Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  collapse section
   
   
   
   
སྒོམ་ལམ་རྩེ་སྦྱོར་བཤད་པ།
   
   
  expand section
  expand section
  expand section


 
previousསྒོམ་ལམ་རྩེ་སྦྱོར་བཤད་པ།next

སྒོམ་ལམ་རྩེ་སྦྱོར་བཤད་པ།


GLG013_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལམ་རྩེ་སྦྱོར་བཤད་པ། གསུམ་པ་ལ། གཉེན་པོ་སྒོམ་ལམ་བཤད་པ་དང་། སྤང་བྱ་རྟོག་པ་བཤད་པ་དང་། གཉེན་པོས་སྤང་བྱ་སྤངས་པའི་ཕན་ཡོན་བཤད་པ་གསུམ་ལས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ། དང་པོ་ནི། དེ་ལྟར་མཐོང་བའི་ལམ་བརྗོད་ནས་རྟེན་སྒོམ་པའི་ལམ་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རྟེན་ཚད་མས་གྲུབ་པ་སྔོན་དུ་འགྲོ་བ་ཅན་ཡིན་ན། བརྟེན་པ་མི་མཐུན་པའི་ཕྱོགས་སྤོང་བ་ལ་སོགས་པ་ནི་གོ་སླ་བ་དེའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ས་བརྒྱད་པ་བའི་རྒྱུད་ཀྱི་སེང་གེ་རྣམ་པར་བསྒྱིངས་པའི་སྙོམས་འཇུག་ཆོས་ཅན། ཐོད་རྒལ་སྙོམས་འཇུག་གི་སྦྱོར་བ་ཡིན་ཏེ། ཐོད་རྒལ་དངོས་གཞིའི་སྔོན་འགྲོ་འགོག་པ་དང་བཅས་པའི་སྙོམས་འཇུག་དགུ་ལ་བར་དུ་གང་ཡང་མ་སྤེལ་བར་ལུགས་མཐུན་མི་མཐུན་རྣམ་པ་གཉིས་སུ་ཡར་སོང་ཞིང་། མར་འོངས་ནས་སྙོམས་པར་འཇུག་པའི་མངོན་རྟོགས་ཡིན་པའི་ཕྱིར། ས་བརྒྱད་པ་བའི་རྒྱུད་ཀྱི་མཉམ་གཞག་མིན་པའི་ས་ལ་འདོད་པར་རྟོགས་པའི་རྣམ་པར་ཤེས་པས་མཚམས་བཟུང་སྟེ་བར་ལ་འདོད་སེམས་སྤེལ་བའི་སྙོམས་འཇུག་ཆོས་ཅན། ཐོད་རྒལ་དུ་ནི་སྙོམས་པར་འཇུག་པའི་དངོས་གཞི་ཡིན་ཏེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་སྔོན་དུ་བཏང་སྟེ་དང་པོར་འགོག་པ་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད། དེ་ལྟར་གཅིག་བརྒལ་


GLG013_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྲིད་རྩེ་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད། དེ་ལྟར་གཉིས་བརྒལ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད། དེ་ལྟར་གསུམ་བརྒལ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད། དེ་ལྟར་བཞི་བརྒལ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད། དེ་ལྟར་ལྔ་བརྒལ་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད། དེ་ལྟར་དྲུག་བརྒལ་ནས་གསུམ་པ་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད། དེ་ལྟར་བདུན་བརྒལ་ནས་གཉིས་པ་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད། དེ་ལྟར་བརྒྱད་བརྒལ་ནས་དང་པོ་ལ་སྙོམས་པར་འཇུག །དེ་ལས་ལངས་པ་དང་འདོད་སེམས་མངོན་དུ་བྱེད་པའི་སྒོ་ནས་སྙོམས་པར་འཇུག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། ས་བརྒྱད་པ་པའི་ཐོད་རྒལ་སྙོམས་འཇུག་གི་ཏིང་ངེ་འཛིན་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་ཡིན་ཏེ། འགོག་པ་དང་བཅས་པའི་སྙོམས་འཇུག་དགུའི་བར་དུ་འདོད་སེམས་སྤེལ་ཏེ་སྤེལ་གཞི་དང་སྤེལ་ཆོས་མི་འདྲ་བར་སྤེལ་ཏེ་འགྲོ་བའི་སྒོ་ནས་རང་གི་ངོ་སྐལ་གྱི་སྒོམ་སྤང་ཤེས་སྒྲིབ་དངོས་སུ་འཇོམས་པའི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །མར་འོང་ལ་འགོག་པ་སྤེལ་བའི་ཐོད་རྒལ་གྱི་ཏིང་འཛིན་ལ་སྙོམས་པར་འཇུག་ནུས་པའི་བྱང་སེམས་ཡིན་ན། ཡར་སོང་ལ་འདོད་སེམས་སྤེལ་བའི་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས་པས་ཁྱབ་ཟེར་ན། བྱང་


GLG013_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྒོམ་ལམ་པ་ཐོད་རྒལ་གྱི་ཏིང་འཛིན་ལ་དང་པོར་སྙོམས་པར་འཇུག་པའི་ཚེ། ཡར་སོང་ལ་འདོད་སེམས་དང་མར་འོངས་ལ་འགོག་པ་སྤེལ་ནུས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ཐོད་རྒལ་གྱི་ཏིང་འཛིན་ལ་དབང་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག་སྤེལ་གཞི་སྤེལ་ཆོས་མི་འདྲ་བ་སྤེལ་ནས་སྙོམས་པར་འཇུག་པའི་འཕགས་རྒྱུད་ཀྱི་སྙོམས་འཇུག་ཐོད་རྒལ་གྱི་དངོས་གཞིའི་མཚན་ཉིད་ཟེར་ན། ཕྱིར་མི་འོང་གི་རྒྱུད་ཀྱི་བསམ་གཏན་སྤེལ་སྒོམ་དུ་གྱུར་པའི་ཏིང་འཛིན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་ཏིང་འཛིན་ལ་རིམ་པ་འཆོལ་མར་སྙོམས་པར་འཇུག་པའི་སྙོམས་འཇུག་ཡོད་པའི་ཕྱིར། ཁ་ཅིག །ཐོད་རྒལ་གྱི་དངོས་གཞི་ཡིན་ན། རྒྱུ་ལམ་ཤེས་ཡིན་པས་ཁྱབ་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་ཐོད་རྒལ་གྱི་དངོས་གཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་ཏིང་འཛིན་ལ་རིམ་པ་འཆོལ་བར་སྙོམས་པར་འཇུག་པའི་སྙོམས་འཇུག་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་མཐར་གནས་སྙོམས་འཇུག་དགུ་ཡོད་པའི་ཕྱིར། དེར་ཐལ། སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག །དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་ས་ལྔ་པ་མན་ཆད་ལ་གནས་པའི་བྱང་འཕགས་ཀྱི་རྒྱུད་ལ་ཐོད་རྒལ་གྱི་དངོས་གཞི་མེད་ཟེར་ན། དེ་ཡོད་པར་ཐལ། མཐར་གནས་སྙོམས་འཇུག་དགུ་ལ་ཇི་ལྟར་འདོད་འདོད་དུ་སྙོམས་པར་འཇུག་ནུས་པའི་ས་ལྔ་པ་མན་ཆད་ལ་གནས་པའི་དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ཡོད་པའི་ཕྱིར། དེར་ཐལ། བྱ་རྫོགས་


GLG013_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་ལ་ཏིང་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་ཕར་འཇུག་ནུས། ཚུར་ལྡང་བ་ནུས་པའི་དམན་ལམ་སྔོན་དུ་མ་སོང་པའི་བྱང་སེམས་མཐོང་ལམ་པ་ཡོད་པའི་ཕྱིར། དེར་ཐལ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་དེ་ཡོད་པའི་ཕྱིར། གསུམ་པ་ལ་གསུམ། སྦྱོར་བ་དང་། དངོས་གཞི་དང་། མཇུག་བསྡུ་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་བ་རྣམས་ཀྱི་རྒྱུད་ཀྱི་སེང་གེ་རྣམ་བསྒྱིངས་ཀྱི་སྙོམས་འཇུག་ནི་ཆོས་ཅན། ཐོད་རྒལ་སྙོམས་འཇུག་གི་སྦྱོར་བ་ཡིན་ཏེ། ཐོད་རྒལ་དང་དངོས་གཞི་སྔོན་འགྲོར་བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་ཡར་སོང་ནས་དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་མར་འོངས་ཏེ་དེ་ལྟར་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་གཉིས་ཀྱི་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འགོག་པའི་མཚན་ཉིད་ཀྱི་སྙོམས་པར་འཇུག་པར་དགུ་ལ་བར་དུ་གང་ཡང་མ་སྤེལ་བར་ཡར་སོང་ཞིང་མར་འོངས་ནས་སྙོམས་པར་འཇུག་པའི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། སླར་ཡང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་ཞུགས། དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལས་ལངས་ནས་འགོག་པ་ལ་སྙོམས་པར་ཞུགས་ཏེ་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་དེའི་རྒྱུད་ཀྱི་ཐོད་རྒལ་གྱི་སྙོམས་འཇུག་བར་པ་ཆོས་ཅན། ཐོད་རྒལ་གྱི་སྙོམས་འཇུག་ཡིན་ཏེ། སྦྱོར་བ་སེང་གེ་རྣམས་བསྒྱིངས་སྔོན་དུ་བཏང་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་འགོག་པ་སྤེལ་ནས་སྙོམས་པར་འཇུག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། སྙོམས་འཇུག་བར་པ་དེ་ལས་ལངས་ནས་འགོག་པའི་སྙོམས་འཇུག་གི་དེ་མ་


GLG013_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པའི་སྙོམས་པར་འཇུག་པ་སྲིད་རྩེ་ལ་དམིགས་ཏེ་ཡང་དེ་མ་ཐག་ཏུ་ཐབས་ལ་མཁས་པའི་སྟོབས་ཀྱིས་སྲིད་རྩེ་ལས་ལངས་ཏེ་རྣམ་པར་ཤེས་པར་མཉམ་པར་མ་བཞག་པ་འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་དེ་ལྟ་བུ་མངོན་སུམ་དུ་བྱས་ཏེ་མཚམས་ཀྱི་ངོ་བོར་བཞག་ནས་དགུ་ལ་འདོད་སེམས་སྤེལ་བའི་དེའི་རྒྱུད་ཀྱི་སྙོམས་འཇུག་ཆོས་ཅན། ཐོད་རྒལ་གྱི་སྙོམས་འཇུག་གི་དངོས་གཞི་ཡིན་ཏེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་སྔོན་དུ་བཏང་ནས་མཉམ་པར་མ་བཞག་པས་མཚམས་བཟུང་པ་དེའི་འོག་ཏུ་འགོག་པ་ལ་སྙོམས་པར་ཞུགས། དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་ལ། དེའི་འོག་ཏུ་འགོག་པ་གཅིག་པུ་བོར་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་ཞུགས། དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་ལ། དེ་ནས་འགོག་སྲིད་གཉིས་བོར་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས། དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་ལ། དེ་བཞིན་དུ་བརྒྱད་ཀྱི་བར་དུ་བོར་ནས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས། དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་པ་ལ་སོགས་པའི་སྒོ་ནས་སྙོམས་པར་འཇུག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་ནི། དེ་ལྟར་གཅིག་ལ་སོགས་པ་བརྒྱད་ཀྱི་བར་དུ་བོར་ནས་འགོག་པ་ལ་སྙོམས་པར་འཇུག་པ་དང་བསམ་གཏན་དང་པོ་ལ་ཐུག་པའི་བར་དུ་སྤེལ་གཞི་དང་སྤེལ་ཆོས་མི་འདྲ་བའི་སྒོ་ནས་འོང་བ་དང་། བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་འགོག་པ་སྤེལ་ཏེ་འགྲོ་བས་ན་མི་འདྲ་བར་འགྲོ་བའི་ས་བརྒྱད་པའི་སྙོམས་འཇུག་ཆོས་ཅན། སྒོམ་པའི་ལམ་


GLG013_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་སྦྱོར་ཡིན་ཏེ། ཐོད་རྒལ་གྱི་སྙོམས་པར་འཇུག་པ་ལ་དབང་བ་ཉིད་ཀྱི་མཚན་ཉིད་མངོན་སུམ་དུ་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པ་དེས་ནའི་ཕྱིར། གཉིས་པ་ལ་གསུམ། སྤྱིའི་མཚམས་སྦྱར། སོ་སོའི་ངོ་བོ་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་གཉེན་པོ་སྒོམ་པའི་ལམ་རྩེ་སྦྱོར་བརྗོད་ནས་དེའི་སྤང་བྱ་རྟོག་པ་རྣམས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དེ་ལ་སྤང་བར་བྱ་བའི་མི་མཐུན་པའི་ཕྱོགས་གཟུངའཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་རྣམས་བརྗོད་དགོས་པས་དེའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། གཟུང་རྟོག་བཤད་པ་དང་། འཛིན་རྟོག་བཤད་པའོ། །དང་པོ་ལ་གཉིས། འཇུག་པ་གཟུང་རྟོག་བཤད་པ་དང་། ལྡོག་པ་གཟུང་རྟོག་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། རེ་ཞིག་སྒོམ་སྤང་གཟུང་བའི་རྣམ་པར་རྟོག་པ་དང་པོ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སྤང་བྱ་རྣམ་རྟོག་བཞི་ཡོད་པའི་དང་པོའི་འཇུག་པ་གཟུང་རྟོག་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། གཉེན་པོ་སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན་གྱི་སྤང་བྱ་འཇུག་པའི་གཟུང་བའི་རྣམ་པར་རྟོག་པ་དང་པོ་འདི་ཆོས་ཅན། རྣམ་པ་དགུ་ཡོད་དེ། མདོར་བསྡུས་པའི་གསུང་རབ་བརྗོད་བྱ་དང་བཅས་པ་ལ་དམིགས་པ་དང་། རྒྱས་པའི་དེ་དང་བཅས་པ་དང་། སངས་རྒྱས་ཀྱིས་མགོན་བྱས་པའི་སྒོ་ནས་བཏང་བའི་ཡོངས་སུ་མ་བཟུང་བའི་གཉེན་པོ་ལ་དུས་གསུམ་དུ་འབྱུང་བའི་སྦྱོར་མཐོང་སྒོམ་གསུམ་གྱི་ཡོན་ཏན་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པ་དང་། ལེགས་པའི་ལམ་སྦྱོར་མཐོང་སྒོམ་ནི་རྣམ་པ་གསུམ་ལ་དམིགས་ནས་འཇུག་བྱར་བདེན་པར་རྣམ་པ་རྟོག་པ་དགུ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་


GLG013_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཁ་ཅིག །སྐབས་འདིར་བསྟན་གྱི་སྤང་བྱ་རྟོག་པ་ལྷན་སྐྱེས་ཡིན་ན། ཤེས་སྒྲིབ་ཡིན་པས་ཁྱབ་ཟེར་ན། གང་ཟག་གི་བདག་འཛིན་ལྷན་སྐྱེས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་སྒོམ་ལམ་པས་སྒྲིབ་གཉིས་ལྷན་སྐྱེས་ཅིག་ཅར་དུ་སྤོང་བའི་ཕྱིར། ཁ་ཅིག །སྒོམ་ལམ་རྩེ་སྦྱོར་གྱི་སྦྱོར་བ་ཉེར་བསྡོགས་ཀྱི་ལམ་དང་འཇུག་པ་བར་ཆད་མེད་ལམ་གཉིས་འགལ་ཟེར་ན། དེ་དང་སྒོམ་ལམ་རྩེ་སྦྱོར་འགལ་བར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུན་མཐའི་སྦྱོར་བའི་ལམ་དང་རྒྱུན་མཐའི་ཡེ་ཤེས་འགལ་བར་ཐལ། འདོད་པའི་ཕྱིར། འདོད་ན། བྱ་རྫོགས་ཀྱི་སྐད་ཅིག་མའི་ཐུང་མཐའ་གཅིག་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གོ་རིམ་མ་འཆོལ་བར་དངོས་ཡུལ་དུ་བྱེད་ནུས་པའི་ས་བཅུ་པའི་ཡེ་ཤེས་དེ་རྒྱུན་མཐའི་སྦྱོར་བའི་ལམ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་བཤད་ལས་ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །ཅེས་པའི་དཔེ་ལྟར་ན། ཟག་མེད་ཀྱི་ཆོས་གཅིག་མངོན་དུ་གྱུར་པ་ན་ལྷག་མ་རྣམས་ལ་སྒྲིབ་མི་དགོས་པར་དཀྱུས་གཅིག་ལ་གོ་རིམ་མ་འཆོལ་བར་མངོན་དུ་འགྱུར་བ་དེ་རྒྱུན་མཐའི་སྦྱོར་བའི་ལམ་གྱི་ཚེ་ཡིན་ལ་ཞེས་གསུངས་པ་མི་འཐད་པར་ཐལ། འདོད་མི་ནུས། གཉིས་པ་རང་ལུགས་ནི། རང་གི་དམིགས་ཡུལ་དུ་གྱུར་བའི་བྱང་སེམས་ལམ་གྱི་འཇུག་བྱའི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་བདེན་འཛིན་ལྷན་སྐྱེས་དེ་འདིར་བསྟན་སྒོམ་སྤང་འཇུག་པ་གཟུང་རྟོག་གི་མཚན་ཉིད། སྨྲས་པ། སྒྲིབ་གཉིས་འཆིང་བའི་དགྲ་ལས་རྣམ་གྲོལ་ཅིང་། །ཚོགས་གཉིས་འདབ་གཤོག་རབ་ཏུ་རྫོགས་པ་ཅན། །དོན་གཉིས་ལྷུན་གྲུབ་ཟས་གཙང་སྲས་པོ་དེའི། །ལུགས་གཉིས་མ་


GLG013_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་འབྱེད་པའི་ཤིང་རྟ་ཆེ། །ཐོགས་མེད་སྨྲ་བའི་ཉི་མ་གང་དེའི་སྲོལ། །ཇི་བཞིན་འཁྲུལ་མེད་འཇམ་དབྱངས་བླ་མའི་ལུགས། །མཁས་མང་བརྒྱུད་པའི་ལུགས་སྲོལ་ཇི་བཞིན་དུ། །འཆད་འདི་དཔྱོད་ལྡན་དགྱེས་པའི་ཡུལ་ཞིག་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི། སྒོམ་པའི་ལམ་གྱི་རྩེ་མོའི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་གྱི་སྤང་བར་བྱ་བ་ཉིད་ཀྱིས་བསྡུས་པ་གནས་སྐབས་འདིར་བསྟན་པའི་གཟུང་བའི་རྣམ་པར་རྟོག་པ་དང་པོ་ཆོས་ཅན། རྣམ་པ་དགུ་ཡོད་དེ། དམིགས་ཡུལ་གྱི་སྒོ་ནས་ཕྱེ་བ་རྣམ་པ་དགུ་ཡོད་པའི་ཕྱིར། དེ་རྣམས་གང་ཞེ་ན། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པའི་དབང་དུ་བྱས་ནས་གསུངས་པའི་ཆོས་མདོར་བསྡུས་པའི་བརྗོད་བྱ་དང་བཅས་པ་ལ་འཇུག་བྱར་བདེན་པར་རྣམ་པར་རྟོག་པ་ལྷན་སྐྱེས་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱ་ཡིན་ཏེ། དེས་དངོས་སུ་གཞོམ་བྱ་ཡིན་པའི་ཕྱིར། ཆོས་ཅན་གྱི་མཇུག་གི་ཁྱད་པར་དང་རྟགས་གསལ་གཉིས་གཞན་བརྒྱད་ལའང་སྦྱར་རོ། །རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་འཛིན་པའི་དབང་དུ་བྱས་ནས་གསུངས་པའི་ཆོས་རྒྱས་པ་བརྗོད་བྱ་དང་བཅས་པ་ལ་ཆོས་ཅན། ཇི་སྐད་བཤད་པ་བཞིན་གྱི་བསྡུས་རྒྱས་ཀྱི་དོན་ལ་སྒྲུབ་པ་ནན་ཏན་མི་བྱེད་པས་སངས་རྒྱས་ཀྱི་བཏང་བས་ཡོངས་སུ་མ་བཟུང་བའི་གཉེན་པོ་ལ་ཆོས་ཅན། མཐོང་ལམ་ལ་ལྟོས་ཏེ་བྱུང་བ་འགག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་སྦྱོར་བའི་ལམ་གྱི་ཡོན་ཏན་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པ་ལ་ཆོས་ཅན། ཡང་དག་པའི་མཐའ་བཞིར་སྐྱེ་བའི་རྒྱུ་དང་མི་ལྡན་པས་མཐོང་བའི་ལམ་གྱི་ཡོན་ཏན་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པ་ལ་ཆོས་ཅན། མ་འོངས་པ་རྫས་སུ་མེད་པ་ཉིད་ཀྱིས་མཐོང་ལམ་གྱི་དུས་ན་སྒོམ་པའི་ལམ་གྱི་ཡོན་ཏན་


GLG013_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་རང་དུས་ན་ཡོད་པ་ལ་ཆོས་ཅན། ཕུང་པོ་རྟག་འཛིན་སོགས་ཕྱིན་ཅི་ལོག་ཞི་བ་ཉིད་ལ་སོགས་པས་མྱ་ངན་ལས་འདས་པར་བྱེད་པའི་སྦྱོར་བའི་ལམ་ལ་ཆོས་ཅན། སྟོང་པ་ཉིད་གསར་དུ་རྟོགས་པར་མངོན་པར་སྒྲུབ་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་མཐོང་བའི་ལམ་ལ་ཆོས་ཅན། དོན་དམ་པར་རང་བཞིན་མེད་པར་སྒོམ་པར་བྱེད་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་སྒོམ་པའི་ལམ་ལ་ཆོས་ཅན། གཉིས་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་དང་པོ་འཇུག་པ་གཟུང་རྟོག་བསྟན་ནས་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ལྡོག་པ་གཟུང་རྟོག་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྒོམ་པའི་ལམ་སེམས་དང་སེམས་བྱུང་འཇུག་པའི་ཡུལ་ཅན་བར་ཆད་མེད་ལམ་རྣམས་ཀྱི་སྤང་བྱ་ཡིན་པར་བཞེད་པའི་གཉིས་པ་ལྡོག་པ་གཟུང་རྟོག་དེ་ཆོས་ཅན། ཁྱོད་ལ་རྣམ་པ་དགུ་ཡོད་པར་ཤེས་པར་བྱ་སྟེ། ཁྱོད་ལ་རེ་ཞིག་བྱང་ཆུབ་སེམས་མི་སྐྱེ་བ་ལ་དམིགས་ནས་དང་། བྱང་ཆུབ་སྙིང་པོ་ཆོས་སྐུ་ཡིད་ལ་མི་བྱེད་པ་དང་། ཐེག་པ་དམན་པ་ཡིད་ལ་བྱེད་པའི་ཉན་རང་གཉིས་ལ་དམིགས་ནས་དང་། རེ་ཞིག་རྫོགས་པའི་བྱང་ཆུབ་ཐོབ་བྱར་ཡིད་ལ་མི་བྱེད་པའི་དང་། ལམ་ཤེར་ཕྱིན་གྱི་གཟུགས་བརྙན་སྒོམ་པའི་དང་། ཕྲ་བའི་བདག་མེད་སྒོམ་པ་མེད་པའི་དང་། སྒོམ་པ་དང་སྒོམ་མེད་དེ་དག་ལས་ནི་བཟློག་པ་ཉིད་ཀྱི་དང་། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་མིན་པ་ལ་ཞེན་པའི་ཉན་རང་ལ་དམིགས་ནས་ལྡོག་བྱར་བདེན་པར་རྣམ་པར་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་འགྲེལ་པ་ནི། སྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པ་བར་ཆད་མེད་པའི་ལམ་གྱི་གནས་སྐབས་ཀྱི་ཡུལ་ཅན་གྱི་གནས་སྐབས་དེ་ན་སྤང་བར་བྱ་བ་ཉིད་ཀྱིས་


GLG013_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་བྱས་པའི་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པ་གཟུང་རྟོག་ཆོས་ཅན། རྣམ་པ་དགུ་ཡོད་དེ། དམིགས་ཡུལ་གྱི་སྒོ་ནས་ཕྱེ་བ་རྣམ་པ་དགུ་ཡོད་པའི་ཕྱིར། དེ་རྣམས་གང་ཞེ་ན། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ལ་སོགས་པ་དང་བྲལ་བས་རེ་ཞིག་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་ཉན་ཐོས་ཀྱི་ཚོགས་ལམ་ལ་དམིགས་ནས་ལྡོག་བྱར་བདེན་པར་རྣམ་པར་རྟོག་པ་ལྷན་སྐྱེས་དང་། གཞན་དོན་དུ་སངས་རྒྱས་ལ་ཐོབ་བྱར་དམིགས་པའི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་རེ་ཞིག་བྱང་ཆུབ་ཀྱི་སྙིང་པོ་ཆོས་སྐུ་ཡིད་ལ་མི་བྱེད་པའི་ཉན་ཐོས་ཀྱི་ཚོགས་ལམ་ལ་དང་། གནས་སྐབས་ཉན་ཐོས་ཀྱི་རིགས་སུ་ངེས་པ་ཅན་ཉིད་ཀྱི་ཕྱིར་ཉན་ཐོས་དེའི་ཐེག་པ་ཡིད་ལ་བྱེད་པའི་ཉན་ཐོས་ཀྱི་སྦྱོར་ལམ་ལ་དང་། གནས་སྐབས་རང་སངས་རྒྱས་ཀྱི་རིགས་སུ་ངེས་པ་ཅན་ཉིད་ཀྱི་ཕྱིར་རང་རྒྱལ་དེའི་ཐེག་པ་མངོན་དུ་བྱེད་པའི་རང་རྒྱལ་གྱི་སྦྱོར་ལམ་ལ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནན་ཏན་གྱིས་སྒྲུབ་པ་མེད་པས་རེ་ཞིག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་ཉན་ཐོས་ཀྱི་མཐོང་ལམ་ལ་དང་། བདེན་འཛིན་གྱི་དམིགས་གཏད་ཀྱི་བཅིངས་པ་དང་བཅས་པ་ཉིད་ཀྱིས་ཤེར་ཕྱིན་གྱི་གཟུགས་བརྙན་སྒོམ་པའི་ཉན་ཐོས་ཀྱི་སྒོམ་ལམ་ལ་དང་། ཕྲ་བའི་སྟོང་ཉིད་ལ་དམིགས་པ་མེད་པ་ཉིད་ཀྱིས་དེ་སྒོམ་པ་མེད་པའི་ཉན་ཐོས་དགྲ་བཅོམ་ལ་དང་། ཕྲ་བའི་སྟོང་ཉིད་ལ་དམིགས་པ་ཡང་མེད་པའི་དེ་སྒོམ་པ་ཡང་མེད་མི་རྟག་སོགས་མི་དམིགས་པ་ཡང་མེད་པས་དེ་སྒོམ་པ་མེད་པ་ཡང་མ་ཡིན་པའི་ཉན་ཐོས་དགྲ་བཅོམ་ལ་དང་། ཕྱིན་ཅི་ལོག་ཏུ་བདེན་པར་མངོན་པར་ཞེན་པས་སྟོང་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ་ཞེན་པའི་ཉན་རང་གི་ལམ་ལ་དམིགས་ནས་བྱང་སེམས་ལམ་གྱི་ལྡོག་བྱར་བདེན་པར་


GLG013_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྟོག་པ་ལྷན་སྐྱེས་ཏེ་དགུ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་འཛིན་རྟོག་བཤད་པ་ལ་གཉིས། རྫས་འཛིན་རྟོག་པ་བཤད་པ་དང་། བཏགས་འཛིན་རྟོག་པ་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་གཉིས་པ་ལྡོག་པ་གཟུང་རྟོག་བསྟན་ནས་སྒོམ་སྤང་ཤེས་སྒྲིབ་འཛིན་པའི་རྣམ་པར་རྟོག་པ་དང་པོ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སྒོམ་སྤང་ཤེས་སྒྲིབ་རྫས་འཛིན་རྟོག་པ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འཛིན་པར་བྱེད་པ་དང་པོར་གནས་པ་དེ་ལྟར་ཤེས་པར་བྱ་བར་མདོ་ལས་བསྒྲགས་པ་གང་ཡིན་པའི་སྒོམ་སྤང་རྫས་འཛིན་རྟོག་པ་ཆོས་ཅན། རྣམ་པ་དགུ་ཡོད་དེ། སེམས་ཅན་དུ་བཏགས་པའི་སྤྱོད་ཡུལ་སོ་སྐྱེ་ལ་དམིགས་པ་དང་། ཆོས་ཙམ་དུ་བཏགས་པའི་སོ་སྐྱེ་ལ་དང་། ཐ་སྙད་དུ་ཡོད་པས་སྟོང་པ་མིན་པ་ཉིད་ཀྱི་མཁྱེན་གསུམ་གྱི་ཆོས་ལ་གང་ཟག་ཏུ་གཞག་པ་ལ་དང་། བདེན་པར་ཆགས་པའི་སོ་སྐྱེ་ལ་དང་། གནས་ལུགས་ཀྱི་དོན་རབ་ཏུ་འབྱེད་པའི་བདག་ཉིད་ཅན་བྱང་སེམས་ལ་དང་། སྡུག་ཀུན་ཙམ་ཞི་བའི་དངོས་པོ་ཐོབ་བྱར་བྱེད་པའི་ཉན་རང་འཕགས་པ་ལ་དང་། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་སེམས་ལ་དང་། སྦྱིན་བདག་རྣམས་ཀྱི་ཡོན་ནི་དག་པ་མ་ཡིན་པའི་ཉན་ཐོས་ཚོགས་ལམ་པ་ལ་དང་། ཕྱིན་དྲུག་གི་སྤྱོད་པ་རྣམ་པར་འཁྲུགས་པའི་ཉན་ཐོས་ཚོགས་ལམ་པ་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་རྣམ་པར་རྟོག་པ་ལྷན་སྐྱེས་ཏེ་དགུ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། སྒོམ་པའི་ལམ་གྱི་རྩེ་མོའི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་གྱི་སྤང་བྱ་རྫས་ཡོད་དུ་འཛིན་པར་རྣམ་པར་རྟོག་པ་ཆོས་ཅན། སྔ་མ་མཐོང་སྤང་རྟོག་པ་བཞིན་དུ་རྣམ་པ་དགུ་ཡོད་དེ། དམིགས་ཡུལ་གྱི་སྒོ་ནས་དགུ་ཡོད་པའི་


GLG013_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་རྣམས་གང་ཞེ་ན། རང་དབང་པའི་གང་ཟག་རྫས་སུ་ཡོད་པར་མི་སྐྱེ་བས་ཕུང་པོ་ལ་སེམས་ཅན་དུ་བཏགས་པ་ཙམ་ལ་ལོངས་སྤྱོད་བྱེད་དུ་བདེན་པར་རྣམ་པར་རྟོག་པ་ལྷན་སྐྱེས་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱ་ཡིན་ཏེ། དེས་དངོས་སུ་གཞོམ་བྱ་ཡིན་པའི་ཕྱིར། ཕྱི་མ་རྣམས་ལ་ཁྱད་པར་སྦྱོར་ཚུལ་སྔར་ལྟར་རོ། །ཤེས་པ་ལ་སྣང་བའི་དབང་གིས་བཞག་པ་ཙམ་དུ་ཟད་པའི་ཕྱིར་ཕུང་སོགས་ལ་ཆོས་སུ་བཏགས་པ་ཙམ་ལ་ཆོས་ཅན། གཞི་ལམ་རྣམ་པ་ཐམས་ཅད་འཇལ་བྱེད་དུ་འགྲོ་བའི་ཕྱིར་ཐ་སྙད་དུ་ཡང་མེད་པའི་སྟོབས་མ་ཡིན་པ་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ཆོས་ལ་ཆོས་ཅན། རྣམ་པ་ཐམས་ཅད་དུ་བདེན་པར་མངོན་པར་ཞེན་པ་མ་སྤངས་པས་ཆོས་རྣམས་ལ་བདེན་པར་ཆགས་པའི་སོ་སྐྱེ་ལ་ཆོས་ཅན། ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར་རྟོགས་པས་གནས་ལུགས་ཀྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བྱང་སེམས་ལ་ཆོས་ཅན། ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་མི་བྱེད་པས་སྡུག་ཀུན་ཙམ་ཞི་བའི་དངོས་པོའི་ཆེད་དུ་བྱ་བ་དོན་དུ་གཉེར་བར་བྱེད་པའི་ཉན་རང་འཕགས་པ་ལ་ཆོས་ཅན། གཟུགས་ལ་སོགས་ལ་བདེན་པར་མི་དམིགས་ཤིང་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་སེམས་ལ་ཆོས་ཅན། ཕྲ་བའི་སྟོང་ཉིད་མངོན་དུ་བྱེད་པ་ལ་ཡང་དག་པར་མ་ཞུགས་པ་ཉིད་ཀྱིས་སྦྱིན་བདག་རྣམས་ཀྱི་ཡོན་མ་དག་པའི་ཉན་ཐོས་ཚོགས་ལམ་པ་ལ་ཆོས་ཅན། སྦྱིན་པ་ལ་སོགས་པའི་འཁོར་གསུམ་བདེན་པར་དམིགས་ཏེ་སྒྲུབ་པས་ཕྱིན་དྲུག་གི་སྤྱོད་པ་རྣམ་པར་འཁྲུགས་པའི་ཉན་ཐོས་ཚོགས་ལམ་པ་ལ་ཆོས་ཅན། གཉིས་པ་བཏགས་འཛིན་རྟོག་པ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་


GLG013_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་འཛིན་རྟོག་དང་པོ་བསྟན་ནས་སྒོམ་སྤང་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་གསུངས་པ་ཆོས་ཅན་། དགོས་པ་ཡོད་དེ། སྒོམ་སྤང་བཏགས་འཛིན་རྟོག་པ་མདོར་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སེམས་ཅན་དུ་ཐ་སྙད་བཏགས་པ་དང་ཐ་སྙད་དེ་འདོགས་པའི་རྒྱུ་ཕུང་པོ་ལ་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པ་ཡི་ཡུལ་ཅན་གཞན་སྒོམ་སྤང་བཏགས་འཛིན་རྟོག་པ་ཆོས་ཅན། སྒོམ་པའི་ལམ་དེ་ཡིས་རྣམ་པར་འཇོམས་པས་དེ་དང་སྤང་གཉེན་དུ་འབྲེལ་བའི་མི་མཐུན་པའི་ཕྱོགས་རྣམ་པ་དགུ་ཡོད་དེ། དམིགས་ཡུལ་གྱི་སྒོ་ནས་དགུ་ཡོད་པའི་ཕྱིར། གསུམ་པ་ནི། སེམས་ཅན་དུ་ཐ་སྙད་བཏགས་པ་དང་ཐ་སྙད་དེར་རྣམ་པར་བཞག་པའི་རྒྱུ་ཕུང་པོར་སྣང་བ་ཙམ་གྱི་ཆོས་ལ་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཡུལ་ཅན་སྒོམ་སྤང་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བཏགས་འཛིན་རྟོག་པ་ཆོས་ཅན། སྒོམ་པའི་ལམ་གྱིས་ཡང་དག་པར་སྤང་བར་བྱ་བ་ཡིན་པའི་ཕྱིར་དེ་དང་སྤང་གཉེན་དུ་འབྲེལ་བའི་མི་མཐུན་པའི་ཕྱོགས་སུ་རྣམ་པ་དགུ་ཡོད་དེ། རྩ་བ་ལྟར་དགུ་ཡོད་པའི་ཕྱིར། གཉིས་པ་ལ་གསུམ་། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་སྒོམ་སྤང་ཤེས་སྒྲིབ་བཏགས་འཛིན་རྟོག་པ་རྒྱས་པར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཇི་ལྟར་ན་སྒོམ་སྤང་བཏགས་འཛིན་རྟོག་པ་རྣམ་པ་དགུ་ཡིན་ཞེ་ན་དེའི་ལན་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྒོམ་སྤང་བཏགས་འཛིན་རྟོག་པ་ཆོས་ཅན། དམིགས་ཡུལ་གྱི་སྒོ་ནས་དགུ་ཡོད་དེ། རང་གི་དམིགས་པའི་བདག་ཉིད་ཇི་བཞིན་དུ་ཀུན་མཁྱེན་གསུམ་གྱི་ནི་སྒྲིབ་པ་རྣམ་གསུམ་སྤོང་བ་


GLG013_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྨོངས་པའི་སྐྱེས་བུ་ལ་དམིགས་པ་དང་། སྒྲིབ་པ་ཐམས་ཅད་ཞི་བའི་ལམ་ལ་རྨོངས་པའི་དང་། ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་དང་། ཆོས་ཅན་གཟུགས་ལ་སོགས་པ་མཚུངས་པར་ལྡན་པ་ངོ་བོ་གཅིག་དང་། མི་ལྡན་པ་ངོ་བོ་ཐ་དད་ལ་རྨོངས་པའི་དང་། ཐེག་པ་ཆེ་ཆུང་གི་ལམ་མི་མཉམ་པ་ལ་རྨོངས་པའི་དང་། སྡུག་བསྔལ་ལ་སོགས་པ་བདེན་བཞིའི་ཆོས་ཉིད་ལ་རྨོངས་པའི་དང་། ཉོན་མོངས་པ་རྣམས་གློ་བུར་བ་ཉིད་ཀྱི་རང་བཞིན་ལ་རྨོངས་པའི་དང་། གཟུང་འཛིན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་ཀུན་ཏུ་རྨོངས་པའི་སྐྱེས་བུ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་རྣམ་པར་རྟོག་པ་ཐ་མར་བཞེད་པ་དང་དགུ་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ནི། སྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པ་བར་ཆད་མེད་པའི་གནས་སྐབས་ཀྱི་སྤང་བྱ་སྒོམ་སྤང་འཛིན་པའི་རྣམ་པར་རྟོག་པ་ཐ་མ་བཏགས་འཛིན་རྟོག་པ་ཆོས་ཅན། ཡུལ་རྣམ་པ་དགུ་ཡོད་པར་བཞེད་པ་ཡིན་ཏེ། དམིགས་ཡུལ་གྱི་སྒོ་ནས་དགུ་ཡོད་པའི་ཕྱིར། དེ་རྣམས་གང་ཞེ་ན། ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒྲིབ་པ་སྤོང་བ་ལ་ཀུན་དུ་རྨོངས་པའི་ཉན་ཐོས་ཚོགས་ལམ་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་རྟོག་པ་ལྷན་སྐྱེས་དང་། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཡོངས་སུ་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་སྤོང་བ་ལ་ཀུན་དུ་རྨོངས་པའི་སྐྱེས་བུ་ལ་དང་། གཞི་མི་རྟག་སོགས་ཐམས་ཅད་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས་པ་ཉིད་ཀྱིས་སྒྲིབ་པ་སྤོང་བ་ལ་ཀུན་ཏུ་རྨོངས་པའི་སོ་སྐྱེ་ཐ་མལ་བ་ལ་དང་། རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་མ་ཤེས་པས་སྒྲིབ་པ་ཐམས་ཅད་ཞི་བའི་ལམ་ལ་ཀུན་དུ་


GLG013_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པའི་སྐྱེས་བུ་ལ་དང་། གཟུགས་ལ་སོགས་པའི་ཤེས་བྱ་དང་དེ་བཞིན་ཉིད་དག་ཆོས་ཅན་དང་ཆོས་ཉིད་དུ་ཡོངས་སུ་མ་ཤེས་པས་དེ་བཞིན་ཉིད་ལ་སོགས་པ་དང་། གཟུགས་ལ་སོགས་པ་མཚུངས་པར་ལྡན་པ་ངོ་བོ་གཅིག་དང་མི་ལྡན་པ་ངོ་བོ་ཐ་དད་པ་ལ་ཀུན་དུ་རྨོངས་པའི་དང་། བདུད་ལ་སོགས་པ་རང་གི་ངོ་བོ་སྟོང་པ་ཉིད་དུ་ཡོངས་སུ་མ་ཤེས་པས་ཐེག་པ་མཆོག་དམན་མི་མཉམ་པ་ཉིད་ལ་ཀུན་དུ་རྨོངས་པའི་སྐྱེས་བུ་ལ་དང་། དྲང་དོན་ལ་སྒྲ་ཇི་བཞིན་པའི་ངེས་དོན་དུ་འཛིན་པ་ཉིད་ཀྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་ཆོས་ཉིད་ལ་ཀུན་དུ་རྨོངས་པའི་ཉན་ཐོས་ཚོགས་ལམ་པ་ལ་དང་། འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་གློ་བུར་བར་ཡོངས་སུ་མ་ཤེས་པས་ཉོན་མོངས་པའི་རང་བཞིན་ལ་ཀུན་དུ་རྨོངས་པའི་སྐྱེས་བུ་ལ་དང་། གཟུང་བ་དང་འཛིན་པའི་མཚན་ཉིད་དོན་གཞན་གྱིས་སྟོང་པར་ཡོངས་སུ་མ་ཤེས་པས་གཟུང་འཛིན་གཉིས་སུ་མེད་པའི་དེ་ཁོ་ན་ལ་ཀུན་དུ་རྨོངས་པའི་སྐྱེས་བུ་ལ་དེ་རྣམས་ཡོད་པའི་ཕྱིར། གསུམ་པ་ནི། སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་དེ་དག་སྤང་བར་བྱ་བ་ཉིད་དུ་བྱེད་པའི་གཉེན་པོ་སྒོམ་ལམ་རྩེ་སྦྱོར་རྣམ་པ་བཞི་ཆོས་ཅན། ཁྱོད་ལ་ཡང་ཡན་ལག་དེའི་དབྱེ་བས་ཕྱེ་ན་ཐ་དད་པ་སོ་དྲུག་ཡོད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། ཁྱོད་ཀྱི་སྤང་བྱ་རྣམ་རྟོག་ལ་ཡན་ལག་གི་དབྱེ་བས་ཕྱེ་ན་སོ་དྲུག་ཡོད་པ་གང་ཞིག །སྤང་བྱའི་གྲངས་ཀྱི་དབྱེ་བ་དེ་སྤོང་བྱེད་ཀྱི་གཉེན་པོའི་གྲངས་ཀྱི་དབྱེ་བ་ཡང་འགྲུབ་པའི་ཕྱིར། གསུམ་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་


GLG013_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཆོས་ཅན། ཐེག་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྒོམ་ལམ་རྩེ་སྦྱོར་ལ་གནས་པ་ལ་བརྟེན་ཏོ་ཞེས་སྔོན་མ་བཞིན་དུ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་ཁོ་ནར་རྟོགས་པ་དེ་དག་གིས་བསྡུས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པའི་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་རྣམས་སྟོན་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གསུངས་པ་ལ་དགོས་པ་ཡོད་དེ། འོག་ནས་འཆད་འགྱུར་གྱི་ཡོན་ཏན་རྣམས་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཐེག་གསུམ་གྱི་སྤང་རྟོགས་ཀྱི་འབྲས་བུ་མཆོག་གིས་སྦ་བ་ཡི་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་སེམས་དཔའ་ཆེན་པོ་དེ་ཆོས་ཅན། ཁྱོད་ལ་ནི་ཐེག་པ་གསུམ་གྱི་སྤངས་པའི་ཡོན་ཏན་ཕུན་ཚོགས་ཀུན་རྣམ་པ་ཀུན་དུ་བསྟེན་པ་བྱེད་དེ། ནད་པ་ནད་ལས་གྲོལ་ཏེ་ཡུན་རིང་ལོན་ནས་དགའ་བར་དབུགས་ཕྱིན་པ་ཐོབ་པ་ལྟར། མི་བཟད་པའི་ཡམས་ནད་དང་འདྲ་བའི་སྒོམ་སྤང་རྟོག་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་འདི་རྣམས་ཟད་ནས་ནི་རྣམ་པ་ཀུན་དུ་འགྲོ་བའི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ལ་སེལ་བར་བྱེད་པའི་དག་སའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་ནི་ཐེག་པ་གསུམ་གྱི་རྟོགས་པའི་ཡོན་ཏན་ཕུན་ཚོགས་ཀུན་རྣམ་པ་ཀུན་ཏུ་སྟེན་པར་བྱེད་དེ། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞིན་དུ་རྣམ་པ་ཀུན་དུ་འགྲོ་བའི་གནས་སྐབས་པ་དང་མཐར་ཐུག་གི་བདེ་བ་སྒྲུབ་པར་བྱེད་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །ས་བརྒྱད་པ་ལ་གནས་པའི་སེམས་དཔའི་རྒྱུད་ལ་བདེན་འཛིན་ཡོད་པར་ཐལ་། ས་དགུ་པའི་བར་ཆད་མེད་ལམ་དེ་


GLG013_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་བདེན་འཛིན་གྱི་དངོས་གཉེན་ཡིན་པའི་ཕྱིར། ཟེར་ན། འོ་ན། ས་བརྒྱད་པ་ལ་གནས་པའི་སེམས་དཔའི་རྒྱུད་ལ་བདེན་འཛིན་མངོན་གྱུར་པ་ཡོད་པའི་ཐལ། ས་དགུ་པའི་བར་ཆད་མེད་ལམ་དེ་རང་གི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་བདེན་འཛིན་མངོན་གྱུར་གྱི་དངོས་གཉེན་ཡིན་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་སེམས་དཔའ་ཆོས་ཅན། ཐེག་པ་གསུམ་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་རང་རྒྱུད་ལ་བརྟེན་པའི་རྒྱུ་མཚན་ཡོད་དེ། དེ་ལྟར་བརྟེན་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་ནད་དང་འདྲ་བའི་ཤེས་སྒྲིབ་རྟོག་པ་ཟད་པར་སྤངས་པའི་ཕྱིར། ཟེར་ན། དེ་འདྲའི་སེམས་དཔའ་དེས་ཤེས་སྒྲིབ་རྟོག་པ་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། གསུམ་པ་ནི། ཐེག་པ་གསུམ་གྱི་སྤངས་རྟོགས་ཀྱི་འབྲས་བུ་རབ་ཀྱི་མཐར་ཕྱིན་པ་ཐོབ་པའི་ཡོན་ཏན་དེ་དག་གིས་མཛེས་པར་གྱུར་པའི་སྒོམ་པའི་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། ཁྱོད་ལ་ཐེག་པ་གསུམ་གྱིས་བསྡུས་པའི་སྤངས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་དུ་འདུ་ཞིང་འོང་བའི་རྣམ་པས་རྟེན་པར་བྱེད་དེ། ནད་པ་ནད་ལས་གྲོལ་ཏེ་དགའ་བས་དབུགས་ཕྱིན་པ་ཐོབ་པ་བཞིན་དུ་བསྐལ་པ་གྲངས་མེད་དུ་མར་སྒོམ་པའི་ལམ་རྩེ་སྦྱོར་ལ་གོམས་པས་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་རིགས་བཞི་པོ་འཚེ་བར་བྱེད་པ་ཉིད་ཀྱི་ཡམས་ཀྱི་ནད་དུ་གྱུར་པའི་རྣམ་པ་ཟད་ནས་གེགས་བྱེད་པ་མེད་པས་ཁྱད་པར་དུ་བྱས་པའི་སེམས་དཔའ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་དེ་འདྲའི་རྟོག་པས་དེ་ལྟར་བྱེད་དེ། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་དག་ངང་གིས་འདུ་བ་བཞིན་དུ་སྙིང་རྗེ་ཆེན་པོའི་
གཞན་དབང་དུ་གྱུར་པས་རྣམ་པ་ཐམས་ཅད་དུ་འགྲོ་བའི་གནས་སྐབས་དང་མཐར་ཐུག་གི་བདེ་བ་སྐྱེད་པར་མཁས་པའི་དག་སའི་སེམས་དཔའ་ཡིན་པའི་ཕྱིར།


previousསྒོམ་ལམ་རྩེ་སྦྱོར་བཤད་པ།next