Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
མཐོང་ལམ་རྩེ་སྦྱོར་བཤད་པ།
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousམཐོང་ལམ་རྩེ་སྦྱོར་བཤད་པ།next

མཐོང་ལམ་རྩེ་སྦྱོར་བཤད་པ།


GLG013_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་རྩེ་སྦྱོར་བཤད་པ། གཉིས་པ་ལ། སྤང་བྱ་རྟོག་པ་བཤད་པ་དང་། གཉེན་པོ་རྩེ་སྦྱོར་བ་བཤད་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ། དང་པོ་ལ། གཟུང་རྟོག་མདོར་བསྟན་པ། འཛིན་རྟོག་མདོར་བསྟན་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། རེ་ཞིག་དང་པོར་མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་ཕྱོགས་གཟུང་བར་རྣམ་པར་རྟོག་པ་གཉིས་པོ་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེ་ལ་མི་མཐུན་པའི་ཕྱོགས་གཉེན་པོ་དང་བཅས་པ་རྣམ་པ་བཞི་ཡོད་པས་དེ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་མཐོང་སྤང་འཇུག་པ་དང་ནི་ལྡོག་པ་ལས་གཟུང་བའི་རྣམ་པར་རྟོག་པ་དེ་ཆོས་ཅན། སོ་སོར་དགུ་དགུའི་བདག་ཉིད་དུ་ཡོད་དེ། དམིགས་ཡུལ་གྱི་དབྱེ་བས་དགུ་དགུ་ཡོད་པའི་ཕྱིར། དེ་ཆོས་ཅན། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་


GLG013_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཛིན་པ་མིན་པའི་བདག་ཉིད་དུ་ཤེས་པར་བྱ་སྟེ། རང་གི་ཞེན་ཡུལ་ལ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། གསུམ་པ་ནི། དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་དག་ལ་ལེན་པ་དང་ལྡོག་བྱར་བདེན་པར་དམིགས་པའི་ངོ་བོ་ཉིད་ཉན་ཐོས་ལ་སོགས་པའི་ཆོས་དག་ལ་འདོར་བའི་སྒོ་ནས་གཟུང་བའོ། །ཞེས་འཇུག་བྱ་དང་ལྡོག་པའི་གཟུང་བར་རྣམ་པར་རྟོག་པའི་མཐོང་སྤང་ཆོས་ཅན། མཐོང་སྤང་ཉོན་མོངས་པ་དང་འདྲ་བར་མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་སྐྱེ་བ་ལ་གེགས་བྱེད་པའི་སྒྲིབ་པ་ཡིན་པའི་ཕྱིར། དེ་ནི་ཆོས་ཅན། སོ་སོར་རྣམ་པ་དགུ་ཡོད་པ་ཡིན་ཏེ། དབྱེ་བ་དགུ་ཡོད་པའི་ཕྱིར། དེ་ཆོས་ཅན། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་ཏུ་འཛིན་པར་ཤེས་པར་བྱ་སྟེ། ཡུལ་དངོས་པོའི་གནས་ཚོད་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་ཕྱིན་ཅི་ལོག་ཏུ་སྣང་བའི་ལོག་ཤེས་ཡིན་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། འཇུག་ལྡོག་གི་གཟུང་བའི་རྣམ་པར་རྟོག་པའི་ཕྱོགས་གཉིས་བསྟན་ནས། འཛིན་པའི་རྣམ་པར་རྟོག་པ་གཉིས་པོ་བསྟན་ཚུལ་ཡོད་དེ། དེ་ལྟར་གཞུང་འོག་མས་བསྟན་པའི་ཕྱིར། གཉིས་པ་ནི། སོ་སོའི་སྐྱེ་བོ་དང་འཕགས་པའི་རྟེན་ཅན་གྱི་དབྱེ་བས་སེམས་ཅན་རྫས་ཡོད་དང་སྐྱེས་བུ་བཏགས་པར་ཡོད་པར་འཛིན་པའི་རྣམ་རྟོག་དག་ཏུ་འདོད་པ་དེ་དག་ཆོས་ཅན། སོ་སོར་དགུ་དགུའི་བདག་ཉིད་དུ་ཡོད་དེ། ཡུལ་གྱི་དབྱེ་བས་དགུ་དགུ་ཡོད་པའི་ཕྱིར། གལ་ཏེ་གཟུང་བའི་དོན་དེ་བཞིན་དུ་མེད་པའི་རྣམ་རྟོག་དེ་དག་ཆོས་ཅན། གང་གིའང་ཚུལ་དང་མཐུན་པར་འཛིན་


GLG013_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དེ་ལྟར་མི་རིགས་ཏེ། ཡུལ་དེ་དག་གི་གནས་ཚུལ་དང་མཐུན་པར་འཛིན་པ་ཡི་ངོ་བོས་སྟོངས་པའི་མཚན་ཉིད་ཅན་གྱི་ལོག་ཤེས་ཡིན་པའི་ཕྱིར། གསུམ་པ་ནི། གོ་རིམ་བཞིན་དུ་སོ་སོ་སྐྱེ་བོའི་གང་ཟག་རྫས་ཡོད་དང་། འཕགས་པའི་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་དག་དམིགས་ཡུལ་དུ་ཡོད་པས་ཁྱད་པར་དུ་བྱས་པའི་མཐོང་སྤང་འཛིན་པར་རྣམ་པར་རྟོག་པ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་ལ་གེགས་བྱེད་པའི་ཕྱིར། མཐོང་སྤང་འཛིན་རྟོག་ནི་ཆོས་ཅན། སོ་སོར་རྣམ་པ་དགུ་ཡོད་དེ་དམིགས་ཡུལ་གྱི་དབྱེ་བས་རྣམ་པ་དགུ་ཡོད་པའི་ཕྱིར། འཛིན་རྟོག་དེ་དག་ནི་ཆོས་ཅན། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་མ་ཡིན་པའི་རང་གི་ངོ་བོ་དག་ཏུ་འཛིན་པར་ཤེས་པར་བྱ་སྟེ། རང་ཡུལ་ཕྱིན་ཅི་ལོ་ག་ཏུ་སྣང་བའི་ལོག་ཤེས་ཡིན་པའི་ཕྱིར། ཡུལ་གྱི་གནས་ཚོད་དང་མཐུན་པར་འཛིན་པའི་ངོ་བོས་དབེན་པའི་ལོག་ཤེས་ཀྱི་ངོ་བོ་ཡིན་ཏེ། གང་གི་ཚེ་ཡུལ་དང་དངོས་པོར་གྱུར་པ་དེ་དག་གང་གིའང་གཟུང་བའི་དོན་དག་ཇི་ལྟར་བཟུང་བ་དེ་བཞིན་དུ། གཟུང་བའི་ངོ་བོར་ཡོད་པ་མ་ཡིན་པ་ཞེས་བྱ་བ་གང་ཞིག །དེའི་ཚེ་ཡུལ་གང་གིའང་གནས་ཚུལ་དང་མཐུན་པར་འཛིན་པ་མ་ཡིན་པའི་ཕྱིར། གཉིས་པ་ལ། གཟུང་རྟོག་རྒྱས་པར་བཤད་པ། འཛིན་རྟོག་རྒྱས་པར་བཤད་པ་གཉིས། དང་པོ་ལ། འཇུག་པ་གཟུང་རྟོག་བཤད་པ། ལྡོག་པ་གཟུང་རྟོག་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། འཇུག་པའི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་དང་པོ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། འཆད་ཚུལ་ཡོད་དེ། གཞུང་འོག་མས་འཆད་པའི་ཕྱིར། གཉིས་པ་ནི། འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་དེ་ནི་ཆོས་ཅན། རྣམ་པ་


GLG013_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་འདོད་དེ། བྱང་སེམས་ཀྱི་འཇུག་བྱ་སྤྱིའི་ངོ་བོ་ཉིད་ལ་དམིགས་པ་དང་། སངས་རྒྱས་ཀྱི་རིགས་སུ་ངེས་པ་དང་ནི། བྱང་ཆེན་ཡང་དག་པར་འགྲུབ་པའི་ལམ་དང་། ཤེས་པ་མ་འཁྲུལ་བའི་དམིགས་པ་དང་། གཉེན་པོ་དང་། མི་མཐུན་ཕྱོགས་འཇོམས་པའི་ནུས་པ་དང་། རང་གིས་རྟོགས་པ་མཐར་ཐུག་པ་དང་། གཞན་དོན་བྱེད་པའི་ནུས་པ་དང་། གཞན་དོན་དེའི་ལས་སུ་བྱ་བ་དང་། གཞན་དོན་དེའི་འབྲས་བུ་ལ་དམིགས་ནས་འཇུག་བྱར་བདེན་པར་རྣམ་པར་རྟོག་པ་དགུ་ཡོད་པའི་ཕྱིར། གསུམ་པ་ནི་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་པོ་ཆོས་ཅན། མཐོང་བའི་ལམ་གྱི་རྩེ་མོའི་སྦྱོར་བའི་གནས་སྐབས་ཀྱི་སྤང་བར་བྱ་བར་བཞེད་པ་ཡིན་ཏེ། དེའི་དངོས་སུ་གཞོམ་བྱ་ཡིན་པའི་ཕྱིར། དོན་དམ་པར་དབེན་པའི་ལམ་ཕྱིན་དྲུག་གིས་དབེན་པའི་བྱང་སེམས་དོན་དམ་པར་མ་ཐོབ་ཀྱང་ཐ་སྙད་དུ་ཐོབ་པའི་ཐེག་ཆེན་གྱི་ངོ་བོ་ཉིད་ལ་དམིགས་ནས་བདེན་པར་ཞེན་པའི་མ་རྟོགས་པའི་བློ་ཆོས་ཅན། འཇུག་པ་གཟུང་རྟོག་ཡིན་ཏེ། བྱང་སེམས་ཀྱིས་ཉམས་སུ་བླང་བྱ་ལ་འཇུག་བྱར་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། རྟགས་བསལ་གཉིས་གཞན་ལའང་འགྲེ། ངེས་པར་ས་མི་གཡོ་བ་ལ་སོགས་པ་ལ་འཇུག་པའི་སངས་རྒྱས་ཀྱི་རིགས་སུ་ངེས་པ་ལ་དམིགས་ནས་ཆོས་ཅན། བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པས་མཐོང་བ་ལ་སོགས་པའི་ལམ་ཡང་དག་པར་འགྲུབ་པ་ལ་དམིགས་ནས་ཆོས་ཅན། ཐམས་ཅད་སྣང་བརྙན་ཙམ་དུ་ཟད་པར་ཁོང་དུ་ཆུད་པས་མ་འཁྲུལ་བའི་ཤེས་པའི་དམིགས་པ་ལ་དམིགས་ནས་ཆོས་ཅན། ཡོན་ཏན་མཐོང་བ་སྔོན་དུ་འགྲོ་བའི་སྒོ་ནས་བླང་བར་བྱ་བ་ཉིད་ཀྱིས་གཉེན་པོས་སྐྱོན་མཐོང་བ་སྔོན་


GLG013_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བའི་སྒོ་ནས་དོར་བར་བྱ་བ་མི་མཐུན་པའི་ཕྱོགས་འཇོམས་པ་ལ་དམིགས་ནས་ཆོས་ཅན། དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ཐེག་ཆེན་རང་གི་རྟོགས་པ་མཐར་ཐུག་པ་ལ་དམིགས་ནས་ཆོས་ཅན། ཉན་ཐོས་ཀྱི་ལམ་དམན་ཞིང་འབྲས་བུ་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་ཐེག་ཆེན་དུ་རིགས་ངེས་པ་ལ་ཉན་ཐོས་ལ་སོགས་པའི་ས་ཐག་སྲིང་བར་བྱེད་པ་ལ་དམིགས་ནས་ཆོས་ཅན། གདུལ་བྱའི་བསམ་པ་ཇི་ལྟ་བ་དང་མཐུན་པར་བརྒྱ་བྱིན་སོགས་སུ་སྤྲུལ་པས་སེམས་ཅན་གྱི་དོན་གྱི་ལས་བྱེད་པ་ལ་དམིགས་ནས་ཆོས་ཅན། གཞན་དོན་བྱེད་པའི་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་རིགས་ཅན་གསུམ་གྱི་སྐྱེ་བོ་ཐམས་ཅད་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་བའི་འབྲས་བུ་ལ་དམིགས་ནས་སྐྱོན་མེད་པ་ཉིད་ཀྱིས་འཇུག་པར་བྱའོ་ཞེས་བྱ་བར་གསུང་བ་ཉིད་དུ་བདེན་པར་ཞེན་པའི་བློ་ཆོས་ཅན། སྨྲས་པ། མཐའ་ཡས་ཤེས་བྱའི་བང་མཛོད་ཀུན་ལ་རང་གིར་སྤྱོད་པའི་ཟུར་ཕུད་ལྔ་པ་རྩོད་དུས་འདིར། །རལ་པའི་ཅོད་པན་རིང་དུ་དོར་ནས་རུང་མཐུན་གོས་ཀྱི་མཚམས་སྤྲིན་གཞོན་ནུར་རྗེས་ཆགས་པ། །གང་གི་གསུང་རབ་འཆད་མཁས་དབྱངས་ཀྱིས་རིགས་སྨྲ་ཕལ་གྱི་ཡིད་ཀྱི་ཤིང་རྟ་འགུགས་པ་དང་། །ཡོན་ཏན་ཕུང་པོའི་ཁུར་གྱི་ལྕི་བས་རྡུལ་གྱི་རྒྱུན་ལ་ཉལ་འགྲོའི་ཟོལ་འཛིན་མཉམ་དུ་བྱས། །ལྷ་དབང་འདྲེན་བྱེད་སྟོང་གིས་མ་མཐོང་ཞིང་། ཁྱབ་འཇུག་འཇུག་པ་བཅུ་ཡིས་མ་ཐོབ་པའི། །མི་ཕམ་མགོན་གྱི་ལུགས་སྲོལ་ལྟ་བ་འདི། །ཡོངས་འཛིན་མཁས་པའི་དབང་པོའི་དྲིན་དུ་འཁུམས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ལྡོག་པའི་རྟེན་


GLG013_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པོ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན་ཡོད་དེ། གཞུང་འོག་མས་འཆད་པའི་ཕྱིར། གཉིས་པ་ནི། བྱང་སེམས་ཀྱི་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཉན་ཐོས་ལ་སོགས་པའི་ཡིད་ལས་བྱུང་བ་དམན་ལམ་ལ་ལྡོག་བྱར་བདེན་པར་རྣམ་པར་རྟོག་པའི་འདི་ཆོས་ཅན། རྣམ་པ་དགུའི་བདག་ཉིད་ཡོད་དེ། སྲིད་པ་དང་ཞི་བའི་མཐར་ལྟུང་བའི་ཕྱིར་ཐེག་ཆེན་ལས་རྟོགས་པ་དམན་པ་ཉིད་ལ་དམིགས་པ་དང་ནི། ལམ་ཁྱད་པར་ཅན་གྱིས་ཡོངས་སུ་འཛིན་པ་མེད་པ་ལ་དམིགས་པ་དང་། གཞན་དོན་སྒྲུབ་པའི་ལམ་གྱི་རྣམ་པ་མ་ཚང་བ་ལ་དམིགས་པ་དང་། ཐར་པར་གཞན་གྱི་རྐྱེན་གྱི་འགྲོ་བ་ལ་དམིགས་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་ལས་ལོག་པ་ལ་དམིགས་པ་དང་། སྤངས་པ་ཉི་ཚེ་བའི་ལམ་ལ་དམིགས་པ་དང་། རྟོགས་པ་མཐོ་དམན་གྱི་རིགས་སྣ་ཚོགས་པ་ཉིད་ལ་དམིགས་པ་དང་། ཞི་མཐའ་མངོན་དུ་མ་བྱས་བར་དུ་ཐེག་ཆེན་ལ་གནས་པ་དང་འཇུག་པ་ལ་རྨོངས་པའི་ལམ་ལ་དམིགས་པ་དང་། ཞི་མཐའ་མངོན་དུ་བྱས་པའི་རྗེས་ལ་རྣམ་མཁྱེན་དུ་འགྲོ་བ་ཞེས་བྱ་བ་ལ་དམིགས་ནས་ལྡོག་བྱར་བདེན་པར་ཞེན་པའི་རྣམ་པར་རྟོག་པ་དགུ་ཡོད་པའི་ཕྱིར། གསུམ་པ་ནི། བྱང་སེམས་ཀྱི་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུད་ལ་བླང་བར་བྱ་བ་ཉིད་དུ་འབྱུང་བ། ཐེག་ཆེན་རིགས་ངེས་པ་ལ། ཉེས་པ་དང་བཅས་པ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་གནས་པས་ལྡོག་པར་བྱའོ། །ཞེས་བདེན་པར་འཛིན་པའི་གཟུང་བར་རྣམ་པར་རྟོག་པ་གཉིས་པ་རྣམ་པ་དགུ་པོ་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པ་


GLG013_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མེད་པའི་ལམ་གྱི་གནས་སྐབས་ཀྱི་སྤང་བར་བྱ་བར་བཞེད་པ་ཡིན་ཏེ། མཐོང་ལམ་རྩེ་སྦྱོར་གྱིས་དངོས་སུ་གཞོམ་བྱ་ཡིན་པའི་ཕྱིར། དགུ་པོ་གང་ཞེ་ན། ཐར་ལམ་དུ་ཞུགས་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱིས་རྟོགས་པ་དམན་པ་ཉིད་ཀྱི་ཐེག་པ་ལ་དམིགས་ནས་ལྡོག་བྱར་བདེན་པར་ཞེན་པའི་བློ་ཆོས་ཅན། ལྡོག་པ་གཟུང་རྟོག་ཡིན་ཏེ། བྱང་སེམས་ཀྱི་སྤང་བྱ་ལ་ལྡོག་བྱར་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། རྟགས་ཆོས་གཉིས་གཞན་བརྒྱད་ལའང་སྦྱར་རོ། །དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་དང་བྲལ་བ་ཉིད་ཀྱིས་ལམ་ཁྱད་པར་ཅན་གྱིས་ཡོངས་སུ་འཛིན་པ་མེད་པ་ལ་དམིགས་ནས་ཆོས་ཅན། ཤེས་བྱའི་སྒྲིབ་པ་མཐའ་དག་གི་གཉེན་པོ་ཚང་བ་མ་ཡིན་པ་ཉིད་ཀྱིས་གཞན་དོན་སྒྲུབ་པའི་ལམ་མ་ཚང་བ་ལ་དམིགས་ནས་ཆོས་ཅན། སྲིད་པ་ཐ་མའི་ཚེ་ཡང་དེ་སངས་རྒྱས་ལ་སོགས་པའི་གདམས་ངག་ལ་ལྟོས་པ་དང་། བཅས་པ་ཉིད་ཀྱིས་ཐར་པར་གཞན་གྱི་རྐྱེན་གྱིས་འགྲོ་བ་ཉིད་ལ་དམིགས་ནས་ཆོས་ཅན། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཆེན་པོ་ཉིད་ལ་སོགས་པ་གསུམ་ལ་མི་འཇུག་པ་ཉིད་ཀྱིས་ཆེད་དུ་བྱ་བ་ལོག་པ་ལ་དམིགས་ནས་ཆོས་ཅན། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཙམ་སྒོམ་པ་ཉིད་ཀྱིས་སྤངས་པ་ཉི་ཚེ་བའི་ལམ་གྱི་བྱེད་པ་དང་ལྡན་པ་ལ་དམིགས་ནས་ཆོས་ཅན། གཞི་ལམ་ལ་བདེན་པར་དམིགས་པ་དང་བཅས་པ་ཉིད་ཀྱིས་འབྲས་བུ་དང་པོ་རྒྱུན་ཞུགས་ལ་སོགས་པ་རྟོགས་པ་མཐོ་དམན་གྱི་རིགས་ཐ་དད་པ་ཉིད་ལ་དམིགས་ནས་ཆོས་ཅན། མ་རིག་པའི་བག་ལ་ཉལ་ཤེས་སྒྲིབ་ཐམས་ཅད་མ་སྤངས་པ་ཉིད་ཀྱིས་ཞི་མཐའ་མངོན་དུ་མ་བྱས་བར་དུ་ཐེག་ཆེན་གྱི་ལམ་ལ་གནས་པ་དང་དེའི་ལམ་


GLG013_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲོ་བ་མི་ཤེས་པ་ལ་དམིགས་ནས་ཆོས་ཅན། ཐེག་པ་ཆེན་པོའི་རྟོགས་རིགས་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་དམན་པའི་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མཇུག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བ་ལ་དམིགས་ནས་ཆོས་ཅན། གཉིས་པ་འཛིན་རྟོག་རྒྱས་པར་བཤད་པ་ལ་གཉིས། རྫས་འཛིན་རྟོག་པ་བཤད་པ་དང་། བཏགས་འཛིན་རྟོག་པ་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། སོ་སོ་སྐྱེ་བོའི་རྟེན་ཅན་གྱི་སྐྱེས་བུ་རྫས་སུ་ཡོད་པར་འཛིན་པའི་རྣམ་པར་རྟོག་པ་དང་པོ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། ཡོད་དེ། གཞུང་འོག་མས་འཆད་པའི་ཕྱིར། གཉིས་པ་ནི། འཛིན་པ་དང་པོ་རྫས་འཇིག་རྟོག་པ་ཆོས་ཅན། རྣམ་པ་དགུར་ཡོད་པར་ཤེས་པར་བྱ་སྟེ། འཛིན་པ་དང་ནི་འདོར་བར་གང་ཟག་ལ་དམིགས་པ་དང་། གནས་ལུགས་ཀྱིས་དོན་ལ་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པའི་དང་། ཁམས་རྣམས་ནི་གསུམ་ཆར་དང་ཉེ་བར་འབྲེལ་བའི་དང་། བདེན་པར་བཟུང་ནས་གནས་པའི་དང་། ཐམས་ཅད་ལ་བདེན་མེད་དུ་མངོན་པར་ཞེན་པའི་དང་། ཆོས་ཀྱི་དངོས་པོ་བཏགས་པ་ཙམ་དུ་ཁོང་དུ་ཆུད་པའི་དང་། མི་མཐུན་ཕྱོགས་ལ་ཆགས་པའི་དང་ནི། མཚན་འཛིན་གྱི་གཉེན་པོ་སྒོམ་པའི་དང་། རྣམ་མཁྱེན་དུ་ཇི་ལྟར་འདོད་པ་བཞིན་མྱུར་དུ་འགྲོ་བ་ལས་ཉམས་པའི་གང་ཟག་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་རྣམ་རྟོག་དགུ་ཡོད་པའི་ཕྱིར། གསུམ་པ་ནི། སོ་སྐྱེའི་རྫས་འཛིན་ལ་དོན་དམ་པར་ལོངས་སྤྱོད་པ་པོའི་དངོས་པོར་མངོན་པར་ཞེན་པས་ཁྱད་པར་དུ་བྱས་པའི་འཛིན་པར་རྣམ་པར་རྟོག་པ་དང་པོ་རྣམ་པ་དགུ་ཆོས་ཅན། མཐོང་བའི་ལམ་གྱི་རྩེ་མོའི་གནས་སྐབས་ཀྱི་སྤང་བར་བྱ་


GLG013_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཞེད་པ་ཡིན་ཏེ། མཐོང་ལམ་རྩེ་སྦྱོར་གྱི་དངོས་སུ་གཞོམ་བྱ་ཡིན་པའི་ཕྱིར། དགུ་པོ་རྣམས་གང་ཞེ་ན། དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་ཡོན་ཏན་འཛིན་པ་དང་སྐྱོན་གཏོང་བའི་གང་ཟག་ལ་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་ཀུན་བརྟགས་ཆོས་ཅན། རྟགས་ཆོས་གཉིས་སྔ་མ་བཞིན་དགུ་ག་ལ་སྦྱར་རོ། །ཡང་དག་པ་ཉིད་དུ་ཡིད་ལ་མི་བྱེད་པར་བདེན་པར་ཡིད་ལ་བྱེད་པའི་ཆོས་ཅན། ཀུན་ནས་ཉོན་མོངས་རྟེན་འབྲེལ་གྱི་ཆོས་ཉིད་ཀྱི་ཁམས་གསུམ་ཆར་དང་ཉེ་བར་འབྲེལ་བའི་ཆོས་ཅན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ལ་མི་གནས་པས་བདེན་པར་བཟུང་ནས་གནས་པའི་ཆོས་ཅན། དངོས་པོ་ལ་བདེན་པར་མངོན་པར་མ་ཞེན་པ་ཐམས་ཅད་ལ་བདེན་མེད་དུ་མངོན་པར་ཞེན་པའི་ཆོས་ཅན། དོན་དམ་པར་རྫས་སུ་ཡོད་པ་མེད་པའི་ཆོས་ཐམས་ཅད་བཏགས་པ་བ་ཙམ་དུ་ཁོང་དུ་ཆུད་པ་ཆོས་ཅན། གནས་ལུགས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་མ་ཆགས་པས་གང་ལ་ཡང་མངོན་པར་མ་ཞེན་པ་མངོན་དུ་འགྲོ་བའི་མི་མཐུན་པའི་ཕྱོགས་ལ་ཆགས་པའི་ཆོས་ཅན། མཚན་འཛིན་གྱི་གཉེན་པོ་ཆོས་ཐམས་ཅད་མཉམ་པ་ཉིད་སྒོམ་པའི་གཉེན་པོ་ཉིད་ཀྱིས་གནས་པའི་ཆོས་ཅན། རང་གཞན་གྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་མ་ཤེས་པ་ཉིད་ཀྱིས་རྣམ་མཁྱེན་དུ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ལ་ཡུན་རིང་དུ་ཐོགས་པའི་གང་ཟག་ལ་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་ཀུན་བཏགས་ཆོས་ཅན། གཉིས་པ་ལ་གསུམ། མཚམས་སྦྱར་བ་རྩ་བ། འགྲེལ་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། འཕགས་པའི་རྟེན་ཅན་གྱི་སྐྱེས་བུ་བཏགས་པར་ཡོད་པའི་འཛིན་པར་རྣམ་པར་རྟོག་པ་གཉིས་ལ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། ཡོད་དེ། གཞུང་འོག་མས་


GLG013_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པའི་ཕྱིར། གཉིས་པ་ནི། འཛིན་པའི་རྣམ་རྟོག་གཞན་བཏགས་འཛིན་རྟོག་པ་ཆོས་ཅན། རྣམ་པ་དགུ་ཡོད་པ་ཡིན་ཏེ། ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བའི་སྐྱེས་བུ་ལ་དམིགས་པ་དང་། ལམ་ཕྱིན་དྲུག་ལ་ལམ་མིན་པར་ངེས་པར་འཛིན་པའི་དང་། རྒྱུ་དགག་པ་དང་བཅས་པའི་འབྲས་སུ་སྐྱེ་བ་ལ་བདེན་པར་ཞེན་པའི་དང་། ལམ་དངོས་པོ་རྒྱུན་མི་ཆད་དུ་ལྡན་པ་དང་མི་ལྡན་པ་བདེན་པར་འཛིན་པའི་དང་། གཟུགས་སོགས་ལ་བདེན་པར་ཞེན་པའི་ཚུལ་གྱིས་གནས་པའི་དང་། ཐེག་ཆེན་གྱི་རིགས་ནི་འཇིག་ཅིང་ཉམས་པའི་དང་། རྫོགས་བྱང་ལ་དོན་དུ་གཉེར་བའི་འདོད་པ་མེད་པའི་དང་། རྒྱུ་ཤེར་ཕྱིར་སྒོམ་པ་མེད་པའི་དང་། བདུད་སོགས་ཕྱིར་རྒོལ་བར་ནི་དམིགས་པའི་སྐྱེས་བུ་ལ་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་རྣམ་པར་རྟོག་པ་དགུ་ཡོད་པའི་ཕྱིར། གསུམ་པ་ནི། བཏགས་པའི་དངོས་པོ་མངོན་པར་ཞེན་པ་ཉིད་ཀྱིས་འཛིན་པ་ལ་དམིགས་པའི་འཛིན་པར་རྣམ་པར་རྟོག་པ་གཉིས་པ་ཀུན་བཏགས་རྣམ་པ་དགུ་ཆོས་ཅན། མཐོང་བའི་ལམ་རྩེ་སྦྱོར་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་བར་ཆད་མེད་པའི་ལམ་གྱི་གནས་སྐབས་ཀྱིས་སྤང་བར་བྱ་བར་བཞེད་པ་ཡིན་ཏེ། མཐོང་ལམ་རྩེ་སྦྱོར་གྱིས་དངོས་སུ་གཞོམ་བྱ་ཡིན་པའི་ཕྱིར། དགུ་པོ་རྣམས་གང་ཞེ་ན། ཉན་ཐོས་ལ་སོགས་པའི་དམན་པའི་ཐེག་པར་ངེས་པར་འབྱུང་པ་ཉིད་ཀྱིས་ཆེད་དུ་བྱ་བ་ཆེན་པོ་གསུམ་དུ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བའི་སྐྱེས་བུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་ཀུན་བཏགས་ཆོས་ཅན། རྟགས་ཆོས་གཉིས་སྔ་མ་བཞིན་དགུ་ག་ལ་སྦྱར་རོ། །ཐེག་ཆེན་རང་གི་མངོན་


GLG013_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་པའི་ལམ་མེད་པས་ལམ་གཞན་ཕར་ཕྱིན་དྲུག་ལ་ལམ་མ་ཡིན་པར་ངེས་པར་འཛིན་པའི་ཆོས་ཅན། འབྲས་བུ་སྐྱེ་བ་དང་རྒྱུ་འགག་པ་ཀུན་རྫོབ་ཀྱི་ངོ་བོས་གནས་པ་ལ་བདེན་པར་ཞེན་པའི་ཆོས་ཅན། བདེན་འཛིན་གྱི་བར་ཆད་མེད་པ་དང་ཅིག་ཤོས་སུ་བར་ཆད་དང་བཅས་པར་སྣང་བ་ཉིད་ཀྱིས་ལམ་གྱི་དངོས་པོ་མཐའ་དག་རྒྱུན་མི་ཆད་དུ་ལྡན་པ་དང་མི་ལྡན་པ་བདེན་པར་འཛིན་པའི་ཆོས་ཅན། ནམ་མཁའ་ལ་གནས་པའི་བྱ་དང་འདྲ་བ་ཉིད་ཀྱིས་དོན་དམ་པར་མི་གནས་པའི་གཟུགས་ལ་སོགས་པ་ལ་བདེན་པར་ཞེན་པའི་ཚུལ་གྱིས་གནས་པའི་ཆོས་ཅན། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་འཇིག་ཅིང་ཉམས་པའི་ཆོས་ཅན། དེ་བཞིན་ཉིད་རྟོགས་པ་ཙམ་ལས་ཁྱད་པར་འཕགས་པའི་ཆོས་མེད་པར་བཟུང་ནས་རྫོགས་བྱང་ལ་དོན་གཉེར་གྱི་འདོད་པ་མེད་པའི་ཆོས་ཅན། དོན་དམ་པའི་བདེན་པ་ལ་བརྟེན་ནས་རྒྱུ་ཤེར་ཕྱིན་སྒོམ་པ་མེད་པའི་ཆོས་ཅན། སེར་སྣ་ཤིན་ཏུ་གོམས་པར་བྱས་པའི་ཆོས་ཉིད་ཀྱིས་བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་ལ་སོགས་ཕྱིར་རྒོལ་བའི་དངོས་པོར་དམིགས་པའི་སྐྱེས་བུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་ཀུན་བཏགས་ཆོས་ཅན། གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུ་ཆོས་ཅན། ཁྱོད་ལ་བརྟེན་ནས་རྣམ་རྟོག་དེ་དག་སྤང་བར་བྱ་བ་ཉིད་དུ་བྱེད་པའི་གཉེན་པོ་མཐོང་ལམ་རྩེ་སྦྱོར་རྩ་བའི་ཕྱེ་བའི་རྣམ་པ་བཞི་ཡང་རྣམ་རྟོག་དེ་བཞིན་དུ་ཡན་ལག་གི་དབྱེ་བས་ཐ་དད་པར་ཕྱེ་ནས་སོ་དྲུག་ཡོད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། ཁྱོད་ཀྱིས་རྩ་བའི་དབྱེ་བས་ཕྱེ་བའི་རྣམ་རྟོག་རྣམ་པ་བཞི་ཉིད་ལས་ཡན་ལག་གི་དབྱེ་བས་སོ་སོར་ཕྱེ་ན་མཐོང་བའི་


GLG013_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྩེ་སྦྱོར་གྱི་མི་མཐུན་པའི་ཕྱོགས་རྣམ་པ་དགུ་བཞི་སོ་དྲུག་བསྟན་པ་ཡིན་ལ། སྤང་བྱའི་གྲངས་ཀྱི་དབྱེ་བས་དེ་སྤོང་བྱེད་ཀྱི་གཉེན་པོའི་གྲངས་ཀྱི་དབྱེ་བ་ཡང་འགྲུབ་པའི་ཕྱིར། གཉིས་པ་གཉེན་པོ་རྩེ་སྦྱོར་བཤད་པ་ལ་གསུམ། མཐོང་ལམ་རྩེ་སྦྱོར་གྱི་རྒྱུ། མཐོང་ལམ་རྩེ་སྦྱོར་གྱི་འབྲས་བུ་བྱང་ཆེན། མཐོང་ལམ་རྩེ་སྦྱོར་རང་གི་ངོ་བོ་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་མཐོང་བའི་ལམ་རྩེ་སྦྱོར་ལ་མི་མཐུན་པའི་ཕྱོགས་གཉན་པོ་དང་བཅས་པ་བསྟན་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མཐར་ཐུག་གི་བྱང་ཆུབ་ཆེན་པོ་འགྲུབ་པར་བྱེད་པའི་མཐོང་བའི་ལམ་རྩེ་སྦྱོར་གྱི་རྒྱུ་གང་དང་བཅས་པས་བྱང་ཆེན་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་རིགས་ཅན་གཞན་བྱང་ཆུབ་ལ་འགོད་པའི་ཐབས་སྟོན་པ་དང་བྱང་ཆེན་དེའི་རྒྱུ་ཤེར་ཕྱིན་གྱི་ཚིག་དོན་ནི་ཡོངས་སུ་གཏོད་པ་དང་། བྱང་ཆེན་དེ་ཐོབ་པའི་བསོད་ནམས་མང་པོ་མཚན་ཉིད་དང་ལྡན་པའི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་བར་ཆད་མེད་པའི་རྒྱུ་ཡིན་ཏེ། དེ་བར་ཆད་མེད་པར་སྐྱེད་བྱེད་ཡིན་པའི་ཕྱིར། གསུམ་པ་ལ་གསུམ། བྱང་ཆུབ་ལ་འགོད་པ། དེའི་རྒྱུ་ལ་འགོད་པ། རང་ཉིད་བར་ཆད་མེད་པའི་རྒྱུ་སྒོམ་པའོ། །དང་པོ་ནི། འོག་ནས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་བྱང་ཆུབ་ལ་གདུལ་བྱ་གཞན་དག་ཐེག་ཆེན་གྱི་མཐོང་ལམ་སོགས་སྟོན་པས་རབ་ཏུ་འགོད་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་བར་ཆད་མེད་པའི་རྒྱུ་དང་པོ་ཡིན་ཏེ། དེ་འདྲའི་


GLG013_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་བྱེད་དང་པོ་ཡིན་པའི་ཕྱིར། གཉིས་པ་ནི། གནས་སྐབས་དང་མཐར་ཐུག་གི་བྱང་ཆུབ་ཀྱི་རྒྱུ་གདུལ་བྱ་དེ་དག་གནས་ལུགས་སྟོན་པའི་ཡང་དག་པའི་ཚིག་དང་དོན་ལ་སོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་སོ་སོར་གཏོད་པའི་བྱང་སེམས་ཀྱི་སྦྱོར་ལམ་ནི་ཆོས་ཅན། དེ་འདྲའི་རྒྱུ་གཉིས་པ་ཡིན་ཏེ། དེ་འདྲའི་སྐྱེད་བྱེད་གཉིས་པ་ཡིན་པའི་ཕྱིར། གསུམ་པ་ནི། གནས་སྐབས་ཀྱི་བྱང་ཆུབ་མཐོང་ལམ་རྩེ་སྦྱོར་ཐོབ་པར་བྱེད་པའི་བར་ཆད་མེད་པའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཉམ་གཞག་ཏུ་རང་གི་སྒོམ་ཞིང་རྗེས་ཐོབ་ཏུ་གཞན་ལ་སྟོན་པ་ལ་སོགས་པའི་བསོད་ནམས་ཆེས་མང་བའི་མཚན་ཉིད་དང་ལྡན་པའི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ནི་ཆོས་ཅན། དེ་འདྲའི་རྒྱུ་གསུམ་པ་ཡིན་ཏེ། དེ་འདྲའི་སྐྱེད་བྱེད་གསུམ་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། རང་ལུགས་ཀྱི་བྱང་ཆེན་ངོས་གཟུང་བ་དངོས་པོ་བདེན་པར་ཁས་ལེན་པ་ལ་དེ་མི་འཐད་པ། མཐར་ཐུག་གི་བྱང་ཆེན་ཐོབ་པར་འདོད་པས་ཆོས་ཐམས་ཅད་བདེན་སྟོང་དུ་ཁས་བླང་དགོས་པར་བསྟན་པའོ། །དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། གང་གི་དོན་དུ་མཐོང་བའི་ལམ་རྒྱུ་དེ་ལྟ་བུ་དང་བཅས་པས་སྐྱེད་པར་བཞེད་པས་བྱང་ཆུབ་ཆེན་པོ་དེ་གང་ཡིན་ཞེ་ན། ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པས་བྱང་ཆུབ་ཆེན་པོ་དེ་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། རྣམ་མཁྱེན་ཆོས་ཅན། བྱང་ཆུབ་ཆེན་པོ་ཞེས་བརྗོད་དེ། དྲི་མ་དོན་དམ་པར་ཟད་པ་མེད་པ་དང་། མི་སྐྱེ་བར་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་དག་གོ་རིམ་བཞིན་དུ་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཆེན་པོར་ཤེས་པར་བྱ་བ་ཡིན་པའི་ཕྱིར། དྲི་མ་


GLG013_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། དོན་དམ་པ་ཟད་མེད་སྐྱེ་མེད་ཡིན་ཏེ། དོན་དམ་པར་མེད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞན་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །དྲི་མ་ཟད་སྐྱེ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་བྱང་ཆུབ་ཆེན་པོའི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླ། ཁ་ཅིག །གནས་སྐབས་ཀྱི་བྱང་ཆུབ་ཆེན་པོ་མེད་ཟེར་ན། དེ་ཡོད་པར་ཐལ་། ཐེག་ཆེན་གྱི་བར་ཆད་མེད་ལམ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མའི་ཡེ་ཤེས་དེ་རང་འབྲས་གནས་སྐབས་ཀྱི་བྱང་ཆུབ་དངོས་སུ་འབྱིན་བྱེད་ཡིན་པའི་ཕྱིར། དེར་ཐལ། དེས་རང་འབྲས་གནས་སྐབས་དང་མཐར་ཐུག་གང་རུང་གི་དེ་དངོས་སུ་འབྱིན་པ་ནི་གང་ཞིག །ཕྱི་མ་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། དེ་ཚོགས་སྒྲུབ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་མཐར་ཐུག་བྱང་ཆེན་གྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། ལོངས་སྐུ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། རྒྱུད་བླ་མར། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། ལོངས་སྐུས་བླ་མེད་བྱང་ཆུབ་བརྙེས་པ་ལ་དགོངས་པའི་ཕྱིར། གསུམ་པ་ནི། སྐྱེས་པ་འདས་ད་ལྟར་དང་མ་སྐྱེས་པ་མ་འོངས་པ་ཉིད་དུ་དངོས་སྨྲ་བས་བདེན་པར་བཏགས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་རྣམས་ནི་ཆོས་ཅན། དོན་དམ་པར་མེད་དེ། དོན་དམ་པར་འགག་པ་དང་སྐྱེ་བ་མེད་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན་དུའོ། །


GLG013_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཡང་འཐད་དེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་འབྱུང་བ་དེས་ནའི་ཕྱིར། སྒྲིབ་པ་རྣམས་ཆོས་ཅན། དོན་དམ་པར་མེད་དེ། དོན་དམ་པར་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། དེ་ཆོས་ཅན། དོན་དམ་པར་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་ཏེ། དོན་དམ་པར་འགག་པ་དང་སྐྱེ་བ་མེད་པ་དེས་ནའི་ཕྱིར། དཔེར་ན་ནམ་མཁའི་པདྨ་བཞིན་དུའོ། །རྟགས་གྲུབ་སྟེ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་རྟགས་དང་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་རྟགས་ལ་བརྟེན་པའི་རྗེས་དཔག་ཚད་མ་ལ་སོགས་པས་བདེན་པ་འཐད་པའི་དངོས་པོ་མེད་པ་རྟོགས་པ་དེས་ནའི་ཕྱིར། ཆོས་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་ཆོས་ཀྱི་སྐུ་ལ་སོགས་པ་སྐུ་གསུམ་ཇི་ལྟ་བ་བཞིན་གྱི་བདག་ཉིད་ཅན་གྱི་རྣམ་མཁྱེན་ནི་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དེ། གོ་རིམ་བཞིན་དུ་དྲི་མ་རྣམས་དོན་དམ་པར་ཟད་པ་མེད་པ་དང་མི་སྐྱེ་བར་ཤེས་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། རིགས་པ་དང་འགལ་བས་དགག་པ་དང་། ཁས་བླངས་དང་འགལ་བས་དགག་པའོ། དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དངོས་པོར་སྨྲ་བ་གང་དག་དྲི་མ་བདེན་གྲུབ་ཀྱི་དངོས་པོ་སྔར་ཡོད་འཇིག་པའི་བསམ་པས་ཟད་པ་ལ་ཟད་དོ་སྙམ་པའི་ཤེས་པ་དང་དྲི་མ་བདེན་གྲུབ་ཀྱི་དངོས་པོ་སྐྱེ་འཕྲོ་ཆད་ནས་མི་སྐྱེ་བའི་བསམ་པས་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་པའི་ཤེས་པ་ནི་ཟད་པ་དང་མི་སྐྱེ་བའི་ཤེས་པ་ཡིན་པར་བརྗོད་ཅིང་བྱང་ཆུབ་དེ་ལྟར་ཟད་པ་དང་མི་སྐྱེ་བ་ཤེས་པ་ཡིན་པར་བརྗོད་པ་དེ་དག་ལ་ཆོས་ཅན།


GLG013_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་བྱང་ཆེན་དུ་རུང་བ་མ་ཡིན་པར་ཐལ། ཟད་པ་དང་མི་སྐྱེ་བ་དོན་དམ་པར་མེད་པ་ཁོ་ན་ཡིན་པ་དེས་ནའི་ཕྱིར། གང་གི་ཕྱིར་ན་དྲི་མ་བདེན་སྟོང་དུ་བསྒྲུབས་པ་དེ་ལྟ་ཡིན་པ་དེའི་ཕྱིར། ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དྲི་མ་བདེན་གྲུབ་ཏུ་ཁས་ལེན་པ་ལ་རིགས་པས་གནོད་པ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་མཐོང་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན་། ཤེས་སྒྲིབ་རྣམ་པར་རྟོག་པའི་རིགས་བདེན་གྲུབ་སྔར་ཡོད་ཅི་ཞིག་ཟད་ཅིང་བདེན་གྲུབ་སྐྱེ་འཕྲོ་ཆད་པའི་སྐྱེ་མེད་ཀྱི་རྣམ་པའི་འགོག་བདེན་ཅི་ཞིག་ཀྱང་འཐོབ་པ་མ་ཡིན་པར་ཐལ། བདེན་གྲུབ་ཀྱི་དྲི་མ་སྔར་ཡོད་གསར་དུ་འགག་པའི་འགོག་པ་མེད་པའི་རང་བཞིན་ལ་གནས་པའི་ཕྱིར། གསུམ་པ་ནི། དངོས་པོའི་གནས་ལུགས་ལ་ལོག་པར་མངོན་པར་ཞེན་པའི་དངོས་པོར་སྨྲ་བ་ཁྱོད་ཀྱི་ལུགས་ལ་མཐོང་བའི་ལམ་རྩེ་སྦྱོར་ཆོས་ཅན། ཁྱོད་ཀྱི་སྟོབས་ཀྱིས་ཤེས་སྒྲིབ་རྣམ་པར་རྟོག་པ་ལ་སོགས་པའི་ངོ་བོ་བདེན་གྲུབ་སྔར་ཡོད་སྐྱེས་པ་ནི་ཅི་ཞིག་ཟད། སྐྱེ་འཕྲོ་ཆད་པའི་མི་སྐྱེ་བའི་ཆོས་ཅན་གྱི་མ་སྐྱེས་པ་རྣམ་གྲོལ་ལམ་ནི་ཅི་ཞིག་ཀྱང་སྐྱེ་བ་མ་ཡིན་པར་ཐལ། གོ་རིམ་བཞིན་དུ་དྲི་མ་སྐྱེས་པ་ཟད་པ་དང་དྲི་མ་མ་སྐྱེས་པ་དག་སྐྱེ་བའི་གེགས་བྱེད་པའི་མཚན་ཉིད་ཀྱི་འགོག་བདེན་དོན་དམ་པར་གྲུབ་པ་དང་བྲལ་བའི་ཕྱིར། ཆོས་ཐམས་ཅད་དོན་དམ་པར་གྲུབ་པས་སྟོངས་པ་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཡིན་པ་དེས་ནའི་ཕྱིར། དེས་ན་དབུ་མ་པ་ཁོ་བོ་ཅག་གི་གཞུང་ལུགས་ཁོ་ན་ཁས་བླང་བར་བྱའོ་སྙམ་དུ་རྗེ་བཙུན་གྱིས་དགོངས་


GLG013_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཅན། རྒྱུ་མཚན་ཡོད་དེ། དྲི་མ་ཟད་སྐྱེ་བདེན་གྲུབ་ཅུང་ཟད་ཀྱང་མེད་པ་ཁོ་ན་ཡིན་པ་དེ་བས་ནའི་ཕྱིར་རོ། །གཉིས་པ་ལ་གསུམ། མཚམས་སྦྱར་བ། རྩ་བ་འགྲེལ་པའོ། །དང་པོ་ནི། དྲི་མ་བདེན་སྟོང་དེ་ལྟར་མ་ཡིན་པར་བདེན་གྲུབ་ཀྱི་ཆོས་ཡང་དག་པར་ཡོད་པར་ཁས་ལེན་ན་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྣམ་པར་རྟོག་པས་ས་བོན་དང་བཅས་པ་རྣམ་པ་ཐམས་ཅད་དུ་ཟད་པར་སྤངས་པར་ཁས་ལེན་པ་ནི་ངོ་མཚར་ཆེ་བའི་གནས་ཡིན་ནོ་ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དྲི་མ་བདེན་གྲུབ་ཏུ་ཁས་ལེན་པ་ལ་ཁས་བླངས་འགལ་བས་ཀྱང་གནོད་པ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཕྱི་ནང་གི་ཆོས་རྣམས་ཀྱང་དོན་དམ་པར་ཡོད་ལ་སྟོན་པ་ཐམས་ཅད་མཁྱེན་པ་ཡིས་ཤེས་བྱ་ལ་ཡང་རྨོངས་པའི་སྒྲིབ་པ་ཟད་པར་བརྗོད་པ་གང་ཡིན་པའི་དངོས་པོར་སྨྲ་བ་གཞན་གྱི་ལུགས་དེ་ལ་བྱམས་པ་ཁོ་བོས་མཚར་དུ་བརྩིས་པ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་བདེན་པར་གྲུབ་ན་དེ་གཉེན་པོས་སྤོང་དུ་མི་རུང་བས་ཁྱབ་པའི་ཕྱིར། གསུམ་པ་འགྲེལ་པ་ལ་གཉིས། སྙིང་པོའི་དོན་སྒོམ་པའི་རིམ་པ་བཤད་པ་དང་། རྩ་བའི་ཚིག་དོན་བཤད་པའོ། །དང་པོ་ལ་གསུམ། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་བཤད་པ། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པར་རྟོགས་པའི་རྣལ་འབྱོར་གྱི་ས་བཤད་པ། ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་པའི་རྣལ་འབྱོར་གྱི་ས་བཤད་པའོ། །དང་པོ་ལ། བསམ་བྱུང་གི་རིགས་པ། བསྒོམས་བྱུང་གི་རྣལ་འབྱོར། བསྒོམས་


GLG013_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་གསུམ་ལས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། གང་ཟག་གི་བདག་གི་སྟོང་པ་ཡིན་ཏེ། སྐྱེ་བ་དང་འཇིག་པ་དེའི་ཕྱིར། ཁྱབ་སྟེ། དེ་ལ་སྐྱེ་འཇིག་གི་སྟོང་པས་ཁྱབ་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག་ན་རེ། གཟུགས་མེད་རྟོགས་པའི་རྣལ་འབྱོར་གྱི་སས་གཟུང་བ་རང་བཞིན་མེད་པར་རྟོགས། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱིས་སས་འཛིན་པ་རང་བཞིན་མེད་པར་རྟོགས། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱིས་སས་གཉིས་སྟོང་གི་ཤེས་པ་རང་བཞིན་མེད་པར་རྟོགས་ཟེར་ན་མི་འཐད་པར་ཐལ། གཟུང་འཛིན་གྱི་ཆོས་དང་གཉིས་སྟོང་གི་ཤེས་པ་རྣམས་རང་བཞིན་གྱིས་གྲུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་རྣམས་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁ་ཅིག །དེ་འདྲའི་ས་དེ་ལ་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས། སྤྲོས་བྲལ་གྱི་རྣལ་འབྱོར་གྱི་ས་དང་བཞི་ཡོད་པས། དང་པོ་ཉན་ཐོས་སྡེ་པ་དང་། གཉིས་པ་སེམས་ཙམ་རྣམ་བདེན་པ། གསུམ་པ་སེམས་ཙམ་རྣམ་རྫུན་པ། བཞི་པ་དབུ་མ་ལ་སྦྱོར་ཟེར་ན། གཟུང་བ་རྫས་གཞན་མེད་པར་རྟོགས་པའི་གང་ཟག་ཡིན་ན། འཛིན་པ་རྫས་གཞན་མེད་པར་ཚད་མས་གྲུབ་པའི་གང་ཟག་ཡིན་མི་དགོས་པར་ཐལ། ཁྱོད་ཀྱི་དབྱེ་བ་དེ་འཐད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། སྔོན་པོ་སྔོར་སྣང་དབང་ཤེས་ལས་རྫས་


GLG013_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མ་ཡིན་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། སྔོར་སྣང་དབང་ཤེས་སྔོན་པོ་ལས་རྫས་གཞན་མ་ཡིན་པར་ཚད་མས་གྲུབ་པའི་གང་ཟག་ཡིན་དགོས་པའི་ཕྱིར། ཁ་ཅིག །གཟུགས་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་ཡེ་ཤེས་དེ་གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་སའི་མཚན་ཉིད་ཟེར་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིངརྗེ་ཆེན་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། འདོད་ན། རང་རྒྱལ་གྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་དེ་དེ་རྟོགས་པའི་རྣལ་འབྱོར་གྱི་སའི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། སྒྲུབ་ཚུལ་སྔར་བཞིན། ཁ་ཅིག །གང་ཟག་གི་བདག་མེད་རྟོགས་པའི་ལམ་ཞུགས་ཀྱི་མཁྱེན་པ་དེ་རྣལ་འབྱོར་གྱི་ས་དང་པོའི་མཚན་ཉིད་ཟེར་ན། སྟོང་ཉིད་རྟོགས་པའི་རྣམ་མཁྱེན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གཉིས་པ་རང་ལུགས་ནི། ཞི་ལྷག་ཟུང་འབྲེལ་གྱི་མངོན་རྟོགས་གང་ཞིག །ཡོན་ཏན་དུ་མའི་རྟེན་བྱེད་པ་དེ་རྣལ་འབྱོར་གྱི་སའི་མཚན་ཉིད། དབྱེ་ན་རྟེན་གྱི་སྒོ་ནས་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་རྣལ་འབྱོར་གྱི་ས་གསུམ། ཡུལ་གྱི་སྒོ་ནས་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས། གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས། བདེན་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས་རྣམས་སུ་ཡོད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། གང་ཟག་གི་བདག་མེད་རྟོགས་པའི་བྱང་སེམས་ཀྱི་ཚོགས་ལམ་དེ་བྱང་སེམས་ཀྱི་རྣལ་འབྱོར་གྱི་ས་ཡིན་པར་


GLG013_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། དེ་བྱང་སེམས་ཀྱི་ས་ཡིན་པར་ཐལ། འདོད་པའི་ཕྱིར། ཞེས་ཟེར་རོ། ཁ་ཅིག །སྔོན་པོ་དང་སྔོན་འཛིན་གྱི་བློ་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཟེར་ན། སྔོན་འཛིན་གྱི་བློ་ཡོད་ན་སྔོན་པོ་ཡོད་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་པོ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། གཉིས་པ་ནི། ཞི་ལྷག་ཟུང་འབྲེལ་ལ་བརྟེན་ནས་གང་ཟག་གི་བདག་མེད་དོ་སྙམ་དུ་བསམ་ཞིང་སྒོམ་པའི་ཏིང་འཛིན་ཆོས་ཅན། གང་ཟག་གི་བདག་མེད་ལ་དམིགས་པའི་སྒོམ་བྱུང་གི་རྣལ་འབྱོར་ཡིན་ཏེ། དེ་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ཡིན་པའི་ཕྱིར། གསུམ་པ་ནི། ཕུང་པོ་ལ་སོགས་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་དང་འཇིག་པའི་ས་བོན་རྣམས་གང་ཟག་གི་བདག་དེས་དབེན་པའི་ངོ་བོ་ལ་ཡང་དག་པར་དམིགས་ཏེ་བསྒོམས་པ་ཆོས་ཅན། དགོས་པ་ཡོད་དེ། གང་ཟག་གི་བདག་ཏུ་མངོན་པར་ཞེན་པ་བོར་ལ་སྐྱེ་མི་རུང་དུ་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། བསམ་བྱུང་གི་རིགས་པ་ལ་བརྟེན་ནས་མཉམ་གཞག་ཏུ་སྒོམ་པའི་རིམ་པ་དང་། རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པ་གཉིས། དང་པོ་ལ། བསམ་བྱུང་གི་རིགས་པ། སྒོམ་བྱུང་གི་རྣལ་འབྱོར། བསྒོམས་པའི་འབྲས་བུ་གསུམ་ལས། དང་པོ་ནི། སྔོན་པོ་དང་དེར་འཛིན་པའི་བློ་ཚད་མ་དག་ཆོས་ཅན། རྫས་ཐ་དད་མ་ཡིན་ཏེ། ལྷན་ཅིག་དམིགས་པ་ངེས་པ་ཡིན་པའི་ཕྱིར། གཉིས་པ་ནི། སྔོན་པོ་སོགས་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བ་ཡིད་ལ་བྱེད་ཅིང་མཉམ་གཞག་ཏུ་སྒོམ་པའི་ཞི་ལྷག་


GLG013_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འབྲེལ་གྱི་ཏིང་འཛིན་ཆོས་ཅན། གཟུང་བ་ཆོས་ཀྱི་བདག་མེད་རགས་པ་ལ་དམིགས་པའི་སྒོམ་བྱུང་གི་རྣལ་འབྱོར་ཡིན་ཏེ། དེ་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ཡིན་པའི་ཕྱིར། གསུམ་པ་ནི། འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་བདེན་པར་མངོན་པར་ཞེན་པ་ཡོངས་སུ་མ་བོར་བའི་ཕྲ་བས་སྟོང་ཉིད་ལ་མ་དམིགས་ཀྱང་གཟུང་བ་ཕྱི་རོལ་གྱི་དོན་མེད་པར་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་པ་ཆོས་ཅན། དགོས་པ་ཡོད་དེ། སྔོན་པོ་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཏེ་གནས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི་ཤེས་བྱ་ཆོས་ཅན་། གཟུང་བ་དོན་གཞན་མེད་ན་དེར་སྣང་བའི་འཛིན་པ་མ་འཁྲུལ་བ་མེད་དོ་སྙམ་དུ་རྗེས་ཐོབ་ཏུ་ངེས་པར་འཛིན་པས་འཛིན་པའི་རྣམ་པའི་མཚན་ཉིད། སྔོན་པོ་ལ་སོགས་པ་རྣམ་པར་རིག་པ་མ་འཁྲུལ་བར་འཛིན་པ་ཙམ་དེ་ཡང་བསལ་ཏེ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས་ཡིད་ལ་བྱེད་པ་རྗེས་ཐོབ་དུ་བྱ་བའི་རིམ་པ་ཡིན་ཏེ། དེའི་ཉམས་ལེན་ཡིན་པའི་ཕྱིར། གསུམ་པ་ལ། བསམ་བྱུང་གི་རིགས་པ། སྒོམ་བྱུང་གི་རྣལ་འབྱོར་བསྒོམས་པའི་འབྲས་བུ་གསུམ་ལས། དང་པོ་ནི། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དེ་ཡང་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། དཔེར་ན་སྒྱུ་མ་བཞིན། གཉིས་པ་ནི། ཡང་དག་པར་ན་གཅིག་ཏུ་བདེན་པའི་དངོས་པོ་དང་། དེས་བཀག་པའི་དངོས་པོ་མེད་པ་བདེན་པར་གྲུབ་པ་ལ་སོགས་པར་བཏགས་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་སྒོམ་པའི་ཏིང་ངེ་འཛིན་ཆོས་ཅན། ཕྲ་བའི་ཆོས་ཀྱི་བདག་མེད་ལ་གནས་པའི་སྒོམ་བྱུང་གི་རྣལ་འབྱོར་ཡིན་ཏེ། དེ་ལ་དམིགས་


GLG013_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་བསྒོམས་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་སྟོབས་ཀྱིས་ཆོས་ཉིད་ལ་གསལ་སྣང་ཡོངས་སུ་རྫོགས་པར་གྲུབ་པ་ན་རྣལ་འབྱོར་པས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ཡང་སྤོང་བའི་ཕྱིར། དེའི་ཚེ་ཕུང་པོ་ཆོས་ཀྱི་བདག་ཏུ་འཁྲུལ་བའི་མཚན་མ་ཤེས་སྒྲིབ་ཀུན་བརྟགས་ཀྱིས་ས་བོན་མཐའ་དག་སྤངས་པ་ན་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་སོ་རང་གི་རིག་པར་བྱ་བ་ཅི་ཞིག་ལྟར་ཡང་དག་པར་ཏེ་ཇི་ལྟ་བ་བཞིན་སྐྱེས་པ་ཡིན་པའི་ཕྱིར། དཔེར་ན་མཁས་པས་ཁ་ཅིག་ཏུ་ནོར་བུ་ཆུ་ཤེལ་དང་དངུལ་ལ་སོགས་པའི་གཟུགས་མ་འདྲེས་པར་འབྱེད་ཤེས་པ་བཞིན་ཡིན་པའི་ཕྱིར། གཉིས་པ་ལ་སྒྲིབ་པ་དོན་དམ་དུ་ཡོད་པ་ལ་གནོད་བྱེད་བསྟན་པ་དང་། དེ་ཁས་ལེན་པ་དང་ཤེས་སྒྲིབ་ཀྱི་ས་བོན་སྤོང་ནུས་པར་ཁས་བླངས་པ་འགལ་བ་བསྟན་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན་། སྐད་ཅིག་མའི་ཆོས་ཤེས་པ་ཙམ་གྱི་ངོ་བོ་གཉེན་པོ་དང་སྤང་བྱ་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ལ་སྒྲིབ་པ་རྣམས་ཆོས་ཅན། དོན་དམ་པར་མེད་དེ། གལ་ཏེ་དོན་དམ་པར་ཡོད་པ་ཉིད་དུ་གྱུར་ན། དེའི་ཚེ་གཉེན་པོ་བསྒོམས་པས་ནམ་མཁའ་བཞིན་དུ་གཉེན་པོས་སྤང་བྱ་དེ་དག་ལ་ཅུང་ཟད་ཀྱང་གནོད་པ་མི་བྱེད་དགོས་པའི་ཕྱིར། སྒྲིབ་གཉིས་དོན་དམ་པར་ཡོད་པ་དེ་ལྟ་ཡིན་ན་དུས་ཐམས་ཅད་དུ་འདུས་མ་བྱས་ཀྱི་ནམ་མཁའ་ཐོགས་བཅས་ཀྱི་རྫས་མེད་པ་ཙམ་གྱི་ངོ་བོ་འཛིན་པ་བཞིན་དུ། སྒྲིབ་གཉིས་ཀྱི་གཉེན་པོ་གསར་དུ་བསྐྱེད་དུ་མེད་པ་དང་། སྒྲིབ་གཉིས་སྤང་དུ་མེད་པའི་རང་གི་ངོ་བོ་འཛིན་དགོས་


GLG013_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བཅོམ་ལྡན་འདས་ཀྱི་ཤེས་བྱའི་སྒྲིབ་པ་རྣམ་པ་ཐམས་ཅད་དུ་སྤངས་པར་འདོད་པ་གང་ཡིན་པ་དང་། གཉེན་པོའི་ཆོས་རྣམས་ཀྱང་ཡོད་པར་ཁས་བླངས་པ་གང་ཡིན་པ་ཕན་ཚུན་འགལ་བའི་དོན་ཁས་ལེན་པས་ཁྱད་པར་དུ་བྱས་པའི་དངོས་སྨྲ་བ་དེ་ལ་ནི་ཁོ་བོས་མཚར་དུ་བརྩིས་སོ་ཞེས་བྱ་བ་བྱམས་པས་གསུངས་པ་ལ་རྒྱུ་མཚན་ཡོད་དེ། དངོས་སྨྲ་བ་གཞན་དག་གིས་དམ་བཅས་པ་ལྟར་ན་དངོས་པོ་བདེན་པར་མངོན་པར་ཞེན་པ་ཕྱིན་ཅི་ལོག་མི་ལྡོག་པས་ཁྱབ་པ་གང་ཞིག །དེ་ལྟར་ན་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་སྤང་དུ་མི་རུང་བས་ཁྱབ་པའི་ཕྱིར། གསུམ་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྒྲིབ་པ་དོན་དམ་པར་ཡོད་པར་འདོད་པའི་ཕྱོགས་བསལ་ནས། ངོ་བོ་ཉིད་མེད་པའི་ཕྱོགས་བརྟན་པོར་མཛད་པས་ཐར་འདོད་རྣམས་ཀྱིས་འདི་ཁོ་ན་ཁས་བླང་བར་བྱའོ། །ཞེས་འཆད་ཚུལ་ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པས་གནས་པའི་ཕྱོགས་དེ་ལྟར་བསྟན་པའི་ཕྱིར། སྨྲས་པ། རྨོངས་པའི་ཚང་ཚིང་སྟུག་པོར་མལ་བཅས་ཤིང་། །མི་བཟད་ཞེ་སྡང་འཆི་བའི་རྣོ་ངར་ཅན། །གསུང་རབ་རི་དྭགས་སྲོག་མཐར་གཏོང་བྱེད་པའི། །མཁས་རློམ་གཅན་གཟན་དེ་རྗེས་སུ་ཞིག་འཇུག །སྐྱེ་བའི་ཆུ་ཀླུང་རྒས་པའི་རྦ་རླབས་འཁྲུག །ཟུག་རྔུའི་ནད་ཀྱི་ཆུ་སྲིན་རབ་རྒྱུ་ཞིང་། །འཆི་བདག་མི་འདོད་རླུང་གིས་འཇོམས་བྱེད་པའི། །འཁོར་བའི་མཚོ་འདིར་ཤེས་ལྡན་སུ་ཞིག་ཆགས། །འོན་ཀྱང་ཐོས་པའི་མཐའ་རྒྱ་མ་བཅད་པར། །འཁོར་བ་ཉི་ཚེའི་ངེས་འབྱུང་ཕྲ་མོ་ཡིས། །མཐོན་པོའི་རི་རྩེར་བསྡད་ཀྱང་སེམས་ཀྱི་རྟ། །དམའ་མོའི་གྲོང་ཡུལ་ཉུལ་འདི་གད་མོའི་གནས། །གསུང་རབ་མང་པོར་བརྒལ་བརྟགས་


GLG013_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་དཔྱད་ནས། །དེ་དོན་ཚུལ་བཞིན་སྒྲུབ་པ་འོས་མོད་ཀྱང་། །ཐོས་པ་ཤིང་གིས་ཉོན་མོངས་མེ་སྤར་བས། །རང་རྒྱུད་སྲེག་པའི་བྱེད་པོ་འདིས་ཀྱང་ནི། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ་གཞི་དངོས་པོའི་གནས་ལུགས། དེ་རྟོགས་པའི་ལྟ་བ། ལྟ་བ་གོམས་པའི་འབྲས་བུ་བཤད་པ་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། རྟེན་ཅིངའབྲེལ་བར་འབྱུང་བ་འདི་ཆོས་ཅན། ཁྱོད་ལ་བདེན་གྲུབ་སྔར་ཡོད་གསར་དུ་བསལ་བར་བྱ་བ་ཅི་ཡང་མེད་ཅིང་། བདེན་གྲུབ་ཀྱིས་སྟོང་པ་སྔར་མེད་གསར་དུ་གཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། ཁྱོད་གདོད་མ་ནས་བདེན་པར་གྲུབ་པས་སྟོང་པའི་ཕྱིར། གཉིས་པ་མཐའ་དཔྱད་ལ། ཁ་ཅིག །དྲི་མ་བསལ་དུ་མེད་པ་དང་། གཉེན་པོ་བསྐྱེད་དུ་མེད་པ་གཞུང་གི་དོན་དུ་བྱེད་ཟེར་ན། འོ་ན་ཤེས་སྒྲིབ་སྤང་བྱ་དང་། དེའི་གཉེན་པོ་རྒྱུད་ལ་བསྐྱེད་བྱ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །བདག་མེད་གཉིས་གཞི་དབུ་མ། དེ་གཉིས་རྟོགས་པའི་ལམ་ལམ་དབུ་མ། དེ་ཐོབ་པའི་རྣམ་གྲོལ་ལམ་འབྲས་བུ་དབུ་མ་ཡིན་ཟེར་ན། གང་ཟག་གི་བདག་མེད་དེ་གཞི་དབུ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྟེན་འབྲེལ་དོན་དམ་པར་གྲུབ་པས་སྟོང་པའི་ཡང་དག་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཤེས་རབ་ཡང་དག་པའི་ལྟ་བ་ཡིན་ཏེ། གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། རྟེན་འབྲེལ་བདེན་གྲུབ་ཀྱིས་སྟོང་པའི་སྟོང་པ་ཉིད་ཡང་དག་པ་ཉིད་མཐོང་བ་ཐབས་ཁྱད་པར་ཅན་གྱིས་ཟིན་ནས་


GLG013_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པའི་རྣལ་འབྱོར་གྱི་འབྲས་བུ་ཡོད་དེ། སྒྲིབ་གཉིས་ལས་གྲོལ་བའི་རྣམ་མཁྱེན་དེ་ཡིན་པའི་ཕྱིར། གསུམ་པ་ནི། རྣམ་མཁྱེན་དོན་གཉེར་གྱི་སྐྱེས་བུ་ཆོས་ཅན། གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟག་ཅིངབསྒོམ་པར་བྱ་རིགས་ཏེ། གང་གི་ཕྱིར་ན། རྟེན་འབྲེལ་བདེན་པར་གྲུབ་བའི་དངོས་པོར་མངོན་པར་ཞེན་པ་ལས་མ་ལྡོག་པར་སྒྲིབ་གཉིས་ལས་གྲོལ་བ་མི་འཐད་པ་གང་ཞིག །ཁྱོད་རྣམ་གྲོལ་དོན་དུ་གཉེར་བའི་སྐྱེས་བུ་ཡིན་པའི་ཕྱིར། དེ་ཆོས་ཅན། མེད་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྟེན་འབྲེལ་གྱི་ཆོས་གང་ལ་ཡང་ཆོས་ཅན། སྒྲོ་སྐུར་དང་བྲལ་བར་བལྟ་རིགས་ཏེ། ཐ་སྙད་དུ་མེད་ཅེས་སྐུར་པ་འདེབས་པའི་ངོ་བོས་བསལ་བ་དང་། དོན་དམ་དུ་ཡོད་ཅེས་སྒྲོ་འདོགས་པའི་ངོ་བོས་བཞག་པ་མ་བྱས་པར་ཐ་སྙད་དུ་ཡོད་ལ་དོན་དམ་པར་མེད་པར་བལྟ་རིགས་པའི་ཕྱིར། དེ་ལྟར་ན་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་མཐར་ཕྱིན་ན་སྒྲིབ་གཉིས་ལས་རྣམ་པར་གྲོལ་བར་འགྱུར་བ་ཡིན་ལ། དེ་ཡང་ཀུན་རྫོབ་ཏུ་ཡིན་ཞིང་དོན་དམ་དུ་མ་ཡིན་ཏེ། སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ། རྟེན་འབྲེལ་གྱི་གནས་ལུགས་རྟོགས་པའི་གཉེན་པོ་རྫུན་པས་རྟེན་འབྲེལ་གྱི་གནས་ལུགས་དང་མི་མཐུན་པའི་ཕྱིན་ཅི་ལོག་གི་སྣང་ཞེན་མཐའ་དག་ལྡོག་པར་བྱེད་པའི་ཕྱིར། གསུམ་པ་མཐོང་ལམ་རྩེ་སྦྱོར་གྱི་ངོ་བོ་བཤད་པ་ལ་དངོས་ཀྱི་དོན་དང་། སྤངས་པ་ལ་དབང་བྱེད་པའི་རྒྱུ་མཚན་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་བྱང་ཆེན་གྱི་ཞར་ལ་འོངས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུམ་བརྗོད་ནས། རྣལ་མ་དཀྱུས་ཀྱི་


GLG013_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཐོང་བའི་ལམ་ཉིད་གསུང་ཚུལ་ཡོད་དེ། གཞུང་འོག་མས་འཆད་པའི་ཕྱིར། གཉིས་པ་ནི། སྦྱིན་པ་ལ་སོགས་པ་དེ་དག་རེ་རེར་ནི་དྲུག་ཀ་ཕན་ཚུན་བསྡུས་པ་གང་ཡིན་པ་སྐད་ཅིག་གཅིག་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་བར་ཆད་མེད་ལམ་དེ་ཆོས་ཅན། སྐབས་འདིར་མཐོང་བའི་ལམ་རྩེ་སྦྱོར་ཡིན་ཏེ། ཤེས་སྒྲིབ་མཐོང་སྤང་གི་ས་བོན་དངོས་སུ་འཇོམས་པའི་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་ལ། དངོས་ཀྱི་དོན་དང་། དེའི་བྱེད་པ་བཤད་པ་གཉིས། དང་པོ་ནི་སྔ་མ་བཞིན་དུ་འཁོར་གསུམ་རྣམ་པར་དག་པའི་སྦྱིན་པ་ལ་སོགས་པ་ཕ་རོལ་དུ་ཕྱིན་པ་དྲུག་པོ་དེ་དག་སོ་སོར་སྦྱིན་པའི་སྦྱིན་པ་ལ་སོགས་པའི་ངོ་བོར་རེ་རེ་ཕན་ཚུན་བསྡུས་པ་གང་ཡིན་པ་ལྡོག་པས་རབ་ཏུ་ཕྱེ་བ་རྣམ་པ་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཅན་དུ་སྐྱེས་པའི་སྐད་ཅིག་མ་གཅིག་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་གང་ཡིན་པའི་བར་ཆད་མེད་ལམ་དེ་ནི་ཆོས་ཅན། རྩེ་མོའི་མངོན་པར་རྟོགས་པའི་སྐབས་འདིར་མཐོང་ལམ་རྩེ་སྦྱོར་ཡིན་ཏེ། སྔར་བཤད་པ་དེའི་ཕྱིར། གཉིས་པ་ནི། མཐོང་ལམ་རྩེ་སྦྱོར་དེ་ཆོས་ཅན། ཁྱོད་སྐྱེས་པ་ན་མཐོང་སྤང་ཤེས་སྒྲིབ་དེ་དག་གིས་བསྡུས་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྐྱེ་བར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་པ་ཡིན་ཏེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དེའི་ཕྱིར། དེ་འདྲའི་རྣམ་རྟོག་ཆོས་ཅན། བརྒྱ་རྩ་བརྒྱད་ཡོད་དེ། མཐོང་སྤང་ཤེས་སྒྲིབ་ཀྱིས་བསྡུས་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་རེ་རེ་ལའང་། འདོད་པ་དང་གཟུགས་དང་གཟུགས་མེད་


GLG013_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁམས་ཀྱི་དབྱེ་བས་སོ་སོར་རྣམ་པ་དགུ་དགུར་ཕྱེ་བ་ཉིད་ཀྱིས་ཡོད་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་དེ་ལ་དབང་དུ་བྱ་བའི་ཕྱིར་དེ་ཉིད་ཡང་དང་ཡང་དུ་སྒོམ་པར་བྱེད་དོ། །ཞེས་བསྟན་ཚུལ་ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པས་གསུངས་པའི་ཕྱིར། གཉིས་པ་ནི། དེ་ནས་མཐོང་ལམ་རྩེ་སྦྱོར་ལ་གནས་པའི་རྣལ་འབྱོར་པ་ཆོས་ཅན། རང་གི་སྤང་བྱ་ལ་དབང་བྱེད་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། མཉམ་གཞག་ཏུ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྗེས་ཐོབ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་མཐུན་དང་ལུགས་མི་མཐུན་ལ་རྟོག་པར་བྱེད་པའི་སེམས་དཔའ་ཡིན་པའི་ཕྱིར། གསུམ་པ་ལ། མཉམ་གཞག་ཏུ་བསྒོམ་པའི་མཐོང་ལམ་རྩེ་སྦྱོར་དང་། རྗེས་ཐོབ་ཏུ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་མཐོང་ལམ་རྩེ་སྦྱོར་གཉིས་ལས། དང་པོ་ནི། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་རྣལ་འབྱོར་པ་དེ་མཉམ་གཞག་ཏུ་སེང་གེ་རྣམ་པར་བསྒྱིངས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡིན་ཏེ། མཐོང་སྤང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་བདེན་པ་མངོན་རྟོགས་ལ་སྙོམས་པར་ཞུགས་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལས་ལངས་པའི་དུས་ཕྱིས་རྗེས་ཐོབ་ཏུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་ལུགས་དང་མཐུན་པ་དང་། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགགས་ཞེས་སོགས་རྣམ་བྱང་ལུགས་མཐུན་དང་། རྒ་ཤི་འགགས་པ་སྐྱེ་བ་འགགས་པ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་རྣམ་བྱང་
ལུགས་མི་མཐུན་དང་། རྒ་ཤི་སྐྱེ་བ་ལས་བྱུང་ཞེས་སོགས་ཀུན་ནས་ཉོན་མོངས་ལུགས་དང་མི་མཐུན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོག་པར་བྱེད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འཕགས་པའི་བདེན་བཞི་ཁོང་དུ་ཆུད་པར་བྱ་བའི་ཆེད་ཡིན་པའི་ཕྱིར།


previousམཐོང་ལམ་རྩེ་སྦྱོར་བཤད་པ།next