Nitartha Digital Library
Tibetan
གསུང་འབུམ་པོད་དགུ་པ། དྲིས་ལན།


  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
དྲི་བ་བཅུ་བཞི་པ་ནི། རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའི་ལན།
   
   
   
   
   
   
   
  expand section


 
previousདྲི་བ་བཅུ་བཞི་པ་ནི། རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའི་ལན།next

དྲི་བ་བཅུ་བཞི་པ་ནི། རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའི་ལན།

དྲི་བ་བཅུ་བཞི་པ་ནི། རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའི་ལན།

རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའོ། །དེའི་ལན་ལ་རྟེན་འབྲེལ་བཤད་པ་དང༌། ལན་དངོས་དང་གཉིས། དང་པོ་ནི་ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་དང་ཐེག་མཆོགདབུ་མའི་ཟིན་བྲིས་བཞིན་བཤད་པ་ལ། དེ་ཡང་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་བ། འབྱུང་ཚུལ། ས་མཚུངས་ངེས་ཚིག་ཡན་ལག་རྣམས་ཀྱི་ངོ་བོ་དང་དྲུག་གོ ། དང་པོ་མཚན་ཉིད་ནི། ས་བཟང་གི་ཀུན་བཏུས་འགྲེལ་བར་ཆོས་ཅན་ཀུན་རྫོབ་ཐམས་ཅད་དཔྱད་ན་རང་གི་ངོ་བོ་སྟོང་བའི་སྟོང་པ་ཉིད་དུ་གནས་ཀྱང་སྣང་ཙམ་དུ་གང་ལ་བརྟེན་ནས་གང་འབྱུང་བ་དེ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་བ་ལྟར་རོ། །ཡང་ན་རང་གི་རྒྱུ་སོགས་ལ་ལྟོས་ནས་གྲུབ་པ། རྟེན་འབྲེལ་གྱི་མཚན་ཉིད་དོ། །རིགས་མི་མཐུན་ལས་འབྱེད་པ་མཚན་ཉིད་དང༌། རང་བཞིན་གྱི་མཚན་ཉིད་གཉིས་རིམ་བཞིན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། མཚན་ཉིད་ནི། གང་ལ་བརྟེན་ནས་སྐྱེ་བའམ་རྒྱུ་རྐྱེན་ལས་སྐྱེར་རུང་བའོ། །ཞེས་དང༌།རིགས་མི་འཐུན་འབྱེད་པའི་མཚན་ཉིད་སྔར་ལྟར་ཏེ། འདིར་ནི་རང་བཞིན་ལ་མཚན་ཉིད་དུ་བརྗོད་པའོ། །དེ་ཡང་རྐྱེན་གསུམ་ལས་བྱུང་བ་སྟེ། མཚན་ཉིད་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་དབྱེ་བ་ནི་རྣམ་པ་གཉིས་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱིས་དབང་དུ་བྱས་པ་དང༌། རྣམ་པར་གཞག་བྱ་འཇོག་བྱེད་ཀྱི་དབང་དུ་བྱས་པའི་རྟེན་འབྲེལ་གཉིས་ལས། དང་པོ་ནི། གཞན་དབང་དང་གཉིས་པ་ནི་ཀུན་བཏགས་ཉིད་ཡིན་ལ། དེ་ཡང་གཙོ་བོར་འཇོག་པ་ཡིན་གྱི། གཞན་དབང་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་དང༌། ཀུན་བཏགས་ལ་གཞག་བྱ་འཇོག་བྱེད་ཀྱིས་ཁྱབ་པར་ནི་མ་ངེས་སོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ལ་ཡང༌། གནས་སྐབས་པ་དང་ཡང་དག་པའི་རྟེན་འབྲེལ་གཉིས་ལས། དང་པོ་ལ་ཡང་ཕྱི་སྣོད་འཇིག་རྟེན་གྱི་དབང་དུ་བྱས་པ་ནི། དཔེར་ན་ས་བོན་དང༌། ཞིང་ས་དང༌། ཆུ་ལུད་དྲོད་གཤེར་དང༌། ནམ་ཟླ་དུས་མཚུངས་པ་སྟེ། སྐྱེད་བྱེད་རྒྱུ་དེ་རྣམས་ལས། བསྐྱེད་བྱ་མྱུ་གུ་དང༌། སྙེ་མ་དང༌། འབྲས་བུ་རྣམས་སྐྱེ་བར་འགྱུར་བ་ལྟ་བུའོ། །ནང་བཅུད་ཀྱི་སེམས་ཅན་ལྟ་བུ་ལ་མཚོན་ན། གང་ཡང་རུང་བའི་ལས་བསགས་ཤིང༌། ལས་དེ་སེམས་ལ་བག་ཆགས་ཀྱི་ཚུལ་གྱིས་བཞག་བག་ཆགས་དེ་ཕྱི་རོལ་གྱི་རྐྱེན་གྱིས་ཉེ་བར་སད་པ་ལས། རང་གི་ལུས་ངག་ཡིད་གསུམ་གྱི་སྣང་བ་འཆར་བ་ལྟ་བུའོ། །ནང་ཤེས་པ་ལ་དཔེར་མཚོན་ན་སྐྱེད་བྱེད་རྐྱེན་བཞི་ལས་བསྐྱེད་བྱ་དབང་ཤེས་སོགས་ཤེས་པ་རྣམས་སྐྱེད་པར་བྱེད་པ་ལྟ་བུ། རྣམ་པར་གཞག་བྱ་འཇོག་བྱེད་ལ་ཡང༌།བསྐྱེད་བྱ་སྐྱེད་བྱེད་ལས་ལྟོས་པའི་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་དང༌། དེ་ལ་མ་ལྟོས་པའི་གཞག་བྱ་འཇོག་བྱེད་ཀྱི་རྟེན་འབྲེལ་གཉིས་ལས། དང་པོ་ནི། དཔེར་ན་ས་བོན་དུ་སྣང་པའི་ཤེས་པ་ལས། མྱུ་གུར་སྣང་པའི་ཤེས་པ་སྐྱེ་བ་ནི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དངོས་ཡིན་ལ། དེ་ལ་བརྟེན་ནས་ས་བོན་དུ་སྣང་བ་འདི་ནི། མྱུ་གུའི་རྒྱུའོ་སྙམ་དུ་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་བཟུང་ཆ་དེ་ལས། མྱུ་གུར་སྣང་བ་དེ་ལ་འབྲས་བུའོ་སྙམ་དུ་འཛིན་པའི་འཛིན་སྟངས་ཀྱི་བཟུང་ཆ་འཆར་བ་ལྟ་བུའོ། །སྤྱིར་ན་ས་བོན་དུ་སྣང་བ་ཙམ་ཞིག་ཤེས་པའི་རྫས་ཡིན་ཞིང༌། སྣང་བའང་ཡིན་ལ་དེ་ཉིད་ཕྱི་རོལ་རྒྱང་ཆད་དུ་སྣང་བ་དང༌། དེ་ཉིད་ལ་རྒྱུ་འབྲས་སུ་འཛིན་པའི་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་ཆ་སོགས་ནི་བཏགས་ཡོད་དེ་སྣང་ཆ་ཡིན་ནོ། །གཉིས་པ་ནི། ཆུང་ངུ་ལ་ལྟོས་ནས་ཆེན་པོར་བཞག་པ་དང༌། མཐའ་ལ་བརྟེན་ནས་དབུས་གཞག་པ་ལྟ་བུ་སྟེ། དཔེར་ན་དངོས་པོ་གཉིས་ཡ་སོ་སོར་གནས་ན། གཅིག་ལ་གཅིག་ལྟོས་ཀྱི་ཆེ་ཆུང་གི་བློར་མི་འཆར་ཡང༌།དངོས་པོ་གཉིས་ཟླ་དང་བཅས་པ་ན་དེ་འཆར་ཏེ། དཔེར་ན་རི་རབ་ལྷུན་པོ་ལ་ལྟོས་ནས་རིའི་རྒྱལ་བོ་གངས་ཅན་ཆུང་ངུར་འཇོག་པ་ལྟ་བུ་སྟེ། རི་རབ་ལྷུན་པོར་ཆེན་པོར་འཛིན་པའི་རྣམ་པར་རྟོག་པ་ལས། གངས་ཅན་ཆུང་ངུའོ་སྙམ་དུ་འཛིན་པའི་རྣམ་པར་རྟོག་པ་སྐྱེ་བ་ཡིན་ཞིང༌། དེ་ཡང་སྔ་མ་འཇོག་བྱེད་ཕྱི་མ་གཞག་བྱའོ། །ཡང་ཀུན་ནས་ཉོན་མོངས་པ་འཁོར་བའི་ཕྱོགས་ཀྱི་རྟེན་འབྲེལ་དང༌། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཕྱོགས་ཀྱི་རྟེན་འབྲེལ་གཉིས་ཏེ། དང་པོ་ལའང་ཕྱི་སྣོད་དང༌། ནང་སེམས་ཅན་གྱི་རྟེན་འབྲེལ་གཉིས་སོ། །སེམས་ཅན་ལའང་ཐེག་བསྡུས་སུ། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་ཀུན་གཞི་ལས་ཆོས་ཐམས་ཅད་འབྱུང་བ་དང༌། སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང༌། ཉེ་བར་སྤྱོད་པ་ཅན་གྱི་རྟེན་འབྲེལ་རྣམ་པར་ཤེས་པ་ཚོགས་དྲུག་སྟེ་གསུམ་གསུངས་ཤིང༌། དེའི་དང་པོ་ནི་ཟབ་ཅིང་ཕྲ་བས་ཐེག་ཆེན་པ་ཁོ་ན་ལ་བསྟན་ལ། ཕྱི་མ་དག་ནི་ཐམས་ཅད་ལ་ཐུན་མོང་དུ་བསྟན་པའོ། །ཡན་ལག་བཅུ་གཉིས་ནི། མ་རིག་འདུ་བྱེད་རྣམ་པར་ཤེས། །མིང་གཟུགས་སྐྱེ་མཆེད་རེག་པ་དང༌། །ཚོར་བ་སྲེད་པ་ལེན་པ་དང༌། སྲིད་པ་སྐྱེ་བ་རྒ་ཤིའོ། །དེའང་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པར་བྱེད་པ་མ་རིག་པ་དང༌། དེའི་དབང་གིས་ཀུན་གཞི་ལས་ཀྱི་ས་བོན་འདེབས་པར་བྱེད་པ་འདུ་བྱེད་དང༌། ས་བོན་དང་མཐུན་པར་སྐྱེ་གནས་སུ་འཁྲིད་པར་བྱེད་པ་རྣམ་པར་ཤེས་པ་དང༌། ཁྲིད་པ་ལྟར་ལུས་ཀུན་ཏུ་འཛིན་པར་བྱེད་པ་མིང་དང་གཟུགས་དང༌། བཟུང་བ་ལྟར་ལུས་ཡོངས་སུ་རྫོགས་པར་བྱེད་པ་སྐྱེ་མཆེད་དྲུག་དང༌། དེའི་མཐུ་ལས་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་པར་བྱེད་པ་རེག་པ་དང༌། བཅད་པ་ལྟར་བདེ་སོགས་ལ་ཉེ་བར་སྤྱོད་པར་བྱེད་པ་ཚོར་བ་དང༌། དེའི་དབང་གིས་ལས་དང་མཐུན་པའི་ཡང་སྲིད་སྡུད་པར་བྱེད་པ་སྲེད་པ་དང༌། སྲེད་པ་ལྟར་རྣམ་ཤེས་སྐྱེ་བ་ལ་སྦྱོར་བར་བྱེད་པ་ལེན་པ་དང༌། སྦྱར་བ་ལྟར་ཡང་སྲིད་སྐྱེ་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་སྲིད་པ་དང༌། དེའི་དབང་གིས་སྡུག་བསྔལ་གྱི་ཕུང་པོ་འགྲུབ་པར་བྱེད་པ་སྐྱེ་བ་དང༌། དེའི་ཉེས་དམིགས་ན་ཚོད་དང་སྲོག་འགྱུར་བར་བྱེད་པ་རྒ་ཤི་ཞེས་བྱ་བ་འཁོར་བར་ཀུན་ནས་ཉོན་མོངས་པར་བྱེད་པ་རྣམས་ཏེ། དབུས་མཐར། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འབྱུང་ཚུལ་ནི། མ་རིག་པ་ལ་རྒྱུ་མེད་ན་འཁོར་བ་ཐོག་མ་ཅན་དུ་འགྱུར་ལ། རྒ་ཤི་ལ་འབྲས་བུ་མེད་ན་ལམ་མ་བསྒོམས་ཀྱང་འཁོར་བ་མཐའ་ཅན་དུ་འགྱུར་ཞིང༌། དེ་དག་ལ་རྒྱུ་འབྲས་ལ་སོགས་པ་ཡོད་ན་ཡན་ལག་བཅུ་གཉིས་ལས་མང་བར་འགྱུར་རོ་ཞེ་ན། དེ་ལྟ་བུའི་སྐྱོན་མེད་དེ། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཞེས་པ་ལྟར་བཅུ་གཉིས་པོ་ཡང་གསུམ་དུ་འདུ་ཞིང༌། དེའང་དབུ་མ་རྟེན་འབྲེལ་སྙིང་པོར། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་པ་ལྟར།དང་པོ་མ་རིག་པ་དང་བརྒྱད་པ་སྲེད་པ་དགུ་བ་ལེན་པ་གསུམ་ཉོན་མོངས་པ་དང༌། གཉིས་པ་འདུ་བྱེད་དང་བཅུ་བ་སྲིད་པ་གཉིས་ལས་དང༌། ལྷག་མ་རྣམ་ཤེས་སོགས་བདུན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡིན་ལ། དེ་རྣམས་ཀྱི། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ལྟར་ཉོན་མོངས་གསུམ་གྱིས་ལས་གཉིས་བྱས་པ་ལས་གཞི་བདུན་འབྱུང་ཞིང༌། དེ་དག་ལས་ཀྱང་ཉོན་མོངས་པ་འབྱུང་བས། སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ཚུན་འཁོར་བའི་ཚུལ་གྱིས་འབྱུང་བའི་ཕྱིར་རོ། །མདོ་འགྲེལ་དུའང༌། གང་གི་དོན་དུ་ཡན་ལག་བཅུ་གཉིས་བསྟན་པ་དེ་ལ་མ་རིག་པ་ལ་རྐྱེན་མི་དགོས་སོ། །ཞེས་གསུངས་ཤིང༌། དེ་བཞིན་དུ་རྒ་ཤི་ལའང་འབྲས་བུ་བསྟན་མི་དགོས་ཏེ། ཡན་ལག་བཅུ་གཉིས་ནི། མངལ་སྐྱེས་ཀྱི་སྲིད་པ་གཅིག་གིས་མགོ་མཇུག་ཚང་བ་ལ་བྱེད་ན་མི་འབྱུང་བ་རྣམས་ཡན་ལག་ཏུ་བསྟན་པའོ། །མདོ་སྡེར། མ་རིག་པ་ནི་ཚུལ་མིན་ཡིད་ལ་བྱེད་པ་ལས་བྱུང་བའོ། །ཞེས་པ་དང༌། སྒྲིབ་པ་ལྔ་དང་མ་རིག་པ་ཉིད་ལས་བྱུང་བ་དང༌། ལོག་ལྟ་དང་འདོད་ཆགས་ལ་སོགས་པ་ལས་བྱུང་བར་ཡང་གསུང་མོད། བཅུ་གཉིས་ལས་གཞན་དུ་སྟོན་པ་ནི་མ་ཡིན་ནོ། །བཞི་བ་ས་མཚུངས་ནི་སྔར་གཞན་སྟོང་བགྲོ་གླེང་ཐེངས་དང་པོའི་དྲིས་ལན་དུ་བཤད་ཡོད་པས་དེར་ཤེས་པར་བྱའོ། །ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བར། སྐབས་འདིའི་མ་རིག་པ་མཐོང་སྤང་དང་སྒོམ་སྤང་དག་ལས་གང་ཡིན་སྙམ་ན། མདོ་འགྲེལ་དུ། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ན་འབྱུང་བ་མེད། །ཅེས་པ་དང༌། འགྲེལ་པར་ཡང༌། བདེན་པ་མ་མཐོང་བ་རྣམས་ཀྱི་རྒྱུད་ལ་དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ། ཞེས་པ་དང༌། དོན་གསང་དུ། རྨོངས་པ་ནི་འདིར་མཐོང་བས་སྤང་བར་བྱ་བའི་མ་རིག་པའོ། །ཞེས་གསུངས་པས་མཐོང་སྤང་ཡིན་ཏེ། ཡང་སྲིད་འཕེན་པར་བྱེད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྒྱུད་བླར། འཕགས་པས་ན་དང་རྒ་བ་དང༌། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་དང་མཐུན་པ་ཉིད། ཅེས་གསུངས་ཀྱང་མདོ་འགྲེལ་སོགས་ལས་བདེན་པ་མཐོང་ལ་འཕེན་པ་མེད་གསུངས་པ་ནི་བདེན་པ་མཐོང་བ་ནས་ལས་གསར་བསགས་མེད་པ་ལ་དགོངས་པ་དང༌། བསྟན་བཅོས་རྒྱུད་བླ་མའི་གསུངས་ཟིན་ལ་འཕགས་པས་ན་བ་སོགས་སྤངས་པར་གསུངས་པའི་དགོངས་པ་ནི་ཐེག་ཆེན་འཕགས་པ་ལ་དགོངས་པ་ཡིན་སྙམ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། བདེན་པ་མངོན་སུམ་མཐོང་བ་རྣམས་ལ་ནི། ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་བ་གསོག་པ་ཅུང་ཟད་ཀྱང་མེད་དོ། །འདིར་བདེན་པ་མཐོང་བ་ཞེས་པ་ཡང་མ་མཐའི་ས་མཚམས་རྒྱུན་དུ་ཞུགས་པ་ནས་འཇོག་པ་ཡིན་ཏེ། ཐེག་ཆེན་མཐོང་ལམ་ནམ་ཐོབ་པ་དེའི་ཚེ་ནི། འཕེན་བྱེད་ཀྱི་ལས་གསར་བ་བསོགས་པ་ལྟ་ཞོག་ཁམས་གསུམ་འཁོར་བའི་ལས་ཉོན་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤངས་པས། ལུས་ངག་ཡིད་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ཡིན་ལ། རང་རྒྱལ་དགྲ་བཅོམ་དང༌། ཉན་ཐོས་ལ་ཡང་དགྲ་བཅོམ་པ་དང༌། ཕྱིར་མི་འོང་དང༌། ཕྱིར་འོང་རྣམས་ཀྱིས་ཀྱང༌། འཕེན་བྱེད་ཀྱི་ལས་གསར་བ་མི་བསོག་པ་ལྟ་སྨོས་ཀྱང་ཅི་དགོས། བདེན་པ་མངོན་སུམ་དུ་མཐོང་བ་སློབ་པ་རྒྱུན་ཞུགས་རྣམས་ཀྱི་ནང་ན་ཡང་འཁོར་བ་འཕེན་བྱེད་ཀྱི་ལས་གསར་བ་གསོག་པ་འགའ་ཡང་མེད་དོ། །ཞེས་དང༌། རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ་གང་ཡང་རུང་བ་དང༌། རིལ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཕྱིར་མི་འོང་བས་ཡན་ལག་དུ་ཞིག་སྤོང་ཞེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །དགྲ་བཅོམ་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་སོགས་གསུངས་པ་དང༌། ཐོག་མའི་མ་རིག་པའི་རྩ་བའི་མ་རིག་པ་ནི།ཐེག་མཆོག་དབུ་མའི་ཟིན་བྲིས་ལས་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་མ་རིག་ཡིན་པར་གསུངས་པས་དེ་ནི་མཐོང་སྤང་ཡིན་པའི་གནས་མེད་པའི་ཕྱིར་རོ། །དེས་ན་སྐབས་འདིའི་མ་རིག་པ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ཡོད་དམ་དཔྱད། ལྔ་བ་ངེས་ཚིག་ནི། ས་སྡེ་ལས།མྱུར་དུ་འཇིག་པ་དང་ལྡན་པར་སྐྱེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་པ་ལ་སོགས་པ་གསུངས་ཤིང༌། མདོ་འགྲེལ་ལས། གསུངས་པའི་དོན་ནི་ཡན་ལག་སྔ་མ་ལ་རྟེན་ཅིང་འབྲེལ་བར་ཕྱི་མ་རྣམས་འབྱུང་བ་ཡིན་ལ། ཚིག་གསལ་དང་མཛོད་འགྲེལ་མཐུན་པར།པྲ་ཏི་ཏྱ་ཕྲད་ནས། ས་མུ་པཱ་ད་འབྱུང་བ་ཡིན་པས། རྒྱུ་དང་རྐྱེན་ཕྲད་ཅིང་ཚོགས་པ་ལ་ལྟོས་ནས་འབྲས་བུ་རྣམས་འབྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་བསྟན་ཏོ། །རྟེན་འབྲེལ་བསྟན་པ་ཡང་བྱེད་པོ་ཚངས་པ་ལ་སོགས་པའི་ཀུན་སློང་ལས་བྱུང་བ་བསལ་བའི་ཆེད་དུ། མདོ་ལས། འདི་ཡོད་ན་འདི་འབྱུང་ཞེས་པ་ལྟར། རྐྱེན་ཚོགས་པ་ཡོད་ན་འབྲས་བུ་འབྱུང་གི་འདི་བསྐྱེད་པར་བྱའོ་སྙམ་པའི་བློའི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། གཡོ་བ་ལས་མ་བྱུང་ཡང་བདག་སོགས་རྟག་པ་ལས་འབྱུང་བ་བསལ་བའི་ཆེད་དུ། འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཞེས་པ་ལྟར། སྐྱེ་ལྡན་འཇིག་པར་ངེས་པ་མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། གཡོ་བ་མེད་ཅིང་མི་རྟག་པ་ལས་འབྱུང་ཡང་རྐྱེན་གང་རུང་ལས་འབྲས་བུ་ཐམས་ཅད་འབྱུང་བ་བསལ་པའི་ཆེད་དུ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལྟར། རང་རང་གི་འབྲས་བུ་སྐྱེད་ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རྟེན་འབྲེལ་གྱི་མཚན་ཉིད་ཅན་དུ་འགྱུར་རོ། །མདོར་ན། རྐྱེན་དུ་འོས་པ་ལས་སྐྱེ་བ་ཞེས་པ་སྟེ། འདིས་ནི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཀྱི་མཚན་ཉིད་བསྟན་ཞིང༌། ཀུན་ནས་ཉོན་མོངས་ཅན་ནང་གི་རྟེན་འབྲེལ་གྱི་མཚན་ཉིད་ནི། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་རྐྱེན་ལས་སྐྱེས་པའོ། །དྲུག་པ་ཡན་ལག་རྣམས་ཀྱི་ངོ་བོ་བཤད་པ་ལ། མདོར་བསྟན་པ་དང་རྒྱས་བཤད་གཉིས་ལས། དང་པོ་ནི། མ་རིག་པ་ནི་ཡང་སྲིད་ཀྱི་རྒྱུ་ལས་ཀུན་ནས་སློང་ནུས་གང་ཞིག་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་བྱུང་སྒྲིབ་པའི་བདག་ཉིད་དེ། མདོ་འགྲེལ་དུ། ཡོད་པ་དག་ནི་འགོག་པ་དང༌། །གཞན་པ་ཉིད་དང་འདྲ་བ་དང༌། །སྨད་དང་ཉུང་དང་བྲལ་དོན་དང༌། །གཉེན་པོ་རྣམས་ལ་འདི་ཡིན་ནོ། །ཞེས་དགག་སྒྲ་དོན་བདུན་ལ་འཇུག་པར་གསུངས་པ་ལས། འདིར་ནི། རིག་མི་མཐུན་ཆོས་གཞན་མ་རིག །མི་མཛའ་མི་བདེན་ལ་སོགས་བཞིན། །ཞེས་པ་ལྟར་རིག་པའི་མི་མཐུན་པ་ལ་མ་རིག་པ་ཞེས་བརྗོད་པའོ། །འདུ་བྱེད་ནི་ཡང་སྲིད་འཕེན་པར་ནུས་པའི་སྒོ་གསུམ་གྱི་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམས་སོ། །རྣམ་པར་ཤེས་པ་ནི་ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞི་སྟེ། དེའང་ས་བོན་བཞག་ཙམ་རྒྱུ་དུས་ཀྱི་རྣམ་ཤེས་དང༌། ནུས་པ་བརྟས་ནས་སྐྱེ་གནས་སུ་ཁྲིད་པའི་ཚེ་འབྲས་བུའི་དུས་ཀྱི་རྣམ་ཤེས་སོ། །མིང་གཟུགས་ནི་ཀུན་གཞིའི་རྣམ་ཤེས་མངལ་དུ་ཞུགས་པ་ལས་གྲུབ་པའི་མིང་བཞི་དང་གཟུགས་ཀྱི་ཕུང་པོ་དབང་པོ་མ་དོད་ཀྱི་བར་རྣམས་སོ། །སྐྱེ་མཆེད་དྲུག་ནི་དེར་མིང་དང་གཟུགས་འཕེལ་བ་ལས་མིག་ལ་སོགས་པའི་དབང་པོ་དྲུག་ཚང་བའོ། །རེག་པ་ནི་གསུམ་འདུས་ནས་བདེ་སོགས་འབྱུང་བ་དང་མཐུན་པའི་དབང་པོའི་འགྱུར་བ་ཡུལ་ཡོངས་སུ་གཅད་པ་སྟེ་མིག་གི་འདུས་ཏེ་རེག་པ་ལ་སོགས་པའོ། །ཚོར་བ་ནི་རེག་པ་ལ་བརྟེན་ནས་སིམ་པ་དང་གདུང་བ་དང་གཉིས་ཀ་མ་ཡིན་པ་ཉམས་སུ་མྱོང་བ་སྟེ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་ལ་སོགས་པའོ། །སྲེད་པ་ནི་ཚོར་བས་བདེ་སོགས་མྱང་བ་རྣམས་ལ་བླང་དོར་དུ་འདོད་ཆགས་ཤིང་ཞེན་པ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པ་རྣམས་སོ། །ལེན་པ་ནི་སྲེད་པ་འཕེལ་པ་ལས་དངོས་སུ་བླང་དོར་གྱི་སྒོ་ནས་རྩོད་ཅིང་ཡང་སྲིད་ཉེ་བར་ལེན་པར་བྱེད་པ་སྟེ། འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་རྣམས་ཡིན་ལ། དང་པོས་འདོད་པ་དང༌། གཞན་གསུམ་གྱིས་ཁམས་ཐམས་ཅད་དུ་སྡུག་བསྔལ་འགྲུབ་པར་བྱེད་པའོ། །སྲིད་པ་ནི་ཀུན་གཞིའི་རྣམ་ཤེས་ཉེར་ལེན་དང་བཅས་པ་ལས། ལས་ཀྱི་ས་བོན་ནུས་པ་མཐུ་ཆེན་དུ་འཕེལ་ནས། ཡང་སྲིད་སྐྱེ་བ་བསྐྱེད་ངེས་སུ་གྱུར་པ་སྟེ། མདོ་ལས།འགྲོ་བ་རྒྱུད་ལྔའི་སྲིད་པ་དང་བར་དོའི་སྲིད་པ་དང་ལས་ཀྱི་སྲིད་པ་རྣམས་གསུངས་པ་ལས།འདི་ནི་ལས་ཀྱི་སྲིད་པ་ཡིན་ལ། དབྱེ་ན་ཁམས་གསུམ་གྱི་སྲིད་པ་གསུམ་མོ། །སྐྱེ་བ་ནི་ལས་ཀྱིས་སྲིད་པ་སྟོབས་ལྡན་ལས་ཕུང་པོ་གསར་དུ་མངོན་པར་འགྲུབ་པ་སྟེ་སྲོག་དང་བཅས་པར་སྐྱེ་བའོ། །རྒ་ཤི་ནི། སྐྱེས་ཕྱིན་ཆད་ལང་ཚོ་འགྱུར་བ་དང་བཅས་ཤིང་མཐར་སྲོག་ཀྱང་འགགས་པའོ། །གཉིས་པ་ཡན་ལག་རྣམས་ཀྱི་ངོ་བོ་རྒྱས་པར་བཤད་པ་ནི།སྤྱིར་མ་རིག་པའི་ངོ་བོ་ཁྱད་ཆོས་གསུམ་དང་ལྡན་པ་སྟེ། ཤེས་པ་གང་ཞིག་རང་གི་ཡུལ་ལ་དམིགས་པ་དང༌། ཡུལ་དེའི་རྣམ་པ་ཤིན་ཏུ་མི་གསལ་བ་དང༌། དེ་ཉིད་སེམས་རྒྱུད་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྐྱེ་བའི་སྒོར་གྱུར་པ་སྟེ། ཁྱད་ཆོས་གསུམ་དང་ལྡན་ནོ། །དེ་ཡང་མ་རིག་པའི་སྐད་དོད་ལ། ཨ་བི་ཏྱ་ཞེས་པ་ཡོད་པ་ལས། བི་ཏྱ་རིག་པ་དང༌། ཨ་ཡིག་ནི་དགག་པའི་དོན་ཏེ། དེ་ཡང་སྤྱིར་རིག་པའི་དགག་སྒྲ་ཙམ་ཞིག རིག་པ་དང་བྲལ་བ་དང༌། རིག་པ་ཆུང་བ་དང༌། རིག་པ་ངན་པ་དང༌། རིག་པ་ལས་གཞན་དུ་འགྱུར་བ་དང༌། རིག་པ་མེད་ཙམ་དང༌། རིག་པ་མ་ཡིན་ཙམ་སྟེ། རྣམ་གྲངས་བདུན་ཙམ་ཞིག་ལ་འཇུག་པར་གསུངས་ཀྱང༌། འདིར་ནི་རིག་པའི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པ་ཞིག་ལ་མ་རིག་པར་འཇོག་པ་ཡིན་ཏེ། རིག་པའི་མི་མཐུན་ཕྱོགས་ཆོས་གཞན་ཞེས་གསུངས་པ་ལྟར་རོ། །སྤྱིར་དེ་ལྟ་བུའི་མ་རིག་པ་དེ་ཡང༌། ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ལས། ཕྱི་མ་དེ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་པ་ཤེས་བྱའི་སྒྲིབ་པ་ཡིན་ལ། དང་པོ་ནི་འཁོར་བའི་རྒྱུར་གྱུར་ཅིང་ཐར་བ་ཐོབ་པ་ལ་སྒྲིབ་པར་བྱེད་པ་ཉོན་མོངས་པའི་སྒྲིབ་པའོ། །ཡན་ལག་བཅུ་གཉིས་ཀྱི་མ་རིག་པ་འདི་ལ། རྩ་བའི་མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དུ་བྱུང་བའི་བདག་ཏུ་རྨོངས་པ་དེ་ཉིད་ཡིན་ལ། དེ་ནི་ཁ་ནང་ལྟ་བའི་ཤེས་པ་ཡིན་པའི་ཕྱིར། དེས་ཉོན་མོངས་པ་དང༌། ལས་དངོས་སུ་བསྐྱེད་པར་མི་བྱེད་ལ། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་ན་བདག་ཏུ་རྨོངས་པ་ཞིག་ཡོད་པ་དེ་ལས་ཉོན་མོངས་པ་ཆགས་སྡང་རྨོངས་པ་གསུམ་སྐྱེ་བ་དང༌། མི་དགེ་པའི་ལས་བསོགས་པ་འབྱུང་བ་ཡིན་ཞིང༌། དགེ་བ་ཟག་བཅས་རྣམས་བདག་ཏུ་རྨོངས་པ་དེས། དེའི་དུས་ཀྱི་ཀུན་སློང་བྱས་ཏེ་བསོག་པ་མ་ཡིན་ལ། དེ་ལས་ཆགས་སྡང་རྨོངས་གསུམ་གྱི་ཉོན་མོངས་པ་གཞན་སྐྱེས་ནས་དེས་ཀུན་ནས་བསླངས་ཏེ་བསགས་པ་ཡང་མ་ཡིན་ཏེ། དགེ་བ་རྣམས་ནི་མཐའ་གཅིག་ཏུ་འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་སྟེ།མེད་པ་གསུམ་ལས་སྐྱེ་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཡིད་ཤེས་ཀྱི་འཁོར་དུ་བྱུང་བའི་བདག་ལ་རྨོངས་པ་དེའི་གྲོགས་སུ་བདག་ལ་ཆགས་པ་ཞིག་ཡོད་པ་ཡིན་ལ། དེའི་མཐུ་ལས་བདག་ལེགས་སུ་འདོད་པ་ཞིག་སྐྱེ་བ་ཡིན་ཞིང༌། དེ་ཙམ་ཞིག་ནི་མི་དགེ་བ་ཡང་མ་ཡིན་ལ།བདག་ལེགས་པར་འདོད་པས་བསམ་པས་ཀུན་ནས་བསླངས་ཏེ། རང་ཉིད་ཚེ་རབས་གཞན་དང་གཞན་དག་ཏུ་བདེ་ཞིང་སྐྱིད་པར་འདོད་པས། དགེ་བའི་རྩ་བ་རྣམ་པ་གསུམ་བསྐྱེད་དེ། དེས་ཀུན་ནས་བསླངས་ཏེ། ཚུལ་ཁྲིམས་བསྲུང་བ་སོགས་དགེ་བའི་འདུ་བྱེད་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་ལས་དེ་ལྟ་བུ་ནི་དེ་དུས་ཀྱི་ཀུན་སློང་རྩ་བ་གསུམ་གྱི་ཀུན་ནས་སློང་བ་ཡིན་ཡང༌། རྒྱུ་དུས་ཀྱི་ཀུན་སློང་མ་རིག་པས་བྱས་པའོ། །དེས་བྱིན་གྱིས་རླབས་པའི་ཕྱིར་ལས་དེ་ལ། མ་རིག་པ་དང་མཚུངས་པར་ལྡན་པའི་ལས་དང༌། དེས་ཀུན་ནས་སློང་བའི་བདག་བདེ་ལེགས་སུ་འདོད་པ་དང༌། རྩ་བ་གསུམ་པོ་ཡང་མ་རིག་པའི་ཡན་ལག་ཅེས་བྱའོ། །དེས་ན་ཐོག་མའི་མ་རིག་པ་ནི་རང་གི་ཀུན་ནས་སློང་བྱའི་འཕེན་བྱེད་ལས་ཀྱི་ཐོག་མའི་ཀུན་སློང་དུ་གྱུར་བའི་སེམས་བྱུང་རྨོངས་བ་ཞིག་ཡིན་ནོ། །འགའ་ཞིག་མ་རིག་པ་ངོས་འཛིན་འཇིག་ཚོགས་ལ་ལྟ་བར་མཛད་པ་ནི། རྣམ་པ་གསལ་བའི་ཕྱོགས་ནི་སྨོས་པ་ཙམ་ཡིན་གྱི། དེ་ཉིད་མ་རིག་པའི་མཚན་གཞིར་ངོས་འཛིན་ན་ནི། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་བཅུའི་རྣམ་བཞག་གསུངས་པ་གྲངས་མ་ཚང་བར་འགྱུར་ཏེ།འཇིག་ལྟ་དང་མ་རིག་པ་གཉིས་གཅིག་ཡིན་པའི་ཕྱིར་དང༌། དེ་བཞིན་དུ་རྩ་བའི་ཉོན་མོངས་པ་དྲུག་གི་གྲངས་ཀྱང་མ་ཚང་བར་ཐལ་བའི་སྐྱོན་འཇུག་གོ ། དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་དེ་ཉིད། མ་རིག་པ་དང་རྗེས་སུ་འབྲེལ་ཞིང༌། དེ་རྣམ་པ་ཤིན་ཏུ་གསལ་བའི་ཕྱིར་རྣམ་པ་གསལ་ཕྱོགས་ནས་སྨོས་པའོ། །ཞེས་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་སོ། །དེ་ལ་རྣམ་འགྲེལ་གྱི་འགྲེལ་བ་རིན་ཆེན་ཕྲེང་བ་ལས། འཇིག་ལྟ་ཆོས་ཅན། མ་རིག་པ་ཡིན་ཏེ། རིག་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་དངོས་ཡིན་པའི་ཕྱིར། ཞེས་དང༌། དེས་ན་འཇིག་ལྟ་མ་རིག་པ་འཐད་དེ། ཞེས་སོགས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །ཡན་ལག་གཉིས་པ་འདུ་བྱེད་ཀྱི་ལས་ནི་རང་ཡིན་གྱི་བསོད་ནམས་ཀྱི་ལས་དང༌། བསོད་ནམས་མ་ཡིན་པའི་ལས་དང༌། མི་གཡོ་བའི་ལས་དང་གསུམ་ཡིན་ཞིང༌། དང་པོ་ནི་འདོད་ཁམས་ཀྱི་ལས་དགེ་བ་རྣམས་དང༌། གཉིས་པ་ནི། འདོད་པའི་ཁམས་ཀྱི་ལས་མི་དགེ་བ་རྣམས་དང༌། གསུམ་པ་ནི། ཁམས་གོང་མ་གཉིས་འགྲུབ་བྱེད་ཀྱི་ལས་སོ། །དེ་ལ་མི་གཡོ་བར་འཇོག་པའི་རྒྱུ་མཚན་ཡང༌། ལས་ཀྱི་རྣམ་པར་སྨིན་པ་གཞན་དུ་གཡོ་བ་མེད་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ཡང་ལས་དེ་ཉིད་མཉམ་བཞག་གི་ཏིང་ངེ་འཛིན་ཡིན་ཞིང༌། དེས་ཁམས་གོང་མ་གཉིས་སུ་འཕངས་པ་ན། སྲིད་པ་བར་མ་སོགས་སུ་རྐྱེན་གྱི་སྟོབས་ཀྱིས་འགྲོ་བ་རིགས་མཐུན་པ་དང༌། རིགས་མི་མཐུན་སོགས་སུ་སྐྱེ་བ་ལེན་པར་མི་འགྱུར་བར་འཕངས་པ་བཞིན་དུ་གདོན་མི་ཟ་བར་དེ་ཉིད་དུ་སྐྱེ་བ་ལེན་པ་ཡིན་ལ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱིས་འཕངས་པ་ལ་ནི། བར་མ་དོར་རྐྱེན་གྱིས་ཡོངས་སུ་བསྒྱུར་ཏེ། རིགས་མཐུན་དང་རིགས་མི་མཐུན་གྱིས་འགྲོ་བ་གཞན་དང་གཞན་དག་ཏུ་སྐྱེ་བ་ལེན་པ་ཡོད་པ་ཡིན་ནོ། །དེས་ན་གཉིས་པ་འདུ་བྱེད་ཀྱི་ལས་ནི་སྲིད་པ་འཕེན་པར་བྱེད་པའི་སེམས་བྱུང་སེམས་པའོ། །དེ་ལ་བག་ཆགས་ཡོད་མེད་དཔྱད་པར་བྱའོ། །གསུམ་པ་རྣམ་ཤེས་ཀྱི་ཡན་ལག་ནི། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ། ལས་ཀྱི་བག་ཆགས་ཡོངས་སུ་བཞག་པས། རྣམ་ཤེས་དེ་ཉིད་ཡོངས་སུ་འགྱུར་བའི་ཆ་ཡིན་ལ། དེ་ལ་ཡང་རྒྱུ་དུས་ཀྱི་རྣམ་ཤེས་དང༌། འབྲས་བུའི་དུས་ཀྱི་རྣམ་ཤེས་གཉིས་སུ་ཡོད་དོ། །དེས་ན་གསུམ་པ་རྣམ་ཤེས་ནི་འཕེན་བྱེད་ལས་ཀྱི་བག་ཆགས་བགོ་གཞིའམ་དེའི་འཕངས་བའི་རྒྱུན་བརྟན་པའི་རྣམ་སྨིན་གྱི་རྣམ་ཤེས་ཡིན་ནོ། །ཡན་ལག་བཞི་བ་མིང་གཟུགས་ནི་མིང་ཞེས་པ། མིང་བཞིའི་ཕུང་པོ་ཡིན་ལ། དེ་ཡང་ཚོར་བ་སོགས་ཕུང་པོ་ཕྱི་མ་བཞིའོ། །དེ་རྣམས་མིང་བཞིའི་ཕུང་པོར་འཇོག་པའི་རྒྱུ་མཚན་ཡང་གཟུགས་ཕུང་ནི་དབང་ཤེས་ལྔའི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་པས་ན། མིང་ལ་བརྟེན་ནས་རྟོགས་མི་དགོས་ལ། ཕུང་པོ་ཕྱི་མ་བཞི་ནི། གཞན་གྱི་རྒྱུད་ལ་ཡོད་པས། མིང་ལ་བརྟེན་ནས་རྟོགས་དགོས་པ་ཡིན་ཏེ། དཔེར་ན་གང་ཟག་ཞིག་གི་རྒྱུད་ལ་ཚོར་བ་བདེ་སྡུག་བཏང་སྙོམས་ཀྱི་རྣམ་པ་གང་ཤར་བ་དེ། གཞན་གྱིས་མངོན་སུམ་དུ་མི་རྟོགས་པར། ཚོར་བ་བདེ་སྡུག་བཏང་སྙོམས་འདི་ལྟ་བུ་ཞིག་བྱུང་ཞེས་པའི་ངག་ལ་བརྟེན་ནས་རྟོགས་དགོས་པའི་ཕྱིར་རོ། །དེ་ལྟར་མིང་གཟུགས་ཀྱི་ཡན་ལག་འདི་ཉིད་མངོན་གྱུར་དུ་བྱུང་བ་ནི། ཀུན་གཞི་རྣམ་ཤེས་ཉིད་མངལ་དུ་ཉིང་མཚམས་སྦྱོར་ཏེ་ཕ་མའི་ཁུ་ཁྲག་གཉིས་ཀྱི་དབུས་སུ་ཞུགས་པ་ཁུ་ཁྲག་གཉིས་འདུས་ཀྱི་ཚོགས་པ་སྟེ། དབང་བོ་དྲུག་ཚང་བ་མ་ཡིན་ཡང༌། གཟུགས་སྒྲ་དྲི་རོ་རེག་བྱ་འདུས་པའི་ངོ་བོ་འབྱུང་བ་ལས་གྱུར་པའི་འབྲས་གཟུགས་ཡིན་པས་ན། དེ་ནི་གཟུགས་ཀྱི་ཕུང་པོ་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་ཀྱི་ཕུང་པོ་གསུམ་ནི་ཀུན་གཞི་རྣམ་ཤེས་ཀྱི་འཁོར་དུ་གྱུར་པའི་ཀུན་འགྲོ་ལྔའི་ནང་ཚན་དེ་ཉིད་ཡིན་ལ། རྣམ་ཤེས་ཀྱི་ཕུང་པོ་ནི་ཀུན་གཞི་རྣམ་ཤེས་ཉིད་དོ། །མིང་གཟུགས་ཀྱི་གནས་སྐབས་འདི་དག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་ནི་མེད་དོ། །ཡིད་ཤེས་འབྱུང་བ་ལ། སྔོན་དུ་ཡིད་ཀྱི་དབང་པོ་དགོས་ཤིང༌། དེའི་སྔོན་དུ་དབང་ཤེས་ལྔ་སྐྱེ་བ་སྔོན་དུ་འགྲོ་དགོས་ཏེ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པ་ལྟར་ཡིན་པ་ལ་སྐྱེ་མཆེད་དྲུག་མ་དོད་པར་དབང་ཤེས་ལྔ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ལྟར་ནུར་ནུར་པོ་དང༌། མེར་མེར་པོ་དང༌། གོར་གོར་པོ་དང༌། འཁྲང་གྱུར་དང༌། རྐང་ལག་རྣམ་པར་འགྱུར་བ་སྟེ། མངལ་གྱི་གནས་སྐབས་ལྔ་ནི་མིང་གཟུགས་ཡན་ལག་གོ། དེས་ན་བཞི་བ་མིང་གཟུགས་ནི་འཕེན་བྱེད་ལས་ཀྱི་འཕང་བའི་འཕངས་འབྲས་དང་པོའི་ཕུང་པོའོ། །ཡན་ལག་ལྔ་པ་སྐྱེ་མཆེད་དྲུག་ནི། དེའི་རྗེས་སུ་དབང་པོ་དྲུག་ཡོངས་སུ་དོད་པའི་སྐྱེ་མཆེད་དོ། །དེས་ན་ཡན་ལག་ལྔ་པ་ནི་འཕེན་བྱེད་ལས་ཀྱི་འཕང་བའི་འཕངས་འབྲས་གཉིས་པའི་སྐྱེ་མཆེད་གང་ཡིན་པའོ། །ཡན་ལག་དྲུག་པ་རེག་པ་ནི། མངལ་ནས་ཕྱིར་བཙས་ཏེ་ཡུལ་དང་དབང་པོ་དང༌། རྣམ་པར་ཤེས་པ་གསུམ་འདུས་པའི་རེག་པ་འབྱུང་བ་ཡིན་ཞིང༌། དེ་ཡང་རེག་པ་ནི། རྣམ་ཤེས་ཡུལ་དང་འཕྲད་པ་ལས་ཡུལ་དེས་ཤེས་པར་འགྱུར་བའི་ཆ་ཞིག་བྱུང་བ་དེའོ། །དེས་ན་དྲུག་པ་རེག་པ་ནི་འཕེན་བྱེད་ལས་ཀྱི་འཕང་བའི་འཕངས་འབྲས་གསུམ་པའོ། །ཡན་ལག་བདུན་པ་ཚོར་བ་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་འབྱུང་བའི་རྗེས་སུ། ཚོར་བ་འབྱུང་བ་ཡིན་ཏེ། དེ་ཡང་དཔེར་ན། མིག་གི་དབང་པོ་དང༌།ཡུལ་གཟུགས་ཡིད་དུ་འོང་བའི་རྣམ་པ་དང༌། མིག་གི་རྣམ་པར་ཤེས་པ་གསུམ་འདུས་པ་ལས། ཡུལ་ཡིད་འོང་དེ། མིག་གི་རྣམ་པར་ཤེས་པས་ཡོངས་སུ་གཅོད་པའི་རེག་པ་འབྱུང་བ་ཡིན་ཞིང་དེའི་རྗེས་སུ་ཡུལ་དེ་ཤེས་པས་ཉམས་སུ་མྱོང་བའི་ཚོར་བ་བདེ་བ་འབྱུང་བ་ཡིན་ནོ། །ཡིད་དུ་མི་འོང་བ་དང༌། བར་མ་ལ་བརྟེན་ནས་སྡུག་བསྔལ་དང༌། བཏང་སྙོམས་ཀྱི་རེག་ཚོར་འབྱུང་ཚུལ་ཡང་ཤེས་པར་བྱ་ཞིང༌། དེ་བཞིན་དུ་དབང་ཤེས་གཞན་རྣམས་ལ་མཚོན་པར་བྱ་སྟེ། དྲུག་པོ་དེ་རྣམས་ལ་བདེ་སྡུག་བཏང་སྙོམས་གསུམ་གྱིས་དབྱེ་བས།ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་ཅེས་བྱའོ། །དེས་ན་བདུན་པ་ཚོར་བ་ནི་འཕེན་བྱེད་ལས་ཀྱི་འཕང་བའི་འཕངས་འབྲས་བཞི་པའོ། །ཡན་ལག་བརྒྱད་པ་སྲེད་པ་ནི། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་སྲེད་ཅིང་ཞེན་པ་ཡིན་ལ། དེ་ཡང་བདེ་བ་ལ་མི་འབྲལ་བར་སྲེད་པ་དང༌། སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པ་དང་བཏང་སྙོམས་ལ་མི་འབྲལ་བར་འདོད་པའི་སྲེད་པ་སྐྱེ་བ་ཡིན་ཞིང༌། ཡང་ན་སྲེད་པ་ལ་འདོད་པའི་སྲེད་པ་དང༌། སྲིད་པའི་སྲེད་པ་དང༌། འཇིག་པའི་སྲེད་པ་དང་གསུམ་ལས། ཆོས་མངོན་པ་ལས་ནི་དང་པོ་འདོད་ཁམས་ཀྱི་དང༌། གཉིས་པ་ཁམས་གོང་མ་གཉིས་ཀྱི་དང༌། གསུམ་པ་ནི་ཕུང་པོ་འདོར་བར་འདོད་པ་ལ་སྲེད་པ་རྣམས་ཡིན་ཞེས་བཤད་ལ། དཔལ་ཆོས་ཀྱི་གྲགས་པས་ནི། དང་པོ་གཉིས་མཚུངས་པ་ལ། གསུམ་པ་ནི་ཉེར་སྤྱོད་ཡོངས་སུ་བཟུང་བར་སྲེད་པ་ལ་བཤད་པས་འདི་འཐད་ཕྱོགས་སུ་བཟུང་ངོ༌། །འདོད་པའི་ཁམས་ལ་ནི། གནས་ལུས་ལོངས་སྤྱོད་གསུམ་ཆར་ལ་སྲེད་པ་ཡོད་ཅིང༌། དེ་ལ་བརྟེན་ནས་མི་དགེ་བ་སྐྱེ་བའང་ཡོད་པ་ཡིན་ལ། ཁམས་གོང་མ་གཉིས་ལ་ལོངས་སྤྱོད་ཀྱི་དངོས་པོ་མེད་པས་ལོངས་སྤྱོད་ལ་སྲེད་པ་ནི་མེད་ལ། འོན་ཀྱང་གནས་ལུས་གཉིས་ལ་སྲེད་པ་ཙམ་ཡོད་ཀྱང༌། དེ་ལ་བརྟེན་ནས་མི་དགེ་བ་སྐྱེ་བ་མེད་དོ། །ཡན་ལག་དགུ་བ་ལེན་པ་ནི། དེ་ལྟར་སྲེད་པ་ལ་བརྟེན་ནས༌། ལེན་པ་འབྱུང་བ་ཡིན་ཏེ། དཔེར་ན་བཟའ་བཏུང་ལོངས་སྤྱོད་སོགས་ཡུལ་ཡིད་འོང་གི་རྣམ་པ་ལ་སྲེད་ཅིང་ཞེན་པར་གྱུར་པས་ན། དེ་ཉིད་ཡང་དང་ཡང་དུ་འབྱུང་བར་འདོད་པ་དང༌།དེ་ཉིད་ཀྱི་ཐབས་བྱ་བ་རྣམ་པ་སྣ་ཚོགས་པས་སྒྲུབ་པར་བྱེད་པའི་ནུས་པ་ཅན་དེ་ལ་ལེན་པ་ཞེས་བྱའོ། །ལེན་པ་དེ་ལ་ཡང༌། འདོད་པའི་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། ལྟ་བའི་ལེན་པ་དང༌། བདག་ཏུ་སྨྲ་བའི་ལེན་པ་དང་བཞིར་གསུངས་སོ། །ཡན་ལག་བཅུ་པ་སྲིད་པ་ནི། ཡང་སྲིད་མངོན་པར་འགྲུབ་པར་བྱེད་པའི་ལས་སྟོབས་དང་ལྡན་པས་སོ། །ཡན་ལག་བཅུ་གཅིག་པ་སྐྱེ་བ་ནི། སྐྱེ་བའི་ཡན་ལག་མངོན་འགྱུར་གྱི་དབང་དུ་བྱས་ན། མངལ་དུ་ཉིང་མཚམས་སྦྱོར་བཞིན་པ་ནི་སྐྱེ་བ་ཡིན་ལ། ཉིང་མཚམས་སྦྱར་ཟིན་པ་ནི། རྒ་ཤིའི་ཡན་ལག་ཡིན། ནུར་ནུར་བོ་ལ་སོགས་པའི་གནས་སྐབས་ནས་བཟུང༌། རིམ་པས་སྐད་ཅིག་སྐད་ཅིག་རྒྱུན་འགྱུར་བ་ནི། རྒས་པ་ཡིན་ལ། འདིར་རྒ་ཤི་ཞེས་ཡན་ལག་གཅིག་ཏུ་སྡོམ་པ་ཡང༌། མ་རྒས་པ་ལ་འཆི་བ་ཡང་ཡོད་པས་ན་དེ་ལྟར་དུ་གསུངས་སོ། །རྟེན་འབྲེལ་ལུགས་འབྱུང་བཟློག་ཏུ་སྒོམ་ཚུལ་ནི། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་ཇི་ལྟ་བུ་ཞེ་ན། ཀུན་ནས་ཉོན་མོངས་པའི་དབང་གིས་འཁོར་བར་འཇུག་ཚུལ་གྱི་ལུགས་དང་མཐུན་པ་ནི་རིམ་པ་ཇི་ལྟ་བ་སྟེ། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་པ་ནས། མཐར་སྐྱེ་པའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་པ་དང་འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ་ཞེས་པ་ལྟ་བུ་དང༌། ལུགས་དང་མི་མཐུན་པ་དང༌། ཞེས་པ་ནི་རིམ་པ་ལྡོག་པ་སྟེ། རྒ་ཤི་ལ་སོགས་པ་སྐྱེ་བ་ལས་འབྱུང༌། སྐྱེ་བ་སྲིད་པ་ལས་འབྱུང༌། སྲིད་པ་ལེན་པ་ལས་འབྱུང་ཞེས་པ་ནས་འདུ་བྱེད་མ་རིག་པ་ལས་འབྱུང་ཞེས་པའི་བར་ཡིན་ཞིང༌། དེ་དག་ཀྱང་རིམ་པའི་སྒོ་ནས་ཆ་གཉིས་སུ་ཕྱེ་བ་མ་གཏོགས་པ་དོན་ནི་འཁོར་བའི་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པར་མཚུངས་པ་ཉིད་དོ། །བདེན་པ་ལ་སྦྱར་ནས་རྒ་ཤི་དང༌། རྒ་ཤི་ཀུན་འབྱུང་བ་དང༌། རྒ་ཤི་འགོག་པ་དང༌། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་པ་ལ་སོགས་པ་མས་རིམ་གྱིས་གསུངས་པའི་འགོག་ལམ་ནི་རྣམ་བྱང་ཡིན་ལ་བདེན་བཞི་ཚང་བའི་ཆེད་དུ་ཞར་ལས་བྱུང་བའོ། །དེ་བཞིན་དུ་རྣམ་པར་བྱང་བའི་དབང་གིས་མྱ་ངན་ལས་འདས་པར་འཇུག་ཚུལ་གྱི་ལུགས་དང་མཐུན་པ་ནི་ཡས་རིམ་གྱིས། མ་རིག་པ་འགགས་ན་འདུ་བྱེད་འགག་འདུ་བྱེད་འགགས་ན་རྣམ་པར་ཤེས་པ་འགག་ཅེས་པ་ནས། མཐར་སྐྱེ་བ་འགགས་ན་རྒ་ཤི་ལ་སོགས་པ་འགག་ཅེས་པ་དང༌། ལུགས་དང་མི་མཐུན་པ་ནི་མས་རིམ་གྱིས་གང་མེད་ན་རྒ་ཤི་མི་འབྱུང༌། གང་འགགས་ན་རྒ་ཤི་འགག་ཅེས་སྐྱེ་བ་འགགས་ནའོ་ཞེས་པ་ལ་སོགས་པའམ། ཡང་ན་སྐྱེ་བ་འགགས་ན་རྒ་ཤི་འགག་སྲིད་པ་འགགས་ན་སྐྱེ་བ་འགག་ཅེས་པ་ནས། མ་རིག་པ་འགགས་ན་འདུ་བྱེད་འགག་ཅེས་པའི་བར་ཏེ། རིམ་པ་ཙམ་མ་གཏོགས་པ་ནི་མྱ་ངན་ལས་འདས་པ་འཐོབ་ཚུལ་དུ་གཅིག་པ་ཉིད་དོ། །དེ་ལྟར་རྟོགས་པར་གྱུར་པས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་སྒོམ་ཚུལ་བསྟན་པར་བལྟའོ། །དེ་ལ་ཁ་ཅིག་མ་རིག་པ་འགགས་པས་འདུ་བྱེད་འགགཅེས་པ་ལ་སོགས་པ་ཀུན་ནས་ཉོན་མོངས་ཀྱི་ལུགས་ལྡོག་ཏུ་འཆད་པ་ནི་མི་རིགས་ཏེ།དེ་ནི་རྣམ་པར་བྱང་བའི་ལུགས་མཐུན་དུ་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ཕར་ཕྱིན་མདོ་ལུགས་མ་༢༤༢ལས། མ་རིག་པ་འགག་ན་འདུ་བྱེད་འགག་ཅེས་པ་ནས་སྐྱེ་བ་འགག་ན་རྒ་ཤི་འགག་ཅེས་པའི་བར་དུ་ལུགས་དང་མི་འཐུན་པ་ལ་སོ་སོར་རྟོགས་པར་བྱེད་དོ། །ཞེས་གསུངས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ༌། །དེ་བས་ན་འཁོར་བ་སྤངས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་རྣམས་ཀྱིས་ནི་མ་རིག་པ་སྤང་པའི་ཆེད་དུ་ཡང་དག་པའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། དབུ་མའི་རྩ་བར། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ཀུན་ཏུ་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་པ་དེ་ཉིད་བསྒོམས་པས་སོ། །ཞེས་པ་ལྟར་རོ། །དེ་ལྟར་རྩ་བ་མ་རིག་པ་འགགས་ན་སྡུག་བསྔལ་མཐའ་དག་ལས་གྲོལ་བར་འགྱུར་ཏེ། དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང༌། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག ། ཅེས་པ་ལྟར་རོ། །གནས་སྐབས་པའི་རྟེན་འབྲེལ་ཚེ་གསུམ་ལ་ཡན་ལག་བཅུ་གཉིས་ཕྲུགས་གཅིག་རྫོགས་པར་འགྱུར་བ་རྒྱུ་འབྲས་ཚར་གཉིས་གསུངས་པ་འདི་ནི་འཕེན་འགྲུབ་ཀྱི་དབྱེ་བ་མེད་པར་བསྲེས་པ་ཡིན་ཏེ། དེ་ཡང་མ་རིག་པ་དང་འདུ་བྱེད་གཉིས་རྒྱུ་དང༌། དེ་ལས་རྣམ་ཤེས་ནས་ཚོར་བའི་བར་ཡན་ལག་ལྔ་འབྱུང་བ་ནི། རྒྱུ་འབྲས་ཀྱི་རིམ་པ་ཚར་གཅིག་པ་དང༌། ཡང་རྒྱུ་སྲེད་པ་དང་ལེན་པ་གཉིས་ལས་འབྲས་བུ་སྲིད་པ་དང༌། སྐྱེ་བ་དང་རྒ་ཤི་རྣམས་འབྱུང་བ་ནི་རྒྱུ་འབྲས་ཀྱི་རིམ་པ་ཚར་གཅིག་སྟེ། འདི་ལ་ནི་རྒྱུ་འབྲས་ཀྱི་རིམ་པ་ཚར་གཉིས་སུ་གསུངས་སོ། །ཞེས་ཐེག་མཆོག་དབུ་མའི་ཟིན་བྲིས་ལས་གསུངས་སོ། །དེ་ལྟར་གསུངས་པའི་དགོས་པ་ཡང་སེམས་ཅན་རྣམས་ཀྱི་སྔོན་གྱི་མཐའ་ལས་རྨོངས་པ་དང༌། ཕྱི་མའི་མཐའ་ལས་རྨོངས་པ་དང༌། ད་ལྟར་གྱི་མཐའ་ལས་རྨོངས་པ་རྣམས་བཟློག་པའི་ཕྱིར། རྟེན་འབྲེལ་གྱི་རྣམ་བཞག་འདི་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་སོ། །རྨོངས་པ་རྣམ་པ་གསུམ་བཟློག་པའི་ཚུལ་ཡང༌། མཛོད་ལས། སྔོན་དང་ཕྱི་མཐའ་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། །མ་རིག་པ་དང་འདུ་བྱེད་གཉིས་ནི་སྔོན་གྱི་མཐའ་དང༌། རྣམ་ཤེས་ནས་སྲིད་པའི་བར་བརྒྱད་ནི་བར་གྱི་མཐའ་དང༌། སྐྱེ་བ་དང་རྒ་ཤི་གཉིས་ནི་ཕྱི་མའི་མཐའོ། །ཚེ་གཅིག་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྫོགས་པར་འགྱུར་བ་ནི། མཐོང་ཆོས་མྱོང་འགྱུར་གྱིས་དབང་དུ་བྱས་པ་སྟེ། དཔེར་ན་སྐྱེས་པ་ཞིག་གིས་བུད་མེད་ཀྱི་སྐྱེ་བ་ཐོབ་འདོད་ཀྱི་བསམ་པ་དྲག་པོའི་ལས་ཞིག་བྱས་ནས། ལས་དེ་རྣམ་ཤེས་ལ་དེར་སྐྱེ་བའི་ས་བོན་ཡོངས་སུ་བཞག་ལ། དེའི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའི་ཡན་ལག་གི་ས་བོན་རྣམས་ཀྱང་རིམ་གྱིས་ཡོངས་སུ་བཞག་པ་ལས། དུས་ནམ་ཞིག་གི་ཚེ། དེས་བསྙེན་བཀུར་ལ་སྲེད་པ་དང༌། དེའི་ཀུན་ནས་བསླངས་བའི་བསྙེན་བཀུར་བསྒྲུབ་འདོད་ཀྱི་ལེན་པ་པས་དགྲ་བཅོམ་པའི་དགེ་འདུན་ལྟ་བུ་ཞིག་ལ་འདི་དག་ནི་བུད་མེད་ཀྱི་ཚོགས་པའོ། །ངག་རྩུབ་མོས་སྐུལ་བ་བཏབ་པའི་ལས་བྱས་པ་ལས་བུད་མེད་དུ་སྐྱེ་འགྱུར་གྱི་ལས་སྔར་བཞག་པ་དེ་ཉིད་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར་ཏེ། མཐོང་བའི་ཆོས་ཉིད་དེ་ལས། མཚན་ཡོངས་སུ་འགྱུར་ཏེ། བུད་མེད་དུ་འགྱུར་བཞིན་པ་ནི་སྐྱེ་བ་དང༌། དེར་གྱུར་ཟིན་པ་ནི་རྒ་ཤིའི་ཡན་ལག་སྟེ། ཚེ་གཅིག་པུ་དེ་ཉིད་ལ་རྫོགས་པ་ལྟ་བུའོ། །སྐད་ཅིག་མའི་རྟེན་འབྲེལ་ནི། བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལ། ཡན་ལག་བཅུ་གཉིས་རྫོགས་པར་ཚང་བ་ནི། སྐད་ཅིག་མའི་རྟེན་འབྲེལ་ཡིན་ལ།དེ་ཡང་ཡན་ལག་བཅུ་གཉིས་པོ་ཚང་བ་ཙམ་གྱིས་ཆོག་པ་མ་ཡིན་གྱི། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སོགས་ཡན་ལག་བཅུ་གཉིས་པོ་རྣམས་རྐྱེན་དང་རྐྱེན་ཅན་དུ་འགྱུར་བ་ཞིག་དགོས་པ་བཞིན་ནོ། །གཉིས་པ་ལན་དངོས་ནི།རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ནི། སྔར་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པ་རྣམས་ལས་རྟོགས་ནུས་ཀྱང་འདིར་ཅུང་ཟད་བརྗོད་ན། རྟེན་འབྲེལ་ཡན་ལག་བཅུ་གཉིས་མངོན་གྱུར་བའི་དབང་དུ་བྱས་ན་ཐོག་མར་མ་རིག་པ།དེ་ནས་འདུ་བྱེད་ཀྱི་ལས། དེ་ནས་རྒྱུ་དུས་ཀྱི་རྣམ་ཤེས། དེ་ནས་སྲེད་པ། དེ་ནས་ལེན་པ།དེ་ནས་སྲིད་པ། དེ་ནས་འབྲས་དུས་ཀྱི་རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། དེ་སྐྱེ་བ། རྒ་ཤི་རྣམས་རིམ་གྱིས་འབྱུང་བ་ཡིན་ཏེ། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལས། རྒྱུ་འབྲས་ཚར་དུ་ཡིས་བསྡུས་པ་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། དང་པོ་གཉིས་རྒྱུ་དང༌། རྣམ་ཤེས་ལ་སོགས་པ་ལྔ་འབྲས་བུ་དང༌། སྲེད་ལེན་སྲིད་པ་གསུམ་རྒྱུ་དང༌། རྒ་ཤི་གཉིས་འབྲས་བུ་སྟེ་ཚར་གཉིས་ཀྱིས་བསྡུས་པར་ཡང་འདོད་མོད།འདི་མངལ་སྐྱེས་ཀྱི་སྲིད་པ་གཅིག་གི་མགོ་བརྩམས་ནས་མཇུག་རྫོགས་ཀྱི་བར་ལ་རྒྱུ་འབྲས་ཚར་གཅིག་ཏུའང་འདུ་བ་ཡིན་ཏེ། དེའི་གོ་རིམ་ནི་དང་པོ་གསུམ་གྱི་རྗེས་སུ་སྲེད་ལེན་སྲིད་པ་གསུམ་སྦྱར་བའོ། །ཞེས་པ་ནས། འདིར་ནི་ཡང་སྲིད་འཕེན་བྱེད་སྐྱེས་ནས་མྱོང་འགྱུར་འགའ་ཞིག་ཚེ་གཉིས་ལ་རྫོགས་པ་སྲིད་དེ། དེའང་ཚེ་འདིར་མ་རིག་པའི་དབང་གིས་ལས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་ནས། ལས་དེ་ཇི་ལྟར་འོང་བའི་སྲེད་ལེན་གྱིས་བརླན་པས་འཆི་ཁར་སྲིད་པ་མཐུ་ཅན་དུ་གྱུར་ཅིང་ཤི་འཕོས་པ་དང༌། ཚེ་གཉིས་པར་ཉིང་མཚམས་སྦྱར་བ་ན། མིང་གཟུགས་ལ་སོགས་པ་བཞི་དང་སྐྱེ་བ་དང་རྒ་ཤི་འགྲུབ་པ་ལྟ་བུའོ། །གཞན་ནི་ངེས་པ་མེད་དེ། ཚེ་རབས་མང་པོས་སྐྱེ་བ་གཅིག་འཕེན་པ་སྲིད་པའི་ཕྱིར་དང༌། ལས་འགའ་ཞིག་རྣམ་པར་སྨིན་པའི་ལུས་བསྐལ་པ་བརྒྱའི་ཕ་རོལ་ལ་སོགས་པར་འབྱུང་བ་སྲིད་པའི་ཕྱིར་རོ། །ཞེས་དང༌། མདོ་སྡེའི་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། དེ་རྣམས་ཀྱི། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་ཅན། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པ་ལྟར་ཉོན་མོངས་པ་གསུམ་ལས་གཉིས་འབྱུང་ཞིང༌། ལས་གཉིས་ལས་སྡུག་བསྔལ་བདུན་འབྱུང་ལ། སྡུག་བསྔལ་མྱོང་བཞིན་དུའང་ཉོན་མོངས་པའི་དབང་གིས་ལས་ངན་པ་སོགས་པས་སྒོ་ང་ལས་བྱ་དང་བྱ་ལས་སྒོ་ང་ལྟར་ཕན་ཚུན་འཁོར་བའི་ཚུལ་གྱིས་སེམས་ཅན་རྣམས་སྡུག་བསྔལ་བར་གནས་པ་ལ། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡིན་ན་ཐེག་མཆོག་དབུ་མ་ལས། ཚེ་གཅིག་ལ་ཡང་རྫོགས་པ་ཡོད་པ་སྟེ། །གོ་རིམ་དཀྲུག་ན་ཡན་ལག་རྫོགས་པ་འགལ། །ཞེས་དང༌། དེའི་ཟིན་བྲིས་ལས།ཕན་ཚུན་བསྲེ་སྟེ། ཚེ་དང་པོའི་སྐབས་ཀྱི་མ་རིག་པ་དང༌། འདུ་བྱེད་གཉིས་འཕེན་པའི་ཡན་ལག་དང༌། ཚེ་བར་བས་ཤས་ཆེར་བསྡུས་པ་རྣམ་ཤེས་སོགས་ལྔ་ནི་འཕངས་པའི་ཡན་ལག་དང༌། ཚེ་བར་བའི་གནས་སྐབས་སུ་བྱུང་བ་སྲེད་ལེན་དང༌། ཚེ་བར་བའི་ཆ་དང་ཚེ་གསུམ་པའི་ཉིང་མཚམས་སྦྱོར་ཁ་མའི་བར་དུ་འབྱུང་བ་སྲིད་པའི་ཡན་ལག་རྣམས་འགྲུབ་བྱེད་ཀྱི་ཡན་ལག་དང༌། ཚེ་གསུམ་པ་ལས་བྱུང་བའི་སྐྱེ་བ་དང༌། རྒ་ཤིའི་ཡན་ལག་ནི་གྲུབ་པའི་ཡན་ལག་ཡིན་ཞེས་སྨྲ་བ་ནི། གཉིས་བསྲེས་པའི་གཉིས་མིན་དུ་གྱུར་པས་མི་འཐད་ལ། དེའི་རྒྱུ་མཚན་ཡང༌། མིང་གཟུགས་ལ་སོགས་པ་བཞི་བོ་དེ་རྣམས་འཕངས་བའི་ཡན་ལག་མ་ཡིན་ཏེ། གྲུབ་པའི་ཡན་ལག་ཡིན་པའི་ཕྱིར། གྲུབ་པའི་ཡན་ལག་ཡིན་ཏེ། དེ་དག་ས་བོན་ཙམ་མ་ཡིན་པར་མངོན་པར་གྱུར་པ་ཡིན་པའི་ཕྱིར། དེ་མངོན་གྱུར་པ་ཡིན་ཡང་འཕངས་པའི་ཡན་ལག་མ་ཡིན་པའི་སྐྱོན་མེད་དོ་ཞེས་ཟེར་ན། འཕངས་བའི་ཡན་ལག་གི་མཚན་ཉིད་མ་ཚང་ཡང་འཕངས་བའི་ཡན་ལག་ཡིན་ཞེས་སྨྲ་ན་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་དང༌། དེ་ཡང་ཡན་ལག་བཅུ་གཉིས་པོ་རྣམས་གོ་རིམ་མ་འཁྲུགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་རྫོགས་པ་ཞིག་དགོས་པ་ཡིན་གྱི། གཞན་འགའ་ཞིག་གི་འདོད་པ་ལྟར་མ་རིག་པའི་རྗེས་སུ་སྲེད་ལེན། དེ་ནས་འདུ་བྱེད་དང༌། དེ་ནས་སྲིད་པ་དང༌། དེ་ནས་རྣམ་ཤེས་དང༌། དེ་ནས་ཚོར་བ་སོགས་འབྱུང་བར་འདོད་པ་ནི་གོ་རིམ་དཀྲུགས་པའི་ཕྱིར་ན། ཡན་ལག་བཅུ་གཉིས་ཀྱི་རིམ་པ་ཚེ་གཅིག་ལ་རྫོགས་པ་འགལ་བའི་ཕྱིར་རོ། །ཞེས་དང༌། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ཞེས་གསུངས་པ་ཡིན་གྱི། འདུ་བྱེད་ལས་སྲིད་པ་འབྱུང་བ་ལུང་གིས་གནོད་པའི་ཕྱིར་རོ། །དེ་བཞིན་དུ་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་གསུངས་པ་ཡིན་གྱི། ལེན་པ་ལས་འདུ་བྱེད་བྱུང་བ་ལུང་དང་འགལ་བ་དང༌། ཞེས་གསུངས་པ་དག་གི་དགོངས་པ་ཇི་ལྟར་ཡིན་ཞེ་ན། དེ་དག་གི་དགོངས་པ་ནི་གནས་སྐབས་ཀྱི་རྟེན་འབྲེལ་དང་མདོའི་སྒྲས་ཟིན་གྱི་རྟེན་འབྲེལ་ལན་ལག་བཅུ་གཉིས་ནི་ཚར་གཅིག་གི་དབང་དུ་བྱས་པ་མ་ཡིན་པར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས། རྣམ་ཤེས་ཀྱི་རྐྱེན་གྱིས་མིང་གཟུགས་སོགས་འབྱུང་བ་སྟེ་སྔ་ཕྱི་རིམ་ཅན་དུ་རྐྱེན་དང་རྐྱེན་ཅན་དུ་གསུངས་པ་དང༌། མངོན་དུ་མ་གྱུར་བའི་རྟེན་འབྲེལ་སོགས་ཅི་རིགས་ཀྱི་དབང་དུ་བྱས་པ་ཡིན་ནམ་སྙམ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། དེ་ལྟར་ན་ཡན་ལག་བཅུ་གཉིས་པོ་དེ་རྣམས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་པ་མངོན་དུ་མ་གྱུར་པ་དང་ས་བོན་ཡོངས་སུ་སྨིན་པ་ལས། ཡན་ལག་བཅུ་གཉིས་མངོན་དུ་འགྱུར་བ་གཉིས་འབྱུང་བ་ཐམས་ཅད་ལ་ཤེས་པར་བྱའོ། །ཞེས་གསུངས་པ་དང༌། ཀུན་བཏུས་འགྲེལ་བ་ཤེས་བྱ་རབ་གསལ་སྣང་བ་ལས། དེའི་གོ་རིམ་ནི་དང་པོ་གསུམ་གྱི་རྗེས་སུ་སྲེད་ལེན་སྲིད་པ་གསུམ་སྦྱར་བའོ། །ཞེས་གསུངས་པ་དང༌། གོང་གི་ལུང་དེ་དག་གི་སྐབས་ཐོབ་ལས་ཤེས་ནུས་པའི་ཕྱིར་རོ། །འོན་ཀྱང་རྟེན་འབྲེལ་ལ་ཆོས་ཀྱི་སྤྱན་མངའ་བའི་མཁས་པ་རྣམས་ཀྱིས་སླར་དཔྱད་པར་བྱའོ། །མངོན་དུ་མ་གྱུར་བའི་རྟེན་འབྲེལ་གྱི་འབྱུང་རིམ་ཚེ་གཉིས་ཀྱི་དབང་དུ་བྱས་པ་ནི། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ཚེ་གཉིས་ལ་རྫོགས་ཚུལ་རྣམས་གསལ་གྱི་དཔེར་བརྗོད་ན། བདག་ལྟ་དང་མཚུངས་ལྡན་དུ་གྱུར་པའི་མ་རིག་པས་རྒྱུ་དུས་ཀྱི་ཀུན་སློང་བྱས། བདག་ལེགས་པོ་འདོད་པའི་བསམ་པ་ལ་བརྟེན་ནས། རྩ་བ་གསུམ་གྱི་དེ་དུས་ཀྱི་ཀུན་སློང་བྱས་ཏེ། ཡན་ལག་བརྒྱད་པའི་ཚུལ་ཁྲིམས་བསྲུང་བ་ལྟ་བུའི་འདུ་བྱེད་ཀྱི་ལས་བྱས་ཏེ། ཀུན་གཞི་ལ་མིར་སྐྱེ་འགྱུར་གྱི་ས་བོན་བཏབ་པས་ཤེས་པ་དེ་ཉིད་ཡོངས་སུ་འགྱུར་བའི་ཁྱད་པར་ཐོབ་པ་དང༌། དེའི་རྗེས་སུ་མི་མཐུན་པའི་རྐྱེན་མ་བྱུང་བས། སྔར་གྱི་རྒྱུན་མངོན་པར་འཕེལ་ཏེ། མིར་སྐྱེ་འགྱུར་གྱི་མིང་གཟུགས་ཀྱི་ས་བོན་ནུས་པ་མཐུ་ཅན་དུ་བྱས། སླར་ཡང་རིམ་པས་ས་བོན་སྨིན་པར་གྱུར་པས། སྐྱེ་མཆེད་དྲུག་གི་ས་བོན་ནུས་པ་ཅན་དུ་བྱས་པ་དང༌། སླར་ཡང་མི་མཐུན་པའི་གེགས་རྐྱེན་མེད་པར་སྨིན་པ་གོང་འཕེལ་དུ་སོང་བ་ལས། རེག་པ་དང་ཚོར་བའི་ས་བོན་ཡང་སྔ་ཕྱི་རིམ་པ་དང་བཅས་ཏེ་ནུས་པ་མཐུ་ཅན་དུ་གྱུར་པ་དང༌། དེ་ཡན་ཆད་ནི་འཕེན་པའི་རྟེན་འབྲེལ་ཏེ། མ་རིག་འདུ་བྱེད་རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་ཡན་ལག་དང༌། མིང་གཟུགས་སོགས་བཞི་བོ་དེ་རྣམས་ནི། འཕངས་པའི་ཡན་ལག་སྟེ། དེ་རྣམས་ཀྱི་མིའི་སྐྱེ་བ་ཞིག་འཕངས་པས། དུས་ནམ་ཞིག་གི་ཚེ། སྐྱེ་བ་དེ་ལེན་པར་ངེས་ཀྱང༌། སྐྱེ་བ་འདིའི་རྟིང་མ་ལྟ་བུ་དུས་ངེས་ཅན་ཞིག་ལ་འགྲུབ་པར་མ་ངེས་པ་ལས་སླར་ཡང་མཐོ་རིས་ལ་སྲེད་པའི་བསམ་པ་དྲག་པོ་ཞིག་སྐྱེས་ཏེ། ཡན་ལག་བརྒྱད་པའི་ཚུལ་ཁྲིམས་བསྲུང་བར་འདོད་པའི་ལེན་པ་དང༌། དེ་ལས་དངོས་སུ་ཚུལ་ཁྲིམས་བསྲུངས་བས། སྔར་གྱི་ས་བོན་ཤིན་ཏུ་སྟོབས་དང་ལྡན་པར་གྱུར་ཏེ། མིར་སྐྱེ་ངེས་ཀྱི་སྲེད་པ་ས་བོན་གྱི་ཚུལ་གྱིས་གྲུབ་པ་ནི་སྲེད་པའི་ཡན་ལག་དང༌། དེ་ཁའི་རྒྱུན་དང་ལྡན་བཞིན་དུ། མིའི་ལུས་རྟེན་ཡོངས་སུ་བཏང་སྟེ། སླར་ཡང་མིར་སྐྱེ་བའི་བར་སྲིད་ཡོངས་སུ་བཟུང་ཞིང་མངལ་དུ་ཉིང་མཚམས་སྦྱོར་ཁ་མའི་བར་ནི་སྲིད་པའི་ཡན་ལག་དང༌།ཉིང་མཚམས་སྦྱོར་བཞིན་པ་ནི་སྐྱེ་བའི་ཡན་ལག་དང༌། སྦྱར་ཟིན་པ་ནས་ཚེ་གཉིས་པ་ཧྲིལ་བོ་རྒ་ཤིའི་སྟེ། མངོན་པར་གྲུབ་པའི་ཡན་ལག་གོ ། ཞེས་གསུངས་པའི་ཕྱིར་རོ།། །།


previousདྲི་བ་བཅུ་བཞི་པ་ནི། རང་ལུགས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚར་གཅིག་གི་འབྱུང་རིམ་ཇི་ལྟར་ཡིན་ཞེས་པའི་ལན།next