡང་རང་བཞིན་མེད་པར་བྱེད་པའོ། །ཚོགས་ཞེས་པ་ནི་དེ་ལ་དགའ་བ་ལ་སོགས་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་དགའ་བར་རོ་གཅིག་
༄། །པར་ཚོགས་པས་ན་ཚོགས་ཞེས་སོ། །དེ་ཐོབ་པ་ནི་སྟེར་བའོ། །ཡང་ན་དབང་པོ་དང་ཡུལ་དང་རྣམ་ཤེས་ཀྱི་ཚོགས་ཐམས་ཅད་དགའ་བ་དེ་ཐུན་མོང་མ་ཡིན་པར་འཆར་བས་ན་ཀུན་དགའོ། །དགའ་བ་དང་དགའ་བྲལ་ལ་སོགས་པ་གོང་ཚོགས་པ་ཐམས་ཅད་བདེ་བར་རོ་གཅིག་པས་ན་ཚོགས་པའོ། །དེ་ཉིད་ཐོབ་པས་སྟེར་བའོ། །ཡང་ན་ཀུན་ཞེས་པ་ཕག་མོའི་བྱེ་བྲག་སྟེ། དགའ་ཞེས་པ་འཇིག་རྟེན་ལས་འདས་པའི་བདེ་བའོ། །ཚོགས་ཞེས་པ་དེ་དག་གཉིས་ཀྱིས་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །སྟེར་ཞེས་པ་བཅོམ་ལྡན་འདས་མ་བསྒོམས་པས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས་ཏེ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་དེ་དག་ཀྱང་ཉེ་བར་ཐོབ་པའོ། །དེའི་དོན་ཡང་སྒྲུབ་ཐབས་འདིར་བཤད་པ་དེ་དག་བསྒྲུབས་པས་འདིར་ནི་ནོར་སྟེར་ཙམ་འགྱུར་ཏེ། འདིས་ནི་བདེ་དང་བཅས་པའི་ནོར་ནི་སྟེར་བར་བྱེད་ཅེས་སོ། །གཞུང་འདི་ལ་ལེགས་པར་དགའ་བའི་ཚོགས་སྟེར་ཞེས་པ་ཡང་ཡོད་དོ། །དེ་དག་གི་དང་པོར་བསྲུབ་པ་དང༌། ནོར་བུའི་རྩ་བ་དང༌། རྐེད་པ་དང༌། རྩེ་མོར་བྱང་ཆུབ་ཀྱི་སེམས་ཕྱིན་པ་ནི་རིམ་པ་ལྟར་རྣམ་པ་སྣ་ཚོགས་པའི་དང༌། རྣམ་པར་སྨིན་པའི་དང༌། རྣམ་པར་ཉེད་པའི་དང༌། མཚན་ཉིད་དང་བྲལ་བའི་སྐད་ཅིག་མས་བདག་རྐྱེན་བྱས་ནས་དགའ་བ་རྣམས་འབྱུང་བ་ནི་ལེགས་པར་དགའ་བའོ། །དེ་ལྟར་དགའ་བ་ཐམས་ཅད་ལེགས་པར་ཚོགས་པས་ན་ཚོགས་ཞེས་བྱའོ། །འདི་དག་ནི་བཅོམ་ལྡན་འདས་མ་བསྒོམས་པ་ལས་འབྱུང་བས་ན་སྟེར་བའོ། །འདིར་དེ་ལྟར་དུ་བཅོམ་ལྡན་འདས་མའི་དྲིན་གྱིས་ཡོངས་སུ་སྨིན་པར་བྱས་པ་ལས་ཤིན་ཏུ་དཀོན་པའི་སྐད་ཅིག་མའི་ཤེས་པ་རྒྱུད་ལ་སྐྱེ་བའོ། །གཞན་དུ་ན་ཅི་མི་བརྟན་པས་ཉམས་པར་གྱུར་པའི་ཐིག་ལེ་ནི་པདྨའི་ཟེའུ་འབྲུ་ལ་གནས་ཀྱི་རང་གནས་སུ་མ་ཡིན་ནོ། །དེ་ལྟར་གྱུར་པ་སྤངས་ནས་རང་ལ་སྨིན་པར་བྱས་པས་རང་གི་དགའ་བའི་ཚོགས་སྟེར་བ་ཞེས་པར་ཡང་འགྱུར་རོ། །དངོས་དང་དངོས་མེད་རྣམ་པར་དཔྱོད་དང་བྲ་ལ་བའི་ཞེས་པ་ནི། དངོས་དང་ཞེས་པས་རྟག་པའི་མཐའ་དང༌། དངོས་མེད་ཅེས་པས་ཆད་པའི་མཐའ་དང༌། ཡང་ན་དངོས་དང་ཞེས་པ་
༄། །ཀུན་རྫོབ་དང༌། དངོས་མེད་ཅེས་པས་དོན་དམ་པའོ། །རྣམ་པར་དཔྱོད་དང་བྲལ་ཞེས་པས་ཇི་ལྟར་བྲལ་ན་དེ་དགལ་བདེན་བརྫུན་དུ་འཛིན་པ་དང་བྲལ་བའོ། །དེ་ཡང་གྲུབ་པའི་སྔགས་ཀྱིས་བཏབ་བ་ལྟར་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་སྐད་ཅིག་མ་དེ་ཉིད་ལ་ཆོས་ཐམས་ཅད་རོ་གཅིག་པར་གྱུར་པའི་གཟུགས་སོ། །དེས་ནི་རྟག་ཆད་ཀྱི་གདོན་སྐྲག་པར་བྱེད་པའོ། །འགའ་ཞིག་ཏུ་ཡང་རྣམ་པར་དཔྱོད་བྲལ་ཞེས་པ་ནི། རྣལ་འབྱོར་པས་བདེ་བ་དེའི་རྗེས་སུ་ཞུགས་ནས་བཅོམ་ལྡན་འདས་མའི་རང་བཞིན་དུ་རྣམ་པར་དཔྱོད་པའོ། །བྲལ་ཞེས་པ་ནི་གཞན་པའི་འདོད་པ་དང་བྲལ་བའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་ལྷན་ཅིག་སྐྱེས་པའི་ལྷ་མོའི་གཟུགས་ཀྱི་བྱེ་བྲག་གཞན་བཤད་པ་ནི། རླུང་གིས་བསྐྱོད་པའི་འོག་གི་འཁོར་ལོ་ནས་ཞེས་པ་ལ་སོགས་པ་ནི་འགྲེལ་པའི་སྟོབས་ཀྱིས་དང་པོར་ཕག་མོ་ཡིས་ནི་ཁྱོད་ལ་སྲུངས་ཞེས་པ་བཤད་པར་བྱའོ། །ཕག་མོ་ཡིས་ནི་བཱ་རཱ་ཧཱི་ཞེས་པ་ལ། དེ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་ནི་བཱ་རཱའོ། །དེ་དག་འཇོམས་པར་བྱེད་པས་ན་ཧཱིའོ། །དེ་ལ་འདིའི་ཕྱོགས་ཀྱི་གདམས་ངག་ཀྱང་བཱ་རཱ་ཧཱིའི་སྒྲ་ལས་དྲངས་ནས་བཤད་པར་བྱ་སྟེ། བཱ་ནི་ངག་གི་སྤྱོད་ཡུལ་མིན། །ཆོས་རྣམས་ཀྱི་ནི་རང་བཞིན་རཱ། །རྟག་ཏུ་གནས་པ་ཨ་ཉིད་དེ། །བདེ་བར་བྱེད་པ་ཧ་ལ་གནས། །ཤེས་རབ་འདོད་པ་ཨི་ཡིན་ཏེ། །ཧ་ནི་ཨི་ཡི་མཐའ་ཅན་མཐོང༌། །ཁོག་པ་འདི་ཡི་བྱེད་པའི་དོན། །བཱ་རཱ་ཧཱི་ཞེས་བརྗོད་པའོ། །གྲུབ་པའི་སློབ་དཔོན་ནག་པོ་ཞབས་ཀྱིས་དཔལ་སྡོམ་པའི་མིང་ཅན་ལས་གསུངས་པ། བཱ་ནི་ངག་གི་ཡུལ་མིན་ཞིང༌། །རཱ་ནི་དབྱིབས་ཀྱི་རྣམ་པ་སྤངས། །རྒྱུ་ཡི་རྗེས་ལས་ཐོབ་པ་ཧཱི། །བཱ་རཱ་ཧཱི་ཡི་སྒྲ་ཞེས་གྲགས། །ཞེས་སོ། །ད་ནི་འོག་གི་འཁོར་ལོ་ནས་བཞེངས་ཞེས་པ་ལ་སྒྲའི་བྱེད་པ་ཏཱ་ལ་ཞེས་པ་འོག་དང་གཤིས་ཞེས་བྱ་བར་ཡང་འགྱུར་ཏེ། གཉིས་པ་ལྟར་ན་ཏཱ་ལ་ཞེས་པས་གཤིས་ཀྱིས་རང་གཟུགས་སམ། འོད་གསལ་ལམ། སྟོང་པ་ཉིད་ཅེས་བྱའོ། །དེ་ཉིད་འཁོར་ལོ་སྟེ། རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད་པས་སོ། །དེ་ཉིད་ལས་རྒྱ་མཚོ་ལས་རླབས་བྱུང་བ་ལྟར་སྨོན་ལམ་གྱི་
༄། །ནུས་པའི་ཤུགས་ཀྱིས་བཞེངས་ནས་བྱུང་བ་དེ་བསྒོམ་པའོ། །རླུང་གི་སྒྲས་དེ་ལ་རྣལ་འབྱོར་པའི་རྣམ་ཤེས་བཞོན་པར་བརྗོད་དེ། མི་ཡིས་རྟ་ཞོན་ནས་འོངས་པ་ལས་རྟ་པ་གཅིག་བྱུང་ཞེས་པ་ལྟ་བུའོ། །རླུང་གིས་ཞེས་པ་རྣམ་ཤེས་ཀྱི་བཞོན་པའི་སྲོག་རླུང་ངོ༌། །དེ་ཡང་རྟ་བཟུང་བས་མི་སྡོད་པ་ལྟ་བུའོ། །བསྐྱོད་པས་ཞེས་པ་དེ་བཞིན་དུ་སྲོག་རླུང་ལ་ཞོན་པའི་རྣམ་ཤེས་ཡོངས་སུ་ཟིན་པས་གང་ཡང་འཛིན་པ་མེད་པའི་གཟུགས་ཡོངས་སུ་འཕྲོས་པའོ། །གང་ཞིག་གིས་དེ་ལྟར་རླུང་དང་རྣམ་པར་ཤེས་པ་ངང་དུ་ཐིམ་པ་ལས་ཤེས་པ་སྣ་ཚོགས་ལ་འཇུག་པ་མེད་དོ། །དེས་ན་འདི་ཉིད་ལ་རྒྱུན་དུ་དབབ་པར་བྱའོ། །དོན་དེ་ལ་འདིར་ལྷན་ཅིག་སྐྱེས་པའི་གཟུགས་ཀྱི་ལྷ་མོ་ལ་སྐུ་མདོག་དང་ཕྱག་མཚན་མ་གྲུབ་ཀྱང༌། ལྷན་སྐྱེས་དེ་གོམས་པར་བྱེད་པ་ལ་སེམས་ཉིད་རིན་པོ་ཆེ་ལ་སྟོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སྐུའི་རྣམ་པར་བསྒོམ་པ་ནི། བཉྫུ་ཀའི་མེ་ཏོག་ལྟ་བུ་ལ་ཐོད་པ་དཀར་པོ། རོ་སེར་པོ། གྲི་གུག་ནག་པོ། བ་དན་ལྗང་གུ་ལ་སོགས་པ་སྣ་ཚོགས་པས་མཛེས་པར་བྱས་པ་རིན་པོ་ཆེ་ལྔ་དང༌། ཁ་དོག་ལྔ་ལས་འོད་ཟེར་ལྔ་འཕྲོ་བ་དང་བཅས་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་རྣལ་འབྱོར་བ་དང༌། རྣལ་འབྱོར་མའི་དབུས་ན་གར་གྱི་རྣམ་པས་བྱུང་བ་ནི་ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་པའི་བདག་ཉིད་ལས་སྤྲུལ་པའི་བཅོམ་ལྡན་འདས་མ་ནི་དབང་པོའི་གཞུའམ། དྲི་ཟའི་གྲོང་ཁྱེར་རམ་ནམ་མཁའི་རི་མོ་ལྟར་ཤེས་པར་བྱའོ། །དེའི་ཕྱིར་འདི་ལ་ཨཾ་གི་རྣམ་པའི་གཟུགས་ཀྱི་ལྷ་མོ་དང༌། ཨུའི་རྣམ་པའི་དོན་ཡོད་གྲུབ་པའི་གཟུགས་ནི་རླུང་ངོ༌། །དེ་གཉིས་ལྷན་ཅིག་འདྲེས་པ་ལ་རྫོགས་པ་ནི་བཾ་གི་ཡི་གེའི་གཟུགས་སུ་སྤྲུལ་ནས་ལྟེ་བའི་འཁོར་ལོ་ལའོ། །འདི་ནི་ནན་ཏན་དུ་བྱས་ནས་གཡོ་བ་མེད་པའི་སེམས་ཀྱིས་རླུང་གཉིས་འགོག་པར་བྱས་པས་ཐོབ་པར་བྱེད་པའོ། །དེ་དག་དགྱེས་པ་རྡོ་རྗེ་ལས་བཤད་པ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང༌། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་པ་ཡིན། །ཞེས་སོ། །དེ་བཞིན་ཡང༌། དངོས་པོའི་དེ་ཉིད་ཤེས་པ་གཉེན། །དངོས་
༄། །པོའི་དེ་ཉིད་མ་ཤེས་དགྲ། །མ་དག་པས་ནི་དུག་ཡིན་ཏེ། །དག་པས་བདུད་རྩིའི་མཆོག་ཉིད་དོ། །ཞེས་སོ། །གློག་གི་ཟེར་ལྟར་འོད་གསལ་ཞིང༌། །ཞེས་པ་ནི་དེས་ནི་སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད་པས་ན་འོད་ཀྱི་ཕུང་པོས་མུན་པ་བསལ་བ་ལྟར་གློག་གི་ཟེར་རམ་འོད་ལྟ་བུའོ། །རྩིབས་ཅན་གསུམ་པོ་བསྲེགས་ཞེས་པ་ནི། རྩིབས་ཅན་གསུམ་ནི་དབང་པོ་དང་ཡུལ་དང་རྣམ་པ་ཤེས་པ་དམིགས་པར་བྱེད་པའོ། །བསྲེགས་ཞེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དེའི་དམིགས་པའི་དགྲ་གསུམ་བཅོམ་པའོ། །ཡང་ན་རྩིབས་ཅན་གསུམ་ཞེས་པ་འདོད་ཆགས་ཞེ་སྡང་གཏི་མུག་གིའོ། །བསྲེགས་ཞེས་པ་དེ་དག་ས་བོན་དང་བཅས་པ་སྤོང་བའོ། །འཇིག་རྟེན་གསུམ་གྱིས་མཆོད་གྱུར་ཞེས་པ་ནི། འཇིག་རྟེན་ནི་རྣལ་འབྱོར་པའི་ལུས་དང༌། ངག་དང་ཡིད་གསུམ་མོ། །མཆོད་གྱུར་ཞེས་པ་ནི་བདག་ཉིད་དེ་ལྟར་ཡོངས་སུ་རྫོགས་པས་མཆོད་པའི་གནས་སུ་གྱུར་པའོ། །ལྷ་མོའི་གཟུགས་སུ་བདག་ཉིད་ཡོངས་སུ་རྫོགས་པར་གྱུར་པ་འདི་ནི་ལྷ་མོའི་མཆོད་པ་ཡང་ཡིན་ནོ། །བདུད་རྩིའི་རྒྱུན་རབ་འབབ་ཅེས་པ་ནི། བདུད་རྩི་ནི་བདེ་བ་ཆེན་པོ་ཡིན་ལ། རྒྱུན་རབ་འབབ་ཅེས་པ་ནི་བདེ་བ་དེ་རྒྱུན་མི་འཆད་པའོ། །སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་ཞེས་པ་ནི། སངས་རྒྱས་ནི་དེ་ལྟར་དངོས་པོ་དོན་གྱི་རང་བཞིན་ཉིད་དོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས། དངོས་པོའི་རང་བཞིན་ཤེས་པ་ལས། །སངས་རྒྱས་ཞེས་ནི་བརྗོད་པ་ཡིན། །ཞེས་སོ། །དེ་ཉིད་ཁོ་ན་ཉིད་དུ་ཤེས་པ་ལས་ཡེ་ཤེས་ཏེ་དེའི་བཅུད་དང་འདྲེས་ནས་འབད་པ་མེད་པར་ལོངས་སྤྱོད་པའོ། །སྐྱོན་བྲལ་ཞེས་པ་ལ་སྐྱོན་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའམ། རྣམ་པར་རྟོག་པའོ། །བྲལ་ཞེས་པ་དེ་དག་སྤངས་པའོ། །ཀུན་དགའི་ཚོགས་སྟེར་ཞེས་པ་ནི། ཀུན་གྱི་སྒྲ་ནི་གོང་དུ་བཤད་དོ། །དགའི་ཚོགས་སྟེར་ཞེས་པ། སྟེར་བའི་ནི་དཱའི་སྒྲ་ལས་དྲངས་པ་སྟེ། དེ་ལ་གསུམ་སྟེ། སྦྱིན་པ་དང་དག་པ་དང༌། གཅོད་པའོ། །སྦྱིན་པའི་སྒྲ་ནི་བཤད་ཟིན་ཏོ། །དག་པ་ནི་དང་པོ་དགའ་བ་ལ་སོགས་པ་གསུམ་པོ་ལྷན་ཅིག་སྐྱེས་པའི་ངང་དུ་རོ་གཅིག་པར་དག་པའོ། །
༄། །གཅོད་པའི་སྒྲ་ནི་རང་གི་དགའ་བའི་ཚོགས་སྟེར་བ་ཅེས་པའི་ཕྱོགས་ལ། དེ་ཡང་སྭ་ཞེས་པ་རང་ལ་འགྲོ་སྟེ། བདག་ཏུ་ལྟ་བའི་འཛིན་པའི་ཡུལ་ལ་མངོན་པར་ཞེན་པའོ། །ཚོགས་ཞེས་པས་རྒྱུན་མི་འཆད་པར་འཁོར་བ་ན་འཁོར་བའོ། །དེ་དག་མ་ལུས་པར་གཅོད་པས་ན་གཅོད་པའི་སྒྲ་ལ་འཇུག་པའོ། །དེ་ལ་འདིར་དངོས་དང་དངོས་མེད་རྣམ་པར་གཅོད་དང་བྲལ་བའི་ཞེས་པ་དངོས་དང་ཞེས་པས་དམིགས་པ་གསུམ་དང༌། དངོས་མེད་ཅེས་པས་མེད་པར་འཛིན་པ་དང༌། རྣམ་པར་གཅོད་པ་ཞེས་པ་དེ་དག་ལ་འཛིན་པའི་སེམས་སོ། །དེ་དག་སྤངས་པ་ནི་བྲལ་བའོ། །དེ་ལ་བཅོམ་ལྡན་འདས་མ་ཞེས་བརྗོད་པར་བྱའོ། །སེམས་ནི་ཡོད་པའམ་མེད་པའི་དངོས་པོ་གང་དུ་ཡང་གྲུབ་པ་མེད་པའོ། །ཞེས་རྒྱལ་བའི་ཡུམ་ལས་གསུངས་སོ། །ཚིགས་སུ་བཅད་པ་འདིས་ནི་དོན་གྱི་ཁྱད་པར་གཞན་ཡང་གསུངས་པ། ཀ་སོགས་ཡི་གེ་ཤེས་པ་ལ་སོགས་པ་ལ་འབྲེལ་བའི་དབང་གིས་ཕག་མོ་ཁྱོད་ཀྱི་སེམས་ལ་གསལ་གྱུར་ཅིག་ཅེས་པ་དྲངས་ལ་བཤད་དེ། དེ་ཡང་བྱ་བ་ནི་གསལ་བ་དང༌། བྱེད་པ་ནི་ཕག་མོ་ལས་ནི་སེམས་ལ་འབྲེལ་པ་ནི་ཁྱོད་ཀྱི་ཞེས་པའོ། །བཱ་རཱ་ཧཱིའི་དོན་ནི་སྔར་བཤད་པར་ཤེས་པར་བྱའོ། །ཅིའི་ཕྱིར་ལྷ་མོ་ཞེ་ན་གསལ་གྱུར་ཅིག་ཅེས་པ་དེ་ལས་སྐྱེས་པའོ། །སྤྲུལ་པའི་རྩིབས་ཅན་ཉི་དབང་དཀྱིལ་འཁོར་ལ་བཞུགས་ཤིང་ཞེས་པ་ནི། དང་པོར་སྤྲུལ་པའི་འཁོར་ལོའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་བཾ་གི་རྣམ་པར་གནས་པའོ། །དེ་ནས་འོག་གི་འཁོར་ལོ་ནས་བཞེངས་ཞེས་པ་ནི་སེམས་ཀྱིས་སྒོམ་པ་པོའི་དབང་པོ་རྣོ་བའི་སྟོབས་ཀྱིས་དེ་ཉིད་ནས་གྱེན་དུ་བསྐྱོད་པའོ། །ཀ་སོགས་ཡི་གེས་བསྐོར་ནས་ཞེས་པ་ནི། ཀ་དང་པོར་བྱས་པའི་ཀ་ལ་སོགས་པའི་ཀཱ་ལིའི་རྣམ་པ་དང༌། ཨ་ཡིས་དང་པོར་བྱས་པའི་ཨཱ་ལི་རྣམས་སོ། །དེ་ལ་འདིར་ཥ་དང་ཀ་སྡོམ་པས་ཀྵ་ཡོངས་སུ་གྲུབ་པས་དེའི་ཕྱིར་ཀྵ་སྤངས་པའི་ཡི་གེ་བཞི་བཅུ་ཞེ་དགུ་ཡིན་ལ། དེས་ནི་འཇིག་རྟེན་དུ་གྲགས་པའི་རླུང་བཞི་བཅུ་ཞེ་དགུའི་རང་བཞིན་རྣམས་དག་པའོ། །དེ་ལ་ཨཱ་ལི་དང་ཀཱ་ལིའི་སྒྲས་གཡོན་པ་དང་གཡས་པར་རྒྱུ་བའི་རླུང་གཉིས་འདིར་གཟུང་བར་གོ་བར་བྱའོ། །དང་པོ་རླུང་གཉིས་རྒྱུ་བ་དེ་དང་པོའི་ལམ་སྤངས་ནས་གནས་སུ་བསྐོར་བའོ།།
༄། །དེ་བས་འདིར་བརྗོད་པས་བསྒོམ་པར་གདམས་པའོ། །རླུང་གིས་བསྐྱོད་པས་ཞེས་པ་ནི་ཐུར་སེལ་གྱི་རླུང་གིས་བསྐྱོད་ནས་དབུ་མར་འཇུག་པའོ། །དེ་ཡང་ཀུན་རྫོབ་ཙམ་དུ་ཨཱ་ལི་ཀཱ་ལིའི་ཕྲེང་བ་གཉིས་གཡོན་དང་གཡས་སུ་བསྐོར་ནས་མགོ་གྱེན་ལ་བསྟན་ཏེ། ཉིན་པར་གྱི་དབང་ཕྱུག་གི་དཀྱིལ་འཁོར་ལ་གནས་པའོ། །འབར་བའི་མེ་ལྟར་རབ་ཏུ་འབར། །ཞེས་པ་ནི། དང་པོར་སྤྲུལ་པའི་འཁོར་ལོར་བཾ་གི་གཟུགས་ཅན་དུ་ཡོད་པ་དེ་བཅོམ་ལྡན་འདས་མའི་རྣམ་པ་མིའི་ཕུང་པོ་འབར་བ་ལྟ་བུ་ལས་ཆེས་འབར་བའོ། །དེ་ནས་གོང་གི་གློག་གི་ཟེར་ལྟར་ཞེས་པ་ནི་དེ་ལྟར་འབར་བ་དེ་ལས་གློག་གི་ཟེར་ལྟ་བུ་གྱེན་དུ་སོང་བའོ། །བདུད་རྩི་རབ་འཛག་ཅེས་པ་ནི། གང་ལས་ཟེར་ཕོག་ཅིང་བསྐྱེད་པ་དེ་ལ་བདུད་རྩིའི་རྒྱུན་རྒྱུན་དུ་འཛག་པ་སྟེ། བདེ་བ་ཆེན་པོའི་འཁོར་ལོ་ནས་བཅོམ་ལྡན་འདས་མ་བསྒོམ་པའི་དབང་གིས་སོ། །དེ་ལ་འདིར་རྩིབས་ཅན་གསུམ་བོ་བསྲེགས་ནས་ཞེས་པས་བདེ་བ་ཆེན་པོ་ནས་བབས་ཏེ། འཁོར་ལོ་གསུམ་ཡང་རང་བཞིན་མེད་པར་བྱས་པའོ། །པདྨོའི་སྐུད་པ་ལྟར་ཕྲ་ཞེས་པ་ནི། ཨ་ཝ་དྷཱུ་ཏཱིའི་རང་བཞིན་ཡང་མི་དམིགས་པའི་རང་བཞིན་དུ་བྱས་ནས། ཤིན་ཏུ་ཕྲ་བ་ལ་འབབ་པའོ།། འཇིག་རྟེན་གསུམ་གྱིས་མཆོད་གྱུར་ཞེས་པ་ནི། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་པོ་ལྷ་མོའི་སྐུའི་བདག་ཉིད་དུ་ཡོངས་སུ་རྫོགས་ནས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ནཱ་ད་ཙམ་ལ། དམིགས་པ་ཡང་ཞི་ནས་ཟུང་དུ་འཇུག་པ་བསྒོམ་པའམ། །ཐོགས་པ་ན་མཆོད་པ་སྟེ་འདི་ཉིད་ལ་མཆོད་པ་ཞེས་བྱའོ། །རིག་པ་ཞེས་པ་འདི་ལ་བིདྱཱ་ཞེས་པའི་སྒྲ་ཡང་ཞེས་པ་ནི་གང་བ་སྟེ་ལྷ་མོ་འདི་བདེ་ཞེས་པས་ཡེ་ཤེས་ཀྱི་ལུས་ཅན་ནོ། །བདུད་རྩིའི་རྒྱུན་རབ་འབབ་ཅེས་པ་ནི། ཡེ་ཤེས་ཀྱི་སྐུ་ཅན་གྱི་ལྷ་མོ་ཐམས་ཅད་ལ་ཁྲུས་བྱས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བདུད་རྩིའི་རྒྱུན་ནི་བདེ་བ་ཆེན་པོའི་རང་བཞིན་ལ་རྒྱུན་མ་ཆད་པའོ། །སངས་རྒྱས་ཚོགས་རྣམས་བསྲེག་ཅིང་ཞེས་པ་ནི། སངས་རྒྱས་ཚོགས་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ལས་གཞན་དུ་སོ་སོར་གོ་བའམ། སྣང་བ་ཙམ་བསྲེགས་ནས་རང་བཞིན་མེད་པར་བྱེད་པའོ། །སངས་
༄། །རྒྱས་ལྔའི་རང་བཞིན་མ་གཏོགས་པ་དམིགས་པ་རྣམ་པ་གཞན་མེད་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཟླ་བ་གསང་བར་གསུངས་པ། འགྲོ་བ་འདི་དག་ཐམས་ཅད་ནི། །དེ་བཞིན་གཤེགས་པ་ལྔ་ཡི་བདག །ཅེས་པ་དང༌། སྒྲའི་འཇུག་པ་ལས། ཕུང་པོ་ལྔ་པོ་འདི་ཉིད་ནི་རྫོགས་པའི་སངས་རྒྱས་ཉིད་དེ་འདིའི་དམིགས་པའི་དོན་ལས་སྣ་ཚོགས་པའི་དམིགས་པ་མེད་པའོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་གཉིས་སུ་མེད་པས་དེ་བཞིན་དུ་ལྷ་མོ་སྤྱན་མ་ལ་སོགས་པ་ཡང་འཛིན་པའོ། །སངས་རྒྱས་ཡེ་ཤེས་ཞེས་པའི་སྒྲ་སངས་རྒྱས་མ་ཡིན་པའི་སེམས་ཅན་དུ་འདོད་ཅིང་འཛིན་པ་མེད་པའོ། །དེས་ན་འདིར་སངས་རྒྱས་ཡེ་ཤེས་བཅུད་དང་འདྲེས་ཤིང་ཞེས་པས། ཇི་ལྟར་ན་ཐམས་ཅད་ཀྱི་རང་བཞིན་ནི་རྣམ་པར་དག་པའོ། །རིག་མ་སངས་རྒྱས་ཚོགས་རྣམས་བསྲེག་ཅིང་ཞེས་པ་ཡོད་དེ། དེ་ལ་སྒྲ་ལས་བདེ་ཞེས་པས་ཡེ་ཤེས་སོ། །དེ་ལ་ཡའི་རྐྱེན་བྱིན་པས་ཡའི་འགྲོ་བའི་དོན་ཐོབ་པའོ། །དེས་ན་རིག་མ་ཞེས་པས་སྤྱན་མ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་སོ། །དེ་ལ་ཕྱོགས་གཅིག་ལྟར་ན་པདྨའི་སྐུད་པ་ལྟར་དང༌། ཕྲ་བའི་དམིགས་པ་ཞེས་པ་གཉིས་སུ་བརྗོད་པར་བྱ་སྟེ། དེ་ལས་ཕྲ་བ་ནི་མི་དམིགས་པའི་ཡེ་ཤེས་སོ། །པདྨའི་སྐུད་པ་ལྟར་ནི་འཁོར་ལོ་གསུམ་པོ་འབྱེད་པ་གང་ཡིན་པ་ཞེས་པས། དེ་བཞིན་དུ་པདྨའི་སྐུད་པ་ལྟ་བུ་དེས་འཁོར་ལོ་གསུམ་གྱི་རང་བཞིན་འབིགས་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱི་ནོར་བུའི་རྩེ་མོ་ནས་བཅོམ་ལྡན་འདས་མའི་པདྨའི་སྙིང་པོ་ལ་གནས་པའི་བྱང་སེམས་བཀུག་ནས་སླར་འཁོར་ལོ་གསུམ་པོ་བརྟོལ་ནས་འགྲོ་ལ། ཡང་བདེ་ཆེན་ནས་རྒྱུན་ཕྲ་བ་བབས་ནས་བསྐུལ་བའོ། །དེ་ལ་འདི་ནི་སྐྱོན་བྲལ་ཞེས་པས་ཉོན་མོངས་པ་ལ་སོགས་པ་དང་བྲལ་ནས་བདེ་བ་ཆེན་པོ་ཁོ་ནར་འཆར་བ་ཉིད་དོ། །དེ་བཞིན་དུ་ཀུན་དགའ་དང་བཅས་ཞེས་པས། དགའ་བ་ནི་ཐིག་ལེ་ཉིད་ལ་རྒྱུ་དང་འབྲས་བུར་བཅས། ཀུན་ནི་མ་ལུས་པའོ། །དགའ་བ་ནི་ཐོབ་པའོ། །བཅས་པ་ནི་དེ་དག་སྟེ་རྒྱུ་དང་འབྲས་བུའོ། །ཡང་ན་དེ་ལྟ་བུའི་བདེ་བ་དང་ལྡན་པ་ལ་རང་གི་དགའ་བའི་ཚོགས་སམ་ལེགས་པར་དགའ་བའི་ཚོགས་
༄། །ཞེས་བྱའོ། །སྟེར་ཞེས་པས་རང་ལ་ནུས་པ་དེ་ལྡན་པས་གཞན་རྗེས་སུ་འཛིན་པའི་མཐུ་ཡོད་པས་སྟེར་བའོ། །རོལ་པ་གྱེན་གཤེགས་ཞེས་པས། རོལ་པ་ཉིད་ནི་ཆགས་པ་ཆེན་པོས་རྗེས་སུ་བཅིངས་ནས་གཟུད་པའོ། །དབུ་མ་ལ་བསྐྱོད་ནས་གཤེགས་པས་གྱེན་གཤེགས་སོ། །ཡང་ན་རོལ་པ་ཞེས་བྱ་བ་གཉིས་སུ་མེད་པའི་ཆགས་པ་ཆེན་པོ་ལས་བྱུང་བ་སྟེ། གྱེན་གཤེགས་ཞེས་པ་གང་དུ་གཤེགས་ན་བདེ་ཆེན་འཁོར་ལོར་གཤེགས་སོ། །དེ་ལ་འདི་ཉིད་དུ་དངོས་དང་དངོས་མེད་རྣམ་པར་དཔྱོད་དང་བྲལ་བའི་ཞེས་པས་བཤད་དོ། །ཆགས་པ་ཆེན་པོའི་རང་བཞིན་གྱི་རྗེས་སུ་བཅིངས་པ་ལ་རྣམ་པར་དཔྱོད་པ་གཞན་མེད་དོ། །རྣམ་པར་དཔྱོད་པ་ནི་རྣམ་པར་གཡེང་བའོ། །ཅིའི་ཕྱིར་ཞེ་ན། རྣམ་པར་དཔྱོད་པ་དང་ཆགས་པ་ཆེན་པོ་ལ་འབྲེལ་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བདེ་བའི་རྒྱ་མཚོ་གཡོ་བ་མེད་པ་ལ་རྣམ་པར་རྟོག་པའི་ཆུ་བུར་མི་འབྱུང་བའོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། སྤྲུལ་པའི་རྩིབས་ཅན་ཞེས་པས་སྤྲུལ་པའི་ཞེས་པ་ནི་འདིར་སྐྱེད་པར་བྱེད་པ་ཡིན་ལ། རྩིབས་ཞེས་པ་ལ་ཨ་རའི་སྒྲས་འཁོར་ལོ་ཞེས་པ་དང་དགྲ་ལ་ཡང་འགྲོ་བ་སྟེ། དགྲ་ནི་གསུམ་སྟེ། དེ་སྤངས་པའམ་དེ་འཇོམས་པས་དེ་འདིར་གསལ་བ་ནི་རོའི་གདན་ནི་བདག་མེད་པའི་རྣམ་པར་དག་པའོ། །དེའི་སྟེང་ན་གནས་པའི་ཉིན་པར་གྱི་དབང་ཕྱུག་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་འོད་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་ཤེས་ནས་གཤེགས་པའོ། །ག་ཏ་ཞེས་པ་གཤེགས་པའམ། སོང་བ་ལ་འགྲོ་བའོ། །ཀ་སོགས་ཡི་གེས་བསྐོར་ནས་ཞེས་པས། ཨཱ་ལི་ཀཱ་ལི་ནི་ཤེས་རབ་ཀྱི་གཟུགས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་ནོ། །ཡང་ན་ཀ་དང་ཨ་ནི་ཀཪྻ་དི་ཞེས་པའི་སྒྲས་ཀཱ་ལི་དང་ཨཱ་ལི་སྟེ། དེ་དག་གི་དང་པོའི་ཡི་གེ་ནི་ཀ་དང་ཨ་ལ་སོགས་པ་གྲུབ་པའོ། །ཡང་ན་ཀ་ལ་སོགས་པ་སྡེ་མཚན་བདུན་གྱི་དང་པོ་ལ་ཀ་ཙ་ཊ་ཏ་པ་ཡ་ཤའི་རང་བཞིན་ལས་དྲངས་སོ། །ཐོག་མར་ཨ་བཞག་པའི་ཡི་གེ་བཅུ་དྲུག་ནི་ཨ་ཡིས་གྲུབ་ལ་དེ་ཉིད་ཁོ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཨ་ཡིན་པའོ། །དགྱེས་པ་རྡོ་རྗེ་ལས་ཀྱང༌། ལུས་ཀྱི་དཀྱིལ་
༄། །གནས་རྣལ་འབྱོར་མ། །ཨ་ནི་སྡོམ་པའི་ཚུལ་གྱིས་ཞུགས། །དེ་བཞིན་ཕྱི་རོལ་ནང་དེ་བཞིན། །འདི་ཉིད་སྡོམ་པས་གསལ་བ་ཉིད། །ཅེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་གཟུགས་དེ་ཉིད་ཡི་གེ་གཅིག་གིས་ཐོབ་པར་བྱད་དོ། །འབར་བའི་མེ་ལྟར་རབ་འབར་ཞེས་པས་སྣ་ཚོགས་པའི་འོད་འབར་བས་ཁྱབ་པའི་ལུས་སོ། །བདུད་རྩི་ཞེས་པ་ནི་ཐར་པའོ། །རབ་འཛག་ཅེས་པ་ནི་འདི་ཉིད་ཁོ་ན་གཞན་ལ་སྟེར་པའམ་བསྐྱེད་པའོ། །པདྨའི་སྐུད་པ་ལྟར་ཕྲ་བ་ཞེས་པ་ནི། །གཟུགས་མི་དམིགས་པ་ཤིན་ཏུ་ཕྲ་བའོ། །རིག་མ་ཞེས་པ་ནི་ཤེས་རབ་ཀྱི་དོན་ལྷན་ཅིག་སྐྱེས་པའི་གཟུགས་ཅན་ནོ། །ཡང་ན་རིག་མ་ནི་ལྷ་མོ་སྟེ། འདུས་མ་བྱས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དོན་ཏོ། །སངས་རྒྱས་ཚོགས་རྣམས་བསྲེགས་ཞེས་པ་ནི་བུདྡྷ་ཀ་དམ་པ་ཞེས་པའི་སྒྲས། བུདྡྷ་ཞེས་པས་སངས་རྒྱས་ཏེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སངས་རྒྱས་སོ། །ཀ་དམྐ་དྲྀཥྚི་ཞེས་པ་ལྟ་བ་ངན་པ་ལ་འགྲོ་སྟེ། བདག་ཉིད་གཅིག་པུ་གྲོལ་བ་དང་ཐར་པར་བྱེད་པ་ལ་སོགས་པའོ། །བསྲེགས་ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་དོན་ལ་བརྩོན་པས་དེ་དག་མེད་པར་བྱས་པའམ། ཉམས་པར་བྱས་པའི་དོན་ཏོ། །ཡང་ན་སངས་རྒྱས་ཚོགས་རྣམས་ཞེས་པ་ཡུལ་དང་ཡུལ་ཅན་དུ་འཛིན་པའོ། །བསྲེགས་པ་ནི་མི་དམིགས་པའི་རང་བཞིན་དུ་བྱས་པའོ། །འཁོར་ལོ་གསུམ་པོ་འབྱེད་པ་གང་ཡིན་པ་ཞེས་པས་འཁོར་ལོ་གསུམ་ནི་ལུས་ངག་ཡིད་གསུམ་གྱི་རང་བཞིན་ནོ། །དེ་གསུམ་སོ་སོར་གྱུར་ནས་ཡང་དག་པའི་ལྟ་བ་གཅོད་པར་བྱེད་པ་སྟེ། དེའི་རང་བཞིན་ནི་ཉམས་པའམ་གཅོད་པའི་དོན་ཏོ། །ཀུན་དགའ་དང་བཅས་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ། །རོལ་པ་ཞེས་པ་ཆགས་པ་ཆེན་པོ་སྟེ། གོང་ན་མེད་པའི་དོན་གྱི་སྤྱོད་ཡུལ་ལོ། །གྱེན་གཤེགས་ཞེས་པས་དེ་དག་གི་རང་དོན་ཐོབ་པར་བྱེད་པའི་དོན་ནོ། །པག་མོ་ཁྱོད་ཀྱིས་ཞེས་པ་ལ་སོགས་པ་ནི་བཤད་པར་ཟད་དོ། །ཕྱག་འཚལ་བའི་སྒོ་ནས་བརྗོད་བྱའི་དོན་བཤད་པར་བྱ་སྟེ། རྡོ་རྗེ་ཡིས་ནི་རྣལ་འབྱོར་མ། །ཞེས་པ་ལ་སོགས་པ་ལ་འབྲེལ་པའི་སྟོབས་ཀྱིས་བདག་གིས་དེ་ཉིད་ཅེས་སྒྲུབ་བརྗོད་ཅེས་པ་དང་པོར་བཤད་
༄། །པར་བྱ་སྟེ། དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ཞེས་བྱ་བའི་རྒྱུ་ལ་འབྲས་བུའི་མིང་ཉེ་བར་བཏགས་པའི་ཕྱིར་རོ། །མགོས་ཞེས་པ་སྤྱི་བོས་སོ། །བདག་ནི་རྩོམ་པ་པོ་ཡིན་པའོ། །དེ་ཁོ་ན་ཉིད་ཅེས་པ་ནི་རང་གཞན་གྱི་རྣམ་པར་རྟོག་པ་མ་ལུས་པར་སྤངས་པ་ངག་གི་ཡུལ་མ་ཡིན་པའི་བདེ་བ་དམ་པའི་རང་བཞིན་ནོ། །ཡེ་ཤེས་ཞེས་པས་དེ་ཉིད་ལ་བྱ་སྟེ། རང་གིས་རིག་པའི་རྡོ་རྗེ་ནི་ཡེ་ཤེས་སོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས་གསུངས་པ། དེ་བཞིན་བདེ་བ་དམ་པ་ཉིད། །ཅེས་སོ། །སྒྲུབ་ཅེས་པ་དེའི་ཐབས་སོ། །བརྗོད་ཅེས་པ་དགོས་པའོ། །རྡོ་རྗེ་ཡིས་ནི་རྣལ་འབྱོར་མ། །ཞེས་པ་ནི། རྡོ་རྗེ་ཞེས་པས་མི་ཟད་པའི་ཐིག་ལེའམ་བདེ་བ་ཆེན་པོའོ། །རྣལ་འབྱོར་ཞེས་པས་བདེ་བ་ཆེན་པོ་དང་ཟུང་དུ་ཆུད་པའོ། །རྡོ་རྗེ་སྔོན་སོང་ཞེས་པ་ནི། མི་ཕྱེད་པའོ། །སྔོན་སོང་ནི་ཡེ་ཤེས་སོ། །ཕག་མོ་ནི་བཤད་ཟིན་པའོ། །དེ་ལ་ཅི་བྱ་ཞེ་ན། མགོས་ཞེས་པ་སྤྱི་བོས་སོ། །ཕྱག་འཚལ་ནས་ཞེས་པ་ནི་དེ་ལྟར་བཞེངས་པའི་གཏུམ་མོའི་གཟུགས་དང་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་གཟུགས་ལ་ཕྱག་བྱེད་པའོ། །རང་དྲན་ཕྱིར་ཞེས་པ་ནི་བདག་ཉིད་ཁེངས་བསྐྱུང་བར་བྱའོ། །བསྒོམ་པའི་གནས་གསུངས་པ། ཡིད་དང་རྗེས་སུ་ཞེས་པ་ལ་སོགས་པ་ནི་འབྲེལ་པའི་དབང་གི་ཀུན་ནས་དག་པ་རྣམ་པར་བསྒོམ་ཞེས་པ་སྟོན་ཏེ། ཀུན་ནས་དག་པ་ཞེས་པ་སྟོང་པ་ཉིད་དོ། །དེ་བསྒོམ་པས་རློམ་པ་ལ་སོགས་པའི་ང་རྒྱལ་སེལ་བའོ། །ཡང་ན་བློ་མཆོག་ཏུ་གྱུར་པས་སྟོང་པ་ཉིད་ཀྱིས་གཞན་བསྲུང་བར་གསུངས་པས། དང་པོར་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་གསུངས་པ། བགེགས་ནི་སེམས་ཀྱིས་སྤྲུལ་པ་སྟེ། །ཆོས་རྣམས་ཀུན་གྱི་རང་བཞིན་དུ། །དེ་ཉིད་རྣམ་པར་དག་པ་ཞེས། །དོན་དམ་པ་ཡི་བ་སྲུང་བ་ཡི། །ཡིད་དང་རྗེས་སུ་མཐུན་པའི་དབེན་གནས་སུ་ཞེས་པ་ནི། ཡིད་ལ་རྗེས་སུ་མཐུན་པ་ཞེས་པས། ཡིད་ལ་དགའ་བའི་དྲིན་སྟེར་བའོ། །དབེན་གནས་ཞེས་པས་སྐྱེ་བོས་དབེན་པའོ། །མགོན་པོས་མགོ་མཚན་ཞེས་པས་མགོན་པོ་ནི་རྡོ་རྗེ་བླ་མའོ། །མགོ་མཚན་ནི་དེའི་རྣམ་པས་སྤྱི་བོར་བསྒོམ་པའོ། །བློ་ལྡན་ཞུགས་ནས་ནི། བློ་ལྡན་ནི་སུ་དྷཱི་ཞེས་པའི་སྒྲས་ལེགས་པའི་བློ་ལྡན་དུ་ཡང་འགྱུར་
༄། །ཏེ། སྐྱོན་གྱི་དྲི་མ་མེད་པའི་བློ་ཅན་ནོ། །དེ་ལ་དབང་པོ་རྣོན་པོའི་སྤྱོད་ཡུལ་གྱིས་ཤེས་རབ་ཀྱི་ཐེག་པ་བཅོམ་ལྡན་འདས་མ་གོ་བར་ཟད་དོ། །དེ་ལ་བླ་མ་ཇི་ལྟར་གསུངས་པའི་ཁྱད་པར་རྣམས་བྲི་བར་བྱའོ། །ལེགས་པའི་བློ་ནི་སེམས་ཉིད་དྲི་མ་མེད་པ་བསྒོམ་པའི་དོན་བསྐྱེད་པ་སྟེ། དག་པ་རྣམ་པར་བསྒོམ་ཞེས་དང་འབྲེལ་ལོ། །ཡང་ན་ལེགས་པའི་བློ་ནི་ཕྱིའི་ཤེས་རབ་དང་ནང་གི་ཤེས་རབ་ཡོངས་སུ་དག་པ་ནི་ལེགས་པའི་ཤེས་རབ་ཀྱི་དོན་དོ། །དེར་ནི་ཞེས་པ་དབེན་པ་དེར་རོ། །ཤིན་ཏུ་འཇམ་པ་ནི་རེག་ན་བདེ་བ་སྐྱེ་བའོ། །སྟན་ཞས་པས་དེའི་སྟིང་དུའོ། །དེ་ཉིད་དུ་བཅོམ་ལྡན་འདས་མ་ནི་རབ་ཏུ་རྟོགས་པས་ཤེས་རབ་ཀྱི་བློའི་སངས་རྒྱས་ཉིད་དོ་ཞེས་དགྱེས་པ་རྡོ་རྗེར་གསུངས་སོ། །གང་དུ་སྡོད་ཅེ་ན་སྟན་ལ་བཞུགས་ཏེ། གདན་གྱི་སྒྲས་རྡོ་རྗེའམ་སྤྲུལ་པའི་དཀྱིལ་འཁོར་ཉིད་དོ། །དེའི་སྟན་ནི་ཆོས་འབྱུང་ངོ༌། །དེ་ལྟར་དགྱེས་པ་རྡོ་རྗེ་ལས་གསུངས་པ། ཨེ་ཡི་ཆ་བྱང་བཟང་པོ་གང༌། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །སངས་རྒྱས་རིན་ཆན་ཟ་མ་ཏོག །ཨ་ཡི་དཀྱིལ་འཁོར་ཉིད་དུ་གནས། །ཞེས་སོ། །དེ་དག་ཡང་གསུངས་པ། དེ་ནས་འཇམ་པའི་ཞེས་པ་གསུངས་པས་ཡིད་འཕྲོག་ཅིང་རེག་ན་བདེ་བའི་རང་བཞིན་ཇི་སྙེད་པའོ། །དེ་དག་ལ་ཆོས་ཀྱི་འབྱུང་གནས་ཞེས་བྱའོ། །ཇི་ལྟར་རྣམ་པར་དག་པ་བསྒོམ་ཞེ་ན། དབེན་པའི་གནས་སུ་ཞུགས་ནས་ཞེས་པས། དེ་ཡང་སྠཱ་ནཾ་ཞེས་པའི་སྒྲས་གནས་ཏེ། འདི་ནི་ཆོས་ཐམས་ཅད་ཀྱི་གནས་བདེ་བ་ཆེན་པོའི་དོན་ལ་ཡིད་བརྟན་པར་བྱེད་པའི་དོན་ཏོ།། དབེན་པ་ནི་དུས་ཐམས་ཅད་དུ་སྐྱེ་བའི་རྣམ་པར་རྟོག་པ་དེ་མེད་པའོ། །དེ་ལྟར་རྡོ་རྗེ་མཁའ་འགྲོ་ལས་གསུངས་པ། དབེན་པ་ནི་བདག་དང་སེམས་ཅན་གྱི་རྣམ་པར་རྟོག་པ་སྤངས་པའོ་ཞེས་པའོ། །ཡང་ན་རྡོ་རྗེའི་རིགས་ལ་སོགས་པའི་བུ་མོ་ལས་སྐྱེས་པ་དེ་དབེན་པའོ། །དེ་བཞིན་དུ་ཡང་གསུངས་པ། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པའི་བུ་མོ་མཆོག་ལས་སྐྱེས་པའི་བདེ་བ་ནི་དབེན་པ་སྟེ། དེ་ལ་འདི་ནི་ཡིད་དང་རྗེས་སུ་མཐུན་པའི་གནས་ཞེས་བྱའོ། །འདི་ལྟར་བྱས་པ་དང་མ་བྱས་པ་ལ་སོགས་པའི་རྣམ་པར་རྟོག་པས་
༄། །བསྒོས་པའི་སེམས་ལ་དུས་ཐམས་ཅད་སྡུག་བསྔལ་དང་བཅས་པ་སྟེ། སྣ་ཚོགས་པའི་དངོས་པོ་འདི་ནི་དུག་ཡིན་པས་སོ། །རྣམ་པར་རྟོག་པ་མེད་པའི་སེམས་ནི་དུས་ཐམས་ཅད་དུ་བདེ་བ་ཐོབ་པར་བྱེད་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡིད་བདེ་བ་ལས་ཏིང་འཛིན་སྐྱེ། །དེ་ལྟར་སྐྱེས་པས་རབ་མཆོག་ཐོབ། །ཅེས་སོ། །ཇི་ལྟར་འབྱུང་ཞེན་གསུངས་པ། མགོ་བོས་མགོན་མཚན་ཞེས་པས། ནཱ་ཐ་ཞེས་པའི་སྒྲས་མགོན་པོ་ལ་འགྲོ་ལ་དེ་ནི་ཐིག་ལེ་ཡིན་ཏེ། དེ་ཡང་ནཱ་ཐཾ་ཀ་ཞེས་པའི་སྒྲས། ཨཾ་ཞེས་པར་འགྲོ་བས་དེས་མཚོན་པའོ། །ཀ་ཞེས་པས་མགོའམ་བདེ་བ་ལ་འགྲོ་སྟེ། དེ་ལ་ཐིག་ལེས་མཚན་པའི་བདེ་བ་དང་གཉིས་སུ་མེད་པར་ཤེས་པའི་དོན་ཏོ། །དེའི་ཕྱིར་ཐིག་ལེ་སྤངས་པས་བདེ་བ་སྤངས་ལ་དེ་སྤངས་པ་ནི་སྡུག་བསྔལ་གྱི་རང་བཞིན་ནོ། །ཡང་ན་མགོན་པོ་ཞེས་པ་རྡོ་རྗེ་སློབ་དཔོན་ཏེ། དེས་རང་གི་མགོ་ལ་མཚན་པས་ན་ཀའི་དོན་དེ་བདེ་བར་ཐོབ་པར་བྱེད་པའི་དོན་ཏོ། །དེས་ཅི་སྟེ་ཞེ་ན། བླ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པ་བསྐུར་ནས་བདེ་བ་ངོ་སྤྲད་ནས་བསྟན་པའོ། །དེ་ལྟར་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་ནས་ཆགས་པ་ཆེན་པོ་ལས་སྐྱེས་པའི་དག་པས་སྟོང་པ་ཉིད་ཀྱི་དོན་ལ་ངེས་པར་བྱེད་པའི་གནས་སོ། །དེ་ལྟར་དགྱེས་པ་རྡོ་རྗེ་ལས་གསུངས་པ། མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་ལ་འཛིན་པ་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤད་དང་གཅི་བ་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང༌། །ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ལས་གསུངས་པ། རྡོ་རྗེ་པདྨར་ཞུགས་པ་ལས་རྣམ་པར་གསལ་བར་སྐྱེའོ། །དེ་ལྟར་སེམས་གནས་པར་བྱས་པ་ལས་རྣམ་པར་མི་རྟོག་པའི་གཟུགས་ཀྱི་བདེ་བ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ལ་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ལ་འདིར་ཆགས་པ་ཆེན་པོའི་རང་བཞིན་དུ་བཞེངས་པ་ལས་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་མན་ངག་གི་དོན་ཏོ། །བརྗོད་པར་བྱ་བ་གཞན་ཡང་གསུངས་པ། དེ་རྗེས་ཡི་གེ་ཞེས་པ་ལ་སོགས་པས། རྒྱལ་བ་རྡོར་འཛིན་སྙིང་པོ་མིང་མེད་ཀྱིས། །
༄། །བྲིས་ནས་མེ་ཏོག་དམར་པོས་མཆོད་པར་བྱ། །ཞེས་པ་དང་འབྲེལ་ལོ། །རྡོ་རྗེ་ནི་མི་ཕྱེད་པའི་དེ་ཉིད་ལ་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་འཛིན་པ་ནི་རྡོ་རྗེ་ཞེས་པ་སྟེ་གང་འཛིན་ན་ཐིག་ལེ་སྟེ། དེ་བཞིན་དུ་ཐིག་ལེ་དང་བདེ་བ་འདྲེས་པ་ལ་མཐོང་བ་ཉིད་དོ། །དེ་ལྟར་དགྱེས་པ་རྡོ་རྗེ་ལས་གསུངས་པ། །ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་སོ། །དེའི་རྡོ་རྗེ་འཛིན་པའི་སྙིང་པོ་ནི་ངེས་པར་ཆོས་འབྱུང་དུ་བཞུགས་པས་སོ། །དེ་ལ་མེ་ཏོག་དམར་པོས་མཆོད་པར་བྱ་བ་ནི། ཨ་མ་ལན་དང་ཀ་ར་བཱི་ར་དང་བཉྫུ་ཀ་ལ་སོགས་པས་དང་པོར་མཆོད་པར་བྱའོ། །ལེགས་པར་སྦྱར་བ་ལས། ཏ་ཏ་ནུ་ཙ་ཞེས་པས་དེའི་རྗེས་ལ་ཞེས་པའམ། དེའི་རྗེས་དང་ཞེས་པར་ཡང་འགྱུར་ཏེ། ཙའི་སྒྲས་ལའམ་དང་བརྗོད་པ་ནི་ཁྱད་པར་གཞན་ཡང་སྟོན་པ་སྟེ། འཆད་པར་འགྱུར་བའི་ཚིགས་སུ་བཅད་པ་གཉིས་ལ་དང་པོར་ཁྲུས་བྱས་ནས་ཉེ་བར་རེག་པར་བྱ་སྟེ། དེ་ནས་ཆོས་འབྱུང་ལ་མཆོད་པར་བྱའོ་ཞེས་པའམ་ཡང་ན་གདམས་ངག་དུ་ཤེས་པར་བྱས་ནས་གཉིས་སུ་གསུངས་པ་དེ་ཡང་གོ་བར་བྱའོ། །དེའི་ཕྱོགས་ཀྱིས་ཙའི་སྒྲ་ལའམ་དང་ལ་འདིར་དེ་ལྟར་འབྲེལ་བའོ། །དེ་ཅི་ལྟར་བྱས་ནས་ཤེ་ན། བྲིས་ནས་ཞེས་པས་ཡང་དག་པར་བྲིས་པ་དེ་གསལ་ཞིང་མ་འདྲེས་པར་སོར་གསུམ་པའི་ཆོས་འབྱུང་གི་ནང་དུའོ། །གང་འདྲི་ན་རྒྱལ་བ་དྲུག་པ་ཞེས་པ་སྟེ་མི་བསྐྱོད་པའོ། །མི་བསྐྱོད་པ་གང་ཞེ་ན། ཁུ་བའི་རང་བཞིན་ནམ་ནག་པོའི་རང་བཞིན་ཏེ། དེ་ལྟར་འཁོར་ལོ་སྡོམ་པ་ལས། མི་བསྐྱོད་པ་ནི་དེ་བཞིན་གཤེགས་པ་དྲུག་པར་རྣམ་པར་གཞག་པའོ། །དེ་བཞིན་དུ་ལཱུ་ཡི་པའི་མངོན་པར་རྟོགས་པ་ལས་ཀྱང་རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ནི་དཔལ་ཧེ་རུ་ཀའོ་ཞེས་སོ། །ཡི་གེ་གསུམ་གྱི་སྔགས་བཟླས་ཞེས་པ་ནི་ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །གང་གིས་འདྲི་ན་མིང་མེད་ཀྱིས་ཏེ། གང་གི་མིང་མེད་ན་གཡོན་གྱི་ལག་པའི་མིང་མེད་དོ། །དེ་ཡང་བདེ་མཆོག་གི་རྣལ་འབྱོར་ལ་ནི་གཡོན་པས་བྱ་བ་ཐམས་ཅད་བྱེད་པའོ། །དེ་བཞིན་དུ་དཔལ་སྡོམ་པ་ལས་གསུངས་པ། དུས་
༄། །ཀུན་རྣལ་འབྱོར་གཡོན་པས་སྤྱོད། །རྐང་པ་གཡོན་པ་སྔོན་དུ་བསྐྱོད། །ཅེས་སོ། །བཤད་པར་བྱ་བ་བཞིན་ནི་རྡོར་འཛིན་སྙིང་པོ་ཞེས་པ་ནི་ཆོས་འབྱུང་ལ་མེ་ཏོག་དམར་པོ་ཞེས་པ་ནི་རང་འབྱུང་གི་ཁྲག་སྟེ། མཆོད་ཅེས་པ་ནི། དེ་གཉིས་འདྲེས་པས་འཚོ་ཞིང་གསལ་བའམ་འཕེན་ཞིང་སྐྱོད་པར་བྱེད་པའོ། །དེ་ལ་མཆོད་པ་ཞེས་ཅིའི་ཕྱིར་ཞེ་ན། འདི་ནི་ཆགས་པ་ཆེན་པོའི་ཐེག་པ་ཞེས་བྱ་སྟེ། དེ་ལ་འདིར་འཇིག་རྟེན་པའི་སྣ་ཚོགས་པའི་ཆགས་པས་ནི་དེར་གནས་པ་དང་སྐྱེས་པ་བྱེད་དུ་ཟད་དོ། །འདི་ཉིད་ཀྱིས་ནི་གྲུབ་པ་ཆེན་པོའི་དོན་ཐོབ་སྟེ། དེ་ཡང་ཤིན་ཏུ་རྣམ་པར་དག་པའི་ཆགས་པ་ལ་དམིགས་ནས་མཆོག་གི་འབྲས་བུ་ཐོབ་པར་བྱེད་པ་འདི་ནི་བྱང་སེམས་ཀྱི་ཕྱག་རྒྱལ་སེམས་བརྟན་པར་བྱས་པའི་རྒྱུ་དེས་སོ་སོར་ཐོབ་པ་ཞེས་སློབ་དཔོན་གསུང་ངོ༌། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས་ཇི་ལྟར་འཚེད་པས་འཚིག་པ་ཡང༌། མེ་ཉིད་ཀྱིས་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་འགྱུར་བ། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་པ་ལས། །མོན་སྲན་གྲེའུའི་བཟའ་བ་སྦྱིན། །བཟློག་པའི་སྨན་ནི་བཏགས་པ་ལས། །རླུང་གིས་རླུང་ལ་བསྣུན་པར་བྱེད། །ཅེས་སོ། །ཡང་ན་རྡོར་འཛིན་སྙིང་པོ་ཞེས་པ་ནི། ནང་གི་བདག་ཉིད་ཀྱི་ཆོས་འབྱུང་ཡིན་ལ། མེ་ཏོག་དམར་པོ་ནི་ཆགས་པ་དང་བཅས་པའོ། །མཆོད་པ་རང་གི་བདེ་བ་ནི་རང་གི་བདེ་བའི་སེམས་ལ་རྟོགས་པའི་ཁྱད་པར་དུ་ནི་དབུལ་བའོ། །ལས་ཀྱི་ཕྱག་རྒྱ་མེད་པའི་རྣལ་འབྱོར་པས་ཀྱང་བླ་མ་དམ་པའི་ཞབས་ཀྱི་དྲིན་གྱིས་དེ་བཞིན་དུ་མཆོག་ཏུ་གྱུར་པའི་སེམས་སྐྱེའོ། །དེ་བཞིན་དུ་ཊ་ཨུ་རི་པའི་ཞབས་ཀྱིས་ཀྱང༌། རྣལ་འབྱོར་རྡོ་རྗེའི་གོ་འཕང་སྐད་ཅིག་ཉིད་དུ་བྱེད་པ་ཤེས་རབ་མེད་ཀྱང་ནི། །བྱང་སེམས་ཟིལ་པ་དེ་ཉིད་འབྱོར་པ་དམ་པའི་དོན་ལ་མངོན་བྱང་བྱེད་པ་ཉིད། །མ་རུངས་པ་ལྟར་མྱུར་བར་ཡིད་ནི་འོད་ཀྱིས་འཕྲོག་པར་བྱེད་པ་སྟེ། །བྱིན་གྱིས་བརླབས་ཞེས་དེ་ནི་བླ་མ་དམ་པའི་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟར་
༄། །དུ་བདེ་བའི་སེམས་རྒྱུན་དུ་ཡོད་པ་དེ་ནི་གྲུབ་པ་ཐོབ་པར་ངེས་པ་ཡིན་ནོ། །རྡོ་རྗེ་མཁའ་འགྲོ་ལས། སྡུག་བསྔལ་གྱིས་གདུངས་དཀའ་ཐུབ་ཀྱིས། །ལུས་ནི་ངལ་བས་བསྐམས་པ་སྟེ། །སྡུག་བསྔལ་གྱིས་ནི་རྣམ་གཡེང་སེམས། །གཡེང་བས་དངོས་གྲུབ་གཞན་དུ་འགྱུར། །ཞེས་སོ།། ཡང་ན་འདི་ཉིད་བཅུད་ལེན་ཆེན་པོ་སྟེ་ལེགས་པར་སྤྱོད་པ་སྣར་བླུགས་པའམ། ཟོས་པས་ཀྱང་གང་འདོད་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་གསུངས་པ། ཁྲག་ཆེན་པོ་དང་ག་པུར་བཅས། །བཅུད་ལེན་ཀུན་གྱི་མཆོག་ཏུ་གྱུར། །དུས་ལ་བབ་པས་བསྐྱེད་པ་སྟེ། །ཁྲག་ཆེན་མེ་ཏོག་དངོས་པོ་ཉིད། །ཅེས་སོ། །བྲིས་ཏེ་ཞེས་ཕ་ནི་ལི་ཁ་ཞེས་པའི་སྒྲས་ཡི་གེ་འདྲིའམ། མི་འགྱུར་བ་ལ་འགྲོ་སྟེ། དེ་ནི་མི་འགྱུར་བའི་གཟུགས་ཀྱིས་འདུལ་བར་བྱེད་པའི་དོན་ནོ། །ཇི་ལྟར་ཞེ་ན། མིང་མེད་ཀྱིས་ཞེས་པས་དེ་ཡང་ཨ་ནཱ་མི་ཀ་ཞེས་པའི་སྒྲས། མིང་མེད་ཅེས་པའམ་འཆི་མེད་ཅེས་པར་ཡང་འགྱུར་ཏེ། དེའི་ཕྱིར་ལངས་པའམ་འགྲེང་བའི་དོན་གྱི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་ཅིས་མཚོན་ཞེ་ན་རྒྱལ་བ་དྲུག་པ་ཞེས་པས། ནག་པོའི་མྱོས་བྱེད་ཀྱི་མཚན་མ་ཉིད་དོ། །དེ་ཡང་དེ་ཉིད་བཏུང་བའི་དངོས་པོའོ། །ཡི་གེ་གསུམ་བཟླས་ཞེས་པས་གསུམ་ནི་ལུས་ངག་ཡིད་གསུམ་མི་འགྱུར་བ་སྟེ། མི་གཡོ་བའི་རང་བཞིན་ནོ། །བཟླས་པ་ནི་འཛིན་པ་སྟེ་དེ་བཞིན་ཉིད་དུ་རོ་གཅིག་ཏུ་ངེས་པའོ། །དེ་བཞིན་དུ་གསུངས་པ། ནགས་ནས་ནགས་སུ་གནས་པ་ཡི། །ལམ་ནས་ལམ་དུ་ཞུགས་ནས་ནི། །འཁོར་དུལ་དུ་རོ་ཡིས་དྲངས། །ཇི་ལྟར་བརྟུལ་བའི་གླང་པོ་ལྟར། །དེ་བཞིན་སེམས་ཉིད་གླང་པོ་ཡང༌། །ལེན་འདོད་ལྷན་སྐྱེས་རབ་གནས། །རྣལ་འབྱོར་ཡོ་བྱད་མྱོས་བྱེད་སྟོབས། །སྟོབས་མེད་མ་ཡང་དེ་ལྟར་བསྟེན། །བུ་རམ་འབྲས་ལ་སོགས་པས་ནི། །སེམས་ཀྱི་གླང་པོ་བཏགས་པ་ན། །འཇིགས་པ་རྣམས་ནི་ཉམས་པར་བྱེད། །མཆོག་གི་རྩེ་མོ་རྙེད་ལ་གནས། །བསྒྲུབ་བྱ་དེ་ཉིད་སྒྲུབ་པའི་དོན། །བསྒྲུབ་བྱ་མིན་ཡང་བསྒྲུབ་པར་བྱ། །དེ་ཡི་སྒོ་ནས་དེ་བཞིན་སེམས། །བྱ་མིན་སྒྲུབ་པའང་བསྒྲུབ་པ་ཉིད། །ཅེས་སོ། །རྡོ་རྗེ་དགྱེས་པ་གསང་བའི་སྒྲུབ་ཐབས་ལས་ཀྱང༌། ནགས་དང་མྱོས་བྱེད་བྱུང་བ་ན། །དེ་ནི་རིགས་པས་བཟླ་བར་བྱ། །དེ་བཞིན་ཉིད་ནི་མ་
༄། །ཉམས་པར། །རན་པ་ཙམ་དུ་བྱ་བ་ཉིད། །ཇི་ལྟར་སྨན་ཆེན་གང་ཞིག་གིས། །ལེགས་པའི་རོ་དང་ནད་སེལ་ལྟར། །ཐབས་དང་ཤེས་རབ་བདེ་བ་ཉིད། །འབད་པ་མེད་པར་ཉོན་མོངས་སེལ། །ཀུན་དུ་མཛེས་པའི་བུ་མོ་ལ། །ཆགས་དང་ཆགས་པ་དག་པ་ཡིས། །གཅིག་ནི་ཞགས་པས་སྐེ་ནས་འཆིང༌། །གཞན་ནི་འཆིང་བ་གཅོད་པའི་མཚོན། །ཞེས་སོ། །ཡང་ན་ཅིའི་ཕྱིར་མིང་མེད་ཅེ་ན། གསུངས་པ། དེ་ནི་རྒྱལ་བ་དྲུག་པ་ཞེས་པ་སྟེ། དེའི་དོན་ནི་བཅས་པའོ། །གང་ན་བཅས་ན་རྒྱལ་བ་དྲུག་པ་ནི་བྱང་སེམས་དང་འདྲེས་པའོ། །དེ་ཉིད་ལ་གནས་པའི་དོན་ནི་བཞེངས་པ་སྟེ། ཡང་དག་པར་ཡོངས་སུ་གང་བའི་བྱང་ཆུབ་ཀྱི་སེམས་དང་འདྲེས་པའི་དོན་ཏོ། །ཡི་གེ་གསུམ་བཟླས་ཞེས་པ་ནི། ཡི་གེ་གསུམ་ནི་ལུས་ངག་ཡིད་གསུམ་གྱི་བཟླས་པ་སྟེ། གཅིག་ཏུ་ཐིམ་པས་དེ་ལྟར་རབ་ཏུ་གོམས་པས་བྱང་སེམས་མི་འཕོ་བའོ། །དེ་ཡང་དགྱེས་པ་རྡོ་རྗེ་ལས་གསུངས་པ། ཨཱ་ལི་ཀཱ་ལི་རབ་བརྟགས་པས། །བརྗོད་པ་བཟླས་པར་ཡང་དག་བཤད། །ཅེས་སོ། །བྱེད་པ་གཞན་ཡང་གསུངས་པ། དེ་ནས་དང་པོ་མཆོག་གི་སྣོད་དུ་ནི། །ཞེས་པ་ལ་སོགས་པས། རྡོ་རྗེ་དང་པོ་ནས་ཞེས་པ་ནས་རྡོ་རྗེའི་ཁྲུས་བྱའོ་ཞེས་པར་འབྲེལ་ལོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ། །དེ་ལ་མངོན་པར་ཕྱོགས་པར་བྱེད་པའི་རྒྱུས། རྡོ་རྗེའི་སྒྲ་ལ་ནག་པོའི་བཏུང་བའམ་རྣལ་འབྱོར་པའི་རྫས་ཞེས་བརྗོད་པ་སྟེ། དེ་ནི་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་ཉིད་དེ་དེས་ཁྲུས་བྱའོ། །ཇི་ལྟར་བྱེད་ཅེ་ན། པདྨའི་ལག་པ་བཅུག་ནས་ནི། །ཞེས་པས། དེ་ཡང་གཡས་པ་ལས་གཞན་ཞེས་པས་གཡོན་པའི་ལག་པའོ། །གང་དུ་གཞུག་ན་དང་པོ་མཆོག་གི་སྣོད་དུའོ། །དེ་ལ་མཆོག་ཅེས་པས་ནི་དགའ་པ་མཆོག་གི་དོན་ཏོ། །དེའི་རྒྱུས་མྱོས་བྱེད་ནི་དང་པོར་སྦྲང་ཆང་ལ་སོགས་པ་ལ་བརྗོད་པའོ། །དེ་ལ་སྣོད་ནི་ཇི་ལྟར་གདམས་ངག་གི་རིམ་པ་ལྟར་ཏེ། ལག་པ་གཉིས་ལུས་ལ་རེག་པས་སོ། །དེ་ལ་གདམས་ངག་ནི་དང་པོར་མྱོས་བྱེད་ཀྱི་ཐིགས་པ་ཙམ་བཟུང་ནས་ལྷ་མོའི་སྔགས་སམ། ཡི་གེ་གསུམ་བཟླས་ནས་དེ་ནས་ལག་པ་གཡོན་པ་དང་གཡས་པ་གཉིས་མངོན་པར་འཁྱུད་པའི་སྟངས་ཀྱིས་མགོ་བོ་ནས་བརྩམས་ཏེ།
༄། །རྐང་པའི་སོར་མོའི་བར་དུ་མྱོས་བྱེད་ཀྱི་ཁུ་བས་ལག་པ་ལ་བསྒོས་ཤིང་དེ་ཉིད་ཀྱིས་ལུས་ལ་རེག་ནས་ཁྲུས་བྱའོ། །ཡང་ན་ལག་པ་གཡོན་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པ་ལ་གནས་བའི་རྣལ་འབྱོར་མ་དྲུག་གི་སྔགས་ནི་རྣལ་འབྱོར་མ་དྲུག་གི་རང་བཞིན་ཡིན་ལ། དེ་ལ་ལག་པ་གཡས་པའི་རྒན་པོ་དང་མིང་མེད་ཀྱིས་རྫས་ཀྱི་ཁུ་བ་ལ་རེག་ནས་ཡང་ལུས་ལ་རེག་པ་ཡང་མན་ངག་གོ །བཤད་པར་བྱ་བ་ཡང་གསུངས་པ། རྡོ་རྗེ་ཞེས་པ་ནི་བདེ་བ་ཆེན་པོ་སྟེ། བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་བརྗོད་པས་དེའི་ཁྲུས་ཀྱིས་བློ་དག་པར་བྱེད་པའི་དོན་ཏོ། །ཡང་ན་རྡོ་རྗེ་ནི་པོ་ལ་ཡིན་ལ་དེ་ཁྲུས་བྱེད་པ་སྟེ། གོམས་པས་བྱང་ཆུབ་ཀྱི་སེམས་བཟུང་ལ་གལ་ཏེ་ལྟུང་ན་ཡང་དེས་ཁྲུས་བྱའོ། །གང་དུ་འཁྲུ་ཞེ་ན་དང་པོ་མཆོག་གི་སྣོད་དུ་སྟེ། མཆོག་ནི་བརྗོད་དུ་མེད་པའི་གཟུགས་ཡིན་ལ་དེའི་ཕྱིར་དང་པོའི་སྣོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཆོས་ཀྱི་འབྱུང་གནས་སུ་བདེ་བ་ཆེན་པོ་འཛིན་པ་དང༌། དེར་ལྷན་ཅིག་སྐྱེས་པའི་བདེ་བ་བསྐྱེད་ཅིང་གནས་པའི་དོན་ཏོ། །དེའི་ཐབས་ཤེས་པས་འཁོར་བའི་འཆིང་བ་གཅོད་པ་སྟེ། དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས། གང་དང་གང་གིས་འཇིག་རྟེན་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་སོ། །གལ་ཏེ་དེ་ལྟར་ན་ལྷན་ཅིག་སྐྱེས་པའི་བདེ་བ་དང་དེ་ལྟར་སྐྱེ་བ་གཉིས་འབྲེལ་པ་མེད་པ་ཉིད་དེ། སྐྱེས་པ་ལ་རྟག་པའི་དངོས་པོར་གྲུབ་པ་མེད་པའོ་ཞེ་ན་དེ་ཉིད་མི་མཉམ་ཀྱང་དེ་ཉིད་ལ་འཇིག་རྟེན་པའི་བདེ་བར་འཇོག་ལ། དངོས་པོའི་མིང་ཙམ་ལ་བརྟེན་ཏེ་དེ་བཞིན་དུ་དཔེ་བདེ་བ་ཙམ་བསྟན་པ་ལ་སྐྱོན་མེད་དོ། །ཇི་ལྟར་མེད་ཅེ་ན་དཀར་པོ་ཙམ་དུ་གཅིག་པར་གྱུར་པ་ལ་དང་པོ་ལྟ་བའི་དཔེར་ནི་བརྗོད་པ་ལྟར། དེ་བཞིན་འཇིག་རྟེན་བདེ་བ་སྟེར་བ་ཡང༌། །དཔེ་ལས་ལྷན་ཅིག་སྐྱེས་པའི་ཡིད་ཆེས་བཞིན། །གང་ཞིག་མཚོ་སྐྱེས་ལས་ནི་སྤྱོད་པའི་དཔལ། །བདེ་བ་ཆེན་པོ་བླ་མས་གསུངས་པ་ནི། །འགྲོ་བས་མི་རྟོགས་འགྲོ་བར་འདོད་པ་དེ། །དེ་ལ་དཔེ་ཙམ་གྱིས་ནི་བརྗོད་པའོ། །ལེགས་པར་སྦྱར་བའི་གསུང་ནི་མི་གོ་དང༌། །ལེགས་པར་སྦྱར་བའི་གསུང་ནི་མི་གོ་དང༌། །སྐད་གཞན་མཆོག་ནི་མི་ཤེས་རྒོད་པ་སྟེ།
༄། །རི་ལ་གནས་པའི་གྲོང་གི་སྐྱེས་བུ་ལྟར། །བཏགས་པའི་རང་གི་ངག་གི་སྒྲུབ་བྱེད་གོ །ཞེས་སོ། །དེ་བཞིན་དུ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། ཇི་ལྟར་ཀླ་ཀློས་གཞན་གྱི་སྐད། །འཛིན་དང་བདེན་པར་མི་བྱེད་ལྟར། །འཇིག་རྟེན་པ་ནི་འཇིག་རྟེན་འདས། །དེ་བཞིན་འཛིན་དང་བདེན་མི་བྱེད། །ཅེས་སོ། །བུད་མེད་གང་ཞིག་ལ་རྨི་ལམ་དུ་བུ་སྐྱེས་པ་དང༌། གནས་པ་དང༌། ཤི་བའི་བདེ་སྡུག་གི་རྒྱུ་རྗེས་སུ་སྐྱེ་བར་འགྱུར་བ་ལ། གཉིད་སད་པ་དང་ཐམས་ཅད་ཀྱང་བརྫུན་པ་ལྟར། དེ་བཞིན་དུ་རིག་པ་འདིས་ཐམས་ཅད་ལ་གོམས་པའི་དུས་སུ་ལྷན་ཅིག་སྐྱེས་པ་དང་པོར་ཤེས་ནས་ཐམས་ཅད་དུ་འདི་ཉིད་དུ་འཇུག་པའོ། །དེ་ཡང་དཔེར་ན་གཤོག་པ་མ་རྒྱས་པའི་བྱ་ནི་ས་ལ་ལྟུང་བར་མི་འདོད་པར་ནམ་མཁའ་ལ་འགྲོ་བར་སེམས་ཀྱང་ལྟུང་བ་སྟེ། གཤོག་པའི་རྩལ་གཅིག་ནས་གཅིག་ཏུ་རིམ་པ་ལྟར་རྫོགས་ནས་ནམ་མཁའ་ལ་ལོངས་སྤྱོད་པའོ། །དེ་བཞིན་དུ་བདག་ཉིད་རྣལ་འབྱོར་པ་ཡང་དེ་དང་རྗེས་སུ་སྤྱོད་པར་རང་གི་ས་ནས་ལྟུང་བར་མི་བྱ་བར་ཕན་པའི་སེམས་ཀྱིས་གཟུང་བར་བྱའོ། །དེ་ཡང་དགྱེས་པ་རྡོ་རྗེ་ལས། ཇི་ལྟར་དབྱེ་བར་མི་འགྱུར་བར། །གོམས་པ་ཡིས་ནི་འབད་པར་བྱ། །ཞེས་སོ། །དེ་ལ་དབྱེ་བ་གང་ཞེ་ན། ལུས་ངག་ཡིད་སོ་སོར་གྱུར་པ་ལ་ཐིག་ལེ་གཅིག་ཏུ་གོམས་པར་བྱའོ། །ཅི་ཡིས་བྱ་ཞེ་ན། པདྨའི་ལག་པ་བཅུག་ནས་ཞེས་པས། ལག་པ་གཡོན་པའི་རྒན་པོ་དང་མཛུབ་མོ་གཉིས་ཀྱིས་པདྨའི་ཕྱོགས་གཉིས་ནས་ཕྱེ་བ་དང་བཙུམ་པར་བྱ་བར་ཙོམ་པའོ། །དེ་ལྟར་དུ་རྡོ་རྗེ་དགྱེས་མར་རོལ་པ་གསང་བའི་སྒྲུབ་ཐབས་ལས། ལག་པའི་སོར་མོ་གཉིས་ཀྱིས་ནི། །པདྨའི་ཕྱོགས་གཉིས་གཟུང་བ་ཡིས། །ཕྱེ་དང་བཙུམ་པར་བྱེད་པ་སྟེ། །རྟ་ཡི་མཚན་མ་ལྟར་གསལ་ཞིང༌། །ཞེས་སོ། །ཡང་ན་མཆོག་གི་སྣོད་ནི། མཚན་ཉིད་དང་བྲལ་བའི་སྐད་ཅིག་མའི་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ནི་མཆོག་གོ །དེས་ན། དང་པོའི་སྣོད་ནི་ནོར་བུ་སྟེ། །པདྨའི་ལག་པར་བཅུག་པའོ། །ཅིའི་ཕྱིར་པདྨའི་ལག་པ་ཞེ་ན། ལག་པའི་མཐིལ་ལྟར་སྤུ་མེད་པ་ལ་སོགས་པའི་ཡོན་ཏན་གྱིས་ཡོངས་སུ་རྫོགས་པའི་ཤེས་རབ་མའི་པདྨ་ལ་སྤྱོད་པར་གྱིས་ཤིག་པའི་དོན་ཏོ། །དཔལ་སྡོམ་པ་ལས་ལག་པའི་མཐིལ་ལྟར་པདྨ་ལ་ཞེས་སོ། །རྡོ་རྗེ་རོལ་མར། དགྱེས་མ་
༄། །གསང་བའི་སྒྲུབ་ཐབས་ལས། པདྨའི་ལག་པའི་མཐིལ་ལྟར་བྱ། །ལག་གཉིས་རྩ་བའི་སྤུ་ཡང་བྲེགས། །རང་ཉིད་པདྨའི་གདན་ལ་བཞུགས། །བདག་མོས་པད་ནས་འཁྱུད་པ་བསྒོམ། །ཞེས་སོ། །ཕྱིའི་ཕྱག་རྒྱ་མེད་པ་ལ་ལག་པ་དང་པདྨའི་རྣམ་པས་ལག་པས་གསོར་བར་བྱའོ། །དེ་ཙམ་དུ་མ་ཟད་གཡས་པ་ལས་གཞན་ཞེས་པ་གཡས་པ་དང༌། གཡོན་པ་རྒྱུ་བའི་རླུང་གཉིས་ནང་དུ་བཅུག་ནས་ཐིམ་པར་བྱེད་པའོ། །གང་དུ་ཐིམ་ན་བདེ་བ་ཆེན་པོའི་དང་དུའོ། །གལ་ཏེ་བསྐྱོད་པའི་བདེ་ཆེན་པོ་ནི་སྨན་ཆེན་པོས་བསྡམས་པའི་ཐིག་ལེ་དང་མ་དག་པའི་ཆགས་པ་ལ་ཡང་སྲིད་པས། དེས་ན་རྒྱུན་ཆད་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གསུངས་པ་ནི། ཅི་ལས་ཀྱི་ཕྱག་རྒྱ་ལ་མི་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། གང་གང་ས་གསུམ་གནས་པའི་བདེ་བ་ནི། །སྐྱེས་པ་ཕྱོགས་གཅིག་ཏུ་ནི་བཞག་པ་དང༌། །ལྷན་ཅིག་སྐྱེས་ལས་དུས་གཅིག་རྙེད་པ་ཡི། །བདེ་བ་བྱེ་བའི་ཆར་ཡང་མི་ཕོད་དོ། །དེ་ཡང་རྒྱུ་ལས་བྱུང་དང་ཆུང་བ་ཉིད། །སྐད་ཅིག་གིས་ཟད་སྡུག་བསྔལ་བྱེད། །གང་ན་ཡོད་པ་དེ་བསྒྲུབ་པ། །དམ་པའི་བདེ་བ་ཇི་ལྟར་འགྱུར། །ཞེས་སོ། །འདིར་དེར་ཡང་མི་མཚུངས་པར་འགྱུར་བ་སྟེ། དེ་ཡང་མན་ངག་བཞིན་དུ་ལག་པས་རེག་པར་བྱ་ཞེས་པ་སྟེ། ཤ་ཡཾ་ཞེས་པའི་སྒྲས་ལག་པའམ་ལུས་སམ་གཉིད་ལ་ཡང་འགྲོ་སྟེ། གཉིད་ནི་རྣམ་པར་ཤེས་པ་དང་དབང་པོ་འགོག་པའོ། །འགོག་པའི་དོན་ནི་གཞན་དུ་འགྲོ་བ་མེད་པར་གཅིག་ཏུ་ངེས་པར་འགྱུར་བས་ན་དེའི་རེག་བྱ་ལ་མངོན་པར་ཕྱོགས་བྱེད་པའོ། །ཡང་ན་ཤ་ཡི་ཞེས་པས་གཉིད་དེ། གཉིད་དང་མཚུངས་པའི་དོན་གྱིས་ཤི་བ་ཅེས་བརྗོད་དོ། །ཤི་བ་ནི་རླུང་དང་རྣམ་པར་ཤེས་པ་དང་དབང་པོ་འགོག་པ་སྟེ། བསམ་གཏན་གྱི་རང་གཟུགས་སོ། །དེའི་རེག་པ་ལ་མངོན་པར་ཕྱོགས་པའོ། །དགྱེས་པ་རྡོ་རྗེ་ལས་གསུངས་པ། གང་དུ་འཆི་བ་བདེ་བ་སྟེ། །བདེ་བ་དམ་པ་བསམ་གཏན་བརྗོད། །ཅེས་སོ། །གཞན་དུ་འཆི་བ་ནི་བརྫུན་པ་སྟེ། དེ་བཞིན་དུ་དཔལ་སྡོམ་པ་ལས། འཆི་བ་ཞེས་པ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །ཅེས་སོ། །དེའི་གདམས་ངག་བརྗོད་པར་བྱ་སྟེ། རླུང་གཡོ་ཞིང་བསྐྱོད་པས་བདེ་བ་ཆེན་པོ་འདས་ནས་འཇོམས་
༄། །པས་ན། དེ་ཉིད་ཀྱི་སྒོ་ནས་མཆོག་གི་བདེ་བས་སླར་འཇོམས་པ་ལ་རབ་ཏུ་འབད་པར་བྱའོ། །སྔོན་དུ་གོམས་དང་ད་ལྟ་བའི། །མངོན་པར་བདེ་བ་ཕུན་སུམ་ཚོགས། །ཡིད་ནི་ནང་དུ་ཞུགས་པས་ན། །འདོད་པ་བསྒྲུབ་པར་བསྒོམ་པར་གྱིས། །ཞེས་སོ། །དཔལ་དགྱེས་པ་རྡོ་རྗེ་ལས་ཀྱང༌། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ནས། །བསྒོམ་པ་ཉིད་ནི་བསྒོམ་པ་ཡིན། །དེ་རྣམས་དམ་པ་གཅིག་ཡོད་མིན། །རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རང་རིག་ཕྱིར་ན་བསྒོམ་པ་ཉིད། །ཅེས་སོ། །དེ་བཞིན་དུ་ཡང༌། ཟ་བ་བདེ་ཆེན་ཉལ་བ་ཡང༌། །རྣམ་ཤེས་དང་ནི་དབང་པོ་འགོག །བསྟོད་སྨད་གྲགས་དང་རྙེད་པ་དང༌། །རྟོག་པའང་འཆག་པའི་རྫས་ལྟར་གྱིས། །བྷུ་སུ་ཀུ་པའི་སྤྱོད་པ་བཞིན། །གང་གི་སེམས་ཀྱིས་བྱེད་པ་ནི། །དེ་ལ་ཡིད་ཀྱི་རྒྱུ་བ་ནི། །བདེ་བས་རབ་ཏུ་ཞི་བར་བྱེད། །འདུ་ཤེས་གསུམ་པའི་ཞབས་ཀྱིས་ནི། །བརྩེ་བས་རབ་ཏུ་གསུངས་པ་ལ། །ཉལ་དང་འདུག་དང་གང་དུ་ཡང༌། །འགྲུབ་པར་འགྱུར་བར་རབ་ཏུ་རྟོགས། །ཞེས་སོ། །བྱ་བ་གཞན་ཡང་གསུངས་པ། མཐེ་བོས་ཞེས་པ་ལ་སོགས་པ་སྟེ། དེས་ན་ཡང་དག་ལྡན་པར་ལག་པར་བཀོད་བྱས་ནས། །ཞེས་པར་འབྲེལ་བས། ཇི་ལྟར་ཞེན་དཔའ་མོ་ཡིས་ནི་དབང་ཕྱུག་དྲུག་པོ་ཞེས་པ་ལ་དཔའ་མོའི་དབང་ཕྱུག་ནི་ཕག་མོ་དང་གཤིན་རྗེ་མ་དང༌། རྨོངས་བྱེད་མ་དང༌། བསྐྱོད་བྱེད་མ་དང༌། སྐྲག་བྱེད་མ་དང༌། གཡུང་མོ་ཞེས་བརྗོད་པའོ། །རྣལ་འབྱོར་མ་དྲུག་གི་སྔགས་དྲུག་དེ་ལ་བཀོད་པ་ནི། ཨོཾ་བཾ་ལྟེ་བར། ཧཾ་ཡོཾ་སྙིང་གར། ཧྲིཾ་མོཾ་མགྲིན་པར། ཧྲེཾ་ཧྲིཾ་ཁ་ལ། ཧཱུཾ་ཧཱུཾ་མགོ་ལ། ཕཊ་ཕཊ་ཡན་ལག་ཐམས་ཅད་ལ་བཀོད་པར་བྱའོ། །ལག་པར་བཀོད་བྱས་ནས་ཞེས་པས་དེ་ཡང་དང་པོར་ལག་པ་ལ་བཀོད་པ་སྟེ། མཐེ་བོ་ཆེན་པོ་དང་ནི་སོར་མོ་རྣམས། །ཞེས་པ་ལ། ལག་པ་གཡོན་པའི་མཐེ་བོ་ནས་མཐེའུ་ཆུང་གི་བར་དུ་དགོད་པར་བྱ་བའི་དོན་ཏེ། དེའི་རིམ་པ་ནི། ཨོཾ་བཾ་མཐེ་བོང་ལ། ཧཾ་ཡོཾ་མཛུབ་མོ་ལ། ཧྲིཾ་མོཾ་གུང་མོ་ལ། ཧྲེཾ་ཧྲིཾ་སྲིན་ལག་ལ། ཧཱུཾ་ཧཱུཾ་མཐེའུ་ཆུང་ལ། ཕཊ་ཕཊ་ནི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ལ་སྟེ། གཞན་ནི་སོར་མོའི་རྩེ་མོ་ལ་
༄། །དགོད་པ་མན་ངག་གོ །བཤད་པར་བྱ་བ་གཞན་ནི་ཡན་ལག་ལ་དགོད་པར་བྱ་བ་ཞེས་པ་དང་འབྲེལ་བས། དེའི་ཡན་ལག་ནི་ཐུར་དུ་སེལ་བའི་རླུང་སྟེ། ཅིའི་ཕྱིར་ཞེན། དཔའ་བོའི་དབང་ཕྱུག་གམ་སྔགས་ལ་དཔའ་བོ་ནི་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་དཔལ་ཧེ་རུ་ཀའི་ངོ་བོ་ཧའི་རྣམ་པ་ལ། དེའི་དབང་ཕྱུག་མ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་བཅོམ་ལྡན་འདས་མ་གཏུམ་མོའི་གཟུགས་སོ། །སྔགས་རྣམས་ཀྱིས་ཞེས་པ་ནི། དེ་ལ་མན་ཏྲ་ཞེས་པའི་སྒྲས། མ་མན་ཡིད། ཏྲ་ཏྲ་ཡ་སྐྱོབ་པར་བྱེད་པ་སྟེ། དེའི་གཟུགས་སོ། །དྲུག་པོ་ཞེས་པ་ནི་སྦྱོར་བ་དྲུག་སྟེ། སོ་སོར་སྡུད་པ་ལ་སོགས་པ་དྲུག་གོ །དེ་བཞིན་དུ་ཡང་གསུངས་པ། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་བ་དང་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བའི་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལས་སོ་སོར་སྡུད་པ་ལ་སོགས་རྒྱལ་དབང་རྣམ་བཅུར་འགྱུར་ཞིང་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་ལ་ཡང་རལ་གྲི་སླར་ཡང་རྣམ་པ་བཅུ་གཉིས་འཛིན་པ་ཕྱག་ན་རིན་པོ་ཆེ། །གདོལ་པ་པདྨ་འཛིན་ནི་རྗེས་སུ་དྲན་ཡིན་ཏིང་འཛིན་འཁོར་ལོ་ཅན། །རེ་རེ་ལྔ་པོའི་དབྱེ་བས་སླར་ཡང་དེ་ནས་ཨ་དང་ཀ་ལ་སོགས་པས་འབྱེད་པར་བྱེད། །སོ་སོར་སྡུད་པ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་པོ་ལོག་པས་ལུས་ལའོ། །ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་མི་གཡོའི་བདེ་བ་གཅིག་པའི་སེམས་ནི་བསམ་གཏན་ནོ། །སྲོག་རྩོལ་བ་ནི་ལམ་གཉིས་མི་འབབ་འགྱུར་ཏེ་དབུ་མ་མེ་རུ་ཞུགས་པའོ། །ཐིག་ལེར་སྲོག་ཞུགས་པ་ནི་གཉིས་འགྲོ་བཅོམ་ཞིང་སེམས་ནི་གཅིག་ཏུ་འཛིན་པ་སྟེ། །ལུས་ལ་གཏུམ་མོ་སྣང་བ་གང་ཞིག་འགྱུར་བ་ནམ་མཁའི་རྗེས་སུ་དྲན་པ་ཡིས། །ཤེས་རབ་ཐབས་ཀྱི་བདག་ཉིད་མི་འགྱུར་བ་ཡི་བདེ་བའི་དབང་གིས་ཡེ་ཤེས་གཟུགས་བརྙན་ཏིང་ངེ་འཛིན། །འདི་དག་དབང་པོ་རྟུལ་པོའི་དབྱེ་བས་སྣ་ཚོགས་གཙོ་བོར་སྒྲུབ་པ་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་པོ་རྣམ་གསུམ་འགྲོ་བའི་དབང་གིས་ཀུན་རྟོག་ལྷ། །ཞེས་སོ། །དེ་ཡང་ཇི་ལྟར་ཞེན། ལག་པར་བཀོད་བྱས་ནས་ཞེས་པས། དེ་ཡང་ཀར་ཞེས་པའི་སྒྲས། ཀ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལར་ཞེས་པ་ལེན་པར་བྱེད་པ་སྟེ། དེ་ལྟར་ཀར་
༄། །ཞེས་པས་སྲོག་རླུང་ངོ༌། །བཀོད་ཅེས་པ་ནི་རྩམ་པས་དབུ་མར་རབ་ཏུ་འཇུག་པར་མ་འགྱེད་པའི་གདན་ན། །དེ་ལྟར་དུ་ཡང་དུས་འཁོར་ལས། ནུས་མ་གང་ཞིག་ལྟེ་བ་ནས་འགགས་དྲི་མེད་གློག་འདྲ་དབྱུག་པའི་ཚུལ་གྱིས་ལངས་ནས་ནཾ། །འཁོར་ལོའི་ལས་ནི་འཁོར་ལོའི་ལས་ཀྱི་མཐའ་རུ་མནན་པའི་རོལ་པས་བགྲོད་ཅིང་དབུ་མའི་རྩ་ནས་གཡོ། །ཇི་སྲིད་གཙུག་ཏོར་ཕུག་པའི་སྟོབས་ཀྱིས་ཕྱི་ཡི་པགས་པར་ཁབ་ཀྱི་ཚུལ་དུ་རེག །དེ་དུག་འཇུག་པའི་རླུང་ནི་མཆོག་གི་སྟོབས་ཀྱིས་སྟོང་པའི་ལམ་དུ་འཇུག་པར་བྱ། །གཙུག་ཏོར་ཕུག་ནས་ཕོ་བྲང་གཞན་དུ་ཟུང་གི་རླུང་ནི་བཀག་ནས་འགྲོ་བར་བྱེད། །དེ་ལྟར་རྡོ་རྗེའི་མཐུ་ཡིས་ཡུལ་དང་ལྡན་པའི་ཡིད་ནི་མཁའ་སྤྱོད་ཉིད་དུ་འགྲོ། །གཞན་ཡང་མངོན་ཤེས་ལྔ་ཡི་རང་བཞིན་རྣལ་འབྱོར་པས་ནི་སྣ་ཚོགས་པ་ཡི་ཡུལ་འདིར་འགྱུར། །ཞེས་སོ། །ཇི་ལྟར་གང་དུ་བྱེད་ཅེ་ན། མཐེ་བོང་ཆེན་པོ་དང་ནི་སོར་མོ་རྣམས་ཞེས་པས་མཐེ་བོང་ཆེན་པོ་ནི་རྡོ་རྗེ་ལངས་པ་ཡིན་ལ་དེ་ཡང་ཨཾ་གུ་ལི་ཞེས་པའི་སྒྲས་ཨཾ་ག་ན་ཁམས་ཏེ་གུ་ལི་ན་དེ་ལ་ཐིམ་པར་བྱེད་པའི་དང་ས་མའོ། །དེ་གཉིས་སྦྱོར་བས་གཏན་ནས་མི་འཕོ་བའོ། །དེ་ལ་དཔའ་བོའི་དབང་ཕྱུག་གི་གདམས་ངག་བརྗོད་པར་བྱ་སྟེ། དེ་ལ་བཱི་རེ་ཤྭ་ར་ཞེས་པའི་སྒྲས། བཱི་ཡི་རྣམ་པ་སྟེང་དུ་བགྲོད་པར་བྱེད། །ཨི་ཡི་རྣམ་པ་རླུང་གིས་བསྐྱོད་པ་སྟེ། །རེ་ཕ་དག་ནི་མེ་ཡི་བསྣུན་པ་ལ། །ཨཱི་ཤྭ་ར་ནི་བདེ་བ་ཀུན་གྱི་དངོས། །ཞེས་སོ། །འདི་ཉིད་ལ་དམིགས་པ་ནི་རྒྱུའི་གཏུམ་མོའི་གཟུགས་ཀྱི་ཡེ་ཤེས་ཀྱི་སྐུ་ཅན་གྱི་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་སྟེར་བའོ། །ཐིག་ལ་ལས་བཞེངས་ནས་བྱུང་བར་མཚོན་པ་ནི་བདག་གི་བླ་མ་གསུང་ངོ༌། །དེ་དག་བལྟ་བར་འདོད་ནས་དཔེའི་སྒོ་ནས་བརྗོད་པར་བྱ་སྟེ། མཉམ་པའི་སྣོད་དུ་བཏུང་བ་བཞག །དབུས་སུ་སྒྲོན་མ་སྦར་བར་བྱ། །བུམ་པས་སྟེང་ནས་སྦུབ་པས་ནི། །འོག་གི་ཆུ་རྣམས་འདྲེན་པར་བྱེད། །ཅེས་སོ། །དེའི་རང་བཞིན་ལ་འབད་པར་བྱས་པས་མི་འགྱུར་བའི་བདེ་བ་སྟེར་བས་ལྷན་ཅིག་སྐྱེས་པའི་རང་བཞིན་ལ་རྣལ་འབྱོར་པས་གོམས་པར་བྱའོ། །དེ་གང་དུ་གསུངས་ན། སྦྱོར་དྲུག་ལས་བྱང་སེམས་འགྱུར་ནས་འགྲོ་བ་ནི་དམན་པའོ། །མི་ཉམས་པར་འབབ་ཅིང་འགྲོ་བ་འབྲིང༌། ཤིན་ཏུ་མི་ཉམས་པར་འགྲོ་བ་རབ་སྟེ། འདིར་ལས་ཀྱི་ཕྱག་རྒྱས་འགྱུར་བའི་བདེ་བ་སྟེར་
༄། །བ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱས་མི་འགྱུར་བའི་བདེ་བ་སྟེར་བ་དང༌། ཕྱག་རྒྱ་ཆེན་པོས་ཤིན་ཏུ་དག་པའི་བདེ་བ་སྟེར་བའོ། །དེ་ལྟར་གསུངས་པ། ཇི་ལྟར་སྡིག་པའི་ཕྲུ་གུ་དང༌། །ཆུ་ཤིང་སྡོང་པོའི་འབྲས་བུ་ལྟར། །འབྲས་བུ་ལས་བྱུང་ནུས་པ་ཡི། །རྒྱུ་ཡིས་གཟུགས་ཉིད་འཇོམས་པར་བྱེད། །བདེ་བ་ཆེན་པོས་དགྱེས་མ་དང༌། །གཏུམ་མོ་ཡི་ནི་གདམས་ངག་གིས། །དེ་ནི་བདག་མེད་ལྷ་མོ་སྟེ། །རྡོ་རྗེ་རྣམ་སྣང་མ་ཞེས་བརྗོད། །ཅེས་སོ། །དེ་ནས་གཏུམ་མོ་མ་ཡིན་པའི་སྒྲས་གཞན་ཡང་བརྗོད་པར་བྱ་སྟེ། སྔགས་རྣམས་ཀྱིས་ནི་ལུས་ལ་དགོད་པར་བྱ་ཞེས་པའི་འབྲེལ་གྱིས། དེ་ལ་ཨཾ་ག་ཞེས་པའི་སྒྲས་ལུས་སམ་ཡན་ལག་ལ་འགྲོ་བ་སྟེ། ཨཾ་ཞེས་པ་ནི་ཨཾ་གི་རྣམ་པ་སྤྲུལ་པའི་འཁོར་ལོར་གནས་པའི་ལྷ་མོའི་གཟུགས་སོ། །ག་ཞེས་པ་ནི་འགྲོ་བ་སྟེ། ཐུར་དུ་སེལ་བའི་རླུང་ངོ༌། །དགོད་ཅེས་པ་ནི་དེ་སྟེང་དུ་བསྐྱོད་པར་བྱེད་པའོ། །དེ་ཡང་ཅི་བྱེད་ཅེ་ན། ལག་པ་བཀོད་བྱས་ནས་ཞེས་པ་ལག་པ་ནི་གཉིས་ཏེ་ལག་པ་གཉིས་ཀྱི་སྒྲས་རྒྱུ་བའི་རླུང་གཉིས་སོ། །དགོད་པ་དེ་ནི་གཉིས་འགོག་པར་བྱེད་པའི་དོན་ཏོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས། རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ལག་པ་བསྒྱུར་བ་ཕྱག་རྒྱ་སྟེ། །སོར་མོ་ཉེད་པའང་དེ་ཉིད་དོ། །ཅེས་སོ། །གཞན་དུ་ཐུར་སེར་གྱི་རླུང་གློད་པ་ལས་སྐྱེ་བ་ཡང་ཡོད་དོ། །གཞུང་འདིས་སྔོན་དུ་བཤད་པ་རྣམས་འདིར་རླུང་གི་རྒྱུ་བ་སྤངས་ནས་བདེ་བ་ཆེན་པོ་ལ་འཇུག་པར་བྱེད་པ་སྟེ། རླུང་བརྟན་པས་ནི་དོན་ཐམས་ཅད་གྲུབ་པའོ་ཞེས་བརྗོད་དོ། །དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོ་ལས། དབུས་སུ་སྲོག་ཞུགས་ཉི་མ་དང་བཅས་རི་བོང་ལ་གནས་གཡས་དང་གཡོན་པ་བཅིངས་ཏེ་གནས། །སེམས་ལ་ཕྱག་རྒྱ་རབ་སྦྱར་མཆོག་གི་བདེ་གནས་རྡོ་རྗེ་བསླང་བདག་དང་ནི། །པདྨར་རྡོ་རྗེའི་སྒྲའམ་ཆུ་སྐྱེས་དག་ཏུ་རང་ལག་གིས་གསོལ་བདེ་དོན་ཏེ། །ས་བོན་མི་གཏོང་བ་ལས་འཆི་བའི་འཇིགས་འཇོམས་དཔལ་ལྡན་བླ་མའི་ཞལ་ཉིད་དོ། །དེ་བཞིན་དུ་ཡང༌། རླུང་གི་ཚེ་ལ་ཐིག་ལེས་ལུས། །ངེས་པར་མི་བསྐྱོད་སེམས་ཀྱིས་གྲོལ། །གསུམ་པོ་གཅིག་ཏུ་སྦྱོར་བ་ན། །གསུམ་གྱིས་གདམས་པར་རབ་ཏུ་གྲགས། །ཞེས་སོ། །གང་དུ་བྱེད་པར་འགྱུར་ཞེ་ན། མཐེ་བོང་ཆེན་པོ་དང་ནི་སོར་མོ་རྣམས། །ཞེས་པས་མཐེ་བོང་ཨ་གུཥྛ་ཞེས་པ་སྟེ།
༄། །ཨ་ག་ཅེས་པས་ལུས། ཥ་ཋ་ན་དེ་ལ་གནས་པ་སྟེ་ལུས་ལ་གནས་པའི་རྡོ་རྗེའོ། །ཆེན་པོ་ཞེས་པ་ནི་དེ་ལངས་པའོ། །སོར་མོ་རྣམས་དང་ཞེས་པ་ནི་དངས་མའི་རྣམ་པའོ། །ལྡན་པ་ཞེས་པ་ནི་དེ་གཉིས་སྦྱོར་བས་མི་འགྱུར་བར་བརྟན་པའི་དོན་ཏོ། །དེ་ཡང་གསུངས་པ། གང་ཞིག་ཤེས་རབ་ལ་སྤྱོད་པ། །བསིལ་ཟེར་ལྷུང་ལ་བདེ་བ་མེད། །དཔྱིད་དུས་མེ་ཏོག་ལྷུང་བ་ལ། །དུས་ཀྱི་འབྲས་བུ་ག་ལ་སྲིད། །ཅེས་པ་དང༌། དེ་བཞིན་དུ། ལས་རྒྱ་ལས་སྦྱོར་ཀུན་དང་ནི། །གང་གི་པདྨར་ལྷུང་བ་དེ། །ཕན་འདོད་མེ་ཏོག་བཅག་ནས་ནི། །རྨོངས་པས་འབྲས་བུ་འདོད་པ་བཞིན། །ཞེས་སོ། །རྡོ་རྗེ་དགྱེས་པར་རོལ་མ་གསང་བའི་སྒྲུབ་ཐབས་ལས། །པདྨའི་རྒྱ་མཚོ་བསྲུབས་པ་ལས། །ལྷན་སྐྱེས་བདུད་རྩི་འདོད་པ་ཡིས། །བྲལ་བའི་དུས་ཀྱི་དུག་ནག་པོ། །གང་ཞིག་མ་བྱུང་དེ་བཞིན་བྱ། །ཞེས་སོ། །དྲུག་ཅེས་པ་ནི་མིག་ལ་སོགས་པ་དྲུག་གི་ཤེས་པ་ཡང་ནང་དུ་ཞུགས་པ་དང་ལྡན་པའོ། །ཇི་ལྟར་ལྡན་པ་དཔའ་མོ་ཡི་ནི་དབང་ཕྱུག་གི་སྔགས་ཀྱིས་ཏེ། དཔའ་བོ་ནི་བཅོམ་ལྡན་འདས་ཡིན་ལ། དེའི་དབང་ཕྱུག་མ་ནི་སྟོང་པ་ཉིད་དོ། །དེ་གཉིས་ཀྱི་སྔགས་ནི་ཡིད་སྐྱོབ་པའི་ཐབས་སུ་བྱས་པའོ། །ཡང་ན་དཔའ་བོའི་དབང་ཕྱུག་ནི་སྟོང་པ་ཉིད་ལ་དེའི་ཐབས་ནི་སྔགས་སོ། །དེའི་ཐབས་སུ་གྱུར་པ་ལ་སྟོང་པ་ཉིད་སྐྱེ་བའི་དོན་ཏོ། །བརྗོད་བྱ་གཞན་ཡང་གསུངས་པ། དེ་རྗེས་ལ་ཡང་ཞེས་པ་དང༌། སྣོད་སྙོམས་པ་ཞེས་པར་འབྲེལ་བས། དེ་ལྟར་ཚོན་བཟང་ལས་སྐྱེས་ཞེས་པས། དེ་ཡང་ཚོན་ཞེས་པ་ནི་བཤའ་ཙེ་སྟེ། བཟང་ཞེས་པ་ནི་ཟངས་ཡིན་ལ། སྦྱར་ཞེས་པ་ནི་དེ་གཉིས་གཅིག་ཏུ་བསྲེས་པའོ། །ལས་སྐྱེས་ཞེས་པ་ནི་དེ་ལས་བྱུང་བའི་འཁར་བའོ། །སྣོད་ནི་མེ་ལོང་གི་དངོས་པོ་ཡིན་པ་ལ་སྙོམས་ཞེས་པས་ནག་ཙེག་དང་འབར་འབུར་སྤངས་པའོ། །དེ་ལ་ཅིས་བྱུག་ཅེ་ན། ཞ་ཉེ་ལས་སྐྱེས་ཕྱེ་མ་སོ་མ་དག །ཅེས་པས། ཞ་ཉེ་ལས་སྐྱེས་པ་ནི་སིནྡྷུ་རའོ། །ཕྱེ་མ་ནི་དངོས་པོ་དེའོ། །སོ་མ་དག་ནི་གཞན་དང་མ་འདྲེས་པའོ། །དེ་ཡང་སེང་རས་ཞེས་པ་ནི་རས་ཕྲ་ཞིང་ཐགས་རན་པར་བཏགས་པའོ། །དལ་བུས་བཙགས་ལ་དགྲམ་ཞེས་པ་ནི་མྱུར་བ་མ་ཡིན་པའོ། །དེ་ཡང་རས་དམར་པོ་
༄། །ལ་དོ་ལིའི་རྣམ་པ་བྱས་ལ་དེ་ཉིད་དུ་སིནྡྷུ་ར་བླུགས་ཏེ་དེ་ལ་སོར་མོས་ཅུང་ཟད་བསྐྱོད་པའི་རིམ་པ་ཞེས་སོ། །དེ་གང་དུ་བྱ་ཞེ་ན། རྡོ་རྗེ་འཆང་སྟེངས་སུ་ཞེས་པས། རྡོ་རྗེ་ནི་མྱོས་བྱེད་ལ་དེ་འཛིན་པ་ནི་རྡོ་རྗེ་འཆང་ཞེས་སོ། །སྟེང་དུ་ཞེས་པ་ནི་གང་ན་མྱོས་བྱེད་ཡོད་པ་དེའི་སྟེང་དུའོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། དེ་རྗེས་ལ་ཡང་ཞེས་པ་ནས་སྣོད་སྙོམས་ལ་ཞེས་པར་འབྲེལ་བས། དེ་ལ་སྣོད་ཅེས་པ་ནི་ཨ་མ་ཏྲ་ཞེས་པའི་སྒྲ་སྟེ། དེ་ལྟར་ཨ་ནི་ནད་དེ་རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱིས་སྡུག་བསྔལ་བའོ། །ཏྲ་ཡ་ཞེས་པ་དེ་ལས་སྐྱོབ་པ་སྟེ། ཨ་མ་ཏྲ་བདེ་བ་ཆེན་པོའོ། །ཡང་ན་ཁྱད་པར་གྱི་གནས་སུ་གྱུར་པ་ཉིད་དེ། །ཨ་མ་ཏྲ་ཞེས་པས་བདེ་བ་ཆེན་པོའི་རང་བཞིན་གྱི་སྣོད་དེ་དེ་རྗེས་ལ་སྦྱོར་བའོ། །སྙོམས་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་དོ། །ཚོན་བཟང་སྦྱོར་བ་ལས་ཞེས་པ་ནི་ལེགས་པར་སྦྱར་བའི་སྒྲ་ལ་རཾ་ག་ཨ་རུ་ཎ་ཞེས་པ་སྟེ། དེ་ལ་རཾ་ག་ཞེས་པ་ཞ་ཉེ་དགར་པོ་ཉིད་ཡིན་ལ། ཡང་ན་རཾ་ག་ཞེས་པ་འདོད་ཆགས་དང་བཅས་པའི་བྱང་ཆུབ་ཀྱི་སེམས་སོ། །ཨ་རུ་ཎ་ཞེས་པ་དང་བཟང་ཞེས་པ་ནི་དམར་པོ་འོད་དཔག་མེད་ཀྱི་རང་བཞིན་གྱི་ཁྲག་གི་གཟུགས་སོ། །དེ་གཉིས་ལས་སྐྱེས་པའི་དོན་ནི་བདེ་བ་ཆེན་པོའོ། །གང་དུ་དེ་བརྗོད་པ་ཡིན་ཞེ་ན། རྡོ་རྗེ་འཆང་སྟེངས་སུ་ཞེས་པས། དེ་ལ་ཡང་བཛྲ་དྷ་ར་ཨུ་པ་རི་ཞེས་པའི་སྒྲས་ཏེ། བཛྲ་ནི་རྡོ་རྗེ་ཡིན་ལ་དྷ་ར་ནི་འཛིན་པའམ་རི་བོ་སྟེ། དེར་ཀུན་གྱིས་བགྲོད་བྱ་མ་ཡིན་པ་དང༌། དེ་ཉིད་ཐོབ་པར་བྱེད་པའི་གནས་ཡིན་ཏེ། ཨུ་པ་རི་ཞེས་པ་སྟེང་དུ་སྟེ་རྩེ་མོར་བདེ་བ་ཆེན་པོ་འཆར་བའོ། །ཕྱེ་མ་ཞེས་པ་ལ་གང་གི་ཕྱེ་མ་ཞེ་ན། ཞ་ཉེ་ལས་སྐྱེས་ཞེས་པས་དེ་ཡང་བྷུ་ཛ་ག་བྷ་བ་ཞེས་པའི་སྒྲ་སྟེ། བྷུ་ཛ་ག་ནི་ཀླུ་སྟེ་དེ་ལས་སྐྱེས་པའི་དུག་གོ །དེས་ན་ཡུལ་ནི་དུག་ཡིན་ལ་དེའི་རྒྱུ་མནར་བའོ། །དེ་བཞིན་དུ་དཔལ་དགྱེས་པ་རྡོ་རྗེ་ལས། དེ་ལྟར་འཁོར་བར་འདོད་པ་ཡིས། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉེད། །མ་དག་པས་ནི་དུག་ཏུ་འགྲོ། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་པ་དང༌། དེ་ཉིད་ལས་ཀྱང༌། དག་པས་དུག་མེད་བྱས་ནས་ནི། །བརྟེན་བྱ་འདི་དག་བརྟེན་པ་ཉིད། །ཅེས་སོ། །དེ་ཇི་ལྟར་ཡིན་ཞེ་ན། དག་པ་ཞེས་པ་ལེགས་པར་དག་པ་སྟེ། འདི་ནི་ཡུལ་གྱི་རང་བཞིན་བདེ་
༄། །བ་ཆེན་པོའི་གཟུགས་ཅན་ཉིད་དོ། །འོན་ཀྱང་མ་རིག་པས་དུག་ལྟར་གྱུར་པ་དེ་ལྷན་ཅིག་སྐྱེས་པའི་གཟུགས་ཀྱི་སྦྱོར་བའོ། །སེང་རས་ཞེས་པ་ནི་དོན་ལ་རས་ཀྱིས་བླུགས་པ་སྟེ། ལེགས་པར་མི་གཡོ་བའི་དོན་ལ་དལ་བུས་ཞེས་པ་ནི་མཁས་པའི་ངང་དུ་བསྟན་པའོ། །ཡང་ན་བྷུ་ཛ་ག་ཞེས་པ་སྒེག་པ་སྟེ། དེ་ལས་སྐྱེས་པའི་འདོད་ཆགས་ཡིན་ལ་དེ་དང་ལྷན་ཅིག་སྐྱེས་པའི་དོན་ཏོ། །འཇིག་རྟེན་པའི་ཆགས་པ་སྤངས་པའི་བདེ་བ་ཆེན་པོར་སྦྱོར་བར་བྱེད་པའོ། །ཡང་ན་ཞ་ཉེ་ལས་སྐྱེས་ཞེས་པས་སིནྡྷུ་ར་ལྟ་བུ་སྟེ་འདོད་ཆགས་དང་བཅས་པའི་ཆགས་པ་ཆེན་པོའི་རོ་ལ་ཕྱེ་མ་ཞེས་པའི་དོན་ཏོ། །བྱ་བ་གཞན་གསུངས་པ། དེར་ནི་ཞེས་པ་ལ་སོགས་པ་ནས་སྔགས་ཀྱི་ཕྲེང་བ་བྲི་ཞེས་པའི་བར་ཏེ། བཅོམ་ལྡན་འདས་མའི་སྔགས་ཀྱི་ཕྲེང་བ་བྲི་བར་དོན་གྱིས་འབྲེལ་བའོ། །ཇི་ལྟར་བྱ་བ་སྟེ་འདྲི་ཞེ་ན། འཁོར་ལོ་བྲིས་ནས་ཞེས་པས་དེ་ཡང་རྒྱལ་བའི་སྙིང་པོའི་ཡང་སྙིང་པོ་ཞེས་པ་སྟེ། རྒྱལ་བ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་སྙིང་པོར་གྱུར་པ་ནི་མི་བསྐྱོད་པའི་གཟུགས་ཉིད་དེ་དེ་ཉིད་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའོ། །དེའི་ཡང་སྙིང་པོར་གྱུར་པའི་ཆོས་འབྱུང་ལ་དེའི་རང་བཞིན་ནི་འཁོར་ལོའོ། །གཙུག་ཕུད་ཅན་གྱི་ནི་ཟུར་ལྡན་ཞེས་པ་ནི། གཙུག་ཕུད་ནི་མེ་འབར་བའོ། །དེ་ཡོད་པ་ནི་ཅན་ཏེ་མེ་ཡིན་ལ་མེ་ནི་གསུམ་སྟེ་དེས་ན་ཟུར་གསུམ་པའི་འཁོར་ལོའོ། །གཙུག་ཕུད་ཅན་ནི་ཟུར་ལྡན་ལ་ནི་ཤི་ཁི་ཀོ་ཊི་ཞེས་པའི་སྒྲས་ཏེ། ཤི་ཁི་ནི་འབར་བ་ཅན་ཏེ། མེ་ཡིན་ལ་དེ་ཉིད་གསུམ་སྟེ། འདིར་ཀོ་ཊི་ནི་ཟུར་རམ་རྩེ་མོ་སྟེ། དོན་ལ་འཁོར་ལོའི་ཟུར་གསུམ་པའོ། །དེར་ནི་ཞེས་པས་མེ་ལོང་ལ་སིནྡྷུ་རའི་ཕྱེ་མ་བཀྲམ་ལ་སྔགས་ཀྱི་ཕྲེང་བ་བྲི་བར་བྱའོ། །དེའི་སྙིང་པོར་ཞེས་པས་མེ་ལོང་གི་མཐིལ་ལ་བྲིས་པའི་ཆོས་འབྱུང་གི་སྙིང་པོ་དེ་ཉིད་ལའོ། །ཅིས་འདྲི་ཞེ་ན། གསེར་ལས་བྱས་པའི་ཐུར་མ་ཡིས། །ཞེས་པས་གསེར་གྱི་ཐུར་མ་ལག་པ་གཡོན་པས་བཟུང་ནས་འདྲི་བར་བྱ་བ་སྟེ། གོང་གི་ཚིགས་སུ་བཅད་པས་སམ་ཡང་ན་གདམས་ངག་ཏུ་གོ་བར་བྱའོ། །དེའི་མན་ངག་བརྗོད་པར་བྱ་སྟེ། དང་པོར་ཆོས་འབྱུང་གི་ལྟེ་བ་ལ་ཟླ་ཚེས་
༄། །དང་ཐིག་ལེ་དང་ནཱ་དར་བཅས་པའི་བཅོམ་ལྡན་འདས་མའི་གཟུགས་བཾ་གྱི་རྣམ་པར་བྲི་བར་བྱའོ། །དེ་ནས་ཆོས་འབྱུང་གི་དབུས་སུ་སྐུ་གསུང་ཐུགས་ཀྱི་རྣམ་པར་དག་པ་ལ་འདོད་པ་དང་དྲག་པོ་དང༌། ཐུབ་པའི་གྲངས་ཀྱིས་ཕྲེང་བ་གསུམ་ལ་སྔགས་བཏུ་བ་ལས་བྱུང་བ་ལྟར་བཅོམ་ལྡན་འདས་མའི་སྔགས་ཀྱི་རྒྱལ་པོ་བྲི་བར་བྱའོ། །དེ་ཡང་བཞེངས་པའི་འཁོར་ལོར་གསུངས་པ་སྟེ། བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་རང་བཞིན་གྱི་ཧ་དང༌། ཨ་གཉིས་པོ་ཡོངས་སུ་གྱུར་པས་ན་གཉིས་སུ་མེད་པའི་རྣམ་པར་དག་པའི་ཕྲེང་གི་འོག་པཾ་གྱི་སྟེང་དུ་མཐའ་མའི་ཡི་གེ་ཧའི་གཟུགས་བྲི་བར་བྱའོ། །ཡང་ན་ཆོས་འབྱུང་གི་རྩ་བ་ལ་ཨོཾ་བྲིས་ནས་ཆོས་འབྱུང་གི་རེ་ཁཱའི་རིམ་པ་ལྟར་དེའི་རྩ་བ་ན་ཕར་སྔགས་ཕྲེང་གསུམ་བྲིས་ལ་དབུས་སུ་བཾ་བྲི་བ་ཡང་མན་ངག་གི་ལུགས་སོ། །བཤད་པར་བྱ་བ་གཞན་ནི་དེའི་སྙིང་པོར་སྔགས་ཀྱི་ཕྲེང་བ་བྲི་ཞེས་པས་དེ་ལ་ཆོས་འབྱུང་གི་གནས་སུ་སྔགས་ཀྱི་ཕྲེང་བ་དབུ་མས་བྲི་བ་སྟེ། མི་འགྱུར་བའི་གཟུགས་ཀྱིས་ཁྱབ་པར་བྱེད་པའི་དོན་ཏོ། །དེ་ཡང་ཐིག་ལེ་དང་རླུང་གཉིས་ལྷན་ཅིག་ཏུ་གྱུར་པས་ཡིད་སྐྱོབ་པར་བྱེད་པས་ན་སྔགས་སོ། །དེའི་བདེ་བ་ཆེན་པོར་འགྲོ་བའི་སྔགས་ཀྱི་དོན་ལ་ཕྲེང་ཞེས་བའམ་ལམ་ཞེས་པ་སྟེ། སྔགས་ཀྱི་ཕྲེང་བའི་སྒྲས་དབུ་མ་ཞེས་བརྗོད་པའོ། །དེ་ལ་ཅེས་འདྲི་ཞེ་ན། གསེར་ལས་བྱས་པའི་ཐུར་མ་ཡིས། །ཞེས་པས་དེ་ཡང་གཾ་གེ་ཡ་ཤ་ལ་ཀཾ་ཞེས་པའི་སྒྲས། ག་ཞེས་པས་བཞི་སྟེ། ཆོས་འབྱུང་ཡིན་ལ་གཱ་ཞེས་པ་དེར་འགྲོ་བར་བྱེད་པ་སྟེ། གཾ་གཱ་ནི་རི་རབ་ཀྱི་རྩེ་ནས་བབས་པས་ན་བདུད་རྩིའི་རྒྱུན་ནོ། །དེ་ལྟར་གཾ་གཱ་ཞེས་པས་དེ་ལས་བྱུང་བའི་ཐིག་ལེའོ། །དེ་ལ་བབས་པས་ན་ནོར་བུའི་རྩེར་དེ་བསྐྱེད་པ་སྟེ། དེ་ལ་འདིར་ཐིག་ལེ་ནི་དབུ་མའི་ལམ་ནས་འགྲོ་བས་ཐུར་མ་ལྟ་བུ་སྟེ། ཐུར་མ་ཞེས་པས་དབུ་མའི་བུག་པ་ནས་ཁྱབ་པར་འགྲོ་བ་ཉིད་དོ། །དེ་ལ་ཇི་ལྟར་བྱས་ཏེ་འབྲི་ཞེ་ན། འཁོར་ལོ་ཞེས་པས་དེ་ཡང་རྒྱལ་བའི་སྙིང་པོའི་ཡང་སྙིང་པོ་ཞེས་པ་སྟེ། རྒྱལ་བ་ནི་དཔལ་ཧེ་རུ་ཀ་དེའི་སྙིང་པོ་ནི་ཧའི་རྣམ་པ་དེའི་སྙིང་པོ་ནི་བདེ་བ་ཆེན་པོའི་འཁོར་ལོའི་མིང་སྟེ་དེ་ཉིད་ནི་དུས་ཐམས་ཅད་དུ་གནས་པའོ། །དེ་ལ་བྲི་བར་བྱ་ཞེས་པ་ནི།
༄། །དེར་དེས་ཁྱབ་པར་བྱེད་པའི་དོན་ཏོ། །གཙུག་ཕུད་ཅན་གྱི་ཟུར་ལྡན་ཞེས་པས་དེ་ཡང་ཤི་ཁི་ཀོ་ཊི་ཀཾ་ཞེས་པའི་སྒྲ་སྟེ། དེ་ལ་ཤི་ཁི་ནི་གཏུམ་མོའི་མེ་ལ་ཀོ་ཊི་ནི་དེའི་རྩེ་མོ་སྟེ། ཀཾ་ཞེས་པ་མགོ་བོ་ཡིན་ལ་དེ་ལ་ནི་ཧའི་མགོ་བོའོ། །ཧའི་རྣམ་པ་མགོ་ཐུར་དུ་བསྟན་པ་བསྒོམ་པའོ། །དེའི་སྙིང་པོ་ནི་བདེ་བ་ཆེན་པོའི་འཁོར་ལོའི་དབུས་ན་དེ་ཡོད་པའི་དོན་ཏོ། །ཡང་ན་སྔགས་ཀྱི་ཕྲེང་བ་བྲི་ཞེས་པ་ནི་ཐིག་ལེའི་རྒྱུན་དེ་བདེ་བ་ཆེན་པོར་སྐྱེལ་བའོ། །ཅིས་སྐྱེལ་ཞེ་ན་གསེར་གྱི་ཐུར་མ་ཞེས་པས་དེ་ཡང་གཾ་གེ་ཡ་ཤ་ལ་ཀཾ་ཞེས་པའི་སྒྲས་དེ་ལ་གཾ་གཱ་ཞེས་པས་ཐིག་ལེ་སྟེ་དེ་རུ་འགྲོ་བར་བྱེད་པའི་དོན་གྱིས་ན་ཐུར་མ་ལྟ་བུ་སྟེ། སྐྱེལ་བས་ན་དབུ་མར་བྲི་བའོ། །ཇི་ལྟར་བྱ་ཞེ་ན་རྒྱལ་བའི་སྙིང་པོའི་ཡང་སྙིང་པོ་བྲས་ནས་ཞེས་པས། རྒྱལ་བ་ནི་དཔལ་ཧེ་རུ་ཀ་ལ་དེའི་སྙིང་པོ་ནི་མི་འགྱུར་བའི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཡང་སྙིང་པོ་ནི་བདེ་བ་ཆེན་པོའི་སེམས་ཀྱིས་ཡང་དག་པར་བྱེད་པའི་དོན་ཏོ། །འཁོར་ལོ་ཞེས་པ་རྣམ་པ་ཐམས་ཅད་གཅོད་པར་བྱེད་པ་ཉིད་དོ། །གཙུག་ཕུད་ཅན་གྱི་ཟུར་ལྡན་ཞེས་པ་ནི་གཙུག་ཕུད་ཅན་ནི་མེ་ཡིན་ལ། དེ་བཞིན་དུ་ཟུར་ལྡན་ནི་མེའི་རྩེ་མོ་ལྟ་བུའི་མེའོ། །དེས་མི་ཤེས་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པའོ། །ཡང་ན་ཤིན་ཏུ་རྣོ་བ་སྟེ་འབུགས་པའོ། །ཁྱད་པར་གཞན་ཡང་གསུངས་པ། འཁོར་ལོའི་ཞེས་པ་ལ་སོགས་པ་ནས་ཤིས་དམ་པའི་ཞེས་པ་སྟེ། བཀྲ་ཤིས་དམ་པ་ནི་བཟང་པོའི་གཡུང་དྲུང་འཁྱིལ་པ་འདྲི་བ་སྟེ། གང་དུ་འདྲི་ཞེ་ན་འཁོར་ལོའི་ཕྱི་རོལ་ཞེས་པས་ཆོས་འབྱུང་གི་ཕྱི་རོལ་གྱི་ཆ་ལའོ། །དེ་ནས་ཡང་གནས་མང་དུ་ཡོད་པར་ངེས་པར་གང་དུ་བྲི་ཞེ་ན། ཤར་གྱི་ཆ་དང་བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས་སུ་ཞེས་པས། དེ་ཡང་གཟི་ལྡན་ནི་ཉི་མ་ཡིན་ལ་དེའི་སྲས་ནི་གཤིན་རྗེ་སྟེ། དེའི་ཕྱོགས་ནི་ལྷོའོ། །རིམ་པ་བཞིན་ཞེས་པ་ནི་ཤར་ནས་བྱང་ལ་སོགས་པའི་རིམ་པའོ། །ལག་པ་གཡོན་པ་ཡིས་ནི་མངོན་པར་བྲི། །ཞེས་པ་ནི་གོ་བར་ཟད་དོ། །བཤད་པར་བྱ་བ་གཞན་ནི་བཀྲ་ཤིས་དམ་པ་རྣམས་དང་ཞེས་པས་དེ་ཡངས་ཏ་སྭ་སྟི་ཀཾ་ཞེས་པའི་སྒྲས། དེ་ལ་ས་ཏ་ཅེས་པས་དམ་པའམ་ཡོད་པ་ལ་འགྲོ་སྟེ། སྭ་སྟི་ཀཾ་པས་གཡུང་དྲུང་དམ་པ་བདེ་བ་ལ་འགྲོ་བས་བ་སུ་ནི་ལེགས་པ་སྟེ།
༄། །ཨ་སྟི་ནི་ཡོད་པ་ཡིན་ལ། ཀཾ་ནི་བདེ་བའོ། །དེ་ལྟར་ལེགས་པའི་བདེ་བ་ཡོད་པས་ན་ཐིག་ལེའོ། །བྲི་ཞེས་པ་ནི་དེས་བཀོད་པའམ་འདིས་ཁྱབ་པར་བྱེད་པར་འབྲེལ་བའོ། །གང་དུ་དགོད་ཅེ་ན་འཁོར་ལོའི་ཕྱི་རོལ་དུ་ཞེས་པས་བདེ་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་གྱི་ཆ་ལའོ། །དེ་ཡང་གང་དུ་ཞེ་ན། ཤར་དང་བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས་སུ་ཞེས་པས་བ་སྤུའི་བུ་ག་རྣམས་ཏེ། ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའི་དོན་ཏོ། །དེ་གང་གིས་མཚོན་ཞེ་ན། ལག་པ་སྟེ། དེ་ཉིད་རླུང་ལ་བྱའོ། །སོར་མོ་ལྔ་ཡོད་པ་ཉིད་ལ་ལག་པ་སྟེ་ལྔ་པོ་དེས་མཚོན་ནས་ལུས་ལ་གནས་པའི་རླུང་ལྔ་བཟུང་བའོ། །ཇི་ལྟར་ཞེ་ན་གཡོན་པ་སྟེ། བཱ་མ་ཞེས་པའི་སྒྲས་གཡོན་པའམ་ཡིད་འཕྲོག་པ་སྟེ། གཞན་གྱིས་མི་བསྐྱོད་པའི་དོན་ཏོ། །ཇི་ལྟར་བྲི་ཞེ་ན་རིམ་པ་བཞིན་ཞེས་པས་རིམ་གྱིས་བརྟན་པའམ་མི་འཕོ་བར་བ་སྤུའི་ཁུང་བུ་ཐམས་ཅད་ཁྱབ་པའོ། །བརྗོད་པར་བྱ་བ་གཞན་ཡང་གསུངས་པ། ཛཿཧཱུཾ་བཾ་ཧོཿཞེས་པ་ལ་སོགས་པ་དེས་རྡོ་རྗེ་ལྷ་མོ་བཀུག་ནས་ཞེས་པར་འབྲེལ་བའོ། །དེ་ཡང་ཇི་ལྟར་ཞེ་ན་བཀུག་ནས་ཞེས་པས་མྱོས་བྱེད་ཀྱིས་བྲིས་པའི་ལྷ་མོའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པས་འོག་མིན་གྱི་གནས་ནས་ཛཿཡིག་གིས་ལྷ་མོ་བཀུག་ལའོ། །ཡི་གེ་ལ་ནི་བཅུག་ནས་ཞེས་པས་མེ་ལོང་གི་མཐིལ་ལ་སྔགས་ཀྱི་ཡི་གེ་རྣམས་བྲིས་པ་ལ་ཧཱུཾ་གིས་གཞུག་པར་བྱའོ། །བསྡམས་པ་དང་ཞེས་པ་སྔགས་ཀྱི་ཡི་གེ་རྣམས་ལ་བཾ་གྱིས་རབ་ཏུ་བསྡམ་པར་བྱ་བ་ཉིད་དོ། །ཇི་ལྟར་བཀུག་པ་ལ་སོགས་པ་ཞེ་ན། ཛཿཧཱུཾ་བཾ་ཧོཿཞེས་ནི་རབ་བརྗོད་པས་ཞེས་པས། འདིས་ནི་དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱེད་པའི་སྔགས་ཏེ། དེ་རེ་རེ་ལ་ཡང་སོ་སོར་བསྒོམ་པ་སྔོན་དུ་འགྲོ་བས་བྱ་བ་ཉིད་ཀྱི་དོན་ཏོ། །རབ་བརྗོད་ནས་ཞེས་པ་ལ་སོགས་པ་ནི། འབར་བའི་ཕྱག་རྒྱ་ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་ཡང༌། རྐང་པ་མནན་ཅིང་གྱེན་དུ་བལྟ། །སྟེང་དུ་ཕེཾ་གྱི་སྒྲ་སྒྲོགས་པས། །ཞེས་པ་ཡང་མན་ངག་གི་ལུགས་སོ། །བཤད་པར་བྱ་བ་གཞན་ནི་རྡོ་རྗེ་ལྷ་མོའོ་ཞེས་པ་ནི། གཏུམ་མོས་ལུས་གང་བར་བྱ་བས་མཉེས་པའི་དོན་ཏོ། །བཀུག་ནས་ཞེས་པས་སྟེང་དུ་
༄། །སོང་ནས་ལྷུང་བར་གྱུར་པའི་བདུད་རྩིའི་རྒྱུན་འབེབས་པར་བྱེད་པའི་དོན་ཏོ། །སྔགས་ཀྱི་ཡི་གེ་ལ་ནི་རབ་བཅུ་གནས། །ཞེས་པས་སྔགས་ནི་བྱང་སེམས་ཡིན་ལ། དེ་ལ་བདེ་བ་ཆེན་པོའི་ཡེ་ཤེས་རྣམས་མི་འགྱུར་བར་ཐིམ་པར་བྱས་ནས་དེའི་གཟུགས་སུ་བསྐྱོད་པའི་དོན་ཏོ། །དེས་ན་ཡོངས་སུ་རྫོགས་པའི་འབྲས་བུ་རྙེད་ནས་དེ་ལ་རྒྱུའི་གཟུགས་སུ་གནས་པ་མི་རིགས་པ་ཉིད་དེ། འདི་ནི་ལྷན་ཅིག་སྐྱེས་པའི་གཏུམ་མོ་ཉིད་དེ། དེ་ལྟར་རིགས་པར་ཤེས་པར་བྱའོ། །བསྡམས་པ་དང་ཞེས་པ་ནི་བདེ་བ་ཆེན་པོར་ལེགས་པར་རབ་ཏུ་བསྡམས་པར་བྱས་པའོ།། ཆོ་ག་ཞེས་པ་ནི་ཇི་ལྟར་མན་ངག་བཞིན་དུ་སྟེ། དེས་གོ་བར་བྱ་བའོ། །དེ་ལྟར། ཛཿཧཱུཾ་བཾ་ཧོཿཞེས་ནི་རབ་བརྗོད་ནས། །ཞེས་པས་འདིར་ཡི་གེ་བཞིའི་དོན་ནི་ཞལ་ལས་དྲན་པའི་དོན་ཏོ། །མཆོད་པ་གསུངས་པ། དེ་རྗེས་སྔགས་ཀྱིས་ཞེས་པ་ལ་སོགས་པས་དེའི་རྗེས་སུ་དེ་ལ་མཆོད་པར་བྱའོ་ཞེས་པ་དང་འབྲེལ་ལོ། །གང་ལ་ཞེ་ན། སྔགས་ཀྱི་རང་བཞིན་དེ་ལ་ཞེས་པས་ཡེ་ཤེས་པ་དང་གཉིས་སུ་མེད་པའི་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་སྔགས་ཀྱི་རང་བཞིན་དེ་ལའོ། །མཆོད་པ་རྣམ་པ་སྣ་ཚོགས་པ་དག་ཅེས་པས། དེས་ན་བཟའ་བ་དང་ཞེས་པས། ཁུར་བ་ལ་སོགས་པའོ། །བཅའ་བ་དང་ཞེས་པས་འབྲས་ཆན་ལ་སོགས་པའོ། །བལྡག་པ་དང་ཞེས་པས། སྦྲང་རྩི་ལ་སོགས་པའོ། །བཏུད་དང་ཞེས་པས། དཔའ་བྱེད་ལ་སོགས་པའོ། །བཞི་པ་བྱ་ཞེས་པས་ཨ་འབྲས་ལ་སོགས་པའོ། །འདོད་ཡོན་ལྔ་དང་བཅས་རྣམས་ཀྱིས། །ཞེས་པས། འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། སྔགས་ཀྱི་རང་བཞིན་དེ་ལ་ཞེས་པས་བདེ་བ་ཆེན་པོའི་རང་བཞིན་ཏེ། ལྷ་མོའི་མཆོད་པ་དེ་ལ་ཡིད་རྒྱུན་དུ་གོམས་པའི་སེམས་རྩེ་གཅིག་ཏུ་བྱ་བའོ། །རྒྱུ་ཅིས་བྱ་ཞེ་ན། བཟའ་དང་ཞེས་པ་ལ་སོགས་པས། དེ་ལ་སྟོབས་འཕེལ་བའི་ཕྱིར་འདིར་བརྟེན་པས་སྟོབས་ལས་བདེ་བ་སྐྱེ་བ་ཉིད་དོ། །འདོད་ཡོན་ལྔ་དང་བཅས་རྣམས་ཞེས་པས། འདོད་པའི་ཡོན་ཏན་ལྔ་ངེས་པར་སྦྱར་ནས་ལོངས་སྤྱོད་པའི་དོན་ཏེ། ཡང་ན་འདོད་པ་ནི་བཅུ་གསུམ་ཡིན་ལ་ཡོན་ཏན་གསུམ་སྟེ། འདོད་
༄། །པའི་ཡོན་ཏན་གྱི་སྒྲས་རླུང་གི་འཕོ་བ་བཅུ་དྲུག་ཏུ་བརྗོད་དོ། །དུས་རྟག་པར་འདིར་བསྒོམས་པས་རླུང་གི་རིམ་པ་ལས་རྙེད་པ་འདིའི་དངོས་པོ་བདེ་བ་ཆེན་པོ་ལ་ཐིམ་པར་བྱེད་པའོ། །འོ་ན་དེ་ཉིད་རྐྱང་བར་རམ་ཞེ་ན། སྣ་ཚོགས་སྟོབས་ནི་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་ཞེས་པ་རྣམ་པ་མང་པོའོ། །སྟོབས་ཞེས་པ་ཤའོ། །ཡང་ན་སྣ་ཚོགས་ཞེས་པས་བ་ལང་དང་ཁྱི་དང་གླང་ཆེན་དང་རྟ་དང་མིའི་ཤའི་དོན་ཏོ། །མྱོས་བྱེད་དང་བཅས་ཞེས་པས། བཏུང་བ་དང་ལྡན་པའོ། །ཤིན་ཏུ་ཁྱད་འཕགས་ཞེས་པས་མཆོག་ཏུ་གྱུར་པའི་རྫས་སོ། །མཆོད་པ་ཞེས་པ་ནི་བསྙེན་བཀུར་རོ། །རྣམ་ལྔ་ཞེས་པས་གཟུགས་ལ་སོགས་པའོ། །གླུ་དང་ཞེས་པས། རྡོ་རྗེའི་གླུ་དང་གཞན་ཡང་ལེགས་པར་རོལ་པར་དགྱེས་པའི་གླུའོ། །རོལ་མོ་དང་ཞེས་པས་པི་ཝང་དང་གླིང་བུ་ལ་སོགས་པ་ལས་བྱུང་བའི་གླུའོ། །གར་དང་ཞེས་པས་རྡོ་རྗེ་རྐང་པའི་གར་རོ། །བསྐོར་བ་ཞེས་བ་རྟེན་དེ་ལ་བསྐོར་བའོ། །ཕྱག་དང་བསྟོད་པ་ཡང་དེ་བཞིན་ནོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། སྣ་ཚོགས་སྟོབས་དང་ཞེས་པས། བ་ལང་དང༌། ཁྱི་དང་གླང་པོ་ཆེ་དང༌། རྟ་དང་མིའི་ཤའི་རང་བཞིན་གྱི་ཕུང་པོ་རྣམ་པ་ལྔའི་བདག་ཉིད་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་པ་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་སྟེ། དེ་དག་ཀྱང་བདེ་ཆེན་དུ་ཐིམ་པར་བྱེད་པའོ། །མྱོས་བྱེད་དང་བཅས་ཞེས་པས། མྱོས་བྱེད་ནི་ང་རྒྱལ་གྱི་རྣམ་པ་སྟེ། དེའི་རང་བཞིན་ཅན་ནོ། །ཤིན་ཏུ་ཁྱད་འཕགས་ཞེས་པ་ནི། འདོད་ཆགས་ལ་སོགས་པའོ། །མཆོད་པ་ཞེས་པ་ནི་སྒྲའི་གནས་ལ་བསྙེན་བཀུར་དུ་འགྲོ་བ་སྟེ། ཡུལ་སྣ་ཚོགས་ཀྱི་བསྙེན་བཀུར་གྱིས་བདེ་བ་ཆེན་པོར་རོ་གཅིག་པར་བྱེད་པའོ། །རྣམ་པ་ལྔ་དང་ཞེས་པ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔའོ། །གླུ་དང་ཞེས་པས། བདེ་བ་ཆེན་པོ་ལས་བྱུང་བའི་རང་བྱུང་གི་སྒྲའོ། །རོལ་མོ་དང་ཞེས་པས་རྡོ་རྗེའི་སྒྲའོ། །གར་དང་ཞེས་པས་སྙོམས་འཇུག་གི་རྣལ་འབྱོར་རོ། །བསྐོར་བ་ཞེས་པས་རྡོ་རྗེ་ལ་པདྨས་བསྐྱོད་ཅིང་རྣམ་འགྱུར་གྱིས་བསྐོར་བའོ། །ཕྱག་འཚལ་ཞེས་པས་ཏིང་ངེ་འཛིན་ཉིད་དུ་ངེས་པར་བལྟ་བའོ། །བསྟོད་པ་ཞེས་པ་
༄། །ཧ་དང་ཧི་ལ་སོགས་པས་རྒོད་པའོ། །ཡང་ན་དེའི་ཕྱོགས་སུ་ཐམས་ཅད་ཀྱང་མཉམ་པའི་རང་བཞིན་ཉིད་དུ་ཤེས་ནས་འདིར་ཐམས་ཅད་ཀྱིས་བདེ་བ་ཆེན་པོའི་དོན་ལ་གོམས་པར་བྱེད་པའི་དོན་ཏོ། །དེ་ལྟར་ན་མ་བྱེད་ཅེ་ན། ཉིན་རེ་བཞིན་ནམ་ཞེས་པ་ལ་སོགས་པ་ནས། ཇི་སྐད་བཤད་བཞིན་མཆོད་པའི་ཆོ་ག་བྱ། ཞེས་བར་འབྲེལ་བས། འདི་ལ་བྱ་ཞེས་པས་སྔགས་ཀྱི་རང་བཞིན་གྱི་ལྷ་མོའི་དེ་ལའོ། །ཉིན་རེ་བཞིན་ནམ་ཞེས་པས་རྟག་ཏུའོ། །ཟླ་ཕྱེད་སོ་སོ་ལ་ཞེས་པས་མར་ངོ་དང་ཡར་ངོའི་ཚེས་བཅུའོ། །ཟླ་རེ་བཞིན་ནམ་ཞེས་པས་ནི་ནག་པོའི་ཚེས་བཅུ་ལའོ། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ་རྣལ་འབྱོར་མ་རྣམས་འདུ་བར་འགྱུར་བས་སོ། །ཚེས་ནི་བཅུ་པ་ལ་ཞེས་པས་བཅུ་ནི་ལྷ་མོའི་ཚེས་ཡིན་པའི་དོན་ཏོ། །དངོས་གྲུབ་འདོད་པས་ཞེས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མངོན་པར་འདོད་པས་སོ། །དམ་པ་ཞེས་པས་མཁས་པའི་རང་ཚུལ་ལོ། །བཤད་པར་བྱ་བ་གཞན་ཡང་གསུངས་པ། དེ་ནས་བདེ་བ་ཆེན་པོའི་རང་བཞིན་གྱིས་ལྷ་མོའི་གཟུགས་དེ་ལ་ཇི་ལྟར་བཤད་པ་ལྟར་མཆོད་པའི་ཆོ་ག་བྱ་བ་སྟེ། ཉིན་རེ་བཞིན་ནམ་ཞེས་པས་ཉིན་རེ་ལ་དམིགས་པའི་རང་བཞིན་ཉིད་དུ་དམིགས་པ་དེ་ལ་ཇི་ལྟ་ཇི་ལྟར་དམིགས་པ་དེ་ལྟ་དེ་ལྟར་བདེ་བ་ཆེན་པོ་གཞུག་པར་བྱ་བའི་དོན་ཏོ། །ཟླ་ཕྱེད་སོ་སོའམ་ཞེས་པ་ནི། དངོས་པོའི་ཕྱོགས་དང་དངོས་མེད་ཀྱི་ཕྱོགས་སོ། །ཟླ་རེ་བཞིན་ནམ་ཞེས་པས། ཕྱོགས་གཉིས་ཀྱང་གཅིག་ཏུ་གྱུར་པ་སྟེ། དེ་གཉིས་ལས་བྱུང་བ་ཉིད་ཀྱང་བདེ་བ་ཆེན་པོའི་ངང་དུ་སྦྱོར་བར་བྱེད་པའི་དོན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། དོན་ལ་རྟོན་པར་བྱའོ་སྒྲ་ལ་རྟོན་པར་མི་བྱའོ་ཞེས་སོ། །དངོས་གྲུབ་འདོད་པས་ཞེས་པ་ནི། གང་འདོད་ན་བཅུ་པ་ལ་ཞེས་པས། ཚེས་བཅུས་མཚན་ནས་ས་བཅུ་པའི་དབང་ཕྱུག་འདོད་པའི་དོན་ནོ། །ཚེས་ཞེས་པ་ནི་ས་བཅུ་སྟེ་འདི་ནི་ལྷ་མོའི་ཚེས་ཏེ་དུས་ཐམས་ཅད་དུ་ཉེ་བ་ཉིད་དོ། །དཔལ་ལྡན་བི་ཀྲ་མ་དེ་བ་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོའི་དགེ་སློང་པཎྜི་ཏ་བཱི་ཪྻ་ཤྲཱི་མི་ཏྲས་རྣམ་པར་ཕྱེ་བ་དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བའི་འགྲེལ་པ་ལས་ཕྱི་རོལ་མཆོད་པའི་ཆོ་གའོ།། །།