Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  collapse section
   
   
   
   
   
བར་ཆད་མེད་པའི་རྩེ་སྦྱོར་བཤད་པ།
   
  expand section
  expand section
  expand section


 
previousབར་ཆད་མེད་པའི་རྩེ་སྦྱོར་བཤད་པ།next

བར་ཆད་མེད་པའི་རྩེ་སྦྱོར་བཤད་པ།


GLG013_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མེད་པའི་རྩེ་སྦྱོར་བཤད་པ། བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་བཤད་པ་ལ། དངོས་ཀྱི་དོན་དང་། ལོག་རྟོག་བསལ་བ་གཉིས། དང་པོ་ལ། བསོད་ནམས་མང་པོས་མཚོན་ཏེ་བསྟན་པ་དང་། དམིགས་རྣམ་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། སྒོམ་པའི་ལམ་རྩེ་སྦྱོར་གྱི་རྗེས་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དེ་རྣམ་མཁྱེན་བར་ཆད་མེད་པར་དངོས་སུ་སྐྱེད་པའི་ལམ་ཡིན་པ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། མདོ་ལས་སྟོང་གསུམ་གྱི་སྐྱེ་བོ་རྣམས་ཉན་ཐོས་དང་བསེ་རུ་ལྟ་བུ་ལ་སོགས་པའི་རང་རྒྱལ་གྱི་རྟོགས་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པའི་ས་དང་པོ་ལ་བཀོད་པའི་དགེ་བ་རྣམས་བསོད་ནམས་ཆེ་བ་དཔེར་མཛད་ནས། དེ་བས་རང་གི་འབྲས་བུ་བསོད་ནམས་ཆེས་མང་པོ་ཉིད་ཀྱིས་ནི་མཚོན་ཏེ་བསྟན་པའི་རྒྱུན་མཐའི་བར་ཆད་མེད་པའི་ཏིང་ངེ་འཛིན་དེ་ནི་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ཏེ། སངས་རྒྱས་ཉིད་ཀྱི་ཡེ་ཤེས་རྣམ་པ་ཀུན་མཁྱེན་པ་ཉིད་བར་ཆད་མེད་པ་དངོས་སུ་སྐྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག །མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་གང་ཞིག །རང་འབྲས་རྣམ་མཁྱེན་དངོས་སུ་སྐྱེད་བྱེད། བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་སྦྱོར་ལམ་


GLG013_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་དེར་ཐལ། རྩེ་སྦྱོར་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། ཁྱོད་ཀྱི་འབྲས་བུར་གྱུར་པའི་རྣམ་མཁྱེན་ཡོད་པའི་ཕྱིར། འདོད་ན། རྒྱུན་མཐའི་ཡེ་ཤེས་ཡིན་པར་ཐལ་ལོ། ཁ་ཅིག་མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་གང་ཞིག །ཤེས་སྒྲིབ་ཀྱི་དངོས་གཉེན་བྱེད་པ་དེའི་མཚན་ཉིད་ཟེར་ན། རྒྱུན་མཐའ་བའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་གང་ཞིག །རྣམ་མཁྱེན་དངོས་སུ་སྐྱེད་བྱེད། དེའི་མཚན་ཉིད་ཟེར་ན། རྣམ་མཁྱེན་གྱི་འབྲས་བུར་གྱུར་པའི་རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གསལ་སླ། གཉིས་པ་རང་ལུགས་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གང་ཞིག །རང་གི་འབྲས་བུར་གྱུར་པའི་རྣམ་མཁྱེན་དངོས་སུ་སྐྱེད་པར་བྱེད་པ་དེ་བར་ཆད་མེད་པའི་རྩེ་སྦྱོར་ཀྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །རྒྱུན་མཐའི་བར་ཆད་མེད་ལམ་སྐད་ཅིག་དང་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཁྱོད་དང་ཁྱོད་ཀྱི་འབྲས་བུར་གྱུར་པའི་རྣམ་མཁྱེན་གཉིས་ཀྱི་བར་དུ་རྒྱུན་མཐའི་བར་ཆད་མེད་ལམ་སྐད་ཅིག་གཉིས་པ་མ་ཆོད་པར་ཐལ། འདོད་པའི་ཕྱིར་ན། དེ་


GLG013_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གཉིས་པ་ཁས་ལེན་ན་བདེན་ཏེ། དེ་ལྟར་ན་མཚན་ཉིད་ཀྱི་ཟུར་ཕྱི་མ་བཞག་པའམ་བསྒྱུར་བར་བྱའོ། །གསུམ་པ་ནི། འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ས་དང་པོ་ལ་བཀོད་ནས་བསོད་ནམས་བསྐྱེད་པ་གང་ཡིན་པ་དེ་བསོད་ནམས་མང་བ་དཔེར་མཛོད་ནས་དེ་བས་རང་གི་དངོས་འབྲས་ཁྱད་པར་དུ་འཕགས་པར་བསོད་ནམས་མང་པོ་ཉིད་ཀྱིས་ནི་མཚོན་ནས་བསྟན་པའི་རྒྱུན་མཐའི་བར་ཆད་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་གྱི་ཏིང་ངེ་འཛིན་ཞེས་བྱ་སྟེ། རྫོགས་པའི་སངས་རྒྱས་ཉིད་འཐོབ་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། བར་ཆད་མེད་པའི་རྩེ་སྦྱོར་ཆོས་ཅན། ཁྱོད་ལ་དངོས་འབྲས་མང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ཁྱོད་ཀྱི་དངོས་འབྲས་སངས་རྒྱས་ཉིད་ཡིན་པ་དེའི་ཕྱིར། གཉིས་པ་ལ། དྲི་བ་དང་། ལན་གཉིས་ལས། དང་པོ་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པས་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་ལ་སོགས་པ་གསུངས་པ། བར་ཆད་མེད་རྩེ་དེའི་དམིགས་པ་ལ་སོགས་པ་ཇི་ལྟ་བུ་ཅན་ཞིག་ཡིན་ཞེས་འདྲི་བར་གྱུར་ན། གཉིས་པ་དེའི་ལན་སྟོན་པ་ལ། རྩ་བ། འགྲེལ་པ་གཉིས་ལས། དང་པོ་ནི། བདེན་པའི་དངོས་མེད་དེ་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་འདིའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། རྒྱུན་མཐའི་སྦྱོར་བའི་དུས་ཀྱི་དྲན་པ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། དེའི་བདག་པོའི་རྐྱེན་ཡིན་པར་བཞེད་དེ། དེ་རང་དབང་དུ་སྐྱེད་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། བར་ཆད་མེད་རྩེའི་རྣམ་པ་ཆོས་ཅན། ཞི་བ་ཉིད་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར།


GLG013_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མེད་རྩེའི་དམིགས་རྣམ་འདི་ཆོས་ཅན། ཤིན་ཏུ་ཟབ་སྟེ། ཁྱོད་ལ་ནི་བདེན་གཉིས་འགལ་བར་རབ་ཏུ་སྨྲ་བ་རྣམས་ཀྱིས་རྒྱུད་མར་རྒོལ་ཡང་ཀླན་ཀའི་གནས་མ་ཡིན་པའི་ཕྱིར། གཉིས་པ་འགྲེལ་པ་ལ། དངོས་ཀྱི་དོན་དང་། དམིགས་རྣམ་ཟབ་པར་བསྟན་པ་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་དངོས་པོ་སྟེ་བདེན་གྲུབ་ཏུ་མེད་པ་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་འདིའི་ཏིང་ངེ་འཛིན་གྱི་དམིགས་པ་ཡིན་ཏེ། རྟགས་རྩ་བ་ལྟར་རོ། །རྒྱུན་མཐའི་སྦྱོར་བའི་དུས་ཀྱི་དྲན་པ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། དེའི་བདག་པོའི་རྐྱེན་ཡིན་ཏེ། རྣམ་པ་ནི་ཆོས་ཅན། རང་བཞིན་གྱིས་ཞི་བ་ཉིད་ཡིན་ཏེ། བདེན་གཉིས་འགལ་བར་སྨྲ་བའི་རྒོལ་བ་རྣམས་ཀྱི་ཀླན་ཀའི་གླགས་མི་རྙེད་པའི་ཤིན་ཏུ་ཟབ་གནས་ཡིན་པའི་ཕྱིར། གཉིས་པ་ནི། འདིའི་དམིགས་རྣམ་ཟབ་པ་ཉིད་བསྙད་དོ་སྙམ་དུ་དགོངས་ནས་ཀླན་ཀ་བསྟན་པ་འདི་ནི་ཆོས་ཅན། རྒྱུ་མཚན་ཡོད་དེ། འདི་ལ་ནི་བདེན་གཉིས་འགལ་བར་རབ་ཏུ་སྨྲ་བ་མཁས་པ་མ་གཏོགས་པ་རྣམས་ཀྱི་ཀླན་ཀའི་རྒོལ་བ་རྒྱུད་མར་འབྱུང་བའི་ཀླན་ཀ་དེ་དག་ཐབས་ལ་མཁས་པས་རིམ་གྱིས་བསལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ཆོས་ཅན། ཤིན་ཏུ་ཟབ་པ་ཡིན་ཏེ། གཏིང་དཔག་དཀའ་བའི་གནས་ཡིན་པའི་ཕྱིར། སྨྲས་པ། འགའ་ཞིག་གཞན་ལུགས་ཀུནྡ་འགོག་བྱེད་རིགས་པའི་ཀྱིན་ཐང་ཆེར་བབས་ན། །འཐད་ལྡན་རང་ལུགས་པུཎྜ་རི་ཀའི་ཚལ་ཡང་མཉམ་དུ་གཞོམ་སྙམ་བྱེད། །དེ་འདྲའི་བརྒལ་བརྟག་མང་པོར་དཔྱད་ཀྱང་སེམས་ཀྱི་རྒོད་པ་འཕེལ་བའི་རྒྱུ། །མ་དཔྱད་སེམས་ཀྱི་གནས་ལུགས་ལྟར་རློམ་བྱིང་འཐིབས་སྒྲུབ་པའི་དཀའ་ཐུབ་བསྟེན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousབར་ཆད་མེད་པའི་རྩེ་སྦྱོར་བཤད་པ།next