ཚེ་སྒྲུབ་བདུད་རྩིའི་ཡང་བཅུད་མགོ་སྤྲུལ་གྱིས་སྦྱར་བ།
འོད་ཟེར་ཅན་མའི་ཐུགས་སྒྲུབ་ཀྱི༔ ཚེ་སྒྲུབ་བདུད་རྩིའི་ཡང་བཅུད་བཞུགས༔ སྐབས་གང་རུང་ལ། བདག་མདུན་ཐུགས་ཀའི་འོད་ཟེར་གྱིས༔ སྐུ་གསུམ་ཞིང་གི་རྒྱལ་བ་དང་༔ ཚེ་བདག་དཔའ་མོའི་དངོས་གྲུབ་བྱིན༔ འཁོར་འདས་ཀུན་གྱི་དྭངས་བཅུད་བསྡུས༔ བདག་དང་བསྲུང་བྱའི་བླ་ཚེ་གསོས༔ འཆི་ཆེད་རིག་འཛིན་འགྲུབ་པར་བསམ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་རི་ཙྱཻ་ཨ་ཡུརྡ་ཏེ་བྷྲུཾ་སྭཱ་ཧཱ༔ ཞེས་བཟླས་ལ་ཚེ་འགུགས་ནི༔ ཧཱུྃ་ཧྲཱིཿ རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲུལ༔ རྒྱལ་ཡུམ་དཔའ་མོ་འཇིགས་པ་ཀུན་སྒྲོལ་མ༔ གསང་སྔགས་རྗེས་འཛིན་ལྷ་མོ་འོད་ཟེར་ཅན༔ འཆི་མེད་མཆོག་སྩོལ་གཙུག་ཏོར་རྣམ་རྒྱལ་མས༔ བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ༔ བྱིན་རླབས་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མདའ་དར་ཐོགས་ལ། མཱུཾ་ཧྲཱིཿ ཚེ་བདག་དཔའ་མོའི་ཐུགས་རྗེའི་འོད་ཟེར་གྱིས༔ སྐུ་གསུམ་སྟོན་པ་ཡོངས་ཀྱི་བྱིན་རླབས་དང་༔ ཉན་རང་བྱང་སེམས་མཁྱེན་བརྩེའི་ཚེ་བཅུད་བསྡུས༔ བསྲུང་བྱའི་བླ་ཚེ་འཁྱམས་པ་སོར་ཆུད་ནས༔ གསལ་སྟོང་རིག་པ་ཆོས་སྐུའི་ཀློང་ཡངས་སུ༔ འཆི་མེད་ཚེ་ཡི་དྭངས་བཅུད་སྩལ་དུ་གསོལ༔ གོང་གི་སྔགས་བརྗོད། ཧྲཱིཿ ཤར་གྱི་ཕྱོགས་ནས་དྲི་ཟ་ཕོ་མོ་ཡིས༔ སྨྱོ་འབོག་བརྒྱལ་ནད་ཤུགས་ཀྱིས་ཚེ་བརྐུས་ཤིང༔ རྣམ་གཡེང་བྱིང་རྒོད་མཐུ་ཡིས་བླ་ཉམས་པ༔ རྡོ་རྗེ་མཁའ་འགྲོས་ས་ཡི་ཁམས་ནས་ཁུག༔ དྲི་ཟ་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ ཧྲཱིཿ ལྷོ་ཡི་ཕྱོགས་ནས་གཤིན་རྗེ་ཕོ་མོ་ཡིས༔ དྲག་ཤུལ་རླུང་མཁྲིས་ཤུགས་ཀྱིས་ཚེ་བརྐུས་ཤིང༔ གསང་གསུམ་དམ་ལས་འགལ་བས་བླ་ཉམས་པ༔ རིན་ཆེན་མཁའ་འགྲོས་ཆུ་ཡི་ཁམས་ནས་ཁུག༔ གཤིན་རྗེ་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ ཧྲཱིཿ ནུབ་ཀྱི་ཕྱོགས་ནས་ཀླུ་དབང་ཕོ་མོ་ཡིས༔ མཛེ་ཤུ་ཕོལ་མིག་ཤུགས་ཀྱིས་ཚེ་བརྐུས་ཤིང༔ ཆད་ལྟ་མཐར་འཛིན་སྟོབས་ཀྱིས་བླ་ཉམས་པ༔ པདྨ་མཁའ་འགྲོས་མེ་ཡི་ཁམས་ནས་ཁུག༔ ཀླུ་དབང་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ ཧྲཱིཿ བྱང་གི་ཕྱོགས་ནས་གནོད་སྦྱིན་ཕོ་མོ་ཡིས༔ བྱིང་རྨུག་འཐིབ་གསུམ་ཤུགས་ཀྱིས་ཚེ་བརྐུས་ཤིང༔ གཏི་མུག་རྨོངས་པའི་སྟོབས་ཀྱིས་བླ་ཉམས་པ༔ ལས་ཀྱི་མཁའ་འགྲོས་རླུང་གི་ཁམས་ནས་ཁུག༔ གནོད་སྦྱིན་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ སྔགས་བཟླ། ཧྲཱིཿ ཤར་ལྷོ་མེ་ལྷའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ནུབ་བྱང་རླུང་ལྷའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ བྱང་ཤར་དབང་ལྡན་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ སྟེང་ནས་ཚངས་པ་ཉི་ཟླའི་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ འོག་ནས་མཐའ་ཡས་འཇོག་པོའི་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ཤ་ཡི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ སྲ་བརྟན་འབྱུང་བ་ས་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་བུདྡྷ་ལོ་ཙའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ ཁྲག་གི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ མཉེན་ལྕུགས་འབྱུང་བ་ཆུ་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་མ་མ་ཀི་ཡི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ དྲོད་ཀྱི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ དྲོད་གསལ་འབྱུང་བ་མེ་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་གོས་དཀར་ལྷ་མོའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ དབུགས་ཀྱི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ ཡངས་བསྐྱོད་འབྱུང་བ་རླུང་གི་དབྱིངས་ནས་ཁུག༔ ཡུམ་མཆོག་དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ རྣམ་ཤེས་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ སྟོང་གསལ་འབྱུང་བ་ནམ་མཁའི་དབྱིངས་ནས་ཁུག༔ ཡུམ་མཆོག་ཀུན་ཏུ་བཟང་མོའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ སྒོ་གསུམ་གཡེང་ཞིང་དམ་སྡོམ་ཉམས་པ་ཡིས༔ ཚེ་སྲོག་ཆད་ཉམས་འཐོར་དང་ཡར་བ་རྣམས༔ རྩ་གསུམ་ཚེ་ལྷའི་ནུས་མཐུའི་འོད་ཟེར་གྱིས༔ ཆད་པ་མཐུད་ལ་ཉམས་པ་འཕེལ་ཞིང་རྒྱས༔ འཐོར་བ་སྡུས་ལ་ཡར་བ་མྱུར་དུ་ཁུག༔ མི་ཤིག་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ གོང་གི་སྔགས་དང་ཚེ་གཟུངས་བཟླ་བཞིན་ཚེ་མདའ་སྤྱི་བོར་བཞག ཚེ་ཆང་ལ། མཱུཾ་ཧྲཱིཿ མངར་གསུམ་ཚེ་ཡི་བཅུད་བསྡུས་ཚེ་ཡི་ཆང་༔ རིགས་སྔགས་གྲུབ་པ་རྣམས་ཀྱི་ཚེ་ཡི་སྐྱེམས༔ བསྲུང་བྱའི་ངག་གི་འཁོར་ལོར་ལེགས་བྱིན་པས༔ དུས་མིན་ཚེ་ཡི་བར་ཆད་སྒྲོལ་བར་ཤོག༔ སྔགས་བཟླ་ཞིང་བླུད། ཚེ་རིལ་ལ། མཱུཾ་ཧྲཱིཿ དཀར་མངར་ཚེ་ཡི་བཅུད་དྲིལ་རིལ་བུ་འདི༔ སྔོན་གྱི་དྲང་སྲོང་གྲུབ་པའི་ཚེ་ཡི་ཟས༔ བསྲུང་བྱའི་མགྲིན་པ་ནས་ཞུགས་ལུས་ཀུན་གང༔ དུས་མིན་འཆི་བའི་ཚེ་གེགས་ལས་གྲོལ་ཤོག༔ སྔགས་བཟླ་ཞིང་བྱིན། དེ་ནས་དངོས་གྲུབ་ཀྱི་རྫས་བླངས་ལ། མཱུཾ་ཧྲཱིཿ དུས་གསུམ་རྒྱལ་བའི་ཡུམ་མཆོག༴སོགས་ནས། དཔལ་ཐོབ་ཤོག༔ སྔགས་བརྗོད་ལ། ཀ་ཡ༴སོགས། ཧཱུྃ་ཨཱ༔ ཅེས་བརྗོད་གནས་གསུམ་གཏུག༔ ཚེ་གཟུངས་བཟླ། རྒྱས་གདབ་ནི། ཨཱ༔ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ་དང་སྲོག༔ བསྲུང་བྱའི་ཤ་ཁྲག་དྲོད་དབུགས་རྣམ་ཤེས་ལ༔ འགྱུར་མེད་ཡེ་ཤེས་ལྔ་རུ་རྒྱས་གདབ་པས༔ དངོས་དང་དངོས་མེད་བར་ཆད་མཚན་མ་ཡིས༔ ནམ་ཡང་གླགས་མི་རྙེད་པར་རཀྵ་བྷྲུཾ༔ སྔགས་མཐར། བཛྲ་རཀྵ་རཀྵ་བྷྲུཾ༔ སྤྱི་བོར་མདའ་དར་རྒྱ་གྲམ་དུ་བཞག་ལ་ཤིས་བརྗོད་བྱའོ། །ཞེས་པ་འདི་ཡང་སྐྱིད་པ་བླ་མ་མཁྱེན་རབ་རྒྱ་མཚོའི་དགོངས་བཞེད་བཞིན་དགོངས་གཏེར་ཐང་རྒྱལ་ཚེ་སྒྲུབ་ལས་མགོ་སྤྲུལ་གྱིས་བཀོལ་ནས་བྲིས་པའོ། །དགེའོ། །དགེའོ། །དགེའོ། །